བསང་རབ་ཀྱི་ཆོ་ག་འཛམ་གླིང་སྤྱི་བསང་།
བསང་རབ་ཀྱི་ཆོ་ག་འཛམ་གླིང་སྤྱི་བསང་བཞུགས་པའི་དབུ་ཡི་གཟིགས་ཕྱོགས་ལགས་སོ། །སརྦ་མངྒ་ལཾ།།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། འགྲོ་བ་བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང་།བདེ་ལས་ཉམས་མེད་བཏང་སྙོམས་ལ་གནས་ཤོག །བདག་བསྐྱེད་ནི། ཨཱཿ ཆོས་ཀུན་ཡེ་ནས་སྟོང་ཞིང་བདག་མེད་པ། །དེ་ཡི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །དུང་མདོག་ཞལ་གཅིག་ཞི་འཛུམ་མཚན་དཔེའི་སྤྲས། །ཕྱག་བཞི་དང་
པོའི་ཐུགས་ཀར་ཐལ་མོ་སྦྱར། །འོག་མའི་ཕྱག་གཉིས་ཕྲེང་པ་པད་ཀར་འཛིན། །དར་དང་རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་སྟེང་ཧྲིལ་ཡིག་དྲུག་བསྐོར། །ཡེ་ནས་དམ་ཡེ་དབྱེར་མེད་རིགས་བདག་བརྒྱན། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོ་ལོ་ཀི་ཤྭ་ར་ཨབྷཾ་སོགས། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས།སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད།། ཨཱཿ གདོད་ནས་དག་པ་ཆོས་ཀྱི་དབྱིངས་ཉིད་ལས། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་
སྟེང་། །བཅོམ་ལྡན་ཤཱཀ་ཐུབ་གསེར་མདོག་མཚན་དཔེ་རྫོགས། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ས་ནོན་གཡོན་པས་མཉམ་བཞག་སྟེང་།སྣ་ཚོགས་འབྲུ་ཡིས་བཀང་བའི་ལྷུང་བཟེད་བསྣམས། །དབུ་གཙུག་ནམ་མཁར་ཆོས་སྐུ་རྡོ་རྗེ་འཆང་། །རྒྱ་བོད་གྲུབ་ཐོབ་རྒྱུད་སྡེའི་ལྷ་ཚོགས་རྣམས། །བར་འཚམ་མེད་པར་སྤྲིན་ཕུང་ལྟ་བུར་གཏིབས། །གཡས་སུ་བསྟན་སྲུང་གཙོ་བོ་འཇམ་པའི་དབྱངས། །ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྐྱོང་ཚོགས། །དཔལ་མགོན་བདུན་ཅུ་དམ་ཅན་རྒྱ་མཚོས་བསྐོར།རྒྱབ་ཏུ་ལོག་འདྲེན་ཀུན་འདུལ་གསང་བའི་བདག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་འཁོར་གྱིས་བསྐོར། །གཡོན་དུ་འཇིག་རྟེན་འདྲེན་པ་སྤྱན་རས་གཟིགས། །རིགས་དྲུག་སྙིང་རྗེའི་མགྲོན་གྱུར་ཀུན་གྱིས་བསྐོར། །མདུན་དུ་སྣང་སྲིད་སྤྱི་འདུལ་པདྨ་འབྱུང་། །སྡེ་བརྒྱད་བརྟན་མ་མགུལ་ལྷ་དགེ་བསྙེན་ཚོགས། །སྟོང་གསུམ་ལྷ་འདྲེ་གཞི་བདག་ཀུན་གྱིས་བསྐོར། །འཁོར་ཚོགས་ཐམས་ཅད་ཞི་འཛུམ་དགྱེས་པའི་ཚུལ། །མདོག་དཀར་འོད་ཟེར་དཀར་པོའི་འཕྲོ་འདུ་ཅན། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང་། །རང་
རང་ཐུགས་སྲོག་ས་བོན་འོད་ཟེར་གྱིས། །སོ་སོའི་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཅན། །དཀོན་མཆོག་སྲིད་ཞུའི་མགྲོན་ཀུན་གཤེགས་སུ་གསོལ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས་པ་ཡི། །མགོན་པོ་ཡོན་ཏན་མགྲོན་ཀུན་གཤེགས་སུ་གསོལ། །སྐྱེ་བ་གཏན་གྱི་ཕ་མར་གྱུར་པ་ཡི། །རིགས་དྲུག་སྙིང་རྗེའི་མགྲོན་ཀུན་གཤེགས་སུ་གསོལ། །འཁྲུལ་པའི་དབང་གིས་གནོད་བྱེད་དུ་འཁྲུལ་པ། །ལན་ཆགས་བུ་ལོན་མགྲོན་ཀུན་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛ༔ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས།
བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཛ༔ཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡེ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ཝསྱཱ་ཨཱཧཱུྃ། སྐབས་འདིར་མཆོད་པ་བསང་ཁང་བྲན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ལན་གསུམ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾཿ བྷཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང་། །ཨོ་ལས་བསང་རྫས་དྭངས་ཤིང་ཐོགས་མེད་པ། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་བཤོས། །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་རོ་མོངར་དང་། །རེག་བྱ་འཇམ་སོགས་ཟག་མེད་བདེ་སྐྱིད་པ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་
གྱུར། །ཨོཾ་བཛྲ་ཨནྡྷཾ་སོགས། ཤཔྟ་རུ་པ་ཤལྟ་གནྡྷེ་རཱ་ས་སྤརེ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ། བསང་ཁང་དབུས་སུ་དུད་པའི་ལྷ་མོ་ནི། །སྔོན་མོ་རྒྱན་རྫོགས་སྒེག་ཅིང་། བཞད་པའི་ཉམས། །གཡས་པས་བདུད་རྩི་བུམ་པས་དྲི་མ་འཁྲུ། །གཡོན་པས་སྨན་སྤོས་དུད་སྤྲིན་སྨུག་པ་བསང་། །བཞེངས་པའི་སྟབས་བཞུགས་མགྲོན་ཀུན་དགྱེས་བསྐྱེད་གྱུར། །རབ་འབྱམས་རྒྱ་མཚོ་དཔག་མེད་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམ་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨགྷཾ་སོགས། ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་ཨཱཎཱཧཱུྃ། བསང་ངོ། བསང་ངོ། བཀའ་བརྒྱུད་སྒྲུབ་བརྒྱུད་སྙན་བརྒྱུད་འདས་མ་འོངས་ད་ལྟ་དུས་གསུམ་གྱི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་བསང་དང་ཞི་བའི་མཆོད་པ་དམ་པ་འདི་འབུལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཐབས་
མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད་། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཧྲུམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་
འཚལ་བསྟོད། །བསྟོད་པ་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པས་ནི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། ༈ དེ་ནས་བསང་གཞུང་གི་རིམ་པ་ནི། བསངས་ལ་མེ་སྦར་ལ། ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །བསང་གི་རྒྱུད་ནི་ཇི་ལྟར་སྲིད། །སྐྱེ་མེད་སྤྲོས་བྲལ་སྟོང་པ་ལ།འགགས་མེད་འཁོར་ལོས་སྒྱུར་རྒྱལ་ཤར། །སྐྱེ་འགགས་གཉིས་མེད་རོལ་པ་ལས། །མཁའ་ལ་རླུང་བརྟེན་འབྱུང་བ་རིམ་བཞིན་ཆགས། །ཕྱི་སྣོད་འཇིག་རྟེན་གཞལ་ཡས་རང་གྲུབ་ལ། །ནང་བཅུད་སེམས་ཅན་བྱང་ཆུབ་སྙིང་པོ་གྱུར། །སྤྲུལ་པའི་ལྷ་རྣམས་འགྲོ་བའི་དོན་ལ་བྱོན། །རི་རབ་རི་བདུན་རང་བཞིན་ལྷུན་གྱིས་གྲུབ། །རོལ་པའི་མཚོ་བདུན་སྨོས་ལམ་སྟོབས་ཀྱིས་ཆགས། །མེ་ཤེལ་ཆུ་ཤེལ་སྣང་སྲིད་དཀར་དམར་ཤར། །སྤོས་རི་ངད་ལྡན་འཛམ་བུ་གླིང་གི་རི། །རི་བོ་དེ་ཡི་ཤར་ཕྱོགས་ན། །ཤིང་ནི་བལ་བུ་དཀར་པོ་སྐྱེས། །རི་བོ་དེ་ཡི་ལྷོ་ཕྱོགས་ན། །ཤིང་ནི་གསེར་སྟག་སེར་པོ་སྐྱེས། །རི་བོ་དེ་ཡི་ནུབ་ཕྱོགས་ན། །ཤིང་ནི་ཙནྡན་དམར་པོ་སྐྱེས། །རི་བོ་དེ་ཡི་བྱང་ཕྱོགས་ན། །ཤིང་
ནི་ལོ་བཟང་ཤུག་པ་སྐྱེས། །རི་བོ་དེ་ཡི་ཤར་ལྷོ་ན། །ཤིང་ནི་མུ་ལེ་གྲམ་ཤིང་སྐྱེས། །རི་བོ་དེ་ཡི་ལྷོ་ནུབ་ན། ཤིང་ནི་སྦ་སྙུག་ལྡེམ་པ་སྐྱེས། །རི་བོ་དེ་ཡི་ནུབ་བྱང་ན།ཤིང་ནི་དྷེ་བ་དྷ་རུ་སྐྱེས། །རི་བོ་དེ་ཡི་བྱང་ཤར་ན། །ཤིང་ནི་མཁན་དཀར་གསེར་མགོ་སྐྱེས། །རི་བོ་དེ་ཡི་དབུས་ཕྱོགས་ན། །ཤིང་ནི་དཔག་བསམ་ལྗོན་ཤིང་སྐྱེས། །ཤིང་སྣ་དགུ་ཡི་དུད་པ་དང་། །ཕྱེ་མར་ཟས་ཕུད་སྐྱེམས་དང་ནི། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །དཀར་དམར་མདངས་ལྡན་ཤ་ཕུད་དང་། །རྩི་སྨན་དར་ཟབ་སྣ་ཚོགས་དང་། །རོལ་མོ་སྒྲ་སྙན་གདུང་བའི་དབྱངས། །འདོད་ཡོན་མཆོད་པ་དཔག་མེད་ཀྱིས།། ༈ ཀྱཻ། ཀུན་ཏུ་བཟང་པོ་ལ་སོགས་པའི། །རྙིང་མ་བརྒྱུད་པ་ཐམས་་ཅད་བསང་། །རྡོ་རྗེ་འཆང་ཆེན་ལ་སོགས་པའི། །གསར་མ་བརྒྱུད་པ་ཐམས་ཅད་བསང་། །སྣང་བ་མཐའ་ཡས་ལ་སོགས་པའི།།གཏེར་མ་བརྒྱུད་པ་ཐམས་ཅད་བསང་།ཕ་རོལ་ཕྱིན་དྲུག་ལ་སོགས་པའི། །དུས་གསུམ་རྒྱལ་བའི་ཡུམ་རྣམས་བསང་། །དཀོན་མཆོག་འབྱུང་གནས་ལ་སོགས་པའི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསང་། །
མར་མེ་མཛད་ལ་སོགས་པ་ཡི། །འདས་པའི་སངས་རྒྱས་ཐམས་ཅད་བསང་། །ཤཱཀྱ་ཐུབ་པ་ལ་སོགས་པའི། །ད་ལྟའི་སངས་རྒྱས་ཐམས་ཅད་བསང་།བྱམས་པ་མགོན་པོ་ལ་སོགས་པའི། །ཕྱི་རབས་འབྱོན་པ་ཐམས་ཅད་བསང་། །རྣམ་པར་སྣང་མཛད་ལ་སོགས་པའི། །བདེ་གཤེགས་རྒྱལ་བ་རིགས་ལྔ་བསང་། །ནམ་མཁའི་དབྱིངས་ཕྱུག་ལ་སོགས་པའི། །རིགས་ཀྱི་ཡུམ་ཆེན་ལྔ་པོ་བསང་། །འཕགས་པ་འཇམ་དཔལ་ལ་སོགས་པའི། །རིགས་གསུམ་མགོན་པོ་རྣམ་གསུམ་བསང་། །ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསང་། །གནས་བརྟན་རབ་འབྱོར་ལ་སོགས་པའི། །ཉན་ཐོས་ཆེན་པོ་མཆོག་བརྒྱད་བསང་། །གདུང་བ་སེལ་བ་ལ་སོགས་པའི། །རང་རྒྱལ་ཆེན་པོ་བཅུ་གཉིས་བསང་། །བྷ་ར་དྷ་ཛ་ལ་སོགས་པའི། །གནས་བརྟན་ཆེན་པོ་བཅུ་དྲུག་བསང་། །སློབ་དཔོན་ཐོགས་མེད་ལ་སོགས་པའི།སྤུ་འཛམ་བུ་གླིང་གི་རྒྱན་དྲུག་བསང་། །ཨིནྡྲ་བྷུ་ཏི་ལ་སོགས་པའི། །རྣལ་འབྱོར་གྲུབ་ཆེན་བརྒྱད་པོ་བསང་། །ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་
བསང་། །གསང་བ་འདུས་པ་ལ་སོགས་པའི། །ཕ་རྒྱུད་ལྷ་ཚོགས་ཐམས་ཅད་བསང་། །མ་ཧཱ་མཱ་ཡཱ་ལ་སོགས་པའི། །མ་རྒྱུད་ལྷ་ཚོགས་ཐམས་ཅད་བསང་། །བདེ་མཆོག་དགྱེས་རྡོར་ལ་སོགས་པའི། །བླ་མེད་བརྒྱུད་པ་ཐམས་ཅད་བསང་། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །ཞི་བའི་ལྷ་ཚོགས་ཐམས་ཅད་བསང་། །ཆེ་མཆོག་ཁྲག་འཐུང་ལ་སོགས་པའི། །ཁྲོ་བོའི་ལྷ་ཚོགས་ཐམས་ཅད་བསང་། །གཤིན་རྗེ་གཤེད་ལ་སོགས་པ་ཡི། །སྐུ་ཡི་ལྷ་ཚོགས་ཐམས་ཅད་བསང་། །པདྨ་དབང་ཆེན་ལ་སོགས་པའི། །གསུང་གི་ལྷ་ཚོགས་ཐམས་ཅད་བསང་། །བཛྲ་ཧེ་རུ་ཀ་ལ་སོགས་པ་ཡི། །ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་བསང་། །རྡོ་རྗེ་གཞོན་ནུ་ལ་སོགས་པའི། །ཕྲིན་ལས་ཕུར་པའི་ལྷ་ཚོགས་བསང་། །བླ་མེད་ཧེ་རུ་ཀ་ལ་སོགས་པ་ཡི། །མ་མོ་རྦོད་གཏོང་ལྷ་ཚོགས་ཐམས་ཅད་བསང་། །རྩ་བའི་བླ་མ་ལ་སོགས་པའི། །རིག་འཛིན་བླ་མའི་ལྷ་ཚོགས་ཐམས་ཅད་བསང་། །དྲེགས་པ་ཀུན་འདུལ་ལ་སོགས་པའི། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐམས་ཅད་བསང་། །སྟོབས་ལྡན་ནག་པོ་ལ་སོགས་པའི། །དམོད་པ་དྲག་སྔགས་ལྷ་
ཚོགས་ཐམས་ཅད་བསང་། །རིགས་བཞི་མཁའ་འགྲོ་ལ་སོགས་པ། །བཀའ་སྲུང་ལྷ་ཚོགས་ཐམས་ཅད་བསང་། །མགོན་པོ་ནག་པོ་ལ་སོགས་པའི། །ཆོས་སྐྱོང་ཕོ་རྒྱུད་ཐམས་ཅད་བསང་། །དཔལ་ལྡན་ལྷ་མོ་ལ་སོགས་པའི། །ཆོས་སྐྱོང་མོ་རྒྱུད་ཐམས་ཅད་བསང་། །ཚངས་པ་དུང་ཐོད་ལ་སོགས་པའི། །སྟེང་གི་ལྷ་ཚོགས་ཐམས་ཅད་བསང་། །གཉན་ཆེན་དྷེ་ཝ་ལ་སོགས་པའི། །བར་སྣང་གནས་པའི་གཉན་རྣམས་བསང་། །ས་བདག་དབང་ཆེན་ལ་སོགས་པའི། །ས་ལ་གནས་པའི་ས་བདག་བསང་། །ཡུལ་འཁོར་སྲུང་ལ་སོགས་པ་ཡི།།རྒྱལ་པོ་ཆེན་པོ་སྡེ་བཞི་བསང་། །ལྷ་དབང་བརྒྱ་བྱིན་ལ་སོགས་པའི། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་བསང་། །མ་ཧཱ་དེ་ཝ་ལ་སོགས་པའི། །ལྷ་ཆེན་བརྒྱད་པོ་འཁོར་བཅས་བསང་། །དགའ་བོ་འཇོག་པོ་ལ་སོགས་པའི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་བསང་། །ཉི་མ་ཟླ་བ་ལ་སོགས་པའི། །གཟའ་ཆེན་བརྒྱད་པོ་འཁོར་བཅས་བསང་། །ཛམྦྷ་ལྷ་ལ་སོགས་པ་ཡི། །ནོར་སྲུང་བརྒྱད་པོ་འཁོར་བཅས་བསང་། །སྐར་མ་སྨིན་དྲུག་ལ་སོགས་པའི། །རྒྱུ་སྐར་ཉི་ཤུ་རྩ་
བརྒྱད་བསང་། །རྗེ་བློན་བཅུ་གཉིས་ལ་སོགས་པའི། །ལོ་ཡི་ས་བདག་ཐམས་ཅད་བསང་། །འགྲོལ་བུ་ལྷ་ལྔ་ལ་སོགས་པའི། །ཟླ་བའི་ས་བདག་ཐམས་ཅད་བསང་། །པི་ལིང་འཕར་མ་ལ་སོགས་པའི། །ཞག་གི་ས་བདག་ཐམས་ཅད་བསང་། །ཉུལ་ལེ་བཅུ་གཉིས་ལ་སོགས་པའི། །དུས་ཚོད་ས་བདག་ཐམས་ཅད་བསང་། །རི་བོ་མཆོག་རབ་ལ་སོགས་པའི། །རི་བདུན་མཚོ་བདུན་གནས་པ་བསང་། །ལྷོ་རྒྱལ་འཛམ་གླིང་ལ་སོགས་པའི། །གླིང་ཆེན་བཞི་ལ་གནས་པ་བསང་། །རྔ་ཡབ་གླིང་ལ་སོགས་པ་ཡི། །གླི་ཕྲན་བརྒྱད་ལ་གནས་པ་བསང་། །རི་བོ་པོ་ཏ་ལ་སོགས་པའི། །རི་བོ་རྣམས་ལ་གནས་པ་བསང་། །ཆུ་བོ་གངྒཱ་ལ་སོགས་པའི། །ཆུ་བོ་རྣམས་ལ་གནས་པ་བསང་། །རྡོ་རྗེ་གདན་ལ་སོགས་པ་ཡི། །རྒྱ་གར་གཙུག་ལག་སྲུང་མ་བསང་། །ནཱ་ལེནྡྲ་ལ་སོགས་པ་ཡི། །རྒྱ་གར་ཆོས་གྲྭའི་སྲུང་མ་བསང་། །ཨོ་རྒྱན་ཡུལ་ལ་སོགས་པ་ཡི། །སྒྲུབ་གནས་རྣམས་ལ་གནས་པ་བསང་། །བསིལ་བ་ཚལ་ལ་སོགས་པ་ཡི། །དུར་ཁྲོད་བརྒྱད་ལ་གནས་པ་བསང་། །འཕགས་པ་ཤིང་ཀུན་ལ་སོགས་པའི། །བལ་ཡུལ་གཞི་བདག་ཐམས་
ཅད་བསང་། །རི་བོ་གྷན་དྷི་ལ་སོགས་པའི། །བོད་ཀྱི་མགུལ་ལྷ་བཅུ་གསུམ་བསང་། །ཁ་རག་ཁྱུང་བཙུན་ལ་སོགས་པའི། །བོད་ཀྱི་སྐྱོང་མ་བཅུ་གཉིས་བསང་། །ཨཉྫ་རི་དང་ཤན་གྷ་དྷ། །བྱང་ངོས་ས་བདག་ཐམས་ཅད་བསང་། །ནམ་མཚོ་ཕྱུག་མོ་ལ་སོགས་པའི། །བྱང་གི་མཚོ་སྨན་ཐམས་ཅད་བསང་། །ལྷ་ས་བསམ་ཡས་ལ་སོགས་པའི། །བོད་ཡུལ་གཙུག་ལག་སྲུང་མ་བསང་། །ལྷོ་བྲག་མཁར་ཆུ་ལ་སོགས་པའི། །བོད་ཡུལ་དབེན་གནས་སྲུང་མ་བསང་། །དགེ་བསྙེན་མཁའ་རི་ལ་སོགས་པའི་། །བོད་ཡུལ་གཏེར་སྲུང་ཐམས་ཅད་བསང་། །དཔལ་ལྡན་ས་སྐྱ་ལ་སོགས་པའི། །ཆོས་གྲྭའི་སྲུང་མ་ཐམས་ཅད་བསང་། །དྭགས་ལ་སྒམ་པོ་ལ་སོགས་པའི། །སྒོམ་གྲུའི་སྲུང་མ་ཐམས་ཅད་བསང་། །གང་བ་བཟང་པོ་ལ་སོགས་པའི། །གཙང་གི་ས་བདག་ཐམས་ཅད་བསང་། །ཡར་ལྷ་ཤམ་པོ་ལ་སོགས་པའི། །ཡར་ལུང་ས་བདག་ཐམས་ཅད་བསང་། །ཐང་ལྷ་ཡར་བཞུད་ལ་སོགས་པའི། །དབུས་ཀྱི་ས་བདག་ཐམས་ཅད་བསང་། །འོད་དེ་གུང་རྒྱལ་ལ་སོགས་པའི། །ཉང་པོའི་ས་བདག་ཐམས་ཅད་བསང་།
སྒམ་པོ་དཔལ་རི་ལ་སོགས་པའི། །དྭགས་པོའི་ས་བདག་ཐམས་ཅད་བསང་། །ཀོང་བཙུན་དེ་མོ་ལ་སོགས་པའི། །ཀོང་པོའི་ས་བདག་ཐམས་ཅད་བསང་། །ཁ་ཤ་སྙུག་རི་ལ་སོགས་པའི། །མོན་ཡུལ་ས་བདག་ཐམས་ཅད་བསང་། །ཡག་ལ་སེ་བོ་ལ་སོགས་པའི། །སོག་གི་ས་བདག་ཐམས་ཅད་བསང་། །རོང་ལྷ་རྒྱལ་མཚན་ལ་སོགས་པའི།རོང་གི་ས་བདག་ཐམས་ཅད་བསང་། །དམག་དཔོན་དགྲ་འདུལ་ལ་སོགས་པའི། །ཚ་བ་སྒང་གི་ས་བདག་བསང་། ཁྱུང་ཐོ་དུང་རི་ལ་སོགས་པའི། །སྤོ་བོའི་ས་བདག་ཐམས་ཅད་བསང་། །གཟེ་ཡི་དམར་གཡོ་ལ་སོགས་པའི། །ལྕི་ཡི་ས་བདག་ཐམས་ཅད་བསང་། །འགྲིགས་རྒྱལ་ཤེ་ནེ་ལ་སོགས་པའི། །མདོ་ཁམས་སྒང་གི་ས་བདག་བསང་།། རྩི་ཡི་དཔའ་རྒོད་ལ་སོགས་པའི། །ཟླ་བའི་ས་བདག་ཐམས་ཅད་བསང་། །རྡོ་ཐི་གངས་དཀར་ལ་སོགས་པའི། །གནས་དྲུག་ས་བདག་ཐམས་ཅད་བསང་། །ཡོར་རྒྱལ་མར་ཡོར་ལ་སོགས་པའི། །ཡོར་གྱི་ས་བདག་ཐམས་ཅད་བསང་། །ངོམ་རྒྱལ་མཚོ་བཀྲ་ལ་སོགས་པའི། །ངོམ་གྱི་ས་བདག་ཐམས་ཅད་བསང་། །ཆམ་ལ་རྫོང་ཕྲོམ་ལ་སོགས་
པའི། །འབེ་ཡི་ས་བདག་ཐམས་ཅད་བསང་། །སྐྱོགས་ཆེན་གདོང་ར་ལ་སོགས་པའི། །འདན་གྱི་གཞི་བདག་ཐམས་ཅད་བསང་། །མི་མགོན་དཀར་པོ་ལ་སོགས་པའི། །སྨར་ཁམས་སྒང་གི་ས་བདག་བསང་། །གེར་མཛོ་གཉན་པོ་ལ་སོགས་པའི། །ཤར་ཟླའི་ས་བདག་ཐམས་ཅད་བསང་། །རྨ་ཆེན་སྤོམ་ར་ལ་སོགས་པའི། །རྨ་ཡི་ས་བདག་ཐམས་ཅད་བསང་། །དགེ་བསྙེན་གདོང་ར་ལ་སོགས་པའི། །འབྲི་ལུང་ས་བདག་ཐམས་ཅད་བསང་། །གཙང་གཉེན་སྨྲི་ཏི་ལ་སོགས་པའི། །གཙང་གི་ས་བདག་ཐམས་ཅད་བསང་། །རྡོ་རྗེ་དཔལ་བརྩེགས་ལ་སོགས་པའི། །བུ་འབོར་སྒང་གི་ས་བདག་བསང་། །བཞག་ར་ལྷ་རྩེ་ལ་སོགས་པའི། །རབ་སྒང་ས་བདག་ཐམས་ཅད་བསང་།རི་བོ་རྩེ་ལྔ་ལ་སོགས་པའི། །རྒྱ་ནག་ས་བདག་ཐམས་ཅད་བསང་། །འཇང་རི་སྨུག་པོ་ལ་སོགས་པའི། །འཇང་ཡུལ་ས་བདག་ཐམས་ཅད་བསང་། །ཅོག་ལྷ་མཚལ་རྩེ་ལ་སོགས་པའི། །ཧོར་ཡུལ་ས་བདག་ཐམས་ཅད་བསང་། །ཡུལ་ལྷ་གཉན་པོ་ལ་སོགས་པའི། །ཡུལ་འདིའི་གཞི་བདག་ཐམས་ཅད་བསང་། །ལྡོང་ལྷ་འོད་ཕྲོམ་ལ་སོགས་པའི། །
ལྡོང་རིགས་སྲིད་པའི་དགྲ་ལྷ་བསང་། །འགྲུ་མོ་ཕྲོམ་ཕྲོམ་ལ་སོགས་པའི། །འབྲུ་རིགས་སྲིད་པའི་དགྲ་བླ་བསང་། །དབྲ་མོ་དབྲ་དཀར་ལ་སོགས་པའི། །དབྲ་རིགས་སྲིད་པའི་དགྲ་ལྷ་བསང་། །སྒྲ་མོ་ལེགས་ཕྲོམ་ལ་སོགས་པའི། །སྒོ་རིགས་སྲིད་པའི་དགྲ་ལྷ་བསང་། །དགུ་རྒྱུད་དགུ་སྤྲུལ་ལ་སོགས་པའི། །དགུ་རིགས་སྲིད་པའི་དགྲ་ལྷ་བསང་།མཚལ་སྟག་དམར་པོ་ལ་སོགས་པའི། །དབལ་ཟླ་གཉིས་ཀྱི་ས་བདག་བསང་། །སྨོན་མི་དབུ་ནག་ལ་སོགས་པའི། །ཡང་མྱེས་མཚུན་རྒན་ཐམས་ཅད་བསང་། །ཡབ་ལྷ་འདབ་དྲུག་ལ་སོགས་པའི། །མ་མཚུན་གཉན་པོ་ཐམས་ཅད་བསང་། །རྒྱལ་བུ་མཐིང་གེ་ལ་སོགས་པའི། །ཕ་མཚུན་གཉན་པོ་ཐམས་ཅད་བསངས། །སྟག་ཆས་བལ་བུ་ལ་སོགས་པའི། །གྲི་མཚུན་གཉན་པོ་ཐམས་ཅད་བསང་། །དེ་མོ་གངས་དཀར་ལ་སོགས་པའི། །མ་ཕྱིའི་སྨན་བཙུན་ཐམས་ཅད་བསངས། །དེ་རྣམས་བསངས་བའི་ཡོན་ཏན་གྱིས། །བདག་ཅག་སློབ་དཔོན་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ནོར་ལ་གོད་ཡོམས་མ་གཏོང་ཞིག །ཞིང་ལ་བཙའ་སད་མ་གཏོང་ཞིག །བསམ་པ་ཆོས་
བཞིན་འགྲུབ་པར་ཤོག །རྗེ་རང་བྱུང་རྡོ་རྗེས་སོག་ཟམ་བཙུགས་དུས་མཛད་པའོ།། ༈ སྡོམ་པ་དམ་ཚིག་ཚུལ་ཁྲིམས་དྲི་བཟང་གིས། །འཆལ་བའི་དྲི་མ་ཐམས་ཅད་བསངས་བྱས་ནས། །འཕགས་པའི་ཚོགས་རྣམས་དགྱེས་པའི་བྱིན་རླབས་ཀྱིས། །འགྲོ་ཀུན་ཚུལ་ཁྲིམས་དྲི་དང་ལྡན་གྱུར་ཅིག །དཀར་པོ་དགེ་བཅུ་སྤྱོད་པའི་དྲི་བཟང་གིས།སྡིག་སྤྱོད་མི་དགེའི་དྲི་མ་བསངས་བྱས་ཏེ། །དཀར་ཕྱོགས་ལྷ་ཀླུ་དགྱེས་པའི་ནུས་པ་ཡིས། །སྣོད་བཅུད་མ་ལུས་བདེ་སྐྱིད་ལྡན་གྱུར་ཅིག །ཡུལ་ལྷ་གཞི་བདག་གནས་པོ་ཐམས་ཅད་ཀྱང་། །ལྷག་བསམ་རྣམ་དག་དྲི་བཟང་འདིས་བསངས་པས། །ཕྲག་དོག་གདུག་རྩུབ་དྲི་ངད་སང་གྱུར་ནས། །བྱམས་དང་སྙིང་རྗེའི་དྲི་བཟང་འགོས་གྱུར་ཅིག །གཙང་ཞིང་གཙང་མའི་རྒྱུ་ཚོགས་ལས་བྱུང་ཞིང་། །དགའ་དང་སྤྲོ་བའི་རྩོལ་བས་རབ་སྦྱར་བའི། །བསང་མཆོད་བདུག་སྤོས་ཟས་མཆོག་རྒྱ་ཆེན་པོས། །འདིར་འཚོགས་འབྱུང་པོ་མ་ཀླུ་ལུས་ཚིམ་གྱུར་ཅིག །དེ་ཡིས་མཐུ་ལས་བདག་ཅག་འཁོར་བཅས་རྣམས། །མི་ནོར་ཕྱུགས་རྣམས་གོད་ཁ་ཡོངས་ལས་གྲོལ། །འབྱོར་པ་ཕུན་སུམ་ཚོགས་པ་འཕེལ་ཤིང་རྒྱས། །
བསམ་དོན་ཆོས་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །ཅེས་པ་འདི་དཀོན་མཆོག་འབངས་ཀྱིས་མཛད་པའོ།། ༈ ཨོཾ་ཨཱཿཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་དྲི་མ་བསང་། །ཞིང་པདྨ་འོད་ཀྱི་རྣམ་པར་གྱུར། །ནང་བཅུད་ཀྱི་འགྲོ་བའི་དྲི་མ་བསང་། །ལུས་འཇའ་ལུས་རྡོ་རྗེ་ལྟ་བུ་གྱུར། །རྫས་འདོད་དགུ་ལོངས་སྤྱོད་དྲི་མ་བསང་། །ཡིད་བསམ་པ་གང་འདོད་བདུད་རྩིར་སྒྱུར། །དེ་ཡར་ལ་སྐྱབས་གནས་དཀོན་མཆོག་མཆོད། །སྐྱབས་ཐུགས་རྗེས་འགྲོ་དྲུག་ཡོངས་ལ་ཁྱབ། །དགོས་འདིར་འཚོགས་བསམ་དོན་ཆོས་བཞིན་འགྲུབ། །དཔལ་བཀྲ་ཤིས་ཟླ་རྒྱས་ཡར་གྱི་ངོ། །གནས་ཁམས་གསུམ་ཡོངས་ལ་ཁྱབ་པར་ཤོག །ཅེས་དབང་ཕྱུག་རྡོ་རྗེས་མཛད་པའོ།། ༈ འབྱུང་པོ་ཐམས་ཅད་གདུག་རྩུབ་རྣམ་སྤངས་ཏེ། །དཀོན་མཆོག་གསུམ་གྱི་བཀའ་ལ་སྡོད་བྱེད་ཅིང་། །སྲོག་ཆགས་རྣམས་ལ་འཚེ་བ་སྤངས་བྱས་ཏེ། །འདི་ནི་ཕན་བྱེད་སངས་རྒྱས་བསྟན་པ་ཡིན། །གཞན་ལ་གནོད་བྱེད་བདག་གིས་མྱོང་གྱུར་ཏེ། །ལས་རྣམས་དུས་ཀྱི་ཤིང་བཞིན་སྨིན་པར་མཐོང་། །དེས་ན་ཁྱེད་ཅག་རྟག་ཏུ་བག་བྱོས་ཤིག །བདེ་བར་གྱུར་ཅིག་སྲོག་ཆགས་ཐམས་ཅད་དོ། །ཞེས་ཐུབ་
བསྟན་ཉིན་བྱེད་གླིང་གི་རྗེས་པ་རྣམས་ལ་ཕྱོགས་གར་འགྲོ་ཡང་འདོད་དོན་སྨོན་ལམ་དུ་དྷརྨ་ཤྭ་རས་གནང་བའོ།། ༈ འདོད་གསོལ་བྱ་བ་ནི། ཀྱཻ། བསངས་དང་མཆོད་པ་འདི་ཕུལ་བས། །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དབང་དང་བྱིན་རླབས་དངོས་གྲུབ་སྩོལ། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཡི་དམ་ལྷ་ཚོགས་མཉེས་གྱུར་ཅིག །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་དང་བར་ཆད་སོལ། །བསམ་དོན་ཡིད་བཞིན་བསྒྲུབ་ཏུ་གསོལ། །ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག།དགྲ་བགེགས་མ་ལུས་ཚར་ཆོད་ལ། །མི་དང་མི་མིན་གནོད་པ་སོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །སྣང་སྲིད་གཞི་བདག་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆག་སོར་ཆུད་ཅིང་། །མི་གཙང་གྲིབ་ཀྱིས་ཕོག་པ་སོལ། །ཕོག་ཐུག་ཉམས་པ་སྦྱང་དུ་གསོལ། །དུ་བ་གནམ་དུ་སོང་བ་ཡིས། །ལྷ་ཡི་རྨུགས་པ་ཐམས་ཅད་སོལ། །མེ་སྟག་བར་སྣང་འཕྲོས་པ་ཡིས། །གྲིབ་ཀྱིས་ཕོག་པ་ཐམས་ཅད་སོལ། །མེ་ལྕེ་ས་ལ་འཁྱིལ་བ་ཡིས། །བྱིང་འཐིབས་རྨུགས་པ་ཐམས་ཅད་སོལ། །འབག་རྩོག་གྲིབ་ཀྱིས་ཕོག་པ་སོལ། །
ཐབ་དང་གཞོབ་ཀྱིས་ཕོག་པ་སོལ། །དམེ་གྲིབ་ཡུགས་གྲིབ་དམ་གྲིབ་སོལ། །ཁྱད་གཏད་ངན་སྔགས་གནོད་པ་སོལ། །ལྷ་དང་མི་རུ་བྱེ་བ་སོལ། །འགོང་པོའི་གྲིབ་ཀྱིས་གནོད་པ་སོལ། །རྩ་བ་ཡན་ལག་ཉམས་ཚིག་གི །དམ་ཚིག་ཉམས་པའི་གྲིབ་ཀུན་སོལ། །བསང་གིས་མི་བསངས་གང་ཡང་མེད། །ཁྲུས་ཀྱིས་མི་དག་གང་ཡང་མེད།བསང་ངོ་དག་གོ་ལྷ་ཡི་ཡུལ། །བདེའི་སྐྱིད་དོ་མི་ཡི་ཡུལ། །དར་རོ་རྒྱས་སོ་སངས་རྒྱས་བསྟན། །མཆོག་དམན་མགྲོན་རྣམས་ཐམས་ཅད་ཀྱང་། །པདྨ་ཆུ་ཡིས་བྲན་པ་ལྟར།ཀུན་ཀྱང་མཉེས་པའི་སྐུ་གསུང་ཐུགས། །བདེ་བ་ཆེན་པོ་ཚིམ་གྱུར་ཅིག །གནས་སྐབས་གནས་དང་ལམ་བསྒྲོད་ཅིང་། །ཚོང་དམག་དགྲ་འཐབ་དོན་གཉེར་དང་། །གཞི་བྱེས་བྱ་བ་གང་བརྩམ་པ། །བདག་རྒྱལ་གེགས་མེད་འགྲུབ་གྱུར་ཅིག །བདག་ཅག་སློབ་དཔོན་འཁོར་བཅས་ཀྱི། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །འབྲུ་དང་ནོར་རྣམས་འཕེལ་བ་དང་། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །གནས་པོ་གྱིས་ལ་མཐུན་རྐྱེན་སྒྲུབས། །ཡོད་བདག་གྱིས་ལ་
འཚོ་བ་སྦྱོར། །འགྲོ་བ་མི་ཡི་བསམ་པ་སྒྱུར། །གཡང་ཅན་ནོར་དང་བཅུད་ཆེན་ཟས། །བང་མཛོད་འབྲུ་ནོར་ཇ་དར་གོས། །ཐམས་ཅད་བདག་གི་དབང་དུ་སྡུས། །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །ཚེ་བསྲིང་དཔལ་བསྐྱེད་འབྱོར་པ་སྤེལ། །སྙན་གྲགས་སྒྲུབས་ལ་ཕྱོགས་བཅུར་སྒྲོགས། །རྟག་ཏུ་འཁོར་ཞིང་སྲུང་སྐྱོབ་མཛོད། །དགྲ་བགེགས་གདུག་པ་ཅན་རྣམས་ཀུན། །སྐད་ཅིག་ཉིད་ལ་ཐལ་བར་རློགས། །མི་མཐུན་ཕྱོགས་ལས་རྟག་རྒྱལ་ཞིང་། །མཐུ་ནུས་ཕུན་སུམ་ཚོགས་པར་མཛོད། །བྱེས་ལ་འགྲོ་ན་བྱེས་དཔོན་མཛོད། །དགྲ་ཇག་ཆོམ་རྐུན་འཇིགས་ལས་སྐྱོབ། །ལ་ཆུ་འཕྲེང་གསུམ་དག་ལས་སྒྲོལ། །འགྲོ་ལམ་བདེ་ཞིང་འཇིགས་པ་མེད། །ལམ་འཕྲང་བདེ་བར་བསྒྲོད་པ་དང་། །རྙེད་པ་ཆེན་པོ་རྙེད་གྱུར་ནས། །གཞི་བྱེས་ཀུན་ཏུ་བཀྲ་ཤིས་མཛོད། །ལེགས་ཁ་རྒྱལ་ཁེ་བསྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་ཤྩ། སྡོད་ཀྱང་། །བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛོད། །ལྷ་དང་སྲུང་མ་ཐམས་ཅད་ཀྱང་། །དགེ་ཞིང་ཞི་བའི་ལས་མཛོད་ཅིག །
དམ་ཆོས་རིན་ཆེན་སྤྱོད་པ་དང་། །ཀུན་ཀྱང་རྒྱལ་བའི་བཀའ་བཞིན་སྒྲུབས། །དེ་ལྟར་ཆོས་དང་ཟང་ཟིང་གི །སྦྱིན་པ་རྒྱ་ཆེན་འདི་བྱས་མཐུས། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །ཀུན་ཀྱང་མངོན་འཚང་རྒྱ་བར་ཤོག །ཅེས་པའི་འདོད་གསོལ་འདི་རྗེ་དབང་ཕྱུག་རྡོ་རྗེས་བསྩལ་བའོ། ཨོཾ༔ ཁ་འཛིན་བཞུགས་སོ། སངས་རྒྱས་དཀོན་མཆོག་མཆོད་བྱས་ནས། འབྲས་བུ་ཚེ་གཅིག་འགྲུབ་པར་ཤོག །དམ་ཆོས་དཀོན་མཆོག་མཆོད་བྱས་ནས། །དགེ་བའི་འབྲས་བུ་སྨིན་པར་ཤོག །དགེ་འདུན་དཀོན་མཆོག་མཆོད་བྱས་ནས། །བསོད་ནམས་ཚོགས་ཆེན་རྫོགས་པར་ཤོག །བླ་མ་དམ་པ་མཉེས་བྱས་ནས། །ཡོན་ཏན་ལྷུན་གྱིས་འགྲུབ་པར་ཤོག །བསྐྱེད་རྫོགས་རྣམ་གཉིས་བསྒོམས་བྱས་ནས། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །མཁའ་འགྲོའི་ཚོགས་རྣམས་མཉེས་བྱས་ནས། །ཕྱི་ནང་བར་ཆད་ཞི་བར་ཤོག །བར་ཆད་བགེགས་ཀྱི་འཆེ་བ་ལ། །ཁྲོ་བོ་ཁྲོ་མོས་བསྲུང་བར་ཤོག །བདུད་དང་ཡམས་ཁ་དར་བ་ན། །ཡི་དམ་ལྷ་ཡིས་སྐྱོབ་པར་ཤོག །ཆོས་སྐྱོང་གཏོར་མས་མཆོད་བྱས་ནས། །ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག །ཡི་དམ་ལྷ་
ཚོགས་མཆོད་བྱས་ནས། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །བསྟན་པའི་དགྲ་བོ་བསྒྲལ་བ་ན། །བསྟན་སྲུང་བྲན་དུ་འཁོར་བར་ཤོག །ཕྱོགས་བཞི་ཀུན་ཏུ་འགྲོ་བ་ན། །རྒྱལ་ཆེན་སྡེ་བཞིས་བསྲུང་བར་ཤོག །ཡུལ་ལྷ་ཟོ་དོར་མཆོད་བྱས་ན། །མི་ནད་ཕྱུགས་ནད་ཞི་བར་ཤོག །ནོར་ལྷ་རྨ་གཡང་མཆོད་བྱས་ན། །འབྲི་ལུག་དཀོར་ནོར་འཕེལ་བར་ཤོག །བདག་དང་སེམས་ཅན་ཐམས་ཅད་ལ། །དུག་ལྔའི་ནད་ཀྱིས་ཐེབ་པ་ན། །ཡེ་ཤེས་གསལ་བས་ཁ་འཛིན་མཛོད། །གཏི་མུག་མུན་པས་ནོན་པ་ན། །ཤེས་རབ་གསལ་བས་ཁ་འཛིན་མཛོད། །གཡེང་བའི་རླུང་གིས་ཁྱེར་བ་ན། །ཏིང་འཛིན་བརྟན་པོས་ཁ་འཛིན་མཛོད། །ལེ་ལོའི་དབང་དུ་གྱུར་པ་ན། །བརྩོན་འགྲུས་བརྟན་པོས་ཁ་འཛིན་མཛོད། །ཁོང་ཁྲོའི་དབང་དུ་གྱུར་པ་ལ། །བཟོད་པ་བརྟན་པོས་ཁ་འཛིན་མཛོད། །འཆལ་བའི་དབང་དུ་གྱུར་པ་ལ། །ཚུལ་ཁྲིམས་ལྡན་པས་ཁ་འཛིན་མཛོད། །སེར་སྣའི་འཛིན་པས་འཆིང་བ་ན། །སྦྱིན་པའི་ཐུགས་རྗེས་ཁ་འཛིན་མཛོད། །ལྷ་འདྲེའི་གདུག་རྩུབ་སྟོན་པ་ན། །སྟོང་ཉིད་སྙིང་རྗེས་ཁ་འཛིན་མཛོད། །
འཇིགས་པ་བརྒྱད་ཀྱིས་འཚེ་བ་ན། །ལྷ་མོ་སྒྲོལ་མས་ཁ་འཛིན་མཛོད། །ཀླུ་བདུད་གདུག་པ་དར་བ་ན། །བྱ་ཁྱུང་རྒྱལ་པོས་ཁ་འཛིན་མཛོད། །སྐག་དང་སྤར་ཁ་རྩུབ་པ་ན།འཇམ་དཔལ་དབྱངས་ཀྱིས་ཁ་འཛིན་མཛོད། །གཟའ་བདུད་གདུག་པ་དར་བ་ན། །ཕྱག་ན་རྡོ་རྗེས་ཁ་འཛིན་མཛོད། །བདུད་ཀྱི་ཆོ་འཕྲུལ་བྱུང་བ་ན། །རྡོ་རྗེ་སྲིན་པོས་ཁ་འཛིན་མཛོད། །འཆི་བདག་གཤིན་རྗེས་འཇིགས་པ་ན། །གཤིན་རྗེའི་གཤེད་ཀྱིས་ཁ་འཛིན་མཛོད། །དམ་ཉམས་མི་གཙང་ཟས་ཟོས་ན། །རྣམ་པར་འཇོམས་པས་ཁ་འཛིན་མཛོད། །ཉམས་པ་ཅན་གྱི་གྲིབ་བྱུང་ན། །སྨེ་བ་བརྩེགས་པས་ཁ་འཛིན་མཛོད། །སྨན་སྦྱོར་ཞི་སྦྱོར་གང་བྱེད་ཀྱང་། །སངས་རྒྱས་སྨན་ལྷས་ཁ་འཛིན་མཛོད། །མཐུ་དང་ནུས་པ་སྒྲུབ་འདོད་ན། །མ་ཧཱ་ཀཱ་ལས་ཁ་འཛིན་མཛོད། །དགྲ་སྡང་ཆམ་ལ་ཕབ་འདོད་ན། །དཔལ་ལྡན་ལྷ་མོས་ཁ་འཛིན་མཛོད། །ཁྱིམ་ཕུབ་མཁར་ལས་བྱེད་འདོད་ན། །གང་བ་བཟང་པོས་ཁ་འཛིན་མཛོད། །འབྲུ་ཟས་ནོར་ཕྱུགས་སྤེལ་འདོད་ན། །རྣམ་ཐོས་སྲས་ཀྱིས་ཁ་འཛིན་མཛོད། །སྨན་འགུགས་པྲ་སྒྲུབ་བྱེད་འདོད་ན། །སོ་སོར་
འབྲང་མས་ཁ་འཛིན་མཛོད། །མི་ནད་ཕྱུགས་ནད་གཅོད་འདོད་ན། །ཤ་བ་རི་ཡིས་ཁ་འཛིན་མཛོད། །རྨང་དང་བྱུར་ཡོར་ཆེ་བ་ན། །གསེར་ཁ་ལྔ་བརྒྱས་ཁ་འཛིན་མཛོད། །མཁར་བརྩེགས་རྫོ་ང་སྒྲུབ་བྱེད་འདོད་ན། །ལྷ་མོ་བརྟན་མས་ཁ་འཛིན་མཛོད། །ཡུལ་བཟུང་ས་བཅུད་བྱེད་འདོད་ན། །ཛཾ་བྷ་ལ་ཡིས་ཁ་འཛིན་མཛོད།སོ་ནམ་ལས་ཀ་ཅི་བྱེད་ཀྱང་། །ཨ་པར་ཙིཏྟས་ཁ་འཛིན་མཛོད། །བུ་གསོ་ཚ་བསྐྱེད་བྱེད་པ་ན། །ནོར་རྒྱུན་མ་ཡིས་ཁ་འཛིན་མཛོད། །ལོ་ཟླ་གཟའ་སྐར་མི་མཐུན་ན།རུས་སྦལ་སེར་པོས་ཁ་འཛིན་མཛོད། །རྟ་རྣམས་སྲུང་ཞིང་སྤེལ་འདོད་ན། །ཨཅུ་རེ་མནྟས་ཁ་འཛིན་མཛོད། །ལུག་གསོ་རྨ་གཡང་བྱེད་འདོད་ན། །ལུག་ལྷ་རྨན་བུས་ཁ་འཛིན་ཡེ་མཛོད་། །འདོད་ཡོན་ཟས་ལ་སྤྱོད་འདོད་ན། །བདུད་རྩི་འཁྱིལ་པས་ཁ་འཛིན་མཛོད། །ཆོས་གཏོ་རིམ་གྲོ་བྱེད་འདོད་ན། །མ་ཧཱ་དེ་བས་ཁ་འཛིན་མཛོད། །ཁེ་ཚོང་བཞིན་ལེན་སྤྱད་འདོད་ན། །ཨ་ཇོ་ཆེན་པོས་ཁ་འཛིན་མཛོད། །སེམས་ཅན་གསོ་སྦྱིན་ཆར་འབེབས་ན། །ཀླུ་རྒྱལ་དགའ་བོས་ཁ་འཛིན་མཛོད། །རྒྱན་དང་རྩོད་པ་རྒྱལ་འདོད་ན། །
གནོད་སྦྱིན་རྒྱད་ཀྱིས་ཁ་འཛིན་མཛོད། །དགྲ་ལ་ཐོག་སེར་འབེབས་འདོད་ན། །གཟའ་བདུད་ནག་པོས་ཁ་འཛིན་མཛོད། །སྡང་བའི་དགྲ་ལ་དམག་འདྲེན་ན། །ལྷ་དམག་འབུམ་སྡེས་ཁ་འཛིན་མཛོད། །རུ་དར་དགྲ་ལ་ཕྱར་འདོད་ན། །བསྟན་སྲུང་ཆེན་པོས་ཁ་འཛིན་མཛོད། །ཤར་ལྷོ་ནུབ་བྱང་གར་འགྲོ་ཡང་། །ལམ་ལྷ་གཉན་པོས་ཁ་འཛིན་མཛོད། །ཡག་ཁ་འཛིན་པས་ཁ་འཛིན་མཛོད། །རྒྱལ་ཁ་འཛིན་པས་ཁ་འཛིན་མཛོད། །སྐྱིད་ཀྱི་མུ་མཐའ་རིང་བར་ཤོག །དགེ་ཞིང་དམ་ཆོས་དར་བར་ཤོག །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ནད་གདོན་བར་ཆད་ཞི་བར་ཤོག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་འདོད་གསོལ་སྨོན་ལམ་བཅས་བྱའོ།།་༈ ཁུ་ཡེ་བཞུགས་སོ།། ཀྱཻ། རྒྱ་གར་བྱ་རྒོད་སྤུང་རི་ནས། །སངས་རྒྱས་ཆོས་ཀྱི་དར་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བཀའ་བརྒྱུད་བླ་མའི་བྱིན་རླབས་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བརྟན་པར་
ཤོག །ཡི་དམ་ལྷ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་ཤོག །མ་དང་མཁའ་འགྲོའི་རྟེན་འབྲེལ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྟེན་འབྲེལ་ཕྱོགས་མེད་འཆར་བར་ཤོག །ཆོས་སྐྱོང་སྲུང་མའི་མཐུ་རྩལ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །བསྟན་སྲུང་ཕྲིན་ལས་འགྲུབ་པར་ཤོག །ནག་པོ་རྒྱ་ཡི་འཕེལ་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །མི་ཁྲི་རྟ་འབུམ་འཕེལ་བར་ཤོག །ཨ་ཝ་ཧོར་གྱི་རྩལ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མཐུ་རྩལ་སྟོབས་དང་ལྡན་པར་ཤོག །སྐུ་རྒྱལ་བོད་ཀྱི་ཚེ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཚེ་དཔལ་རི་རབ་བཞིན་དུ་བརྟན་པར་ཤོག །ཛམ་བྷ་ལ་ནི་གཏེར་གྱི་བདག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མི་འཛད་རིན་ཆེན་གཏེར་དང་ལྡན་པར་ཤོག །རྣམ་ཐོས་སྲས་ནི་ནོར་གྱི་བདག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དགོས་འདོད་ཡིད་བཞིན་ནོར་བུ་རྙེད་པར་ཤོག །ཀུ་བེ་ར་ནི་རྟ་ཡི་བདག །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །འདོད་པའི་རྟ་རྣམས་འཕེལ་བར་ཤོག །གང་བ་བཟང་པོ་ལུག་གི་བདག །
ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དཀར་མོའི་ལུག་རྣམས་འཕེལ་བར་ཤོག །ནོར་རྒྱུན་མ་ནི་ནོར་གྱི་བདག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཟལ་དཀར་འབྲི་རྣམས་འཕེལ་བར་ཤོག །ཞིང་ལྷ་ཚངས་པ་ནས་ཀྱི་བདག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འབྲུ་དང་ནས་རྣམས་འཕེལ་བར་ཤོག །ཀྱཻ། ཕྱུག་པོ་རྣམས་ཀྱི་ཕྱུག་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །ལྷ་མའི་དཔལ་འབྱོར་ཕུན་སུམ་ཚོགས་པར་ཤོག །འཕེན་པོ་རྣམས་ཀྱི་འཕེན་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མངའ་རིས་དར་ཞིང་རྒྱས་པར་ཤོག །མི་ཕོ་དཔའ་བའི་དགྲ་བླ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མི་མཐུན་ཕྱོགས་ལས་རྒྱལ་བར་ཤོག །གོ་ཁྲབ་བཙན་པོའི་བཙན་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྡོ་རྗེའི་རྫོང་ཆེན་ཐོབ་པར་ཤོག །བུ་རྟ་མགྱོགས་པའི་མགྱོགས་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །རྫུ་འཕྲུལ་སྟོབས་དང་ལྡན་པར་ཤོག །ཀྱཻ། མཐོན་པོ་དགུང་གི་ཕ་གཡང་དེ། །ཁུ་ཡེ་ཕྱ་དང་གཡང་དུ་ལེན། །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །སྙན་པ་ནམ་མཁའ་
བཞིན་དུ་ཁྱབ་པར་ཤོག །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །འཁོར་འབངས་སྐར་ཕྲན་བཞིན་དུ་བཀྲ་བར་ཤོག །མི་རྒྱུད་གསེར་བས་བཟང་བར་ཤོག །མི་འབྲུ་ནས་བས་མང་བར་ཤོག །མི་སྲོག་བྲག་བས་སྲ་བར་ཤོག །མི་རྒྱུད་ཆུ་བས་རིང་བར་ཤོག །ཆོས་བརྒྱུད་གསེར་བས་བཟང་བར་ཤོག །ས་གཞི་བཞིན་དུ་བརྟན་པར་ཤོག །དོང་མོ་ས་ཡི་དམའ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ལྕག་ཡུ་གང་བས་རིང་བར་ཤོག །རྨོག་སྤོར་གང་བས་མཐོ་བར་ཤོག །ཀྱཻ། ཕྱི་སྐོར་དེ་ནི་ཀྱི་ལི་ལི། །གཡང་སྐོར་དེ་ནི་མེ་རེ་རེ། །ཕྱུ་ཆ་གཡང་ཆ་སྒ་ར་ར། །བཀྲ་ཤིས་དཔའ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་མ་ཏི་རནྟས་མཛད་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀ་པ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་པཱདྱ་པུཎྜེ་དྷ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི།། ༈ ཨོ་མ་འབྱོར་པ་དང་ཉམས་པ་དང་། །གང་
ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཨོཾ་བཛྲ་སཏྭ་སོགས། སཏྲ་ཨཱ༔ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཡེ་ཤེས་པ་འཁོར་བཅས་བཛྲ་མུ༔ དམ་ཚིག་པ་རྣམས་རང་ལ་ཐིམ་པར་གྱུར། མཆོད་སྦྱིན་གནས་འདིར་གང་ལྷག་པ། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་རྣམས། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུའི་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །
གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་བསྔོ་བ་བྱའོ། །ཞེས་བསང་གོང་འོག་གི་ཆིངས་འདི་ནི། བསང་མཆོད་རབ་ཏུ་མང་པོ་དག་ལ་གོམས་འདྲེས་བཞག་པར་བྱས་པ། ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པའི་༧ དགེ་སློང་། རཱ་ག་ཨ་སྱས་སྦྱར་བ་འདིས་ཀྱང་འགྲོ་བ་མཐའ་དག་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོའི་དབྱིངས་སུ་འགོད་ནུས་པར་གྱུར་ཅིག །སརྦ་མངྒ་ལཾ། །བཀྲ་ཤིས་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།