Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕྲག་
[Clear Hits]


  
  
  
  
 
དགོངས་གཏེར་རྡོ་རྗེའི་གསུང་གི་དོན་བཀྲོལ་བ། ལྷ་མོའི་གསང་མདོས༴ རི་རབ་བརྩེགས་མདོས༴ མ་མོའི་ཁྲག་མདོས༴ མ་མོའི་ནད་རིམས་བཟློག་མདོས་ཞེས་ཀྱང་བྱ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕྲག་
[Clear Hits]

 
previousདགོངས་གཏེར་རྡོ་རྗེའི་གསུང་གི་དོན་བཀྲོལ་བ། ལྷ་མོའི་གསང་མདོས༴ རི་རབ་བརྩེགས་མདོས༴ མ་མོའི་ཁྲག་མདོས༴ མ་མོའི་ནད་རིམས་བཟློག་མདོས་ཞེས་ཀྱང་བྱ། next

དགོངས་གཏེར་རྡོ་རྗེའི་གསུང་གི་དོན་བཀྲོལ་བ། ལྷ་མོའི་གསང་མདོས༴ རི་རབ་བརྩེགས་མདོས༴ མ་མོའི་ཁྲག་མདོས༴ མ་མོའི་ནད་རིམས་བཟློག་མདོས་ཞེས་ཀྱང་བྱ།


CMR039_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་རྡོ་རྗེའི་གསུང་གི་དོན་བཀྲོལ་བ། ལྷ་མོའི་གསང་མདོས་ཞེས་ཀྱང་བྱ། རི་རབ་བརྩེགས་མདོས་ཞེས་ཀྱང་མ་མོའི་ཁྲག་མདོས་ཞེས་ཀྱང་བྱ། མ་མོའི་ནད་རིམས་བཟློག་མདོས་ཞེས་ཀྱང་བྱ་སྟེ་ཚིག་ཉུང་ཁྱེར་བདེ་བ་ཡོད།།


CMR039_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དེ་ཝི་ཀཱ་ལི་ཡེ། །ལྷ་མོ་དཔོན་གཡོག་ཞབས་ལ་ཕྱག་འཚལ་ལོ། །རི་རབ་བརྩེགས་མདོས་མ་མོའི་ཁྲག་མདོས་དང་། །རིམས་ནད་བཟློག་པའི་མདོས་ཆོག་གསལ་བཀོད་བྱ། །ལྷ་མོ་འཁོར་བཅས་བཀའ་ཡི་གནང་བ་སྩོལ། །འདི་ལ་རྒྱས་འབྲིང་བསྡུས་པ་ཤིན་ཏུ་བསྡུས། །བཅའ་ཚུལ་ཁྱད་ཡིན་འདོན་ཆའི་གཞུང་ནི་གཅིག །མདོས་གདན་ཤིང་ངམ་གང་ཡང་རུང་བའི་སྟེང་། །རི་རབ་བང་རིམ་བཞི་པ་ཕྱོགས་མདོག་སྟེང་། །ཟན་ནམ་ས་ལ་ལྷ་མོའི་གཟུགས་ནག་པོ། །གྲི་ཐོད་འཛིན་ནམ་ཡང་ན་ཐལ་བརྡེབ་ཚུལ། །རི་རབ་རྩེ་རུ་བྱམས་འདུག་བྱས་པ་བྱ། །གྲུ་ཁུག་གཡས་སུ་བྱང་དམར་ཡི་གེ་ཅན། །གནོད་བྱེད་དགྲ་བགེགས་ཞེས་བྱའི་མིང་ཅན་བཙུགས། །


CMR039_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་མདའ་བཀྲ་གཡོན་དུ་འཕང་བཀྲ་དང་། །རྒྱབ་ཏུ་ནམ་མཁའ་ཁྲ་བོ་ཤིང་རིས་བཙུགས། །མཆན་ཞབས་གཡོན་དུ་ནད་ཀྱི་རྐྱལ་པའི་གཟུགས། །པང་དུ་ཚོན་སྐུད་སྣ་ལྔའི་གྲུ་གུ་བཞག །བང་རིམ་གཉིས་པར་བསྐང་པར་བཏབ་བྱ་སྟེ། །དབུས་མདུན་རྐང་བའི་བར་དུ་འཁོར་ལོ་དང་། །ཤར་དུ་རྡོ་རྗེ་ལྷོ་རུ་རིན་པོ་ཆེ། །ནུབ་ཏུ་པདྨ་བྱང་དུ་རལ་གྲི་དང་། །བྱ་ནག་བཅུ་གསུམ་གཙོར་བྱས་འདབ་ཆགས་ཚོགས། །བང་རིམ་གསུམ་པར་ལུག་ནག་བཅུ་གསུམ་གྱི། །གཙོར་བྱས་བསྐང་འབྲས་ཐམས་ཅད་ཆ་ཚང་བཙུགས། །བང་རིམ་བཞི་པར་ཆུང་ནི་དྲུག་ཅུ་བཞི། །སྲིན་མོ་འགྲོས་བཙུགས་རི་རབ་རྩ་བ་རུ། །གཡས་སུ་ཟན་ལ་བྱ་མོ་ནག་མོའི་གཟུགས། །མགྲིན་པར་དུང་ཕྲེང་ཟེ་བ་མཆུ་ནི་དམར། །གཡོན་དུ་ལུག་ནག་སྤྱི་བོ་དཀར་པོ་ཅན། །


CMR039_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཟན་ནང་ཚྭ་བཏུམ་སྒོ་ངའི་གཟུགས། །རྒྱབ་ཏུ་སྨན་ཏིང་བརྩེགས་མ་རྩེ་མོ་དཀར། །བར་མཚམས་མཐེབ་སྐྱུ་ཤ་དུམ་འཁོར་བར་བསྐོར། །སྣོད་གཞན་ནང་དུ་ངར་མི་གཅིག་གི་མདུན། །མར་མེ་གསུམ་བཞག་ཐ་མ་དྲི་གླུད་བསྐོར། །མདོས་ཆེན་ཅུང་ཞིག་བཏེགས་ནས་མཐོ་བར་བཞག །དེ་ཡི་གཡས་གཡོན་གང་བདེ་ངར་མི་དང་། །མདུན་དེ་ཟངས་ལྕགས་སྣོད་ནི་གཙང་མར་བཞག །དེ་མདུན་ཡོད་ན་ལུག་ནག་ལྤགས་པ་བཏིང་། །དེ་དབུས་ཚོན་ནམ་འབྲུ་ནག་ལ་སོགས་ཀྱི། །ཆོས་འབྱུང་ཟུར་དྲུག་བྲིས་པའི་དབུས་དང་ཟུར། །ཕོར་པ་གཙང་མ་ཆག་གས་མེད་པ་བདུན། །ཁ་དང་མཐིལ་ནི་མར་གྱིས་བརྒྱན་པར་བྱ། །གཞི་ཡི་གཡས་གཡོན་འཇིམ་པའི་གཟུགས་བརྙན་གཉིས། །ལྷ་གཟུགས་དཀར་པོ་དགྱེ་ཞིང་དར་དཀར་ཕྱར། །དེ་དྲུང་ཞྭ་དཀར་མིག་དགུ་བྲིས་པ་དང་། །རྡེའུ་དཀར་པོ་བཅུ་གསུམ་བཞག་པར་བྱ། །གཡོན་དུ་འདྲེ་གཟུགས་ནག་པོ་མགོ་བཀུག་པ། །ལག་ཏུ་དར་ནག་དྲིལ་ནས་ཐུར་དུ་བཟུང་། །དེ་དྲུང་ཤྭ་ནག་ལྔ་བྲིས་རྡེལ་ནག་དགུ། །བར་དུ་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་གཅིག །དེ་སྟེང་བལ་ཚོན་སྣ་ལྔ་འདབ་གཅིག་བཀབ། །ཁྲག་དང་ཆུ་བསྲེས་ཟོ་བ་གང་དང་ནི། །དེ་བཞིན་ཆང་ཕུད་གསེར་ཕྱེ་བདར་བ་དང་། །གཏོར་ཆུང་ཟུར་གསུམ་སྙིང་འདྲ་དྲུག་ཅུ་ལྔ། །ཤ་དུམ་མཐེབ་སྐྱུ་ལིང་ཆུང་དེ་ཡི་གྲངས། །དེ་ནི་བཅའ་ཚོགས་རྒྱས་པ་ཁྲག་མདོས་ལུགས། ༈ །འབྲིང་བ་གཞན་རྣམས་གོང་དང་འདྲ་བ་ལས། །རིགས་ལྔའི་ཕྱག་མཚན་བྱ་ནག་ལུག་ནག་ལས། །བསྐང་


CMR039_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་གཞན་རྣམས་བཙུགས་ནི་མི་དགོས་སོ། །རྩང་ཡང་ཉི་ཤུ་རྩ་བརྒྱད་བཙུགས་པས་འཐུས། །གཞི་ནག་ཕོར་པ་བདུན་དང་ལྷ་བདུད་གཟུགས། །འབྲང་རྒྱས་བལ་ཚོན་སོགས་ཀྱང་མི་དགོས་སོ། ༈ །བསྡུས་པ་ཀ་ཏོ་རའམ་སྡེར་ཆེན་ནང་། །འཇིམ་པ་གྲུ་བཞི་རྩ་བ་ཕྲ་བར་བྱ། །རྩེ་ལ་ཟན་ནག་ལྷ་མོའི་གཟུགས་དེ་བཞག །མདའ་འཕང་ཁྲམ་ཤིང་ནམ་མཁའ་ལ་སོགས་ཀྱང་། །ཅུང་ཟད་བརྡ་ཚོན་ཁྱུད་རེ་ཙམ་གྱིས་ཆོག །རིགས་ལྔའི་ཕྱག་མཚན་བྱ་ནག་བདུན་དང་ནི། །ལུག་ནག་བདུན་ནི་བཙུགས་པས་བསྐང་འབྲས་ཚང་། །བྱ་མོ་ལུག་ནག་སྨན་ཏིང་སྒོ་ང་བཅས། ༈ །ཤིན་ཏུ་བསྡུས་པ་རྒྱུན་ཁྱེར་ལ་སོགས་པའི། །དམར་གཏོར་གཅིག་ལ་བྱ་མོ་ལུག་ནག་དང་། །སྨན་ཏིང་སྒོ་ང་བཞིས་བསྐོར་སྡེར་ནང་བཞག །རྩེ་རུ་ཙཀྲི་གཅིག་ནི་བཙུགས་པའི་ནང་། །ལྷ་མོ་རི་རབ་རྩེ་རུ་བྱམས་བཞུགས་བྱས། །བྱང་དམར་ཁྲམ་ཤིང་ནད་རྐྱལ་ཚོན་གྲུ་ཅན། །རྒྱབ་ཏུ་ནམ་མཁའ་ཤིང་རིས་མདའ་འཕང་བྲིས། །དེ་ལྟར་བཅའ་ཚུལ་རྒྱས་འབྲིང་བསྡུས་པ་དང་། །ཤིན་ཏུ་བསྡུས་པ་གང་འདོད་རུང་བ་ལྟར། །གཏོར་ཆུང་རཀྟ་ལ་སོགས་འབུལ་བའི་གྲངས། །རབ་ནི་བརྒྱའམ་ཡང་ན་དྲུག་ཅུ་ལྔ། །འབྲིང་དུ་ལོ་གྲངས་སམ་ནི་ཉི་ཤུ་གཅིག །ཐ་མ་བཅུ་གསུམ་མམ་ནི་དགུ་ཡིས་འཐུས། །ཡི་དམ་གཤིན་རྗེའི་གཤེད་དམ་ཕྱག་རྡོར་བསྒོམ། །ཡང་ན་ཡི་དམ་གང་ཡང་རུང་བ་ཡིན། །དེ་ནས་སྙན་པའི་དབྱངས་བཅས་གྱེར་སྒོམ་སྦྲགས། །གླུ་དང་དབྱངས་ལ་ལྷ་མོ་དགྱེས་པ་ཡིན། །རང་ཉིད་


CMR039_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས། རཾ་ཡཾ་ཁཾ་འཕྲོས་པས་མདོས་ཀྱི་མི་གཙང་བའི་དྲི་མ་ཐམས་ཅད་བསྲེག །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཨེ་ཡཾ་རཾ་ཐཾ་ལཾ་སུཾ་ལས། འབྱུང་བ་རིམ་བརྩེགས་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་གསེར་གྱི་རི་བདུན། བྱ་ནག་ལུག་ནག་བྱ་མོ་ནག་མོ། བཤོས་བུ་སྨན་གཏོར་རཀྟ་ཕྱི་ནང་གསང་བའི་མཆོད་པའི་སྤྲིན། མཆོད་རྫས་སྒྲུབ་རྫས་བསྐང་རྫས་རྟེན་རྫས་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་བཛྲ་སྤ་ར་ཎ་ཁཾ། ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱི༔ རང་གི་མདུན་དུ་རི་བདུན་རོལ་མཚོ་དང་བཅས་པའི་རི་རབ་ཀྱི་ཁར་དཔལ་ལྡན་ལྷ་མོ་སྐུ་མདོག་ཤིན་ཏུ་གནག་པ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་ནས་འདུག་པ། འཁོར་སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་ནད་བདག་རིམས་བདག་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར། བྷྱོཿ མུ་ལེ་མཚོ་དང་ཡོངས་འདུའི་ཤིང་། །དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས། །ལྷ་མོ་འཁོར་བཅས་སྤྱན་འདྲེན་ནོ། །སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས། །བྷྱོམ་ཧཱ་ཀཱ་ལི་ཧཱུྃ་བྷྱོཧཱུྃ་ཛཿཛཿཧཱུྃ་བཾ་ཧོཿ དངོས་འབྱོར་


CMR039_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་སྤྲུལ་པ་ཡི། །མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་བུ་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་སྨན་གཏོར་རཀྟའི་ཚོགས། །ལྷ་མོ་འཁོར་དང་བཅས་ལ་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །བྷྱོཿམ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི། ཨརྒྷཾ༴ པཱདྱཾ༴ པུཥྤེ༴ དྷུཔེ༴ ཨཱ་ལོ་ཀེ༔ གནྡྷེ༔ ནི་ཝི་དྱ༴ ཤབྟ་ཨཱ༔ཧཱུྃ། །བྷྱོ། ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །འགྲོ་བའི་དོན་དུ་སྐུ་སྤྲུལ་ནས། །འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །མ་དང་སྲིང་ལྟར་བསྒྲུབ་ལ་བརྩེ། །ལྷ་མོ་འཁོར་དང་བཅས་ལ་བསྟོད། །དམ་རྫས་མཆོད་པས་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཡམས་ནད་རིམས་ནད་ཞི་བ་དང་། །འབྲུ་དང་རྐང་འགྲོ་འཕེལ་རྒྱས་མཛོད། །འདོད་རྒུ་ཐམས་ཅད་དབང་དུ་སྡུས། །གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ། །མ་གཡེལ་མྱུར་དུ་ལས་མཛོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལྷ་མོའི་ཐུགས་ཀར་ཉི་མའི་སྟེང་། །བྷྱོ་ལས་སྔགས་ཕྲེང་གཡོན་དུ་འཁོར། །དེ་ལས་འོད་ཟེར་ཕྱོགས་


CMR039_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་འཕྲོས། །སྣང་སྲིད་མ་མོ་ཐམས་ཅད་དང་། །ནད་བདག་དྲེགས་པའི་ཚོགས་རྣམས་ཀུན། །དབང་དུ་བསྡུས་ནས་བྲན་དུ་བཀོལ། །བདག་དང་ལྷ་མོའི་བཀའ་ཉན་ཞིང་། །ཅི་བཅོལ་ལས་རྣམས་སྒྲུབ་པར་གྱུར། །བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། །ཞེས་པའི་སྔགས་དེ་ཅི་འགྲུབ་བརྗོད། །འདི་ཉིད་གཞན་ལ་སྦྱིན་པ་ན། །མངོན་རྟོགས་ནས་བཟུང་འདི་ཡན་བརྗོད། །གཏོར་མ་སློབ་མའི་ལག་ཏུ་གཏད། །ལྷ་མོ་འདི་ལ་སྩལ་ལགས་ཀྱིས། །བསྲུང་ཞིང་སྐྱོབ་པར་མཛད་དུ་གསོལ། །བྷྱོམ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨོཾ་ཏྲག་ཐིམ་བ་ལི་ཏ་ཨ་བྷི་ཥིཉྩ་ཧཱུྃ། ལན་གསུམ་བརྗོད་ཅིང་ལག་ཏུ་ཟློགཏད། །མཎྜལ་ཕུལ་བས་བཀའ་གཏད་ཐོབ། །འདི་ཉིད་བཅའ་འདོན་བྱ་བར་རུང་། །དེ་ནས་ཁྲག་སྣོད་བྲན་བྱས་ལ། ཕཊ། སྐད་ཅིག་གིས་རཀྟའི་སྣོད་ཀྱི་ཐད་བར་སྣང་ལ། ཞིང་བཅུ་རུ་ཏྲའི་ངོ་བོ་ཁྲག་གི་བྲོད་པ་ཞིག་ཡེར་གྱིས་བྱུང་། དེ་ལ་བདག་གིས་ཕུར་པ་ཚད་པ་ཙམ་གྱིས་ཁྲག་གི་རྒྱུན་བབས། ཁྲག་གི་རྒྱ་མཚོ་རྦ་ཀློང་རབ་ཏུ་འཁྲུགས་པས་མ་མོ་འཁའ་འགྲོ་ཐམས་ཅད་མཉེས་པའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུྃ་བྷིཥཱ། སྨན་དང་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་བྷིསྭཱ་ཧཱ། ཞེས་


CMR039_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཐེབ་བམ་ཐོད་ཏིང་ནང་དུ་གཏོར་ཆུང་ཟུར་གསུམ་སྙིང་འདྲ་བའི་རྩེར་མར་རྒྱན་བྱུག་པ་རེ་དང་། མཐེབ་སྐྱུ་ཤ་དུམ་བྲན་ལ། མཆོད་གཡོག་པ་ཡོད་ན་བཟུང་བཅོལ། བྷྱོ། གཞོང་པ་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་གལ་གྱི་མཐུན་གཉིས་མཐུན་བསྡེབས་ཏེ། །དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་པ། །ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདི། །འབུལ་ནི་ལྷ་མོ་དཔོན་གཡོག་རྣམས་འབུལ། །བསྐང་ནི་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་། །ནད་བདག་དྲེགས་པའི་ཚོགས་རྣམས་ཚིམ་གྱུར་ཅིག །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །བློ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ཞེས་མདོས་ཀྱི་ནང་ངམ་མདོས་མདུན་གྱི་ཟངས་ལྕགས་ཀྱི་སྣོད་དུ་གཏོར་མ་བླུག །དེ་ནས་མཆོད་གཡོག་པས་བུམ་པའམ། གཏོར་མགུའམ། སྐྱོགས་ཆུང་གིས་ཕོར་པ་བདུན་པོའི་ནང་དུ་རིམ་པར་ཁྲག་ཆུ་ཕྱར་ཞིང་། བྷྱོ་རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་བའི་ནང་། །སྣང་སྲིད་ཐམས་ཅད་རྦ་རླབས་ཀྱི་ལི་ལི། །མཁའ་དབྱིངས་མ་མོ་མཁའ་འགྲོ་མཆོད་པ་དང་། །འཕགས་མ་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །ནད་བདག་དྲེགས་པའི་ཚོགས་རྣམས་ཚིམ་གྱུར་ཅིག །ཨ་ལ་


CMR039_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །བློ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། རཀྟ་པི་པ་ཏོ་ཁཱ་ཧི། མདོས་དང་མདོས་མདུན་དུ་གཏོར་མ་བླུག་པ་དེ་དང་། ཁྲག་གི་ཕོར་པ་རྣམས་ནང་མཆོད་བདུད་རྩིས་བྲན་པའམ་ཐིགས་པ་རེ་བླུགས་ཤིང་། བྷྱོཿ རིན་ཆེན་ཨིནྡྲ་ནི་ལིའི་བུམ་པ་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག །འཐུང་བས་འཚོ་བའི་ལོངས་སྤྱོད་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་མ་མོའི་ཚོགས་ལ་འབུལ། །བསྐང་ནི་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་། །ནད་བདག་དྲེགས་པའི་ཚོགས་རྣམས་ཚིམ་གྱུར་ཅིག །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །བློ་མ་ཧཱ་ཀཱ་ལི་ཧཱུྃ་ཧཱུྃ། ཛ་གད་ཁ་རཾ་ཁཱ་ཧི། བྷྱོཿ ལྷ་མོ་ནག་མོའི་གཙོར་བྱས་པའི། །མ་མོའི་རིགས་གྱུར་མ་ལུས་རྣམས། །ཁྱེད་ལ་མཆོད་པ་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །འདོད་ཡོན་སྣ་ཚོགས་མཆོད་པ་འབུལ། །ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཐུགས་དམ་འགལ་བ་མཐོལ་ལོ་བཤགས། །ནད་རིམས་ཡམས་ནད་མི་མཐུན་ཕྱོགས། །ཐམས་ཅད་མ་མོས་


CMR039_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཏུ་གསོལ། །འབྲུམ་བུ་འཛུམ་དང་པརྱ་ཏ། །ཧུར་ཐུམ་ནད་རིམས་ཞི་བར་མཛོད། །རྒྱུ་གཟེར་འབྲས་གཟེར་གདུག་པ་ཅན། །མི་མཐུན་ནད་རྣམས་བཟློག་ཏུ་གསོལ། །མིག་སེར་གྲེ་འབྱར་གྲེ་ཐོར་སོགས། །མདའ་བརྒྱབ་ནད་ཀུན་ཞི་བར་མཛོད། །དཀར་ཁྲ་མ་རྨོས་བདུད་ཀྱི་གླང་། །མགོ་སྐོར་བྱེད་པའི་ནད་ཀུན་ཟློག ། གཟེར་ཐུང་མིད་དཀྱུས་དབུགས་འཐུམས་སོགས། །བསྡོངས་ཡའི་ནད་ཀུན་ཞི་བར་མཛོད། །གདུག་པ་དམར་བཤལ་སྲིན་གླང་སོགས། །སྐད་ཅིག་ནད་ཀུན་ཞི་བར་མཛོད། །ཡོང་ནད་འཐོར་བ་ནཱ་གས་སོགས། །ཤིན་ཏུ་མི་སྡུག་ནད་ཀུན་ཟློག །མདོར་ན་རིམས་ཀྱི་རིགས་གྱུར་དང་། །འཐོར་ནད་དུས་ནད་ནད་ངན་ཟློག །བྷྱོ་དེ་ཝི་ཀཱ་ལི་ནི་མུ་ཁྲད་ནན་ནས་ནི་ཨི་ཀི་ཡི། ཕུ་ཏ་བྷ། རཀྵ་བྷྱོ། མོ་ཁ་ཏྲད་ཧཱུྃ་ཧཱུྃ་བྷྱོ་ཟློག །དེ་ལྟར་སྨན་རཀ་གཏོར་གསུམ་དང་། །ནད་བཟློག་བཅས་པ་གཅིག་ཏུ་བརྩི། །རབ་ནི་བརྒྱའམ་དྲུག་ཅུ་ལྔ། །འབྲིང་ནི་ལོ་གྲངས་སམ་ཉེར་གཅིག །ཐ་མ་དགུ་འམ་བཅུ་གསུམ་དབུལ། །བསྡུས་དང་ཤིན་ཏུ་བསྡུས་པ་ལ། །གཏོར་ཆུང་གིས་ནི་མདོས་གསོ་ཞིང་། །ཁྲག་ཐིགས་བླུག་ཅིང་བདུད་རྩིས་བྲན། །དེ་ཡན་རྒྱས་བསྡུས་རིམ་པའོ། ༈ །སླར་ཡང་མཐེབ་སྐྱུས་གསོ་


CMR039_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་བྱ། །མ་མོ་འབུམ་གྱི་རྒྱུད་ལུང་ལས། །སེམས་ཅན་དུས་མིན་འཆི་བ་དེ། །བསྐང་བའི་གནས་ལྔ་འདི་རྣམས་སོ། །ཧཱུྃ། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་སྟེ། །དུས་གསུམ་བདེ་གཤེགས་ཡུམ་གྱི་ཀློང་ནས་བསྐྱེད། །དབུས་ཀྱི་ཆེ་མཆོག་སྐུ་དང་གཉིས་མེད་བཞུགས། །མུ་མཐར་ཁྱབ་པའི་ཐུགས་དམ་བདག་བསྐངས་ན། །དབང་དང་དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་གཙོ། །རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ། །རིན་ཆེན་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ནུབ་ཕྱོགས་པདྨ་རིགས་ཀྱི་གཙོ། །པདྨ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་གཙོ། །ལས་ཀྱི་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དབྱིངས་ཀྱི་མ་ཆེན་བརྒྱད་རྣམས་ཀྱང་། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཡུམ་གྱི་མ་མོ་བརྒྱད་རྣམས་ཀྱང་། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བྷྱོ། རི་རབ་གླིང་བཞི་གླིང་ཕྲན་དང་། །འཇིག་རྟེན་


CMR039_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་དཀྱིལ་འཁོར་ནས། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །ཕྲ་མེན་མ་དང་རྒྱ་མཚོ་མ། །གཏིང་འགྲོ་མ་དང་མ་མོ་རྣམས། །དྲེགས་པ་ལྷ་སྲིན་ཕོ་མོའི་ཚོགས། །མ་ལུས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །དུར་ཁྲོད་ཆེན་པོ་རྩུབ་འགྱུར་ཚལ། །དུག་རླངས་སྤྲིན་ལྟར་འཁྲིགས་པའི་གཞལ་ཡས་ནས། །ཐོད་མཁར་འབར་བའི་མངའ་བདག་མོ། །གདུག་པའི་བཙུན་མོ་མི་ཟད་མ། །མ་མོ་ནག་མོ་ཁྲོ་ཚུལ་ཅན། །རེ་ཏི་ནག་མོ་སྲོག་གི་ཤན་པ་མོ། །ཙན་ཏེ་ཀ་ཏེ་འབར་བའི་གདོང་པ་ཅན། །རིམས་དང་ཡམས་ཀྱི་ནད་བདག་མོ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཤན་པ་ཕོ་མོ་རོ་ལངས་ཚོགས། །འཁོར་དུ་གཏོགས་པ་ཁྱེད་རྣམས་ལ། །མདོས་དང་གླུད་འབུལ་ཉམས་ཆག་བསྐང་། །རིན་ཆེན་རྣམ་ལྔའི་ཚོགས་བཀྲམ་ནས། །ཚོགས་དང་གཏོར་མ་རཀྟ་དང་། །སྨན་དང་བདུད་རྩིའི་མཆོད་པས་ཀྱང་། །ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་། །སྲོག་ཆགས་ནག་མོ་བདུད་འབུམ་དང་། །གཅན་གཟན་ཅེ་སྤྱང་ཚོགས་རྣམས་ཀྱིས། །ལྷ་མོ་ཁྱོད་ཀྱི་


CMR039_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་། །མདོས་དང་གླུད་ལོངས་རྐྱེན་དབང་ཟློག །འཁོར་སྲུངས་མདོས་དང་ཟོར་ཁ་ཆིངས། །གདུག་པའི་དབལ་ཁ་དགྲ་ལ་སྟོན། །མདོས་འཕྱོང་དེ་ཉིད་དུག་རླང་ཁོལ་མའི་རྒྱུད་ཚིག་གོ། བྷྱོཿ སྔོན་ཚེ་སྟོང་པའི་གླིང་རུམ་ནས། །སྒོ་ངའི་ནང་ནས་བྱ་མོ་དང་། །ལྷ་མོ་ནག་མོ་སྤྱན་དུ་འཁྲུངས། །བྱ་མོ་ལྷ་མོ་འབྲལ་བ་མེད། །བྱ་སྐད་རུ་ལུས་ལྷ་མོ་མཉེས། །མ་འོངས་མཉམ་དུ་རྫོགས་སངས་རྒྱས། །ད་ལྟ་ལྷ་མོ་བསྐང་བའི་རྫས། །འབྲུ་སྣ་ལས་བྱས་བྱ་མོ་འདི། །མདོག་ནག་དུང་གི་ཕྲ་ཡིས་བརྒྱན། །པདྨ་རཱ་གའི་ཟེ་བ་ཊྛེམཆུ། དར་ནག་བརྗིད་ཆེན་རིན་ཆེན་བརྒྱན། །རང་འདྲའི་སྤྲུལ་པ་འབུམ་ཕྲག་འགྱེད། །སྤྱན་ལ་མཛེས་ཤིང་ཐུགས་ལ་གཅེས། །ལྷ་མོ་འཁོར་བཅས་བྱ་འདི་བཞེས། །ཐུགས་དམ་བསྐང་ལ་རྐྱེན་ངན་ཟློག །ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །སྐུ་ལུས་མུན་པ་གཏིབས་པ་འདྲ། །འཁྱིལ་བའི་རྭ་ལ་ཆུ་རིས་བཀྲ། །གསེར་གྱི་སྤྱན་མིག་འོད་དུ་འབར། །འབའ་སྐད་ལྷང་ལྷང་ལྷ་མོ་དགྱེས། །དར་ནག་རྒྱན་བཏགས་མར་གྱིས་བྱུག །མ་མོ་རྣམས་ཀྱི་མཐུན་རྫས་བཞེས། །ཐུགས་དམ་བསྐང་ལ་རྐྱེན་རྣམས་ཟློག །དེ་


CMR039_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནག་མོའི་སྒོ་ང་འདི། །ཡིད་བཞིན་ནོར་བུ་བསམ་འཕེལ་འདྲ། །དཔལ་ལྡན་ལྷ་མོ་དཔོན་གཡོག་གི །ཐུགས་ལ་གཅེས་ཤིང་ཁམས་ལ་ཟན། །མ་ཡི་མདུན་དུ་བུ་སྡུག་འདྲ། །མ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་རྐྱེན་ངན་ཟློག །བྷྱོཿ མ་མོ་བདུད་མོའི་ཚོགས་རྣམས་ལ། །མཐུན་རྫས་རིན་ཆེན་སྨན་ལེབ་འབུལ། །སྨན་ལེབ་ཟླུམ་པོ་སྤྲོས་དང་བྲལ། །སྨན་ལེབ་བརྩེགས་མ་ཐབས་ཤེས་ཚུལ། །དབུས་མ་འབུར་བས་ཡོན་ཏན་རྒྱས། །རྩེ་མོ་ཟུར་གསུམ་སྐུ་གསུང་ཐུགས། །འོད་འབར་ནད་ཞི་སྡུག་བསྔལ་སེལ། །མ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་རྐྱེན་ངན་ཟློག །བྷྱོཿ མ་གཅིག་ལྷ་མོ་རྣལ་འབྱོར་མ། །ཐུགས་ནི་སྣང་སྲིད་ཀུན་ལ་གསལ། །ཕྲིན་ལས་རྣལ་འབྱོར་དོན་ལ་དགོངས། །སྐུ་མདོག་མ་ངེས་སྣ་ཚོགས་ཅིར་ཡང་སྟོན། །མ་ལ་ནམ་མཁའ་ཁྲ་བོ་འདི་ཕུལ་བས། །མ་གཅིག་ཐུགས་དམ་དབྱིངས་ནས་བསྐང་གྱུར་ཅིག །འཕྲུལ་གྱི་མདའ་བཀྲ་སྒྲོ་བསྒྲོན་མདེལ་གྱིས་མཐུད། །དར་ཚོན་རྒྱུན་ལྡན་སྐྱེས་པ་ཕོ་ཡི་གླུད། །སྐྱེས་པ་དཔལ་རྩལ་ལྡན་པར་བྱིན་བརླབས་


CMR039_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གཅིག་ལས་བརྒྱ་སྟོང་དུ་མའི་སྤྲུལ་པ་འཕྲོ། །མ་མོ་རྣམས་ལ་དགྱེས་སྡེའི་གྲོགས་སུ་འབུལ། །ཕོ་བདུད་དལ་ཁ་ཐམས་ཅད་གཡས་སུ་སྒྱུར། །འཕྲུལ་གྱི་འཕང་བཀྲ་རིན་ཆེན་མོ་ལུས་བརྒྱན། །ཚོན་སྐུད་ལྔ་དཀྲིས་ཟ་མ་མོ་ཡི་གླུད། །མོ་བཙུན་མཛེས་མར་བྱིན་གྱིས་བརླབས་པ་ནས། །གཅིག་ལས་སྤྲུལ་པ་བྱེ་བ་དུང་ཕྱུར་འཕྲོ། །མ་མོ་རྣམས་ལ་མཐུན་རྫས་བྲན་དུ་འབུལ། །མོ་བདུད་དལ་ཁ་ཐམས་ཅད་གཡོན་དུ་སྒྱུར། །བྷྱོཿ བདུད་མོ་ནག་མོ་རེ་མ་ཏི། །ཕྱག་ན་བདུད་ཀྱི་ཁྲབ་བམ་བསྣམས། །སྲོག་དབུགས་བསྡུས་པའི་མི་རྣམས་ལས། །སང་ཕོད་དུས་སུ་སུ་འཆི་བ། །ད་ལོ་ཁྱོད་ཀྱིས་ཁྲམ་ལ་འདེབས། །དཔྱིད་ཀྱི་རོལ་པོ་ཁ་ནག་དང་། །དབྱར་གྱི་ཤིང་ལོ་ལྷབ་ལྷུབ་དང་། །སྟོན་གྱི་སྤང་པོ་ཁ་སེར་དང་། །དགུན་གྱི་འཁྱག་པ་ཆལ་ཆོལ་ཏེ། །མི་ཡི་བདུད་གཅོད་དུས་བཞི་ལ། །བདག་དང་བསྲུང་བྱ་ཡོན་བདག་འདི། །གལ་ཏེ་ཁྲམ་ལ་བཏབ་སྲིད་ན།། མདོས་གླུད་ཁྲམ་ཤིང་འདི་བཞེས་ལ། །བདུད་ཀྱི་ཁྲམ་ཁ་ད་ཕྱེས་ཤིག །མ་གཅིག་ཁྱོད་ཀྱི་མཆན་ཁུང་ན། །རྩིས་ཀྱི་བྱང་བུ་དམར་པོ་འཛིན། །སང་ཕོད་ད་ཚོད་སུ་འཆི་བ། །


CMR039_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལོ་བྱང་དམར་ངོས་ལ་བྲི། །བདག་དང་རྒྱུ་སྦྱོར་ཡོན་བདག་འདི། །རྩིས་སུ་བཅུག་ན་རྩིས་ལས་ཕྱུངས། །བྱང་དམར་ངོས་ལ་བྲིས་པ་ཁྲུས། །ཞིང་བཅུ་བསྟན་པའི་སྤྱི་དགྲ་རྣམས། །ཁྲམ་ལ་ཐོབ་ལ་བྱང་བུར་བྲིས། །མཉམ་གཉིས་རྗེས་ལ་མཚུངས་གཉིས་བཟུར། །མ་གཅིག་ཁྱོད་ཀྱི་མཆན་ཁུང་དུ། །ཚོན་གྱི་གྲུ་གུ་ཁྲ་གསུམ་བསྣམས། །གང་ལ་བཏབ་པ་ཤོར་མི་སྲིད། །བདག་དང་ཡོན་གྱི་བདག་པོ་ལ། །ཚོན་གྲུ་བརྐྱང་པ་མི་སྲིད་ཀྱི། །གལ་ཏེ་ཚོན་གྲུ་བརྐྱངས་ན་ཡང་། །མདོས་གླུད་ཚོན་གྲུ་འདི་བཞེས་ལ། །ཚོན་གྱི་གྲུ་གུ་མྱུར་དུ་སྡུས། །བྱམས་པའི་ཐུགས་ཀྱིས་དགོངས་པར་མཛོད། །བྷྱོཿ མདོས་ཆེན་རི་རབ་གླིང་བཞིའི་གཟུགས། །རིགས་ལྔའི་ཕྱག་མཚན་བརྒྱན་པ་འདི། །ཡེ་ཤེས་མ་མོ་མཉེས་པའི་རྫ་ས། །བྱ་ནག་མང་པོས་གཙོར་བྱས་པའི། །འདབ་ཆགས་མང་པོའི་གཟུགས་བརྙན་བཀོད། །ལས་ཀྱི་མ་མོ་མཉེས་པའི་རྫས། །ལུག་ནག་མང་པོས་གཙོར་བྱས་པའི། །སྐྱེ་འགྲོ་སྣ་ཚོགས་གཟུགས་བཀོད་པ། །འཇིག་རྟེན་མ་མོ་མཉེས་པའི་རྫས། །རི་རབ་བང་རིམ་ཐ་མ་ལ། །ཅུང་དམར་སྲིན་མོའི་འགྲོས་སུ་


CMR039_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། །སྲིན་མོ་དྲུག་ཅུ་རྩ་བཞི་དང་། །མ་ཚོགས་དབང་ཕྱུག་མཉེས་པའི་རྫས། །མཉེས་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་དར་ཀྱང་དམ་ཚིག་གཡེལ། །ཕལ་ཆེར་ནག་པོའི་ཕྱོགས་ལ་སྤྱོད། །དེ་ཚེ་ལྷ་མོ་དཔོན་གཡོག་འཁྲུག །འགལ་རྐྱེན་བར་ཆད་ཅི་ཡང་འབྱུང། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཡན་ཆད་དུ། །རང་བཞིན་ཁ་ན་མ་ཐོའི་ལས། །མི་དགེ་བཅུ་དང་མཚམས་མེད་ལྔ། །ལོག་པ་བརྒྱད་དང་ལྕི་བ་བཞི། །གང་བགྱིས་ཐམས་ཅད་མཐོལ་ལོ་བཤགས། །བཅས་པའི་ཁ་ན་མ་ཐོ་བ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་དམ་ཚིག་ལ། །ཉེས་ལྟུང་ཉམས་ཆག་གང་བྱུང་བཤགས། །བོང་བུར་མ་བྱམས་སྐྱོན་བཏགས་བརྡུངས། །མེ་དང་ནེའུ་ལེར་མ་བསྟོད་སྨད། །ཞིང་ལྤགས་རྨ་བྱའི་མདོངས་མ་འཆང། །འཚུབ་མའི་སྐེད་བཅས་རྒྱབ་རྟེན་སྨད། །གོས་སར་ཆགས་པ་མ་སྤྱད་སོགས། །རྗེ་མོའི་ཐུགས་དང་གང་འགལ་བཤགས། །ནལ་མ་ནལ་ཕྲུག་མ་བྱམས་སྡང་། །


CMR039_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལོ་རླུང་ཁྱེར་མ་བཟུང་དང་། །རྡོ་སོལ་རྙེད་ནས་ཆུ་ལ་བསྐྱུར། །ཁ་འཕྲོ་བསྲེས་དང་ཕྲེང་བར་རེག །ཁོལ་མོའི་ཐུགས་དང་གང་འགལ་བཤགས། །མདོར་ན་མ་རིགས་འཁྲུལ་དབང་གིས། །ཐུགས་དང་འགལ་བར་སླ་བ་སྟེ། །བསྟེན་པར་དཀའ་ཕྱིར་བསྟེན་དཀའ་མ། །བསྟེན་དཀའ་མ་དང་གང་འགལ་བཤགས། །བཅོས་ན་སླ་ཕྱིར་བཅོས་སླ་མ། །མ་མོ་ཁྲོས་ཤིང་འཁྲུག་པ་བཅོས། །བསྐང་ན་བསྐང་བར་འགྱུར་བའི་ཕྱིར། །བསྐང་འགྱུར་རྒྱལ་མོའི་ཐུགས་དམ་བསྐང་། །ཨོཾ་ས་མ་ཡ། ས་མ་ཡ། ཧཱུྃ་ས་མ་ཡ། བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། བཛྲ་སཏཱ་ས་མ་ཡ་སོགས་ཡིག་བརྒྱ་བཟླ། ངར་གླུད་མར་མེ་གསུམ་བཅས་བྲན་ལ། བྷྱོཿ སྲིད་པའི་རྒྱལ་མོ་དཔོན་གཡོག་དང་། །ནད་བདག་འབྱུང་པོ་དྲེགས་པའི་ཚོགས། །ཐམས་ཅད་བདག་ལ་ཚུར་གསོན་དང་། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །གཟུགས་ནི་ལྦུ་བ་རྡོལ་དང་འདྲ། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ངག་ནི་སྟོང་པ་བྲག་ཅ་འདྲ། །ཡིད་ནི་འཁྲུལ་པ་སྨིག་སྒྱུ་བཞིན། །ཁོག་སྟོད་སྣབ་ལུད་ཆུ་སེར་རྣག །ཁོག་སྨད་གཅིན་སྟུག་དྲི་ཆུས་གང་། །སྲིན་འབུ་སུམ་བརྒྱ་དྲུག་


CMR039_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་གནས། །མི་གཙང་རྐྱལ་པ་སྐྱུག་རེ་བྲོ། །རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །སྔགས་དང་ཕྱག་རྒྱས་བྱིན་བརླབ་པའི། །འབྲུ་མཆོག་ངར་གྱི་མི་བོ་ཆེ། །ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས། །མི་བས་གླུད་བཟང་ལྷ་ཕྲུག་འདྲ། །གཅིག་ལས་བྱེ་བ་བརྒྱ་སྟོང་འཕྲོ། །མ་གཅིག་ལྷ་མོ་དཔོན་གཡོག་གི །འཁོར་དང་ཡང་གཡོག་བྲན་གྱི་ཚུལ། །བགེགས་རྒྱལ་ཁམས་གསུམ་བདག་པོ་དང་། །སྤྲིན་གྱི་སྒྲོན་མ་རྡོ་རྗེའི་མཆུ། །།བྱི་ན་ཊྛིཡ་ཀས་གཙོར་བྱས་པའི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བདུད་དང་བཙན་དང་དམུ་ལ་སོགས། །ལྷ་སྲིན་ནད་བདག་དྲེགས་པའི་ཚོགས། །ལན་ཆགས་བདག་པོ་ཐམས་ཅད་ལ། །མཐུན་རྫས་ངར་གྱི་མི་ཆེན་འབུལ། །བཅོམ་ལྡན་འདས་ཀྱིས་བྱིན་རླབས་པའི། །ཟན་གྱི་ཆངས་བུ་སོར་རྗེས་ཅན། །སྒང་ལྔ་འདོད་ཡོན་ལྔ་དང་ལྡན། །གཤོང་དྲུག་རིགས་དྲུག་འགྲོ་རྣམས་ཚིམས། །འབུར་ཆུང་བཅུ་གཉིས་ལྡན་པ་ནི། །ལོ་སྐོར་བཅུ་གཉིས་བར་གྱི་གླུད། །ལན་ཆགས་བདག་པོ་རྣམས་ལ་འབུལ། །དགའ་མགུ་


CMR039_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རང་ལྡན་གྱུར་ནས། །ལན་ཆགས་བུ་ལོན་བྱང་གྱུར་ཅིག །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། གསུམ་མམ་བདུན་བརྗོད། སྐུ་གསུང་ཐུགས་ལ་མར་མེ་གསུམ། །སྐུ་ཡི་མར་མེ་འོད་ཟེར་འཕྲོ། །གསུང་གི་མར་མེ་ཆགས་དང་ལྡན། །ཐུགས་ཀྱི་མར་མེ་རྒྱན་དུ་ཆེ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ལུས་ངག་ཡིད་གསུམ་གླུད་དུ་འབུལ། །ལན་ཆགས་མགྲོན་དུ་གྱུར་རྣམས་ཀྱི། །མ་རིག་མུན་པ་སངས་གྱུར་ཅིག །དེ་ནས་ཤྭ་གཞིའི་སྟེང་དུ་ལྷ་གཟུགས་འདྲེ་གཟུགས་གྲྭ་དང་རྡེའུ་རྣམས་བྲན་ལ། བྷྱོ། སྲིད་པ་ལས་ལ་གྲུབ་པ་ཡི། །ལྷ་ཐང་ལྷ་མཁར་དཀར་པོའི་རྩེར། །ལྷ་གཅིག་བཞུགས་པ་ལྷན་སྐྱེས་ལྷ། །ལྷ་ཕྲན་མང་པོའི་འཁོར་གྱིས་བསྐོར། །འབྲང་རྒྱས་ཕྱེད་དཀར་འདི་བཞེས་ལ། །ལྷ་ཡི་ཁ་འཛིན་མ་ཆུང་ཞིག །ལྷ་འདྲེའི་འདུན་ས་ད་ཤིག་ཅིག །འདྲེ་ཐང་འདྲེ་མཁར་ནག་པོའི་རྩེར། །འདྲེ་གཅིག་ཡོད་པ་ལྷན་སྐྱེས་འདྲེ། །འདྲེ་ཕྲན་མང་པོའི་འཁོར་གྱིས་བསྐོར། །འབྲང་རྒྱས་ཕྱེད་ནག་འདི་བཞེས་ལ། །འདྲེ་ཡི་གདུག་པ་མ་སྟོན་ཅིག །ལྷ་འདྲེའི་འདུན་ས་ད་ཤིག་ཅིག །ཨ་ཏྲི་པྲ་ཝེ་ཤ་ཡ་ཕཊ། འབྲང་རྒྱས་བགོས་ལ་


CMR039_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ནག་ལྷ་འདྲེ་སོ་སོའི་མདུན་དུ་བཞག །ཤྭ་དཀར་ནག་སྒྲིལ་བཅུག་ཅིང་། བྷྱོ། མ་གཅིག་ལྷ་མོའི་ཐུགས་སྤྲུལ་ནི། །དཀར་མོ་རལ་གཅིག་བྱ་ར་མཁན། །སྐུ་ལ་དར་དཀར་གོ་ཟུ་གསོལ། །དབུ་ལ་དར་དཀར་ཆེ་ཞུ་གསོལ། །ཕྱག་ན་ཤཱ་རྡེལ་དཀར་པོ་བརྩི། །མདོས་དང་གཏོར་མ་འདི་བཞེས་ལ། །དོ་ནུབ་ལྷ་ཤྭ་དཀར་པོ་བཀྱེས། །དྲང་མཁན་ནམ་མཁའི་དབྱིངས་ནས་བཞེངས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མས་དྲང་མཁན་མཛོད། །དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཆོས་ཉིད་རྟེན་འབྲེལ་བདེན་སྟོབས་ཀྱིས། །ནག་པོའི་ཕྱོགས་རྣམས་ཕམ་པ་དང་། །དཀར་ཕྱོགས་ལྷ་རྣམས་རྒྱལ་གྱུར་ཅིག །གཡུ་འབྲུག་གངས་སེང་རྒོད་གླག་དང་། །རྒྱ་སྟག་བུ་ཆུང་ཁྱི་རྒོད་རྣམས། །རལ་པ་ཅན་གྱིས་ཤཱ་དཔོན་མཛོད། །བདུད་མོ་ནག་མོ་མི་ཟན་མ། །སྐུ་ནི་མི་ལ་ཐུགས་ནི་བདུད། །མདོག་ནག་མུན་པའི་གོ་ཟུ་གསོལ། །ཕྱག་ན་ཤཱ་རྡེལ་ནག་པོ་བརྩི། །ཁྱོད་ལ་ངར་མི་གླུད་གཏོར་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །ཤྭ་ལ་བབ་ན་བརྗེ་བར་མཛོད། །རྩིས་ལ་བབ་ན་རྩིས་ལས་ཕྱུང་། །ཨོཾ་དེ་ཝ་པཉྩ་པུཥྚིཾ་


CMR039_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཡེ་སྭ་ཧཱ། ཤཱ་འཕང་ལ། རོལ་མོ་དང་བཅས་ཀུན་གྱིས་ལྷ་རྒྱལ་ལོ། །ཞེས་བརྗོད། བྷྱོཿ སྣང་སྲིད་འཇིག་རྟེན་ཁམས་འདི་ན། །དབང་ཆེན་འདོད་ཁམས་དབང་ཕྱུག་མ། །མ་མོ་འཁོར་བཅས་བདག་ལ་གསོན། །ཁྱེད་ཅག་མཉེས་པས་ཤྭ་ཕམ་ཞིང་། །བདག་དང་ཡོན་བདག་རྒྱལ་ལ་གཟིགས། །རྒྱན་གཞི་བཏིང་བ་ད་སྡུས་ལ། །ཁྲམ་ལ་བཏབ་པའི་རི་མོ་ཕྱེས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ཆད་པ་མཐུད་ལ་ཡོ་བ་སྲོངས། །ཁྱེད་རྣམས་ལེགས་ཉེས་སྟངས་འཛིན་ཡིན། །དེ་ཕྱིར་བདག་དང་ཡོན་བདག་རྣམས། །ནད་མེད་བདེ་སྐྱིད་ལྡན་པ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །རྡེལ་ནག་རྣམས་ནི་ཡོན་བདག་གིས། །ཁྲག་ཕོར་ནང་དུ་འཕེན་དུ་བཅུག །རྡེལ་དཀར་གནམ་དུ་གཏོར་བཅུག་ལ། །ལྷ་གཟུགས་འབྲང་རྒྱས་དཀར་པོ་ནི། །ཁང་པའི་སྟེང་དུ་བཞག་པའམ། །འབྲོག་པས་རྒྱབ་རི་བཟང་སར་བསྐྱལ། །འདྲེ་གཟུགས་འབྲང་རྒྱས་ནག་པོ་གཉིས། །འདྲེ་ལྔ་བདུད་གཅོད་གནས་ཕྱོགས་སམ། །ཡང་ན་ལོ་བདུད་ཕྱོགས་སུ་བསྐྱལ། །དེ་ནས་ཁྲག་གི་ཕོར་པ་རྣམས། །མདོས་མདུན་སྣོད་ཀྱི་ནང་དུ་བླུགས། །སླར་ཡང་ཕོར་པ་རང་མལ་བཞག །ཁྲག་གམ་ཁྲག་ཆུས་བཀང་བྱས་ཏེ། །བདུད་རྩིས་


CMR039_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་ཏེ་བཞག་པར་བྱ། །ཁྲག་ལུང་ཁྲག་གི་འཕྱོང་འདི་འདོན། བྷྱོཿ སྔོན་གྱི་བསྐལ་པའི་དང་པོ་ལ། །འཛམ་གླིང་ལྷོ་ཕྱོགས་དུར་ཁྲོད་ན། །ལྷ་ཆེན་མ་ཧཱ་དེ་ཝ་དེས། །དྲང་སྲོང་ཆེན་པོའི་དཀའ་ཐུབ་མཛད། །ཤང་དཀར་བདེ་བྱེད་ཅེས་སུ་གྲགས། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །ལྷ་མོ་ཨུ་མ་གཡོག་ཏུ་མངགས། །དཀའ་ཐུབ་བཟློག་ཕྱིར་བཀའ་བཟློག་མ། །བུ་ཚ་བུ་མོ་གཉིས་བྱུང་བ། །མིང་པོ་ལེགས་ལྡན་ཐོད་ཕྲེང་ཅན། །སྲིང་མོ་ལྷ་མོ་དུང་སྐྱོང་མ། །ཤ་ཁྲག་རྐན་མར་བྱིན་ནས་གསོས། །དེ་ཕྱིར་ལྷ་མོ་ཁྲག་ལ་དགྱེས། །དམར་ཆེན་ཁྲག་གི་དྲི་ཚོར་ནས། །མཚན་མོ་གཅིག་ལ་དཔག་ཚད་ཡང་། །བརྒྱད་ཁྲི་བཞི་སྟོང་ཁྱབ་པར་རྒྱུག །ནུ་མའི་གཡབ་མོ་རྡེབ་ཅིང་འགྲོ། །དཔལ་ལྡན་ལྷ་མོ་ཁྲག་དགའ་མ། ཁྲག་དགའ་མ་ཁྱོད་ཁྲག་གིས་མཆོད། །སྔགས་འཆང་དགོས་པའི་ཕྲིན་ལས་སྒྲུབས། །དེ་ནས་རི་རབ་རི་ཡི་རྩེ། །དཔག་བསམ་ཤིང་གི་འབྲས་བུ་ལ། །ལྷ་དང་ལྷ་མིན་འཐབ་པའི་ཚེ། །ལྷ་མིན་ཁྲག་གི་ཐིགས་རེ་ལ། །དམག་ཚོགས་ཁྲི་ཕྲག་ཡར་ལ་འཕེལ། །ལྷ་ཡི་ཁྲག་ལ་ནུས་པ་མེད། །དེ་ཕྱིར་ལྷ་ཕམ་ལྷ་མིན་རྒྱལ། །རྣམ་པར་རྒྱལ་བའི་ཁང་


CMR039_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཡང་། །ལྷ་མ་ཡིན་ལ་ཤོར་ལ་ཁད། །དེ་ཚེ་ལྷ་ཡི་དམག་དཔོན་ལ། །མ་མགོན་ལྕམ་དྲལ་གཉིས་པོ་བསྐོས། །དཔལ་ལྡན་ལྷ་མོའི་ཕྱག་གཡས་ན། །རལ་གྲི་མེ་ཡི་ཕྲེང་བ་འཕྱང་། །ཧེ་ར་ཀེ་དུའི་མགོ་བོ་བཅད། །ཕྱག་གཡོན་སྲིན་པོའི་ཐོད་པ་བསྣམས། །ལྷ་མིན་ཁྲག་རྣམས་བཅུས་ཤིང་གསོལ། །ཁྲག་རྣམས་སྐམ་པའི་ཁྲག་སྐེམ་མ། །ཁྲག་སྐམ་ལྷ་མིན་དམག་མ་འཕེལ། །ནག་ཕྱོགས་ལྷ་མིན་གཡུལ་ངོ་ཟློག །དཀར་པོ་ལྷ་ཡི་རྒྱལ་སྲིད་དར། །དཔག་བསམ་ཤིང་གི་བདག་མོར་བསྐོས། །སྔོན་དུས་སྲིད་པ་དེ་བཞིན་དུ། །དགྲ་དང་བགེགས་ཀྱི་སྙིང་ཁྲག་ལ། །དམིགས་པའི་དམར་ཆེན་ཁྲག་མཆོད་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་དང་། །གནོད་པའི་ནད་གདོན་གཡུལ་ངོ་ཟློག །ནད་མེད་བདེ་སྐྱིད་ལྡན་པར་མཛོད། །དཔལ་ལྡན་ལྷ་མོ་ཁྲག་ལ་དགྱེས། །ཁྲག་གི་དྲི་མ་བསྣམས་ཤིང་བྱོན། །སྲིན་པོ་གནས་པའི་ཕུག་པ་ན། །སྲིན་རྒན་དྷ་ཤ་གྷི་ཝ་དེས། །ཁྲག་རུལ་ཟངས་གང་ཁྲག་ཆང་བཀོལ། །ལྷ་མོས་ཁྲག་ཆང་གསོལ་བས་མྱོས། །རྟག་ཏུ་སྤྱན་རྩ་དམར་པོར་གྱུར། །གཟིགས་པས་འབྱུང་པོ་ཀུན་ཀྱང་


CMR039_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྔངས། །སྲིན་པོས་ཤ་ཁྲག་ཕུལ་བས་མཉེས། །དྷ་ཤ་གྷི་ཝའི་མཛའ་མོ་མཛད། །སྔོན་དུས་སྲིད་པ་དེ་བཞིན་དུ། །བདག་གིས་ཁྲག་རུལ་ཁྲག་ཆང་འབུལ། །ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད། །སྲིད་པ་མོ་རྒྱུད་མ་མོའི་ཚོགས། །ཁྲག་སྣ་གཙང་མས་མཆོད་ན་མཉེས། །མཐུན་པའི་དམ་རྫས་རཀྟ་འབུལ། །སྲིད་པའི་དལ་ཁ་བཟློག་ཏུ་གསོལ། །བྷྱོ། མ་གཅིག་དཔལ་ལྡན་རེ་མ་ཏི། །ཁྱོད་ཀྱི་སྤྲུལ་པས་གར་ཡང་ཁྱབ། །རི་རབ་གླིང་བཞིའི་ཕྱོགས་བཞི་ནས། །དངུལ་གསེར་ཟངས་དང་ལྕགས་ཀྱི་མཚོ། །དེར་གནས་ནད་བདག་མ་མོ་བཞི། །རྟ་དྲེལ་མཛོ་དང་འབྲི་ཞོན་པའི། །ཚོང་པ་དཔལ་མ་བརྒྱ་ཕྲག་བཞི། །དངུལ་གསེར་ཟངས་དང་ལྕགས་ཕྱེ་ཡིས། །ཚོང་ཟོག་མང་པོ་ཚོང་པར་སྤྲུལ། །རླུང་མཁྲིས་བད་ཀན་འདུས་པ་ཡི། །ནད་རིམས་མང་པོ་མཆེད་པར་བྱེད། །ནད་བདག་མཆེད་བཞི་འཁོར་བཅས་ལ། །དམར་ཆེན་རཀྟས་མཆོད་པ་འབུལ། །ཚོང་ཟོག་མི་ཉོ་ཕར་ལ་ཁྱེར། །དཀར་མོ་སེར་མོ་དམར་མོ་དང་། །ནག་མོ་སྟོང་སྡེའི་རིམས་ཁ་ཟློག །ནད་ཁ་མི་འཚལ་མ་མོས་བཞེས། །རིམས་ཁ་མི་འཚལ་མ་མོས་བཞེས། །


CMR039_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡང་ཞལ་གྱི་ངད་ལས་བྱུང་། །ད་ནི་བྷ་གའི་ཀློང་དུ་ཐིམ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །བཙུན་པས་འདུལ་ཁྲིམས་མི་བསྲུང་དུས། །སྔགས་པས་དམ་ཚིག་མི་བསྲུང་དུས། །གཙུག་ལག་ཆོས་འཁོར་བཤིགས་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །རྒྱ་མཚོའི་གཏིང་ནས་སྐུར་བཞེངས་ཏེ། །རི་རབ་རྩེ་ལ་བཏེགས་བྱས་ནས། །བར་སྣང་ཁམས་སུ་ཐལ་མོ་བརྡབ། །ནད་ཀྱི་ཁ་རླངས་ནག་པོ་བཏང་། །ནད་ཀྱི་ན་བུན་སྤྲིན་ལྟར་འཁྲིགས། །བུད་མེད་ནག་མོས་སྟོང་ཁམས་གང་། །ཁྲག་ནད་རྒྱུ་གཟེར་འབྲུམ་ནད་བཏང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །དམར་ཆེན་རཀྟའི་མཆོད་པ་འབུལ།། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་


CMR039_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཁྲམ་ཁ་ཕྱེས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །བཙུན་པས་འདུལ་ཁྲིམས་མི་བསྲུང་དུས། །སྔགས་པས་དམ་ཚིག་མི་བསྲུང་དུས། །གཙུག་ལག་ཆོས་འཁོར་བཤིགས་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །རྒྱ་མཚོའི་གཏིང་ནས་སྐུར་བཞེངས་ཏེ། །རི་རབ་རྩེ་ལ་བཏེགས་བྱས་ནས། །བར་སྣང་ཁམས་སུ་ཐལ་མོ་བརྡབ། །ནད་ཀྱི་ཁ་རླངས་སྨུག་པོ་བཏང་། །བུད་མེད་སྨུག་པོས་ས་གཞི་གང་། །མཁའ་ལ་ནད་སྤྲིན་སྨུག་པོ་འཁྲིགས། །དེ་ཚེ་ནད་ཀྱི་བསྐལ་པ་དར། །ལེ་བརྒན་རྒྱུག་གཟེར་སྣ་ཚོགས་འབྱུང་། །ཁྲག་ཏུ་སྐྱུག་པ་སྣ་ཚོགས་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །དམར་ཆེན་རཀྟའི་མཆོད་པ་འབུལ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །འཁྲུག་


CMR039_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཁྲམ་ཁ་ཕྱེས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །བཙུན་པས་འདུལ་ཁྲིམས་མི་བསྲུང་དུས། །སྔགས་པས་དམ་ཚིག་མི་བསྲུང་དུས། །གཙུག་ལག་ཆོས་འཁོར་བཤིགས་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །རྒྱ་མཚོའི་གཏིང་ནས་སྐུར་བཞེངས་ཏེ། །རི་རབ་རྩེ་ལ་བཏེགས་བྱས་ནས། །བར་སྣང་ཁམས་སུ་ཐལ་མོ་བརྡབ། །ནད་ཀྱི་ཁ་རླངོས་ལྗང་ཁུ་བཏང་། །བུད་མེད་ལྗང་ཁུས་སྟོང་ཁམས་གང་། །མཁའ་ལ་ནད་སྤྲིན་ལྗང་ཁུ་འཁྲིགས། །དེ་ཚེ་ནད་ཀྱི་བསྐལ་པ་དར། །ཤུ་བ་དང་ནི་གཡེམ་པ་དང་། །བས་ལྡག་དང་ནི་སྐྱ་ཡམས་དང་། །རླུང་ནད་རྣམ་པ་སྣ་ཚོགས་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་


CMR039_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །དམར་ཆེན་རཀྟའི་མཆོད་པ་འབུལ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཁྲམ་ཁ་ཕྱེས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །བཙུན་པས་འདུལ་ཁྲིམས་མི་བསྲུང་དུས། །།སྔགས་པས་དམ་ཚིག་མི་བསྲུང་དུས། །གཙུག་ལག་ཆོས་འཁོར་བཤིགས་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །རྒྱ་མཚོའི་གཏིང་ནས་སྐུར་བཞེངས་ཏེ། །རི་རབ་རྩེ་ལ་བཏེགས་བྱས་ནས། །བར་སྣང་ཁམས་སུ་ཐལ་མོ་བརྡབ། །ཁ་རླངས་དམར་སེར་བཏང་བའི་ཚེ། །ནད་ཀྱི་ན་བུན་སྤྲིན་ལྟར་གཏིབས། །བུད་མེད་དམར་མོས་སྟོང་ཁམས་ཁྱབ། །མཁའ་ལ་ནད་སྤྲིན་དམར་པོ་འཁྲིགས། །ཡམས་ནད་མིག་སེར་


CMR039_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། །མཁྲིས་ནད་ཐམས་ཅད་ཁྱོད་ལས་བྱུང་། །རླུང་ནད་འཚུབ་མ་མུ་གེ་དང་། །ཐོག་དང་སེར་བ་གཤའ་རྒྱུད་དང་། །དུས་མ་ཡིན་པར་འཆི་བའི་ནད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱིས་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །དམར་ཆེན་རཀྟའི་མཆོད་པ་འབུལ། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཁྲམ་ཁ་ཕྱེས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་zཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །དུས་ངན་ཉེ་བ་འཐབ་པ་དང་། །གོས་ངན་རེ་ཐུལ་གྱོན་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །བུད་མེད་ནག་མོས་སྟོང་ཁམས་གང་། །ཁྲག་ནད་རྒྱུ་གཟེར་སྣ་ཚོགས་འབྱུང་། །མཁའོ་ལ་ནད་སྤྲིན་དམར་ནག་


CMR039_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིགས། །དུས་ཀྱི་འཁྲུག་པ་སློང་བྱེད་མ། །མཚོན་གྱི་བསྐལ་པས་འཇིགས་བྱེད་མ། །གློ་བུར་མི་ལ་ལྷོག་རྒོད་འབེབས། །ཐོག་སེར་འབེབས་པའི་སྙིང་མོ་ཆེ། །ས་བདག་ཀླུ་གཉན་ཁྱོད་ཀྱི་འབངས། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །ཁྱོད་ཀྱི་མི་འདུལ་གང་ཡང་མེད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །དམར་ཆེན་རཀྟས་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དམ་རྫས་བདུད་རྩིའི་གཏོར་མ་དང། །རྟེན་རྫ་ས་སྒྲུབ་རྫས་བསྐང་རྫས་ཀྱིས། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མ་ཡ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཁྲམ་ཁ་ཕྱེས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །མོ་ངན་མཚེར་རྩུབ་བསྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །བཟློག་བསྒྱུར་ཆེན་མོའི་དུས་ལ་བབ། །དུས་


CMR039_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ་བོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བལ་ཚོན་སྣ་ལྔ་དེས། །ནད་པ་ཡོད་ན་སྤྱི་བོར་བཀབ། །མདའ་ཡི་ལྟོང་གིས་ཚུར་ལ་བླངས། །ནད་པ་མེད་ན་མདའ་སྟོང་སྟེང་། །བལ་ཚོན་བཀབ་ལ་ཡོན་བདག་གི །ཕྱོགས་སུ་བསྟན་ལ་བཤུ་ཚུལ་བྱ། །བྷྱོཿ ནད་ཀྱི་ཚོན་སྤྲིན་སྔོ་དམར་འདི། །བྱུང་ཡང་མ་མོ་ཁྱོད་ལས་བྱུང་། །བསྟིམ་ཡང་མ་མོ་ཁྱོད་ལ་བསྟིམ། །ནད་ཀྱི་ཚོན་སྤྲིན་སྔོ་དམར་འདི། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །བྱུང་ཡང་མ་མོ་རྣམས་ལས་བྱུང་། །བསྟིམ་ཡང་མ་མོ་རྣམས་ལ་བསྟིམ། །ནད་ཀྱི་ཚོན་སྤྲིན་སྔོ་དམར་འདི། །མ་མོ་རྣམས་ཀྱི་དབང་པོའི་སྒོ། །བུ་ག་རྣམས་ནས་བྱུང་བ་ཡིན། །བསྟིམ་ཡང་མ་མོ་ཁྱེད་རྣམས་ཀྱི། །དབང་པོ་བུ་ག་རྣམས་ལ་བསྟིམ། །ནད་ཀྱི་ཚོན་སྤྲིན་སྔོ་དམར་འདི། །བྱུང་ཡང་མ་མོ་ཐམས་ཅད་ཀྱི། །དབུགས་དང་དྲོད་དང་མཆན་ལས་བྱུང་། །བསྟིམ་ཡང་མ་མོ་ཐམས་ཅད་ཀྱི། །དབུགས་དང་དྲོད་དང་མཆན་ལ་བསྟིམ། །མདོས་གླུད་རཀྟ་འདི་བཞེས་ལ། །ནད་ཀྱི་ཚོན་སྤྲིན་ད་སྡུས་ཤིག །ཚོན་གྱི་གྲུ་གུ་ད་སྡོགས་ཤིག །བྱད་དང་ཁྲམ་ཁ་ད་སྒྱུར་ཅིག །ནད་པའི་བལ་ཚོན་བསྡུས་ལ་ངར་མིའི་སྟེང་དུ་བཀབ། ཁྲག་


CMR039_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཕོར་ཐམས་ཅད་མདོས་མདུན་གྱི་སྣོད་དུ་བྱོའོ། །ཕོར་པ་རྣམས་སུ་ཁྲག་ཆུ་ཐིགས་རེ་བླུག །ཡུངས་ཀར་ལ་སོགས་ཐུན་བཏབ། ལུག་ནག་ལྤགས་པའམ་ཕྱར་ནག་སྟེང་དུ་ཕོར་པ་སྤར་ནས་བཞག་པ་དེ། བུད་མེད་དམ་སྔགས་པ་བཞིས་ཟུར། །བཞི་ནས་བཏེག །དགྲ་ཕྱོགས་སམ་གནོད་པའི་ཕྱོགས་སུ་ཁ་བལྟས་ལ། བྷྱོ་ཤར་གྱི་དཀར་མོ་སྤྱན་གཅིག་མ། །བྱ་རྒོད་ཐུལ་པ་གཡུ་དྲིལ་བརྒྱན། །དུང་གི་ལན་ཚར་གསེར་གྱི་ཐོད། །དཀར་མོ་འབུམ་གྱི་འཁོར་དང་བཅས། །ལྷོ་ནས་ནག་མོ་མཆེ་བ་ཅན། །ཞིང་གི་གོ་ཟུ་གསེར་གྱི་དྲིལ། །ལྕགས་ཀྱི་ལན་ཕྲན་གཡུ་ཡི་ཐོད། །ནག་མོ་འབུམ་གྱི་འཁོར་དང་བཅས། །ནུབ་ཀྱི་དམར་མོ་དབང་སྡུད་མ། །ཆུ་སྲིན་གཡང་གཞི་སྦྲུལ་གདེངས་ཅན། །གཡུ་ཡི་ལན་ཕྲན་བྱི་རུའི་ཐོད། །དམར་མོ་འབུམ་གྱི་འཁོར་དང་བཅས། །བྱང་གི་སེར་མོ་ལས་མཁན་མ། །རྨ་བྱའི་ཐུལ་པ་མཐིང་གི་དྲིལ། །།གསེར་གྱི་ལན་ཕྲན་ཐོད་གདེངས་ཅན། །ལྗང་མོ་འབུམ་གྱི་འཁོར་དང་བཅས། །རྒྱལ་ཆེན་བཞི་ཡི་ཀེག་བསྒྱུར་མ། །གཡས་པས་ཐོད་པ་ཁྲག་བཀང་འཕེན། །གཡོན་པས་ཐུན་རྫ་ས་སྔགས་ཤིང་འདེབས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །གང་ལ་བརྒྱབ་པ་བརྒྱལ་ཞིང་


CMR039_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འབོག །གནས་ལ་ཕོག་ན་རྒྱ་གྲམ་འཇིག །མི་བཟད་ཟོར་བདག་ཨ་ལ་ལ། །ཕྱོགས་བཞིའི་དམག་དཔུང་ཆི་ལི་ལི། །རུ་མཚོན་མང་པོ་ཐིབས་སེ་ཐིབ། །། མདུང་བཟུང་མང་པོ་རོངས་སེ་རོང་། །བ་དན་མང་པོ་ལྷུབས་སེ་ལྷུབ། །མ་མོའི་ཁྲག་ཟོར་ཁྲ་ལ་ལ། །ཁྲག་གི་རྦ་རླབས་ཆི་ལི་ལི། །ཡུངས་ཀར་སྔགས་མདའ་མེ་བས་རྣོ། །མཚེ་མོ་ཉུངས་ནག་མདུང་བས་ནོ། །གནོད་པའི་བགེགས་ལ་འཕང་བའི་ཚེ། །གནམ་ལྷ་དཀར་པོ་ཁྲག་ཏུ་སྐྱུག །བྱི་ན་ཡ་ཀ་འདར་ཞིང་བརྒྱལ། །གནོད་བྱེད་དགྲ་བགེགས་ཕྱོགས་སུ་བྷྱོ། །ཞེས་བརྗོད་ཕོར་བའི་ནང་གི་ཁྲག་ཐིགས་དང་། ཉུངས་དཀར་ཐམས་ཅད་ཕོར་པ་གཅིག་གི་ནང་དུ་བླུགས་ལ། ལོ་བདུད་ཕྱོགས་སམ་གནོད་པའི་ཕྱོགས་སུ་ཕྱིར་དོར་བཅུག །ཞལ་བུ་རྣམས་ཆུ་གཙང་གིས་བཤལ་ལ་མདོས་མདུན་གྱི་སྣོད་དུ་བླུག །ཞལ་བུ་རྣམས་སུ་ནས་ཅུང་ཟད་བཏབ་ཆང་ཕུད་བླུགས་ལ། སྔར་ལྟར་བཏེག་བཅུག་ལ། རྩ་བ་གསུམ་གྱི་བདེན་པ་དང་། །ལྷ་མོ་དཔོན་གཡོག་མཐུ་སྟོབས་དང་། །མ་མོ་མཁའ་འགྲོའི་རྫུ་འཕྲུལ་གྱིས། །ཁྲག་ཕོར་ཞལ་བུར་བདུན་པོ་ལ། །ལེགས་ཉེས་པྲ་བརྟག་བསྟན་དུ་གསོལ། །བདག་དང་ཡོན་བདག་འཁོར་བཅས་ལ། །ན་ཚ་ཤི་ཆད་མི་འོང་


CMR039_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཞལ་བུ་གཅིག་ཙམ་ཁ་སྦུབ་ལ། །དྲུག་པོ་གནམ་དུ་ཁ་ཟེད་ཅིག །ཅུང་ཟད་རྩུབ་ཆག་ཡོད་ན་ནི། །གཉིས་ཙམ་ས་ལ་སྒྲུབ་པར་གྱིས། །ད་རུང་རིམ་གྲོ་བྱེད་དགོས་ན། །གསུམ་ཙམ་ས་ལ་སྦྱབ་པར་གྱིས། །ཤིན་ཏུ་རིམ་གྲོ་ཆེ་དགོས་ན། །བཞི་ཙམ་ས་ལ་སྦུབ་པར་གྱིས། །རིམ་གྲོ་ཆེ་ཡང་འགྱུར་དཀའ་ན། །ལྔ་ཙམ་ས་ལ་སྦུབ་པར་གྱིས། །དྲུག་གམ་བདུན་ཀ་སྦུབ་པ་ན། །དཀོན་མཆོག་གསུམ་གྱིས་དཔང་མི་བྱེད། །དུས་གསུམ་རྒྱལ་བས་མངའ་མི་མཛད། །ཡོན་བདག་སྔ་མར་བདུད་ཚོགས་རྟགས། །བཟང་ངན་གཉིས་ནི་མ་ནོར་ཞིག །ཆང་དང་ཆུ་གཉིས་མ་བསྲེ་ཅིག །ཏྲག་རཀྵ་ཁ་མུན་ཏྲ་བྷྱོ། རུ་ལུ་རུ་ལུ་པྲ་སེ་ན་ཡོ་ག །ཅེས་བརྗོད་ལ་ཞལ་བུ་རྣམས་བཀྲབ་ལ། དྲུག་སྦུབ་གཅིག་ཁ་ཡར་བསྟན་ན་ཡོན་བདག་ལ་ངན་རྣལ་འབྱོར་པ་རང་ལ་མི་སྐྱོན། གསུམ་མམ་བཞི་སྦྲུབ་ན་རང་དང་ཡོན་བདག་གཉིས་ཀར་ངན་པས་བསྐང་བཤགས་དང་ཟློག་པ་ཆེན་པོ་བྱས་པས་ཐུབ། གཅིག་སྒྲུབ་གཞན་ཡར་བསྟན་ན་ཉེས་སྐྱོན་མེད། གཞན་གོང་དུ་སྨོས་དང་མཚུངས། སྔགས་འདི་ཅི་མང་བཟླས་ན་ངན་པ་ཐམས་ཅད་ཟློག །རྟགས་བཟང་ན་བཟླ་མི་དགོས་སོ། ཨོཾ་ན་མོ་མ་ཧཱ་ཀ་པཱ་ལ་ས་མ་ཡ། ཀྲ་སེ་ན་མ་ར་ན་ཧ་ན་ཧ་ན། ཏུག་ཏུག་ཤཱནྟཾ་མ་ཧཱ་ཀ་པ་ན་ཡེ་


CMR039_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། དེ་ནས་ཞལ་བུ་རྣམས་ཆུས་བཤལ་ལ་མདོས་མདུན་སྣོད་དུ་བླུག །ཞལ་བུ་དང་གཞི་ཡང་བསྡུ། ཡོད་ན་ཚེ་གཏོར་དང་མདའ་དར་བཤམས། མདོས་གསོས་ལ་བདུད་རྩིས་བྲན། །བྷྱོ། སྔོན་ཚེ་ལྷ་དང་ལྷ་མིན་དམག །རི་རབ་རྩེ་ནས་འཐབ་པའི་ཚེ། །ལྷ་རྣམས་ཕམ་ཞིང་ལྷ་གནས་ཞིག །ལྷ་མིན་གཡུལ་ངོ་རྒྱལ་བ་ལས། །མི་ཕམ་སྲིད་གསུམ་ལྟེ་བ་ལ། །ལྷ་ཡི་དམག་དང་རྫོང་བཅས་ཏེ། །ལྷ་མ་ཡིན་གྱི་གཡུལ་ངོ་ཟློག །ལྷ་མིན་དབང་པོས་ཕྱག་ཀྱང་བྱས། །ལྷ་དང་མི་རྣམས་རྨོངས་པ་ལ། །ལྷ་མོའི་ནུས་པས་འགྲོ་དྲུག་གསོས། །ལྷ་མོའི་ཐུགས་ཀྱི་གཞལ་ཡས་ནས། །ཟླ་བའི་དཀྱིལ་འཁོར་འོད་ཟེར་གྱིས། །ཕྱོགས་བཅུའི་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ། རླངས་པ་དཀར་པོ་ཡིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །བདུད་རྩི་སྨན་གྱི་རྒྱལ་མོ་གྲགས། །ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་བདག་དང་ཡོན་བདག་གིས། །ལྷ་མོ་ཁྱོད་ལ་དད་པས་མཆོད། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །སྔོན་ཚེ་ཤཱཀ་ཐུབ་སྤྱན་སྔ་རུ། །དེང་ནས་འཁོར་བ་ཇི་སྲིད་བར། །ཁྱེད་ལ་མཆོད་བསྟོད་བྱེད་རྣམས་


CMR039_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ནད་དང་སྡུག་བསྔལ་ཞི་བ་དང་། །ཚེ་དང་བསོད་ནམས་སྤེལ་བར་བྱེད། །དེ་ལས་འགལ་ན་རྒྱལ་བ་བསླུས། །རྒྱལ་བའི་རྡོ་རྗེས་མགོ་འགེམས་ཤོག །དེ་སྐད་ཁས། བླངས་དམ་བཅས་པའི། །དམ་ཚིག་རྗེས་སུ་དྲན་མཛོད་ལ། །བཅོལ་བའི་ལས་རྣམས་མྱུར་འགྲུབ་མཛོད། །བདག་དང་ཡོན་གྱི་བདག་པོ་ལ། །ཞལ་ནས་བདུད་རྩིའི་ཆར་ཕོབ་ལ། །ནད་གདོན་སྡུག་བསྔལ་ཞི་བར་མཛོད། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །ལོ་ཐོག་འབྲུ་ཡི་ཕུང་པོ་དང་། །རྐང་འགྲོས་ཕྱུགས་རྣམས་འཕེལ་བར་མཛོད། །མདོར་ན་བདག་དང་ཡོན་བདག་གིས། །མགོན་དང་སྐྱབས་སུ་ཁྱོད་བརྟེན་གྱི། །ཚེ་རྫི་སྲོག་སྐྱོབ་ལྷ་མོས་མཛོད། །ཀྱཻ། དབང་ཕྱུག་ཆེན་པོ་མན་ཆད་ནས། །ལག་ན་གཞོང་ཐོགས་ཡན་ཆོད་ཀྱི། །སྟེང་གི་ལྷ་ཚོགས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་སྟེང་གདོན་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་


CMR039_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །ནམ་མཁའི་དབྱིངས་སུ་ཅི་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །སྟེང་གདོན་ལག་ནས་མི་བླ་བསླུས། །སྟེང་གདོན་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། ཀྱཻ། ཆོས་ཀྱི་རྒྱལ་པོ་མན་ཆད་ནས། །དམྱལ་སྲུང་ཤན་པ་གཏུམ་པོ་ཡན། །འོག་གི་འཆི་བདག་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་འོག་གདོན་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །ས་འོག་རིགས་གྱུར་གར་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །འོག་གདོན་ལག་ནས་མི་བླ་བསླུས། །འོག་གདོན་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཧཱུྃ། སྲིད་པའི་སྐོས་རྗེ་དྲང་དཀར་དང་། །གནམ་ལྷ་དཀར་པོ་མན་ཆད་ནས། །རྒྱལ་པོ་ཐེའུ་རང་ཡན་ཆད་ཀྱི། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་


CMR039_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་སྣང་སྲིད་ལྷ་འདྲེས་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །ཕྱོགས་བཞི་མཚམས་བརྒྱད་གར་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །ལྷ་འདྲེའི་ལག་ནས་མི་བླ་བསླུས། །ལྷ་འདྲེའི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །རེ་ལྡེ་མགོ་ཉག་མན་ཆད་ནས། །ནག་པོ་སྟ་ཐོགས་ཡན་ཆད་ཀྱི། །བདུད་རྣམས་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་བདུད་ཀྱིས་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ནི། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །བདུད་ཡུལ་ནག་པོར་བྲོས་ནས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག། བདུད་ཀྱི་ལག་ནས་མི་བླ་བསླུས། །བདུད་ཀྱི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་


CMR039_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ། །ཀོང་རྗེ་བཙན་པོ་མན་ཆད་ནས། །ཤང་པ་ཕྲེང་ཐོགས་ཡན་ཆད་ཀྱི། བཙན་རྣམས་མ་ལུས་ཐམས་ཅད་ཀྱི། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་བཙན་གྱིས་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །བཙན་ཡུལ་དམར་པོར་གར་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །བཙན་གྱི་ལག་ནས་མི་བླ་བསླུས། །བཙན་གྱི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །དམུ་རྗེ་བཙན་པོ་མན་ཆད་ནས། །དམུ་བཙན་ལེགས་སྦྱོར་ཡན་ཆད་ཀྱི།། དམུ་རྣམས་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་དམུ་ཡིས་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །དམུ་ཡུལ་


CMR039_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་པོར་གར་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །དམུ་ཡི་ལག་ནས་མི་བླ་བསླུས། །དམུ་ཡི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །དགའ་བོ་འཇོག་པོ་མན་ཆད་ནས། །ནེའུ་སིང་སྐྱེས་པ་ཡན་ཆད་ཀྱི། །ཀླུ་རྣམས་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །བླ་ཚེ་ཀླུ་ཡིས་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །ཀླུ་ཡུལ་སྔོན་པོར་བྲོས་ནས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །ཀླུ་ཡི་ལག་ནས་མི་བླ་བསླུས། །ཀླུ་ཡི་ལག་པ་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །གཟའ་ཆེན་བརྒྱད་པོ་མན་ཆད་ནས། །རྒྱུ་སྐར་ཉེར་བརྒྱད་ཡན་ཆད་ཀྱི། །གཟའ་བདུད་རྒྱུ་སྐར་མ་ལུས་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་གཟའ་


CMR039_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །བར་སྣང་ཁམས་སུ་གར་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །གཟའ་ཡི་ལག་ནས་མི་བླ་བསླུས། །གཟའ་ཡི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཆེ་གཡུང་དྲུང་སྐྱིལ། སྨི་གཙོ་མོ་ཡུམ་དྲུག་མན་ཆད་ནས། །འཇིག་རྟེན་དམན་མོ་ཡན་ཆད་ཀྱི། །མཁའ་འགྲོ་ཤུགས་འགྲོ་མ་ལུས་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་མཁའ་འགྲོས་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །དུར་ཁྲོད་བརྒྱད་དུ་བྲོས་ནས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །མཁའ་འགྲོའི་ལག་ནས་མི་བླ་བསླུས། མཁའ་འགྲོའི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །མ་བདུད་རྒྱལ་མོ་མན་ཆད་ནས། །གྲོང་རྒྱུག་འདྲེ་མོ་ཡན་ཆད་ཀྱི། །མ་མོ་མ་ལུས་ཐམས་


CMR039_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་མ་མོས་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །རྒྱ་མཚོའི་འགྲམ་དུ་བྲོས་ནས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །མ་མོའི་ལག་ནས་མི་བླ་བསླུས། །མ་མོའི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཀོང་བཙུན་དེ་མོ་མན་ཆད་ནས། །འབྲོག་ཆེན་འཁོར་འདུལ་ཡན་ཆད་ཀྱི། །སྐྱོང་མ་མ་ཡམས་མ་ལུས་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་མ་ཡམས་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །རི་བོའི་རྩེ་རུ་བྲོས་ནས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །མ་ཡམས་ལག་ནས་མི་བླ་བསླུས། །མ་ཡམས་ལག་ནས་ཚེ་གཡང་


CMR039_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །སྲོག་བདག་རྒྱལ་པོ་མན་ཆད་ནས། །པེ་དཀར་རྒྱལ་པོ་ཡན་ཆད་ཀྱི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་བགེགས་རིགས་མ་ཁྱེར་རིམ། །བརྒྱ་ལ་གལ་ཏེ་ཁྱེར་བ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །གཙུག་ལག་མཆོད་རྟེན་གནས་སོགས་གར་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །བགེགས་ཀྱི་ལག་ནས་མི་བླ་བསླུས། །བགེགས་རིགས་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཧཱུྃ། སྲིད་པའི་རྩེ་མོ་མན་ཆད་ནས། །ན་རགེ་དམྱལ་ཁམས་ཡན་ཆད་ཀྱི། །འགྲོ་དྲུག་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལེན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་རིགས་དྲུག་མ་ཁྱེར་རམ། །བརྒྱ་ལ་གལ་ཏེ་ཁྱེར་བ་


CMR039_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །རིགས་དྲུག་གནས་སུ་ཅི་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབ་ཅིག །རིགས་དྲུག་ལག་ནས་མི་བླ་བསླུས། །རིགས་དྲུག་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཚེ་མདའ་སྒྲོ་དཀར་ཚེ་ཡི་རྟེན། །ཚེ་དར་དམར་པོ་ཚེ་ཡི་གཡབ། །ཚེ་གཡུ་ལྗང་གུ་ཚེ་ཡི་ཟུང་། །ཚེ་ནས་དཀར་མོ་ཚེ་ཡི་བཅལ། །ཚེ་ཆང་སྔོན་མོ་ཚེ་ཡི་ཉག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དཔལ་ལྡན་ལྷ་མོས་ཚེ་གསོས་སྲོག་སྐྱོབས་ཤིག །བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨ་ཡུཏེ་པུཎྚི་ཀུ་རུ་ཨོཾ། ཅི་འགྲུབ་བཟླ། དེ་ལྟར་ཞག་མང་བྱེད་ན་ཡང་། །ཞག་གཅིག་དུས་གསུམ་ཚར་གསུམ་འདོན། །ཉིན་རྫོགས་དེ་ཉིན་ཕུལ་ན་ཡང་། །དེ་ཉིན་ཚར་གསུམ་འདོན་པར་བྱ། །འབུལ་ཁ་གསེར་སྐྱེམས་སྤྱི་ལྟར་ཕུལ། །དེ་ནས་དཀར་གཏོར་བསྔོས་ལ་བཞག །དེ་རྒྱབ་ངར་མི་ཁ་ཕར་བསྒྱུར། །དེ་རྒྱབ་ཁྲག་སྣོད་ཕར་ལ་བཞག །དེ་རྒྱབ་མདོས་ཉིད་ཞལ་བསྒྱུར་བཞག །འབྲུ་སྣ་གཙང་མས་རྫོངས་འདེབས་བྱ། །བྷྱོ། མ་གཅིག་ལྷ་མོ་དཔོན་གཡོག་དང་། །སྣང་སྲིད་མ་མོ་མཁའ་འགྲོ་དང་། །ནད་བདག་དྲེགས་པའི་ཚོགས་རྣམས་ཀུན། །ཐམས་ཅད་ཞལ་


CMR039_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་གཤེགས་རེ་རན། །ནས་གྲོ་སྲན་མ་ལ་སོགས་པའི། །འབྲུ་སྣའི་རིགས་རྣམས་རྫོངས་སུ་འདེབས། །རྟག་ཏུ་ལོ་ཕྱུགས་ལེགས་པར་མཛོད། །གསེར་དངུལ་ཟངས་ལྕགས་ལ་སོགས་པའི། །རིན་ཆེན་སྣ་ཚོགས་ལྗོངས་སུ་འདེབས། །བསོད་ནམས་མངའ་ཐང་རྒྱས་པར་མཛོད། །དར་ཟབ་ཟ་འོག་ལ་སོགས་པའི། །གོས་ཀྱི་བྱེ་བྲག་རྫོངས་སུ་འདེབས། །དཔལ་དང་གཟི་བརྗིད་རྒྱས་པར་མཛོད། །ཤ་ཁྲག་གཏོར་མ་རྫོངས་སུ་འདེབས། །གནོད་བྱེད་དགྲ་བགེགས་བཟློག་པར་མཛོད། །མར་ཐུད་ཕུམ་ལ་སོགས་པ་ཡི། །དཀར་གསུམ་ཟས་སྣ་རྫོངས་སུ་འདེབས། །དཀར་ཕྱོགས་ལྷ་ངོ་རྒྱལ་བར་མཛོད། །ཚྭ་གཡེར་སྒོག་པ་རྫོངས་སུ་འདེབས། །མི་ཁ་བྲ་མཆུ་མེད་པར་མཛོད། །འདོད་ཡོན་སྣ་ཚོགས་རྫོངས་སུ་འདེབས། །ཅི་འདོད་བསམ་པ་ལྷུན་གྲུབ་མཛོད། །ད་ནི་གཤེགས་སོ་གནས་སུ་གཤེགས། །དང་པོ་ལན་གཅིག་མི་འབྱོན་རྒྱུ། །རྣལ་འབྱོར་དམ་ཚིག་གཉེན་ལ་དགོངས། །ད་ནི་རང་གི་གནས་སུ་གཤེགས། །རི་རབ་ཆེན་པོའི་རྩེ་ལ་གཤེགས། །ཡོངས་འདུའི་ཤིང་གི་རྩ་བར་གཤེགས། །མུ་ལེ་མཐིང་མཚོའི་ནང་དུ་


CMR039_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །མ་ཕམ་གཡུ་མཚོའི་ནང་དུ་གཤེགས། །ཨོ་རྒྱན་མཁའ་འགྲོའི་གནས་སུ་གཤེགས། །དུར་ཁྲོད་ཆེན་པོ་བརྒྱད་དུ་གཤེགས། །འཁོར་གྱི་ལྷ་སྲིན་དྲེགས་པའི་ཚོགས། །རང་རང་སོ་སོའི་གནས་སུ་གཤེགས། །བློ་མ་ཧཱ་ཀཱ་ལི་ཧཱུྃ་ཧཱུྃ། བཛྲ་མུཿ སརྦ་བྷུ་ཏ་གཙྪགཙྪ། ཞེས་བརྗོད་ཕྱོགས་ནི་གཙང་སའམ། །མཁའ་འགྲོའི་གདོང་དང་མ་ཐུག་པར། །ཡས་ལམ་ལོ་བདུད་ཕྱོགས་སུ་བསྐྱལ། །ཕྱོགས་སོགས་བརྩི་བར་མི་ཤེས་ན། །བྱང་ཤར་ལྷ་མོའི་གནས་ཕྱོགས་སུ། །ཕུལ་རྒྱུ་བསྐུར་བས་ཆོག་པ་ཡིན། །སྤྲོས་བཅས་དར་ནག་དང་བཅས་ནས། །སྔགས་པས་བསྐྱལ་ཡང་རུང་བ་ཡིན། །གང་ལྟར་གཏོར་གཞོང་མདུན་དུ་སྦུབས། །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །བདེན་ལྡན་ཀུན་གྱི་བདེན་སྟོབས་ཀྱིས། །ལྷ་མོ་བསྒྲུབ་ལ་བར་གཅོད་པའི། །ལྟེ་ཕུར་ནག་མོས་གཙོར་བྱས་པའི། །གནོད་བྱེད་དམ་སྲི་ཐམས་ཅད་ནི། །རིམ་དགུ་ས་ཡི་འོག་ཏུ་སོང་། །འདི་འོག་སྟོང་ ཕྲག་ཉི་ཤུ་ན། །གཤིན་རྗེ་ཆོས་ཀྱི་རྒྱལ ་པོ་བཞུགས། །དེ་ལ་རྒྱུ་འབྲས་ཆོས་ཉོན་ལ། །བྱམས་མགོན་བསྟན་པ་མ་བྱུང་བར། །སྟེང་དུ་ལྡང་བར་མ་བྱེད་ཅིག །བྱམས་པ་མགོན་པོ་བྱོན་པའི་ཚེ། །ལངས་ལ་བྱང་ཆུབ་སེམས་བསྐྱེད་ཞུས།


CMR039_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་སྲུང་མས་རྒྱས་གདབ་བོ། །ཨོཾ་ལཾ་ཧཱུྃ་ལཾ་སུཾ་བྷ་ཡ་ནན། དེ་ནས་བཀྲ་ཤིས་གང་ཤེས་བརྗོད། །ཚེ་རིལ་རོལ་ཞིང་ཚེ་ཆང་བཏུང་། །རྗེས་ཆོག་གཞན་ནི་མི་དགོས་སོ། །རིམས་ཟློག་མ་མོའི་ཁྲག་མདོས་འདི། །ཉེ་བར་མཁོ་ཞིང་གལ་ཆེ་ཡང་། །ཕྱོགས་འདིར་དར་སྲོལ་ཆུང་བ་ཡི། །ཕྱག་ལེན་ཤེས་མཁན་དཀོན་པར་སྣང་། །ར་ཤཀ་གཏེར་སྟོན་གཏེར་ཁ་ལས། །ཁྲག་མདོས་རྒྱས་པ་བྱུང་མོད་ཀྱང་། །ཧ་ཅང་རྒྱས་དྲག་བཙའ་འདོན་དཀའ། །ལུག་ནག་བཤའ་སྲོལ་ཡོད་པའི་ཕྱིར། །སྟོང་རྗེ་མ་མོ་མཁན་སོགས་ལ། །མི་ལ་རས་པས་བཀའ་སྐྱོན་ཆེ། །དེ་ཕྱིར་དེ་ཡི་བཀའ་སྲོལ་ནུབ། །དགོངས་གཏེར་རྩ་ཚིག་རྡོ་རྗེའི་གསུང་། །རྩ་ཚིག་ཙམ་ལ་གཞིར་བྱས་ནས། །མ་མོ་འབུམ་གྱི་རྒྱུད་ལུང་སོགས། །རྒྱུད་སྡེ་མང་པོའི་དགོངས་པ་བླངས། །གསར་མའི་ལྷ་མོ་དུད་སོལ་མའི། །ནད་བཟློག་མདོས་ནི་སྟག་ལུང་པ། །ངག་དབང་རྣམ་རྒྱལ་གྱིས་མཛད་པ། །རང་བྱུང་རྒྱལ་མོའི་ནད་བཟློག་མདོས། །གཙུག་ལག་ཕྲེང་བས་མཛད་པ་དང་། །རིཀཱ་གཏེར་སྟོན་གཏེར་མ་ཡི། །མ་མོའི་ཁྲག་མདོས་རྙིང་པ་དང་། །དུད་སོལ་རང་བྱུང་རེ་མ་ཏི། །ལྷ་མོའི་རྒྱུད་གཞུང་མང་པོ་ལ། །ཤིན་ཏུ་གོམས་ཤིང་འདྲིས་བྱས་ཏེ། །དཔལ་ལྡན་ལྷ་མོ་དཔོན་གཡོག་གི །དབང་ལུང་མན་ངག་མཐའ་ཡས་ཐོབ། །བསྙེན་སྒྲུབ་རྟགས་མཚན་ཐོབ་པ་ཡི། །སྔགས་རྒན་རཱ་ག་ཨ་སྱ་ངས། །དུས་ངན་བསྐལ་པའི་སྙིགས་མ་ལ། །མི་རྣམས་སྤྱོད་པ་ངན་པ་དེས། །སྲིད་པའི་


CMR039_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་ཐམས་ཅད་འཁྲུག །དེ་ཚེ་ནད་ཀྱི་དུ་རུ་ཀ །གསོ་རིགས་གཞུང་ནས་མ་གྲགས་ཤིང་། །ནད་རྟགས་རྩ་ཆུ་གོ་ལོག་སྟོན། །སྨན་གྱི་མི་ཕན་དུག་ཏུ་འགྲོ། །མི་ཕྱེད་ཕྱགས་མས་འདེབས་པ་དང་། །མི་ཐོག་ཡང་ཡང་འབུད་པ་བྱུང། །དེ་སྐད་ཀུན་མཁྱེན་ཨོ་རྒྱན་རྗེའི། །གཏེར་ཁ་རྣམས་ནས་ལུང་བསྟན་པ། །ད་ནི་རིམ་བཞིན་དུས་ལ་བབས། །དེ་དག་རྣམས་ལ་ཕན་སེམས་ཀྱིས། །འདི་སོགས་རྐྱེན་ཟློག་མང་དུ་བསྒྲིགས། །འདི་དག་ཕན་ཐོགས་ཡོང་མི་ཡོང། །དར་སྲོལ་འགྲོ་དོན་འབྱུང་མི་འབྱུང་། །བརྟག་ཕྱིར་ཡེ་ཤེས་སྤྱན་ལྡན་པའི། །ཡི་དམ་ལྷ་ལ་གསོལ་བཏབ་པས། །ཕན་ཐོགས་འགྲོ་དོན་མང་པོ་འོངས། །གསུངས་པའི་རྨི་ལམ་ལུང་བསྟན་ཐོབ། །བདག་གིས་རྐྱེན་ཟློག་བསྒྲིགས་པ་ཀུན། །བདག་གི་ཤེས་རབ་རྩལ་མ་ཡིན། །ཨོ་རྒྱན་རྗེ་ཡི་ཐུགས་རྗེ་ཡིས། །བྱིན་རླབས་གཏེར་ཕྲན་གཅིག་དང་མཉམ། །ཕྱོགས་རྣམས་ཀུན་ཏུ་དར་ཞིང་འཕེལ། །ཁྱད་པར་ཀཿཐོག་གོ་འཇོའི་ཕྱོགས། །རྩིས་ཆེ་ངོ་མཚར་ཆེན་པོར་བརྩི། །དེ་དག་འབྱུང་རྟགས་རྨི་ལམ་དུ། །བརྡ་ཡི་རྣམ་པ་མང་པོ་མཐོང་། །དེ་ཚེ་བདག་རང་སྤྲོ་བ་སྐྱེས། །དེ་ཕྱིར་འདི་སོགས་མང་དུ་བརྩམས། །འོན་ཀྱང་ཆོས་སྤྱན་མི་ལྡན་པས། །འགལ་འཁྲུལ་ཉེས་པ་ཆ་མཆིས་ན། །མ་མོ་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བས་མ་འོངས་སྐྱེ་འགྲོ་ཀུན། །ནད་དང་གདོན་ལས་ཐར་གྱུར་ནས། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་ཤོག །འདི་ཉིད་འཕེལ་ཞིང་རྒྱས་པ་ཡི། །ཕྲིན་ལས་མ་མོ་ཀུན་གྱིས་སྒྲུབས། །


CMR039_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཚད་བཀྲ་ཤིས་བདེ་ལེགས་ཤོག ། ༈ །འདི་ཡི་ཁྱད་པར་མན་ངག་ཟབ་མོ་ནི། །ཐལ་ཆེན་ཡུངས་ཀར་ར་ཁྲག་རུས་ཚིགས་དང་། །སོལ་བ་བསྲེས་ཏེ་སྔགས་ནི་ཉེར་གཅིག་གམ། །བརྒྱ་རྩས་སྔགས་ལ་རིམས་ནད་ཡོད་པ་ཡི། །ཕྱོགས་སུ་གཏོར་ཞིང་ཁྱིམ་རྣམས་གཏོར། །ཡང་ན་ཆུ་ལ་བཏབ་ནས་གཏོར་ཀྱང་རུང་། །དེ་ཡི་ལྷག་མ་དུར་ནི་མང་སར་གཏོར། །དེ་ནི་རིམས་ནད་གཅོད་པའི་གདམས་ངག་སྟེ། །མ་མོ་འབུམ་གྱི་རྒྱུད་ལུང་ཆེན་པོ་ཡི། །ལེའུ་ཉི་ཤུ་རྩ་བཞི་པ་ནས་གསུངས། །ཨོཾ་ས་སི་རུ་རུ་པུ་རུ་ན་ས་མ་ར། ཨོཾ་འུ་རེ། བ་སུ་སུ། སུ་ཏ་ན་བྷྱོ། ཟབ་བོ། །དགེའོ། དགེའོ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགོངས་གཏེར་རྡོ་རྗེའི་གསུང་གི་དོན་བཀྲོལ་བ། ལྷ་མོའི་གསང་མདོས༴ རི་རབ་བརྩེགས་མདོས༴ མ་མོའི་ཁྲག་མདོས༴ མ་མོའི་ནད་རིམས་བཟློག་མདོས་ཞེས་ཀྱང་བྱ། next