སྤར་ངེ་དགེ་བཤེས་ཕྲིན་ལས་ལ། །ཤོག་བུ་ཤ་ཚ་མི་འདུག་པས། །མི་རྒན་བཅོས་གཏམ་ཡི་གེར་བྲིས། །ཧེ་ཧེ།
སྤར་ངེ་དགེ་བཤེས་ཕྲིན་ལས་ལ། །ཤོག་བུ་ཤ་ཚ་མི་འདུག་པས། །མི་རྒན་བཅོས་གཏམ་ཡི་གེར་བྲིས། །ཧེ་ཧེ།
ན་མོ་མ་ཧཱ་མུ་དྲ་ཡེ། འོག་མིན་ཆོས་དབྱིངས་ཕོ་བྲང་ན། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ན། །བྱང་སེམས་བློ་གྲོས་རིན་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྷོ་ཕྱོགས་དཔལ་གྱི་རི་བོ་ན། །བྲམ་ཟེ་ས་ར་ཧ་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྷོ་ཕྱོགས་བེ་ཏའི་ཡུལ་དབུས་ན། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡི་ཕི་བྱེད་པའི་རི་བོ་ན། །གྲུབ་ཆེན་ཤ་ཝ་རི་པ་ལ། །གསོལ་བ་
འདེབས་སོ་བྱིན་གྱིས་རློབས། །རི་བོ་མེ་ལྟར་འབར་བ་ན། །མངའ་བདག་རྒྱལ་བ་མེ་ཏྲི་པར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གྲོ་བོ་ལུང་གི་དགོན་པ་ན། །སྒྲ་བསྒྱུར་མར་པ་ལོ་ཙཱ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལ་ཕྱི་གངས་ཀྱི་ར་བ་ན། །རྗེ་བཙུན་མི་ལ་རས་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དྭགས་ལྷ་དཔལ་གྱི་སྒམ་པོ་ན། །མཉམ་མེད་ཟླ་འོད་གཞོན་ནུ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕག་མོ་གྲུ་ཡི་ནགས་ཁྲོད་ན། །བདེ་གཤེགས་ཕག་མོ་གྲུ་པ་ལ། །གསོལ་བ་འདེབས་སོ་
བྱིན་གྱིས་རློབས། །འོག་མིན་མཚུར་ཕུའི་དགོན་པ་ན། །དཔལ་ལྡན་དུས་གསུམ་མཁྱེན་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྲུག་དང་ར་ལུང་དགོན་པ་ན། །གྲུབ་ཐོབ་གླིང་རྗེ་རས་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གུང་ཐང་འཚལ་གྱི་དགོན་པ་ན། །འགྲོ་མགོན་སྐྱེ་མེད་ཞང་སྟོན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྲི་གུང་དཔལ་གྱི་ཡང་དགོན་ན། །སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟག་ལུང་རྡོ་རྗེའི་གདན་སྟེང་ན། །སྟག་ལུང་ཐང་པ་ཆེན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མདོ་ཁམས་ཤར་གྱི་ཞིང་ཁམས་ན། །གྲུབ་ཆེན་སྨར་ཡེས་འབྱོར་གསུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རི་བོ་ཆེ་ཡི་དགོན་པ་ན། །རྗེ་བཙུན་སངས་རྒྱས་དབོན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གར་བཞུགས་ཆོས་སྐུའི་ཞིང་ཁམས་ན། །ཕྱག་ཆེན་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་བྱིན་
གྱིས་རློབས། །པོ་ཊ་ལ་ཡི་ཕོ་བྲང་ན། །ཡི་དམ་རྒྱལ་བ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ན། །ཡུམ་མཆོག་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །གསོལ་བ་འདེབས་སོ་བར་ཆད་སོལ། །སྣང་སྲིད་ཡེ་ནས་ཆོས་ཀྱི་སྐུ། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །མ་བཅོས་རང་བབ་ལམ་གྱི་གཞུང་། །གོལ་ས་ཆོད་པར་བྱིན་གྱིས་རློབས། །མངོན་དུ་གྱུར་པ་འབྲས་བུའི་མཆོག །རེ་དོགས་མེད་པར་བྱིན་གྱིས་རློབས། །འཛིན་པ་མེད་པ་ལྟ་བའི་མཆོག །མཉམ་ཉིད་རྟོགས་པར་བྱིན་གྱིས་རློབས། །ཡེངས་བ་མེད་པ་བསྒོམ་པའི་མཆོག །མཉམ་རྗེས་མེད་པར་བྱིན་གྱིས་རློབས། །ཕྱོགས་ལྷུང་མེད་པ་སྤྱོད་པའི་མཆོག །ཟུང་དུ་འཇུག་པར་བྱིན་གྱིས་རློབས། །འཁྲུལ་པ་མེད་པ་འབྲས་བུའི་མཆོག །ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཕྱག་རྒྱ་ཆེ་ལ་མངའ་མཉེས་པའི། །བཀའ་བརྒྱུད་ཕྱོགས་རིས་མེད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྟ་བ་ཕྱོགས་
མེད་རྟོགས་པ་ཡིས། །རང་རྒྱུད་གྲོལ་བར་བྱིན་གྱིས་རློབས། །ཕྱོགས་རིས་མེད་པའི་སྙིང་རྗེ་ཡིས། །གཞན་དོན་ཕྱོགས་མེད་འགྲུབ་པར་ཤོག །ཅེས་པ་ཤིང་མོ་སྦྲུལ་གྱི་ལོ། །སྤྲེལ་གྱི་ཟླ་བའི་བཅུ་བཞི་ལ། །ཤོག་བུ་གཏད་ནས་བྱུང་བས་བྲིས།། ༈ །ན་མོ་སརྦ་བྷ་དྲ་ཡེ། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འབུམ་ཕྲག་དྲུག་ཅུའི་རྒྱུད་གསུངས་པའི། །རྫོགས་ཆེན་སྟོན་པ་བཅུ་གཉིས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས་། །ཨ་ཏིའི་དོན་རྟོགས་རྫོགས་སངས་རྒྱས། །སྐལ་མགོན་དྲུག་ཅུ་རྩ་ལྔ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སངས་རྒྱས་ཀུན་གྱིས་ཐུགས་རྡོ་རྗེ། །སྟོན་པ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྫོགས་པ་ཆེན་པོའི་ཆུ་ཡི་མགོ །རིག་འཛིན་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྒྱ་གར་ཡུལ་དུ་རྫོགས་ཆེན་སྤེལ། །འཇམ་དཔལ་བཤེས་གཉེན་གོང་འོག་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྒྱ་ནག་ཡུལ་གྱི་པཎྜི་ཏ། །མཁས་པ་
ཤྲཱི་སེང་ཧ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྒྱ་བོད་འགྲོ་བ་འདྲེན་པའི་དཔལ། །བི་མ་ལ་དང་རྒྱལ་བ་མདོ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །པད་འབྱུང་མཚོ་རྒྱལ་བེ་རོ་སོགས། །རྫོགས་ཆེན་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མདོ་སྒྱུ་སེམས་གསུམ་ལ་སོགས་པའི། །ཐེག་པ་དགུ་ཡི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡེ་ནས་མ་བཅོས་ཆོས་ཀྱི་སྐུ། །སུས་ཀྱང་མ་བྱས་ལྷུན་གྱིས་གྲུབ། །གཞི་ཡི་གནས་ལུགས་ལྟ་བའི་གདེང་། །ཁྲེགས་ཆོད་རྟོགས་པར་བྱིན་གྱིས་རློབས། །རང་རིག་རང་གསལ་བསྒོམ་པའི་གནད། །དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད། །དག་པ་རབ་འབྱམས་ལོངས་སྐུའི་ཞིང་། །ཐོད་རྒལ་མཐོང་བར་བྱིན་གྱིས་རློབས། །སྣང་བ་བཞི་པོ་མཐའ་རུ་ཕྱིན། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ། །གཞོན་ནུ་བུམ་སྐུ་ཀུན་བཟང་ཀློང་། །མངོན་སྒྱུ་སངས་རྒྱས་པར་བྱིན་གྱིས་རློབས། །ཤཱཀ་ཐུབ་བསྟན་པ་རྟགས་ཙམ་འཛིན། །དར་ལ་མ་སྨིན་དུས་སྐབས་སུ། །ཀུན་བཟང་ཐུགས་ཀྱི་བསྟན་པ་དར། །རྫོགས་ཆེན་ཆོས་ཀྱིས་
འགྲོ་བ་སྒྲོལ། །དེང་སང་ལྔ་བརྒྱ་ཐ་མའི་དུས། །ཚེ་ཐུང་བར་ཆད་རྐྱེན་མགོ་རྒོད། །བསྒོམ་པའི་ཆོས་ཀྱིས་གྲོལ་བར་དཀའ། །བསྒོམ་མི་དགོས་པར་ཐོས་གྲོལ་དུ། །བདག་སོགས་གྲོལ་བར་བྱིན་གྱིས་རློབས། །མ་བསྒོམ་སངས་རྒྱས་ཐོབ་པའི་ཐབས། །ཆོས་སྐུ་ཀུན་ཏུ་བཟང་པོའི་གསུངས། །ཨོ་རྒྱན་ཆེན་པོའི་ཁྱད་ཆོས་ཏེ། །ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་སྟེ། །གཏད་པ་ཙམ་གྱིས་གྲོལ་བའི་གནད། །ཡེ་ཤེས་མངོན་སུམ་འཆར་བ་ཡི། །གདམས་ངག་ཟབ་མོ་འདི་ཉིད་ཀྱིས། །འགྲོ་བ་མང་པོ་གྲོལ་བར་ཤོག །སྣོད་མིན་རྣམས་ལ་བསྟན་ན་ཡང་། །བཀའ་སྲུང་མ་གཟའ་དམ་གསུམ་གྱིས། །ཀོ་ལོང་ཕྲག་དོག་མ་མཛད་པར། །སྲུང་སྐྱོབ་སྡོང་གྲོགས་མཛད་དུ་གསོལ། །དེ་ཕྱིར་སྡིག་ཅན་མ་རུངས་པ། །བཙན་ཐབས་སངས་རྒྱས་ཐོབ་ཐབས་འདི། །སྡིག་ཅན་རྣམས་ལ་དགོས་ཕྱིར་རོ། །དེ་སྐད་རཱ་ག་ཨ་སྱས་ཡིས། །རྗེས་འཇུག་དོན་དུ་གསོལ་བ་བཏབ།། །།ན་མོ་ཤཱཀྱ་མུ་ནེ་ཡེ། །ཐུབ་དབང་བྱམས་པ་ཐོགས་མེད་དབྱིག་གི་གཉེན། །རྣམ་གྲོལ་སྡེ་དང་གྲོལ་སྡེ་མཆོག་གི་སྡེ། །དུལ་སྡེ་རྣམ་སྣང་མཛད་དང་སེང་གེ་
བཟང་། །ཀུ་སུ་ལུ་གཉིས་ཇོ་བོ་གསེར་གླིང་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྟོན་པ་འཇམ་དབྱངས་ཀླུ་སྒྲུབ་ཨཱརྱ་དེ། །ཟླ་གྲགས་རིག་པའི་ཁུ་བྱུག་ཆེ་ཆུང་གཉིས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་པ། །ཌོམྦི་པ་དང་དཱི་པཾ་ཀ་ར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁུ་རྔོག་འབྲོམ་གསུམ་རྒྱལ་སྲས་སྐུ་མཆེད་གསུམ། །བྱ་ཡུལ་པ་དང་གྲེ་པ་སྣེ་ཟུར་པ། །སྙུགས་རུམ་པ་དང་ལྕགས་རི་གོང་ཁ་བ། །གླང་རི་ཐང་པ་ཤ་ར་བ་ལ་སོགས། །བཀའ་གདམས་བཀའ་བབས་རྣམས་ལ་གསོལ་བ་འདེབས། །འབྲོམ་སྟོན་ཉིད་སྤྲུལ་གྲགས་པ་དོན་གྲུབ་དང་། །རྡོ་རྗེ་སེང་གེའི་སྐྱེས་མཐའ་ཆོས་ཀྱི་དབང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུབ་དབང་སྤྱན་རས་གཟིགས་དང་མི་གཡོ་མགོན། །འཕགས་མ་སྒྲོལ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ནས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །
འགྲོ་ཀུན་ཕ་མ་ཡིན་པར་ཐག་ཆོད་ནས། །བདག་བས་གཞན་གཅེས་འགྲོ་བ་ཕྱོགས་མེད་ལ། །སྙིང་རྗེ་བཟོད་མེད་སྐྱེ་བར་བྱིན་གྱིས་རློབས། །རང་སྐྱོན་མི་སྦེད་གཞན་སྐྱོན་མི་བལྟ་བར། །དག་སྣང་ཕྱོགས་མེད་འབྱོང་བར་བྱིན་གྱིས་རློབས། །འཁོར་འདས་ཆོས་ཀུན་སྒྱུ་མ་ཆུ་ཟླ་བཞིན། །དོན་དམ་སེམས་བསྐྱེད་སྐྱེ་བར་བྱིན་གྱིས་རློབས། །ཚོགས་གཉིས་ཟུང་འཇུག་ཕར་ཕྱིན་བཅུ་སྤྱད་པས། །ས་བཅུ་ལམ་ལྔ་བགྲོད་པར་བྱིན་གྱིས་རློབས། །མཐའ་གཉིས་མི་གནས་སྐུ་གཉིས་ཟུང་འཇུག་གིས། །འབད་མེད་འགྲོ་དོན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་བློ་སྦྱོང་དང་འབྲེལ་བའི་གསོལ་འདེབས་སོ།། ༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། །མཚན་ཉིད་པ་ཡི་ཆོས་སྐད་ལས། །མི་ཡི་མཚན་ཉིད་གང་ཞེ་ན། །སྨྲ་ཤེས་དོན་གོ་ཡིན་ནོ་གསུངས། །ངག་གིས་ཅུང་ཟད་སྨྲ་ཤེས་ཀྱང་། །དོན་ནི་ཅུང་ཟད་མ་གོ་ན། །མི་ཡི་མཚན་ཉིད་མ་ཚང་བས། །དོན་ལ་བསམ་གཞིག་བཏང་ན་རིག །ལྷ་རུ་སྐྱེས་པ་ཐམས་ཅད་ནི། །སྐྱེས་མ་ཐག་ནས་མངོན་ཤེས་ཀྱིས། །སྔ་མ་གང་ནས་འཕོས་པ་དང་། །དེ་རུ་སྐྱེ་བའི་རྒྱུ་དང་རྐྱེན། །ལེགས་པར་རྟོག་དཔྱོད་
བྱེད་པར་བཤད། །རང་རེ་མི་རུ་སྐྱེས་པ་འདི། །སྔ་མ་གང་ནས་འོང་པ་དང་། །དེ་རུ་སྐྱེས་པའི་རྒྱུ་དང་རྐྱེན། །འདི་རུ་ཅི་ཙམ་འདུག་ལོང་ཡོད། །དེ་ནས་གར་འགྲོ་མི་ཤེས་པར། །ཟས་གོས་ནོར་དང་དགྲ་གཉེན་གྱི། །དོན་དུ་སྡིག་མང་བསགས་པ་འདི། །དུད་འགྲོ་ཉིད་ལས་ཁྱད་མ་མཆིས། །དེ་དག་མངོན་ཤེས་མི་ལྡན་པས། །མི་ཤེས་པ་ནི་བདེན་མོད་ཀྱིས། །ཐམས་ཅད་མཁྱེན་པ་ཤཱཀ་ཐུབ་ཀྱིས། །མདོ་རྒྱུད་རྣམས་ནས་དེ་དག་དོན། །གསལ་བར་གསུངས་པ་འཕྲིག་ཚུད་དགོས། །འཁོར་བ་ཐོག་མ་འདི་ནས་བྱུང་། །ས་མཚམས་བཟུང་དུ་མེད་པ་ནས། །རང་གི་སེམས་ཉིད་འདི་ནི་ཡོད། །རང་ངོ་རང་གིས་མ་ཤེས་པས། །བདག་མེད་པ་ལ་བདག་ཏུ་བཟུང་། །དེ་ཡི་སྐྱོན་གྱིས་འཁོར་བར་འཁྱམས། །སྐྱེ་རྒས་ན་འཆི་གྲངས་ལས་འདས། །རིགས་དྲུག་སྡུག་བསྔལ་གྲངས་མེད་མྱོང་། །འདས་པའི་སངས་རྒྱས་དཔག་མེད་ཀྱིས། །ཆོས་ཀྱི་འཁོར་ལོ་ལྟ་དཔག་མེད་བསྐོར། །དེ་དག་རེ་རེའི་བསྟན་པ་ལ། །སེམས་ཅན་དཔག་མེད་གྲོལ་ན་ཡང་། །རང་རེ་མ་གྲོལ་ད་རུང་ལུས། །ཤཱཀ་ཐུབ་བསྟན་པ་འདི་ལ་ཡང་། །རྒྱ་གར་གྲུབ་
ཆེན་བརྒྱད་ཅུ་དང་། །བོད་ཀྱི་གྲུབ་ཐོབ་དཔག་མེད་ཀྱིས། །སེམས་ཅན་གྲངས་མེད་གྲོལ་ན་ཡང་། །རང་རེ་མ་གྲོལ་ད་རུང་ལུས། །བསམ་བློ་བཏང་ན་ཡི་རེ་མུག །སེམས་ཅན་ཚད་མེད་གྲངས་མེད་དེ། །ནམ་ཡང་འཕེལ་འགྲིབ་ཟད་པ་མེད། །བར་སྣང་སྟོང་པ་འདི་ཀུན་ནས། །ཤིང་རྟའི་འཕང་ལོའི་ཚད་ཙམ་དུ། །ལུས་མ་ཐོབ་པའི་རྣམ་ཤེས་དང་། །ལུས་ཐོབ་རིགས་དྲུག་ཐམས་ཅད་གཉིས། །མ་ཐོབ་པ་དེ་མང་བར་གསུངས། །ལུས་ཐོབ་པ་ཡི་མང་ཉུང་ཡང་། །ངན་སོང་གསུམ་དུ་སྐྱེ་བའི་གྲངས། །ས་ཆེན་འདི་ཡི་རྡུལ་གྲངས་ཙམ། །བདེ་འགྲོ་ལྷ་དང་མིར་སྐྱེས་པ། །སེན་མོའི་སྟེང་གི་རྡུལ་གྲངས་ཙམ། །བདེ་འགྲོ་ལྷ་དང་ལྷ་མིན་ལས། །མི་རུ་སྐྱེས་པ་ཉུང་བར་གསུངས། །དཔེར་ན་རྒྱ་མཚོ་ཆེན་པོ་ན། །བུ་ག་གཅིག་པའི་ཤིང་གཅིག་འཕང་། །དེ་ཡང་རླབས་ཀྱིས་ཀུན་ཏུ་ཁྱེར། །མཚོ་ནང་རུ་སྦལ་མིག་ལོང་བ། །ལོ་བརྒྱ་ལོན་དུས་མཚོ་ཡི་ཁར། །ལན་རེ་འོང་བར་བྱེད་པ་ན། །ཤིང་དེའི་བུ་གར་རུས་སྦལ་གྱི། །མགྲིན་པ་ཆུད་པར་དཀའ་བ་ལྟར། །མི་ཡི་ལུས་ཀྱང་ཐོབ་དཀའ་སྟེ། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །མི་
ལུས་སྐྱེ་བའི་ཕ་མའི་མངལ། །དེ་ཡང་གར་འགྲོ་ཆ་མེད་ལ། །རུས་སྦལ་ལོང་བ་དང་འདྲ་བ། །རང་སེམས་མ་རིག་པས་བསྒྲིབས་པ། །ལོ་བརྒྱའི་མཚམས་ཙམ་ཚེ་འཕོས་ནས། །སྐྱེ་བ་ལེན་པའི་དུས་དེ་དང་། །སྔོན་ནས་ཕ་དང་མར་གྱུར་པའི། །ལས་འཕྲོ་འཛོམ་པར་དཀའ་བའི་དཔེ། །དེ་ཡང་ཅི་ཕྱིར་དཀའ་ཞེ་ན། །མི་ལུས་གཙང་མ་ཐོབ་པའི་རྒྱུ། །ཚུལ་ཁྲིམས་གཙང་མ་ཡིན་ན་ཡང་། །དེ་ཉིད་བསྲུང་མཁན་དཀོན་ཕྱིར་རོ། །དེ་ནི་སྤྱིར་གྱི་མི་ཡི་ལུས། །ཐོབ་པར་དཀའ་བ་དེ་བས་ཀྱང་། །དལ་བ་བརྒྱད་དང་འབྱོར་པ་བཅུ། །ལྡན་པའི་མི་ལུས་ལྷག་པར་དཀོན། །བསྐལ་པ་མུན་བསྐལ་སྒྲོན་བསྐལ་གཉིས། །མུན་བསྐལ་ཤིན་ཏུ་མང་བ་སྟེ། །སངས་རྒྱས་མི་འབྱོན་ཆོས་མི་དར། །མི་ལུས་ཐོབ་ཀྱང་དོན་གོ་ཆུང་། །ད་རེས་བསྐལ་པ་བཟང་པོ་འདིར། །སངས་རྒྱས་སྟོང་འབྱོན་དམ་ཆོས་དར། །བསྐལ་པ་བཟང་པོ་འདི་ལ་ཡང་། །སངས་རྒྱས་སྔ་ཨུ་མའི་བསྟན་པ་ནུབ། །ཕྱི་མ་མ་བྱོན་བར་སྐབས་དེར། །ལོ་ནི་ཁྲི་ཕྲག་མང་ཞིག་ལ། །ཆོས་ཞེས་རྣ་བས་ཐོས་པ་མེད། །དེ་དུས་མི་ལུས་ཐོབ་ན་ཡང་། །ཆོས་ཀྱི་སྐལ་པ་གཏན་
ནས་མེད། །ད་རེས་ཤཱཀ་ཐུབ་བསྟན་པ་མཇལ། །ཤཱཀྱའི་བསྟན་པ་དར་སྐབས་ཀྱང་། །ལུས་འཕགས་གླིང་དང་སྒྲ་མི་སྙན། །བ་ལང་སྤྱོད་དང་གླིང་གསུམ་ན། །དམ་ཆོས་དར་བ་མ་ཡིན་ནོ། །འཛམ་བུ་གླིང་ཆེན་འདི་ན་ཡང་། །མཐའ་འཁོབ་བརྒྱ་དང་རྩ་བརྒྱད་དང་། །ཡང་འཁོབ་སྟོང་དང་རྩ་གཉིས་ལ། །ཆོས་ཞེས་བྱ་བ་ངོ་མི་ཤེས། །མི་རུ་སྐྱེས་ཀྱང་དུད་འགྲོ་འདྲ། །དཔེར་ན་རས་ཚོང་པ་བཞིན་ནོ། །དམ་ཆོས་འབྱུང་གནས་རྒྱ་གར་དང་། །རྒྱ་ནག་བལ་པོ་ཁ་ཆེ་སོགས། །དེང་སང་ལྷ་ཁང་དུས་མཆོད་ཙམ། །ཆོས་དངོས་འཆད་ཉན་ནུབ་པ་འདྲ། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས། །དེང་སང་བོད་དུ་དམ་ཆོས་དར། །འདི་རུ་སྐྱེས་པ་སྐལ་པ་བཟང་། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །གསུངས་པ་འདི་བརྒྱད་མ་ཡིན་པས། །དལ་བ་ཕུན་སུམ་ཚོགས་པ་ཡིན། །མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །འདི་ནི་རང་འབྱོར་ལྔ་ཡིན་ཞིང་། །སངས་རྒྱས་བྱོན་དང་ཆོས་བསྟན་དང་། །
བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་རྩེས་སྟོན་པ་སྟེ། །དེ་ལྟར་དལ་འབྱོར་བཅོ་བརྒྱད་རྣམས། །རང་རེ་རྣམས་ལ་ཚང་འདུག་གོ །གླིང་གཞན་མི་དང་མཐའ་འཁོབ་མིས། །ཚེ་སྔོན་ལས་ལ་སྤྱོད་པའི་ལས། །ཕྱི་མ་ཕན་ཆད་བདེ་བ་ཡིས། །དགེ་བའི་ལས་འབྲས་བསགས་མི་ཤེས། །འཛམ་གླིང་ལས་ཀྱི་ས་པར་ཞེས། །ད་རེས་རང་དབང་རང་ལ་ཡོད། །ཅི་བྱེད་གདམ་ཁ་རང་ལ་ཡོད། །ལྟོ་གོས་གཏམ་གསུམ་གྱོང་ཁུར་ནས། །བསྒྲུབས་པས་ཚེ་གཅིག་སངས་རྒྱས་པ། །མི་ལ་རས་པ་ལྟ་བུ་ཅིག །བྱེད་པར་ནུས་ནའང་འོང་རྒྱུར་སྣང་། །འདུལ་ཁྲིམས་སྲུང་ཞིང་ཐོས་བསམ་བསྒོམ། །འབད་པས་འདིར་བདེ་ཕྱི་མ་སྐྱིད། །དགེ་བའི་བཤེས་གཉེན་གོང་མ་རྣམས། །འདྲ་བ་འདོད་ན་བྱེད་པས་ཆོག །བསྐྱེད་རྫོགས་བསྙེན་སྒྲུབ་མི་ཚེར་ཕུད། །ཚེ་འདིར་ཕྲིན་ལས་གང་བརྩམས་འགྲུབ། །ཕྱི་མ་རིག་འཛིན་གྲལ་འཁོད་པ། །བྱེད་ལྟ་པ་འདོད་ན་ལག་ན་གདའ། །དད་པ་དམ་ཚིག་བརྩོན་འགྲུས་ཀྱིས། །རིག་སྔགས་ཟབ་མོ་ལ་འབད་ན། །ཚེ་འདིར་བདེ་སྐྱིད་འབྱུང་བ་དང་། །ཕྱི་མ་དག་པའི་ཞིང་ཁམས་
སུ། །སྐྱེ་བར་འདོད་ན་བྱེད་པས་ཆོག །གསང་སྔགས་ཟབ་མོ་ལ་བརྟེན་ནས། །ཡུན་རིང་དཀའ་ཐུབ་སྡུག་སྒུར་དང་། །དཀའ་ཚེགས་ཆེན་པོ་མི་དགོས་པར། །བར་དོར་མངོན་པར་སངས་རྒྱས་པའི། །གདམས་ངག་ཐོབ་ན་སླ་བར་སྣང་། །དེ་ཕྱིར་མི་ལུས་ཐོབ་ཚད་ཀུན། །རང་གི་འདོད་པ་དང་བསྟུན་ནས། །ངེས་པར་ཆོས་སྒོར་ཞུགས་ཤིག་ཅེས། །མི་རྒན་ང་ཡིས་ཕྱི་འཕྲེང་བཞག །གལ་ཏེ་ཆོས་སྒོར་མི་ཞུགས་ཤིང་། །སྡིག་པ་སྤང་ཐབས་མེད་ན་ཡང་། །ཆོས་ཐུན་བཤད་པ་ཉོན་མཛོད་དང་། །བསམ་པའི་ཁྱེར་ཕྱོགས་ཤེས་པ་ན། །ཆོས་ལ་དཀའ་རྒྱུ་མེད་པ་ཡིན། །སེམས་བསྐྱེད་བཟང་པོས་ཟིན་པ་ན། །སྡིག་ཀྱང་ཆོས་ལ་འགྱུར་བ་མང་། །སེམས་བསྐྱེད་བསམ་པ་མི་དགེ་ན། །ཆོས་ཀྱང་སྡིག་པ་འགྱུར་སྐབས་མང་། །སྔར་བྱས་སྡིག་ལ་བཤགས་པ་གྱིས། །སྙིང་ཁུང་རུས་པའི་གཏིང་ཉིད་ནས། །བཙན་དུག་ཁོག་ཏུ་ཤོར་བ་ལྟར། །འགྱོད་པས་བཤགས་ན་མི་དག་མེད། །ཕྱིན་ཆད་མི་བྱའི་དམ་བཅའ་བྱ། །བསྙེན་གནས་ངག་བཅད་ཡིག་དྲུག་འབད། །རང་སེམས་ངོ་བོ་ཤེས་ན་སྐྱོངས། །རྫོགས་ཆེན་ཐོས་གྲོལ་ལ་སོགས་པ། །
བསྒོམ་མི་དགོས་པའི་ཟབ་ཆོས་ཉོན། །དེས་ཀྱང་མི་ལུས་དོན་ལྡན་འགྲུབ། །ཞེ་ཆོད་དམ་བཅའ་མི་ལྡན་པའི། །སྡོམ་པ་ཞུས་ནས་མི་སྲུང་བ། །ལག་པ་གཉིས་ཀས་གྱད་རྡོ་བླངས། །རང་གི་མགོ་ལ་བསྒྲུབ་པ་འདྲ། །རང་མགོ་མ་བཅོག་གཞོན་པ་ཚོ། །ཕན་ཡོན་ཉེས་དམིགས་ཤེས་ན་ཡང་། །དགེ་སྒྲུབ་སྡིག་སྤང་མི་བྱེད་པ། །སྨོན་པ་ཆུ་ལ་འཕྱོངས་བ་འདྲ། །སྨྱོ་སྤྱོད་མ་བྱེད་མི་རྣམས་ལགས། །ཕན་ཡོན་ཉེས་དམིགས་མི་ཤེས་པས། །ཕལ་ཆེར་སྡིག་ལ་འབད་པ་ཚོ། །བྱིས་པ་བསམ་མེད་གོག་ཐུབ་ཙམ། །མེ་ཡི་དོང་དུ་འཕྱོངས་བ་འདྲ། །ཕ་མས་འཚོས་ན་སྐྱོན་མེད་ལྟར། །བླ་མ་བསྟེན་ལ་ཆོས་ཐུན་ཉོན། །དེ་ནས་བསམ་བློས་འཕྲོད་དེ་འོང་། །སྡོམ་པ་ཞུས་པའི་གཞོན་ཤར་ཚོ། །སྡོམ་པ་མི་ཐུབ་འཆོར་བ་ནི། །ཕྱེ་ལེབ་འོད་ལ་ཆགས་པ་ཡིས། །མར་མེའི་བར་དུ་འཕྱོངས་བ་འདྲ། །རང་རྒྱུད་མ་སྲེག་སྐལ་ལྡན་ཚོ། །དབང་ལུང་ཟབ་ཁྲིད་མང་སྒྱུ་ཐོབ་ནས། །རང་གིས་ཉམས་སུ་མི་ལེན་པ། །རྒྱ་མཚོའི་འགྲམ་གྱི་ཡི་དྭགས་འདྲ། །རང་གིས་རང་ལ་སྙིང་རྗེ་ལྟོས། །ད་རེས་མི་ལུས་ལན་གཅིག་འདི། །སྙིང་པོ་དམ་ཆོས་
མ་བསྒྲུབས་ན། །རིན་ཆེན་གླིང་ནས་སྟོང་ལོག་ཡིན། །སྟོང་ལོག་ཙམ་ཡང་མི་བྱེད་པར། །སྡིག་པའི་ཁུར་པོ་ཁུར་འགྲོ་བ། །ལས་ངན་དེ་དག་སྙིང་རེ་རྗེ། །དལ་འབྱོར་མི་ལུས་རིན་པོ་ཆེ། །ཉིན་གཅིག་འཁྱགས་དང་ལྟོགས་མི་ཁྱག །ན་ན་སྨན་དང་རིམ་གྲོ་འུར། །ན་དོགས་འཆི་དོགས་བསད་དོགས་དང་། །བརྡུང་དོགས་རྒྱག་དོགས་རྩིས་ཆེན་ནོ། །བསྲུང་བ་བརྒྱ་ཡིས་བསྲུངས་བྱས་ཀྱང་། །ཡུན་རིང་མི་དབང་གཤིན་རྗེས་ཁྱེར། །བྱ་ཁྱིས་ཟའམ་གཅན་གཟན་ཟ། །འབུ་ཡིས་ཟའམ་མེ་ལ་བསྲེག །རུས་དུམ་ཕྱོགས་བཅུར་ཝ་ཁྱིས་ཁྱེར། །ཐལ་བ་རྗེས་མེད་རླུང་གིས་ཁྱེར། །དེ་འདྲ་ཐེ་ཚོམ་མེད་པར་འོང་། །དེ་ཚུན་འདི་ལ་སྙིང་པོ་ལོང་། །ཧ་ཅང་དམ་ཆོས་མ་འགྲུབ་ཀྱང་། །ཕྱི་མ་འདི་བས་མ་ཞན་པའི། །ལུས་ཅིག་ལོན་པའི་ཐབས་ཙམ་ཞིག །མི་བྱེད་ཐབས་ཅིག་ག་ལ་སྲིད། །སྨྲ་ཤེས་དོན་གོ་མི་ཡིན་པའི། །དོན་དེ་ཀུན་གྱིས་གོ་བར་མཛོད། །དེ་སྐད་རཱ་ག་ཨ་སྱས་སྨྲས། །དལ་འབྱོར་རྙེད་པར་དཀའ་བའི་ཚུལ། །གང་དྲན་གླུ་རུ་བླངས་བ་ཡིན། །མངྒ་ལཾ།། ༈ །།ན་མོ་གུ་རུ། ལོང་མེད་འཆི་བས་སེམས་བསྔངས་
ནས། །ཚེ་འདིས་བྱ་བ་བློས་བཏང་སྟེ། །བརྩོན་འགྲུས་དར་དྲག་ཡུན་རིང་བས། །ཚེ་གཅིག་སངས་རྒྱས་སར་གཤེགས་པའི། །བཀའ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་དེ་ལ་ལྟོས་པ་རྣམས། །འཆི་བ་དྲན་པར་བྱིན་གྱིས་རློབས། །འདུས་བྱས་མཚན་ཉིད་མི་རྟག་པས། །རྟག་པར་གནས་པ་གཅིག་ཀྱང་མེད། །སྐྱེས་མཐའ་འཆི་དང་བརྩེགས་མཐའ་འཇིག །བསོག་མཐའ་འཛད་དང་འདུས་མཐའ་བྲལ། །འདི་ལ་ཐེ་ཚོམ་སོམ་ཉི་མེད། །སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས། །གླིང་བཞི་རི་རབ་བྱེ་བ་བརྒྱ། །སྲ་མཁྲེགས་རྒྱ་ཆེན་རྔམ་འཐུག་འདི། །མི་རྟག་འཇིག་པའི་དུས་འགྱུར་བ། །སྒྱུ་ལུས་ཉམ་ཆུང་ལྟ་ཅི་སྨོས། །འཇིག་རྟེན་སྟོབས་ཆེན་རྒྱ་ཆེན་འདི། །མེ་ཡིས་ཚིག་ནས་ཐལ་བ་ཡང་། །མི་ལུས་རླུང་གིས་གཏོར་ནས་སྟོང་། །ཆུ་ཡིས་འཇིག་ཚེ་སྙིགས་མ་ཙམ། །མི་ལུས་ལན་ཚྭ་ཆུར་ཐིམ་འདྲ་། །རླུང་གིས་འཇིག་ཚེ་ལྷག་མ་ཡང་། །མི་ལུས་ཐལ་བ་རླུང་ཁྱེར་བཞིན། །དེ་འདྲའི་དུས་ཀྱང་འབྱུང་གྱུར་ན། །གཞན་དག་རྟག་པ་ག་ལ་ཡོད། །ཁྱད་པར་འཛམ་གླིང་
འདི་རུ་ཡང་། །དབྱར་དགུན་སྟོན་དཔྱིད་རིམ་བཞིན་འགྱུར། །ལོ་དང་ཟླ་བ་རིམ་བཞིན་འཛད། །ཞག་པོ་གཅིག་གི་ཚེ་ལ་ཡང་། །ཉི་ཟླ་ཤར་ནུབ་རིམ་བཞིན་འགྱུར། །དུས་ཚོད་སྐད་ཅིག་སྔ་ཕྱི་ལ། །རིམ་བཞིན་མི་རྟག་ཡད་ཡུད་ཟད། །འདི་ལྟར་འཇིག་རྟེན་ཕྱི་སྣོད་འདིས། །མི་རྟག་དངོས་སུ་སྟོན་བཞིན་དུ། །འཆི་བ་མི་དྲན་བསླ་ཚབས་ཆེ། །འཛམ་གླིང་ཆེ་ལ་ངེས་པ་མེད། །བསྐལ་པ་ཡར་ལ་དར་བའི་ཚེ། །མི་རྣམས་ཚེ་ལོ་བརྒྱད་ཁྲི་སོགས། །ཚེ་ཡང་དཔག་ཏུ་མེད་པ་ཐུབ། །ལོངས་སྤྱོད་བདེ་སྐྱིད་ཕུན་སུམ་ཚོགས། །དེ་ནས་བསྐལ་པ་མར་ལ་འགྲིབ། །ཚེ་དང་བསོད་ནམས་རིམ་བཞིན་འགྲིབ། །དེང་སང་བཞི་བཅུ་ཞེ་གསུམ་བཞི། །མི་ཡི་ཚེ་ཚད་ཡིན་པར་བཤད། །ལོ་བཅུ་ཡན་ཆད་བྱིས་པའི་སེམས། །ཆོས་དང་འཇིག་རྟེན་དོན་མི་ཤེས། །བཅོ་ལྔ་བཅུ་དྲུག་མན་ཆད་ནི། །རང་དབང་མི་ཐོབ་ཕ་མའི་དབང་། །དེ་ནས་ལས་འཕྲོ་སད་སྲིད་ན། །ལོ་འགའ་སློབ་དཔོན་བསྟེན་ན་ཡང་། །ཆོས་ཀྱི་དེ་ཉིད་གོ་བར་དཀའ། །རིག་པའི་གནས་སློབ་ཡོན་ཏན་བསམ། །སྐྲ་བྲེག་ལུས་གོས་བསྒྱུར་སྲིད་ཀྱང་། །ངེས་འབྱུང་བསམ་པས་ཟིན་པར་
དཀའ། །བླ་མ་སློབ་དཔོན་བསྟེན་ན་ཡང་། །ཡོན་ཏན་སྣ་རེ་སློབ་པ་ལས། །ངེས་དོན་འཆད་དང་འཕྲད་པར་དཀའ། །དེ་ནས་ལོ་ཡང་མང་ཞིག་ལོན། །ཡོན་ཏན་འགའ་ཡང་ཧོས་གོ་ལོབས། །ཆོས་ཀྱི་དེ་ཉིད་ཕྱོགས་གོ་ཡང་། །ལུས་ཀྱི་བཙུན་ཚུགས་གང་མཛེས་དང་། །ཆོ་ག་དབང་བསྐུར་སྦྱིན་སྲེག་སོགས། །གྲ་ཐུབ་གཅིག་ལ་དམིགས་རྩེ་གཏད། །དེ་ནས་ཁྲིད་སོགས་ཟབ་ཆོས་ཐོབ། །ཉམས་ལེན་བྱ་ཚུལ་ཤེས་ན་ཡང་། །ཚེ་འདིའི་གདུལ་བྱ་སྙན་གྲགས་འདོད། །ཉམས་ལེན་ཤེས་ཀྱང་གཡེལ་ལ་་ལུས། །ཚེ་ཚད་བཞི་བཅུ་ཟིན་ལ་ཁད། །དཀོན་མཆོག་ཐུགས་རྗེས་ཟློག་སྲིད་དམ། །མི་ཟློག་བཞི་བཅུའི་སྐག་ལ་འཆི། །དམ་ཆོས་བྱེད་བསམ་ཡོད་པ་དང་། །ཉམས་ལེན་བྱེད་རྒྱུ་མང་ན་ཡང་། །མ་ཐོན་ངང་ལ་འཆི་དོགས་གདའ། །ཨེ་མ་བཙུན་པ་གྲྭ་ཐུབ་ཚོ། །ཉམས་ལེན་འཕྲལ་དུ་མ་ནུས་ན། །ཤེས་ཀྱང་ཕན་པ་མེད་ཉེས་གདའ། །ཆོས་སྒོར་ཨུ་མ་ཞུགས་ཐ་མལ་པ། །བསམ་བློས་མ་འཕྲོད་བྱིས་པ་སྟེ། །འབུ་སྲིན་བྱ་རི་སྲེག་གསུམ་གསོད། །བསམ་ལུས་འཕྲོད་ནས་རྒྱུ་བསོགས་འདོད། །མི་དགེ་སྡིག་པ་སྣ་ཚོགས་
བྱེད། །བྱས་ཀྱང་སྔོན་ལས་དབང་ཆེ་བས། །སྐྱིད་བརྒྱགས་འཛོམས་པའི་དུས་མ་མཆིས། །ཁྱིམ་ཐབས་བྱས་ན་ལྷག་པར་ཐུ། །དགེ་སྡིག་ཤེས་ཀྱང་འཛེམ་དོགས་མེད། །མི་དགེ་སྣ་ཚོགས་ཤེས་བཞིན་བྱེད། །ཚེ་ཚད་བཞི་བཅུ་ཁ་རལ་ལ། །ཕྱིན་ཀྱང་འཆི་བསམ་ཡིད་ལ་མེད། །གཤིན་རྗེའི་ཁྲམ་ལ་ཐེབས་ན་ཡང་། །རིམ་གྲོ་སྨན་གྱིས་ཨེ་བསླུས་རེ། །མི་བསླུས་ཤི་བར་ཤེས་ན་ནི། །སྡིག་རྣམས་དྲན་ནས་འགྱོད་དང་འཕྱིས། །མི་དགེ་སྡིག་གིས་བསྒྲུབ་པ་ཡི། །རྒྱུ་ནོར་ཅུང་ཟད་ཤས་རུ་ཙམ། །སེར་སྣ་དང་བཅས་བཏང་བ་ཡི། །ཚེ་རབས་གཏན་བདེ་འགྲུབ་པར་རེ། །ལེགས་པར་བསམ་ན་སྙིང་རེ་རྗེ། །ཐོབ་དཀའ་མི་ལུས་རིན་པོ་ཆེ། །དོན་མེད་སྟོང་ལོག་དེ་འདྲ་བ། །ཕལ་ཆེར་རྣམས་ལ་འབྱུང་ཞིང་གདའ། །དལ་འབྱོར་མི་ལུས་ཐོབ་ན་ཡང་། །དམ་པའི་ཆོས་སྒོར་མི་འཇུག་པ། །མི་རྟག་འཆི་བ་མ་དྲན་སྐྱོན། །ཆོས་སྒོར་ཞུགས་ཀྱང་སེར་གཟུགས་ཙམ། །ཆོས་པའི་གྲ་རུ་མ་སླེབས་པ། །མི་རྟག་འཆི་བ་མ་དྲན་སྐྱོན། །ཤེས་བྱ་མང་པོར་བློ་སྦྱངས་ནས། །མཁས་པའི་གྲལ་དུ་ཚུད་ན་ཡང་། །རང་སེམས་མ་དུལ་འཁྲེབ་ཤོར་བ། །
མི་རྟག་འཆི་བ་མ་དྲན་སྐྱོན། །དམ་ཆོས་ཚུལ་བཞིན་བསྒྲུབས་ན་ཡང་། །ཆོས་མགོ་མ་ཐོན་ཕྱིར་ལྷུང་བ། །མི་རྟག་འཆི་བ་མ་དྲན་སྐྱོན། །ཡོན་ཏན་ཉམས་ལེན་འཛོམས་ན་ཡང་། །བརྟན་པ་མ་ཐོབ་ཞེ་སྙོམས་པ། །མི་རྟག་འཆི་བ་མ་དྲན་སྐྱོན། །སྟོབས་ལྡན་རྒྱལ་བློན་དཔོན་རིས་རྣམས། །འཁྲུག་པ་མི་བསོད་ཚབས་ཆེ་བ། །མི་རྟག་འཆི་བ་མ་དྲན་སྐྱོན། །ཐ་མལ་སྐྱེས་པ་བུད་མེད་རྣམས། །གང་ཐུབ་སྡིག་ལ་འབད་པ་འདི། །མི་རྟག་འཆི་བ་མ་དྲན་སྐྱོན། །མི་རྟག་འཆི་བ་དྲན་པ་ནི། །འདུ་ཤེས་ནང་ནས་མཆོག་ཡིན་ཞེས། །བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས། །བཀའ་བརྒྱུད་གྲུབ་ཐོབ་ཐམས་ཅད་ཀྱིས། །འཆི་བ་སྙིང་ནས་གཟེར་བ་རུ། །བྱིན་གྱིས་རློབས་ཤིག་གསུངས་པའི་དོན། །ཆོས་ཀྱི་རྩ་བ་འདི་ལ་ཐུག །བདག་ཀྱང་ཡོན་ཏན་སྣ་མང་ཤེས། །གདུལ་བྱ་སྙན་གྲགས་བསྒྲུབས་ན་ཡང་། །ཅི་འདོད་འགྲུབ་པར་གདའ་ན་ཡང་། །སྒྱུ་རྐང་པ་ཆག་བཞིན་ཉལ་བ་འདི། །འཆི་བ་སྙིང་ལ་ངེས་པར་གཟེར། །ལོང་མེད་བསམ་པ་རྒྱུན་དུ་དྲན། །འཆི་བའི་དུས་ལ་བབ་པ་ན། །ཅིས་ཀྱང་ཕན་པ་མེད་པར་གོ །དེ་
མ་ཕྱིར་ཅི་ནུས་མ་ཤི་བར། །སྒྲུབ་པ་བྱེད་པ་དམ་བཅའ་ཡིན། །དེ་ཡང་ཅི་ཡི་ཕྱིར་ཞེ་ན། །བསྐལ་པ་ཆགས་ནས་ད་ལྟའི་བར། །མ་ཤི་ཚེ་ཐར་ལུས་པ་ཡི། །མི་གཅིག་ཡོད་པ་མི་གདའ་ན། །སྒྱུ་ལུས་འདི་ལ་ཚུར་བལྟས་པས། །ཤ་ཁྲག་རུས་པ་མི་གཙང་རྫས། །སྲ་མཁྲེགས་དངོས་པོ་མི་གདའ་ན། །རླུང་མཁྲིས་བད་ཀན་སྲིན་ལ་སོགས། །ལུས་འདི་ནད་ཀྱི་ཚང་དུ་གདའོ། །མེ་ཆུ་དུག་མཚོན་ལ་སོགས་པ། །ཕྱི་ནས་གནོད་པ་མ་བྱུང་ཡང་། །ལུས་འདི་འཆི་རྐྱེན་ནང་དུ་གདའ། །ནད་རིགས་གདོན་རིགས་དགྲ་དང་རྐྱེན། །ཚེ་སྲོག་གཅོད་མཁན་བར་ཆད་མང་། །དཔེར་ན་རླུང་འཚུབ་མར་མེ་འདྲ། །མ་ལས་སྐྱེས་ནས་དུས་རྒྱུན་དུ། །ལོ་ཟླ་ཞག་དང་དུས་ཚོད་སོགས། །ཅི་ཙམ་སོང་བཞིན་འཆི་ལ་ཉེ། །ཚེ་ལ་ངེས་པ་མི་གདའ་བས། །རྒན་གཞོན་དར་མ་བྱིས་པ་སོགས། །ངེས་མེད་དུ་མ་གློ་བུར་འཆི། །བསམ་བློ་བཏང་ན་འཇིགས་པ་ལ། །ས་གནས་སེམས་དཔའ་ཆེན་པོ་འགའ། །སྐྱེ་འཆི་རང་དབང་ཐོབ་པ་དང་། །ཨོ་རྒྱན་ལ་སོགས་མངོན་ཤེས་ཅན། །རྣམས་ཀྱི་སྐུ་ཚེའི་ཚེ་ཚད་ཀྱང་། །ལུང་དུ་གསལ་བར་བསྟན་པ་ཡི། །རང་བྱུང་རྡོ་རྗེ་ལ་
སོགས་ཀྱང་། །དུས་མིན་བར་ཆད་དབང་གིས་འདས། །རང་རེ་ཉམས་ལེན་བྱེད་པ་ཡི། །ཚེ་ཚད་ཡི་དམ་ཆོས་སྐྱོང་གིས། །ལུང་དུ་བསྟན་ཡང་བློ་གཏད་དཀའ། །སྙིགས་དུས་བར་ཆད་རྐྱེན་ངན་རྒོད། །དེ་ཕྱིར་ང་ནི་བློ་སྣ་ཐུང་། །དེང་སང་ཆོས་པ་འགའ་ཞིག་གིས། །རྨི་ལམ་ལུང་བསྟན་བྱུང་བའི་ཕྱིར། །ད་རུང་མི་འཆི་ཟེར་ནས་ཀྱང་། །བློ་གཏད་རྣམ་གཡེང་ངང་ལ་འབྱམས། །དམ་ཆོས་ཚུལ་བཞིན་མི་བསྒྲུབ་པར། །བློ་སྣ་རིང་བར་གྱུར་པ་དེ། །བདུད་ཀྱི་བསླུ་བྲིད་ཡིན་དོགས་མཆིས། །དེ་ཕྱིར་འདི་འདྲའི་རྨི་ལྟས་ལ། །བདག་ནི་བློ་གཏད་མ་བྱས་པར། །ཉམས་ལེན་བརྩོན་འགྲུས་བྱེད་སྙིང་འདོད། །མཉམ་མེད་དྭགས་པོ་ལྷ་རྗེ་ལ། །ལོ་རེ་བཞིན་དུ་མགོན་པོ་ཡིས། །སྐུ་ཚེ་ཐུང་བར་ལུང་བསྟན་པས། །ཉམས་ལེན་གྲུབ་པ་མྱུར་དུ་ཐོབ། །སྐུ་ཚེ་ལོ་གཉིས་ལས་མེད་པར། །སྒྲོལ་དཀར་བསྒྲུབས་པས་སྐུ་ཚེ་རིང་། །དེ་ཡང་ཡེ་ཤེས་མགོན་པོ་ཡི། །ཐབས་ཀྱིས་བོགས་འདོན་ཡིན་པར་གོ །ཚེ་ཐུང་བར་ཆད་མང་ན་ཡང་། །རྩེ་གཅིག་བསྒྲུབས་པའི་བྱིན་རླབས་ཀྱིས། །ཉམས་རྟོགས་མཐར་ཕྱིན་ཚེ་རིང་བ། །བྱུང་ན་
དངོས་གྲུབ་གཉིས་ཀ་ལགས། །ད་རུང་ལོང་ཡོད་རྗེས་སོར་དུ། །སྒྲུབ་པ་ཉམས་ལེན་བྱེད་ཆོག་གིས། །རེ་ཞིག་གདུལ་བྱ་རྣམ་གཡེང་སོགས། །བྱ་འོ་སྙམ་མོ་བར་ཆད་ཀྱིས། །ཤི་ན་བར་ཆད་ཆེན་པོར་གདའ། །དེ་ཕྱིར་རང་གིས་གང་ཤེས་ཀྱི། །ཉམས་ལེན་འཕྲལ་འཕྲལ་གང་བསྒྲུབ་བྱ། །འཆི་བ་ངེས་པར་དྲན་པ་དང་། །བློ་སེམས་ཆོས་ལ་སོང་བ་ན། །ཐ་མལ་སྐྱེ་བོ་ཡིན་ན་ཡང་། །མ་ཎི་གདན་གཅིག་ངག་བཅད་དང་། །ཕྱག་དང་བསྐོར་བ་ལ་སོགས་པ། །དམ་ཆོས་ཤུགས་ལ་འགྲུབ་པར་གདའ། །སྙིང་ལ་དུག་མདའ་ཕོག་པའི་མི། །ཡུད་ཙམ་ཡུད་ཙམ་འདུག་སྲིད་ཀྱི། །ཐར་བའི་ཐབས་ནི་མེད་པ་ལྟར། །ངེད་རང་མི་ལུས་ཐོབ་ཕྱི་ནས། །ཡུད་ཙམ་རིང་དང་ཐུང་སྲིད་ཀྱང་། །མི་འཆི་ཐར་ཐབས་མེད་ངེས་པས། །འཆི་གྲབ་འདི་ལ་ཐམས་ཅད་ཀྱིས། །བློ་གཏད་མཛད་ན་རང་དོན་ཡིན། །རང་གིས་རང་ལ་སྙིང་རྗེ་ལྟོས། །མཐོན་པོ་དམའུ་ཁྱད་མེད་འཆི། །ཕྱུག་པོ་དབུལ་པོ་ཁྱད་མེད་འཆི། །སྐྱེ་འབྲས་ཡག་བཙོག་ཁྱད་མེད་འཆི། །སྟོབས་ཆེན་ཉམ་ཆུང་ཁྱད་མེད་འཆི། །དམག་དང་དཔུང་གིས་བཀག་མི་ཐུབ། །མགོ་དཔོན་བཙན་
ཡང་ཁེབས་ས་མེད། །སྨྲ་བརྗོད་མཁས་ཀྱང་གཏམ་ས་མེད། །རྒྱུ་ནོར་ཕྱུགས་ཀྱང་བསླུ་ས་མེད། །མི་ཙ་འཁོར་འདབ་མང་ན་ཡང་། །ཚབ་འགའ་བཏང་ཡང་ཆོག་པ་མེད། །ཟུག་གཟེར་འབྱུང་བའི་ཐིམ་ཤུགས་དང་། །འཁྲུལ་སྣང་འཇིགས་སྐྲག་དུ་མ་རྣམས། །ཉེ་དུ་གཉེན་བཤེས་མང་ན་ཡང་། །སྒོ་བཤའ་བྱེད་ནས་ཁུར་ཐབས་མེད། །སྙིང་བརྩེའི་གྲོགས་དང་འཁོར་མང་ཡང་། །གཅིག་ཙམ་རོགས་སུ་ཁྲིད་ས་མེད། །རང་ཉིད་གཅིག་པུར་འགྲོ་དགོས་ཏེ། །ལོངས་སྤྱོད་རྒྱ་མཚོ་ཙམ་ཡོད་ཀྱང་། །ཞག་བརྒྱགས་ཙམ་ཞིག་ཁྱེར་དབང་མེད། །ད་ལྟ་གཅེས་ཤིང་འཕང་བ་ཡི། །བེམ་སྒོག་འདི་ཡང་སྐྱུར་དགོས་ན། །ཉེ་དུ་གཞན་དག་སྨོས་ཅི་དགོས། །ཕུང་པོ་ཀུན་གྱིས་སྐྱུག་བྲོ་བལྟ་། །བྱ་ཁྱིས་ཟའམ་འབུ་ཡིས་གཡེང་། །རུས་པ་བྱ་ཁྱིས་ཀུན་ཏུ་ཁྱེར། །མེ་ལ་བསྲེགས་ན་ཐལ་བ་ཡང་། །རིམ་པར་རླུང་གིས་རྗེས་མེད་གཏོར། །ཁོ་ཤི་མོ་ཤི་ཟེར་བ་ལ་ཡིས། །གཏམ་ཞིག་མ་གཏོགས་ཅི་ཡང་མེད། །ཚེ་འདིའི་སྐྱིད་སྡུག་ཐམས་ཅད་ནི། །ནུབ་གཅིག་གཉིད་པའི་རྨི་ལམ་འདྲ། །རྣམ་ཤེས་བར་དོའི་འཕྲང་ལ་འགྲིམ། །ཆ་མེད་
ཡུལ་དུ་རྒྱུས་མེད་མི། །གྲོགས་མེད་གཅིག་པུར་འགྲོ་དགོས་པས། །འདི་ལ་བསམ་ན་སྐྱོ་བ་ལ། །དམ་པའི་ཆོས་ཤིག་མ་གཏོགས་པ། །ཅིས་ཀྱང་ཕན་པ་མི་གདའ་བས། །ཅིས་ཀྱང་དགོས་པ་མི་གདའ་ན། །གཏམ་གྱི་བཟང་ངན་ཐམས་ཅད་ཀྱང་། །དེ་ཡི་རྗེས་སུ་མི་འབྲང་བས། །སྙན་གྲགས་དགོས་པ་མི་གདའ་ན། །དགེ་སྡིག་ལུས་དང་གྲིབ་མ་བཞིན། །གར་སྐྱེ་དེ་ཉིད་དབང་བཙན་པས། །ད་ལྟ་རང་དོན་ཚགས་སུ་ཚུད། །དེ་སྐད་ཉམས་ལ་ཤར་ནས་བྲིས། །མི་རྟག་བསྒོམ་པའི་གླུ་ཆུང་འདི། །ཀུན་གྱིས་སྙན་ལ་ཐོས་པར་ཤོག །ཅེས་པ་བླ་མ་ཞིག་གིས་ང་ལོ་དྲུག་ཅུ་བར་མི་འཆི་དེ་ནས་འཆི་གསུངས་དེ་ལ་དྲན་ནས་བྲིས་སོ།། ༈ །།ན་མོ་ཤཱཀྱ་མུ་ན་ཡེ། བདེན་གྲུབ་བདེན་པར་གསུངས་པ་པོ་།ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །ཤཱཀྱའི་གཙོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བདེ་སྡུག་ལེགས་ཉེས་དང་། །ནད་མེད་བདེ་དང་ནད་མང་དང་། །ཕྱུག་དབུལ་དར་རྒུད་ཆུས་ཆེ་ཆུང་། །མི་འདྲ་སྣ་ཚོགས་འབྱུང་བ་འདི། །འཇིག་རྟེན་སྐྱེ་བོ་ཕལ་པ་རྣམས། །དེ་ཡི་རྒྱུ་མཚན་མི་ཤེས་པས། །སྲིད་པས་བཞག་པ་མིན་པ་སྟེ། །
གནམ་གྱི་བསྐོས་བཞག་ཡིན་ནོ་ཞེས། །སྲིད་པ་དེ་ཉིད་སུས་བྱས་ན། །ལ་ལས་ས་ཡིས་བྱས་སོ་སྐད། །ལ་ལས་སྲིད་པའི་ཕ་མ་ནི། །རྒན་རྒོན་གཉིས་དང་བསྣོག་ལི་མས། །བྱས་པ་ཡིན་ཞེས་བཅོས་ཐབས་མེད། །འཐའ་འཁོབ་ཡུལ་གྱི་སྐྱེ་བོ་རྣམས། །སྐྱིད་སྡུག་གནམ་གྱིས་བྱས་པའི་ཕྱིར། །གནམ་ལྷ་མཆོད་ན་ཕན་ཞེས་མཆོད། །གནམ་ལྷ་གཉེན་ཞེས་ལྷར་བཟུང་ནས། །མནའ་སྐྱེལ་གནམ་ལ་མཛུབ་གུ་བཙུགས། །མུ་སྟེགས་ནག་པོ་རྒྱང་འཕེན་པས། །ཚེ་འདིའི་སྐྱིད་སྡུག་ལྷ་ཡིས་བྱེད། །དེ་ཕྱིར་མ་ཧཱ་དེ་ཝ་མཆོད། །ཕྱི་མ་མི་ཤི་ཡུ་མེད་དེ། །རྩིགས་པ་འགྱེལ་བའི་ལོགས་བྲིས་ལྟར། །ལུས་ཞིག་ཐལ་བ་བཞིན་དུ་འགྲོ། །སེམས་ནི་ནམ་མཁའི་བག་ལ་ཞ། །སྐྱེ་བ་ལེན་རྒྱུ་མི་སྲིད་པས། །མ་ཤི་བར་དུ་ཅི་དགར་སྤྱོད། །ཟེར་ནས་དུག་ལྔ་འབྱོལ་ཉོལ་སྤྱོད། །དེ་ཡིས་འཁྲུལ་པ་སེལ་བའི་ཕྱིར། །ཙནྡྲ་གོ་མི་ལ་སོགས་ཀྱིས། །ཁ་ཆད་སྤར་ཡུལ་ནས་སྐུ་སྐྱེ་བཞེས། །དེ་བཞིན་ད་ལྟ་བླ་མ་རྣམས། །སྐུ་སྐྱེ་གསལ་པོ་འབྱོན་པ་འདིས། །སྐྱེ་བ་ལེན་རྒྱུ་ཡོད་པར་ངེས། །མུ་སྟེགས་དབང་ཕྱུག་པ་ཡི་ལུགས། །སྐྱེ་བ་འདི་དང་
ཕྱི་མ་ལ། །སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ནི། །སྲིད་པའི་བདག་པོ་ཡིན་པའི་ཕྱིར། །ལྷ་ཆེན་དབང་ཕྱུག་ཆེན་པོས་བྱས། །དེ་ཕྱིར་དབང་ཕྱུག་མཆོད་དགོས་ཤིང་། །དེ་ཡང་ཤ་ཁྲག་དྲོན་མོ་ལ། །མཉེས་ཟེར་མི་ནོར་མང་པོ་རྣམས། །བསད་ནས་ཤ་ཁྲག་དམར་མཆོད་བྱེད། །ཕན་པར་འདོད་ནས་གནོད་པ་བསྒྲུབ། །དེ་ཕྱིར་མུ་སྟེགས་སྙིང་རེ་རྗེ། །གཞན་ཡང་མུ་སྟེགས་ལ་ལ་ཡིས། །འཇིག་རྟེན་ལེགས་ཉེས་དར་རྒུད་ནི། །ངོ་བོ་ཉིད་ཀྱི་རྒྱུ་ལས་བྱུང་། །སུས་ཀྱང་མ་བྱས་རང་བྱུང་ཡིན། །ཆུ་ནི་ཐུར་ལ་འབབས་པ་དང་། །སྲན་མ་རིལ་བུར་བསྒྲིལ་བ་དང་། །ཚེར་མ་ཁ་སོ་རྣོ་བ་ལྟར། །རྒྱུ་མེད་རྐྱེན་མེད་རང་བྱུང་ཡིན། །འོན་ཀྱང་ལྷ་ལ་མཆོད་པ་ན། །བདེ་ལེགས་དངོས་གྲུབ་འགྲུབ་ཟེར་ནས། །དབང་ཕྱུག་ཚངས་པ་དྲག་པོ་སོགས། །འཇིག་རྟེན་ལྷ་ལ་མཆོད་པ་བྱེད། །རྒྱུ་འབྲས་ཆོས་ལ་ལོག་པར་ལྟ། །ལས་ངན་བསྒྲིབས་པས་སྙིང་རྗེའི་གནས། །ཤཱཀ་ཐུབ་ལ་སོགས་སངས་རྒྱས་ཀུན། །གཤེན་རབ་ཡན་ཆད་གསུང་མཐུན་པར། །སྣོད་ཀྱི་འཇིག་རྟེན་ལེགས་ཉེས་ཀུན། །སེམས་ཅན་སྤྱི་མཐུན་ལས་ཀྱིས་གྲུབ། །ནང་བཅུད་འགྲོ་བའི་
བདེ་སྡུག་ཀུན། །རང་རང་སྔོན་བྱས་ལས་འབྲས་ཡིན། །དེ་དོན་བདེན་བཞིའི་ཆོས་འཁོར་བསྐོར། །རྒྱུ་དང་འབྲས་བུའི་ཆོས་གསུངས་པས། །འཇིག་རྟེན་ལྷ་མི་བདེ་ལ་བཀོད། །དེ་ཕྱིར་སངས་རྒྱས་བཀའ་དྲིན་ཆེ། །ལོང་བ་ལ་ནི་མིག་བྱིན་འདྲ། །དཔེར་ན་ས་བོན་གང་བཏབ་པ། །འབྲས་བུ་དེ་ཉིད་སྐྱེ་བ་ལྟར། །སེམས་ཅན་ཀུན་གཞི་ཞིང་ས་ལ། །ས་བོན་དགེ་སྡིག་གང་བཏབ་པ། །འབྲས་བུ་བདེ་སྡུག་སོ་སོར་སྨིན། །བྱས་པའི་ལས་འབྲས་ཆུད་མི་ཟ། །མ་བྱས་པ་དང་འཕྲད་མི་སྲིད། །རང་གིས་གང་བྱས་རང་ལ་སྨིན། །གཞན་བྱས་རང་ལ་སྨིན་མི་སྲིད། །བསྐལ་པ་བྱེ་བ་དུ་མར་ཡང་། །མེད་པར་མི་འགྱུར་ནམ་ཞིག་སྨིན། །ལས་ལ་རྣམ་པ་གསུམ་ཡིན་ཏེ། །མཐོང་ཆོས་མྱོང་གྱུར་ཞེས་བྱ་བ། །དགེ་སྡིག་འབྲས་བུ་ཚེ་འདི་ལ། །ངེས་པར་སྨིན་རྒྱུའི་ལས་དེ་ནི། །བཟང་པོ་བདེ་སྐྱིད་འབྱུང་རྒྱུ་ཡང་། །ནུས་མཐུ་ཅན་གྱིས་མཐུ་བྱས་ཀྱང་། །དེ་ལ་གནོད་པར་མི་ནུས་སོ། །ངན་པ་སྡུག་བསྔལ་འབྱུང་རྒྱུ་ཡང་། །སྲུང་བ་བརྒྱ་ཡིས་བསྲུང་མི་ཐུབ། །རིག་སྔགས་རྣམས་ཀྱིས་ཕན་ཡོན་སྐབས། །ལས་ཀྱི་རྣམ་སྨིན་མ་གཏོགས་
སོ། །གསུངས་པ་དེ་འདྲའི་ལས་ལ་དགོངས། །སྐྱེས་གནས་མྱོང་འགྱུར་ཞེས་བྱའི་ལས། །ཚེ་འདིར་བྱས་པའི་དགེ་སྡིག་ནི། །ཧ་ཅང་སྟོབས་ཆེན་མིན་པ་ལ། །ཆུང་ཆུང་ཡང་ནི་མིན་པ་རྣམས། །སྐྱེ་བ་འདི་དང་ཕྱི་མ་ལ། །མི་སྨིན་ཕྱི་མའི་རྒྱབ་རེས་སྨིན། །མ་ངེས་པ་ཡི་ལས་ཞེས་པ། །དགེ་དང་སྡིག་པ་ཕྲའུ་རྣམས། །ནམ་ཞིག་ངེས་པར་སྨིན་དགོས་ཀྱིས། །སྐྱེ་བ་འདི་དང་རྒྱབ་མ་དང་། །བསྐལ་པ་བརྒྱ་སྟོང་ཁྲི་ཕྲག་གིས། །དུས་བར་མི་སྨིན་ལུས་ཀྱང་སྲིད། །མེད་པར་མི་འགྱུར་ནམ་ཞིག་སྨིན། །བསྐལ་པ་གྲངས་མེད་སྔོན་མ་ནས། །དེ་འདྲའི་དགེ་སྡིག་ལས་འབྲས་ནི། །སྨིན་རྒྱུ་དཔག་ཏུ་མེད་པ་ཡོད། །དེ་འདྲའི་བདེ་སྐྱིད་ལས་འབྲས་ནི། །སྨིན་ལ་གཞན་གྱིས་བྱད་ཁ་དང་། །དགྲ་སོགས་རྣམས་ནི་མེད་པར་ནུས། །དེ་འདྲའི་བདེ་སྐྱིད་ལས་འབྲས་རྣམས། །སྨིན་ལ་ཁད་ལ་མི་སྨིན་པ། །འཇིག་རྟེན་ལྷ་དང་སྲུང་མ་ལ། །གསོལ་མཆོད་ལ་སོགས་བྱས་པ་ཡིས། །ལས་དེ་ཚུར་འཐེན་བདེ་སྐྱིད་འབྱུང་། །འཇིག་རྟེན་ལྷ་ཡི་དངོས་གྲུབ་ཀྱང་། །རང་གི་དགེ་བའི་ལས་འབྲས་རྣམས། །ཁོང་གིས་ཚུར་ལ་འཐེན་པ་ཙམ། །ཚེ་འདིར་མི་
དགེའི་ལས་དེ་འདྲ། །ན་ཚ་སྡུག་བསྔལ་འབྱུང་རྒྱུ་ལ། །རིམ་གྲོ་བསྲུངས་བ་བྱས་པ་ཡིས། །ལས་འབྲས་ངན་པ་ཕར་བཟློག་ནས། །འཕྲལ་དུ་ནད་གདོན་ཞི་བར་འགྱུར། །འཇིག་རྟེན་གསུམ་མགོན་རྡོ་རྗེའི་གསུང་། །ད་ལྟའི་ལས་འབྲས་ད་ལྟ་རུ། །སྨིན་པའང་ཡོད་ཅེས་གསུངས་པ་ནི། །ཞིང་ས་ཤིན་ཏུ་གཉེན་པའི་ཚད། །རྩ་བའི་བླ་མ་སློབ་དཔོན་ཕ་མ་དང་། །ས་བཅུའི་སེམས་དཔའ་ལ་སོགས་ལ། །བཀུར་སྟི་དཔག་མེད་བྱས་པའམ། །གནོད་པ་ཚབས་ཆེན་བྱས་པ་ནི། །ཞིང་ས་དེ་ཉིད་གཉེན་དྲགས་པས། །ཚེ་སྨད་ཕལ་ཆེར་སྨིན་སྲིད་དོ། །མི་དགེ་སྣ་ཚོགས་བྱས་བཞིན་དུ། །ཚེ་འདིར་ཇེ་སྐྱིད་ཇེ་ལེགས་སུ། །འགྲོ་བ་དགེ་བ་མཐའ་སྡུད་ལས། །ཚེ་རབས་དུ་མར་བསགས་པ་ཡི། །དགེ་བའི་རྩ་བ་ཅི་ཡོད་པ། །སྡིག་པའི་སྟོབས་ཀྱིས་ཚེ་འདིར་སྨིན། །དགེ་རྩའི་ལས་འབྲས་ཟད་པར་བྱས། །ཕྱི་མ་ནས་བཟུང་འཁོར་བའི་མཐར། །མནར་ཨཱ་མེད་དམྱལ་བར་གཏན་ཡུལ་བྱེད། །དེ་ནི་ཤིན་ཏུ་ངན་པ་སྟེ། །སྐྱེ་བོ་ཕལ་གྱིས་དེ་མི་ཤིས། །སྡིག་པ་བྱས་ན་ཕྲག་དོག་བསམ། །འདི་ཡང་ལོག་ལྟ་བདུད་ཀྱིས་བསླུས། །སྐྱ་
སེར་བུད་མེད་གང་ཡིན་ཀྱང་། །བློ་སེམས་ཆོས་ལ་གཏད་ནས་ནི། །ཚོགས་བསགས་སྒྲིབ་སྦྱངས་བྱས་བཞིན་དུ། །ནད་དང་སྡུག་བསྔལ་རྐྱེན་ངན་མང་། །ཆོས་ལ་བདེན་པ་མི་གདའ་ཞེས། །ལོག་ལྟ་གཤེ་སྐུར་བྱེད་པ་ནི། །དོན་མ་གོ་བའི་འཆལ་གཏམ་ཡིན། །དེ་ནི་སྡིག་པ་མཐའ་སྡུད་ལས། །སྡིག་སྒྲིབ་དག་རྟགས་ལས་སློང་སྟེ། །གྲངས་མེད་སྐལ་པ་དུ་མ་ནས། །བསགས་པའི་སྡིག་སྒྲིབ་མང་པོ་ཞིག །མ་འོངས་བསྐལ་པ་དུ་མ་རུ། །ངན་སོང་སྡུག་བསྔལ་མྱོང་རྒྱུ་རྣམས། །ད་རེས་ཆོས་ཀྱི་ནུས་པ་ཡིས། །ལུས་ཐོག་འདི་ལ་སྨིན་པ་སྟེ། །ཚ་དམྱལ་ལོ་སྟོང་མྱོང་རྒྱུ་ཡང་། །ད་རེས་ཚད་པ་ན་བ་ཙམ། །དེ་ཡི་སྡིག་དེ་ལྷག་མེད་དག །གྲང་དམྱལ་བསྐལ་པར་མྱོང་རྒྱུ་ཡང་། །ད་རེས་གྲང་བའི་ནད་གཞི་ཙམ། །ཡི་དྭགས་སྐྱེ་བ་ལོ་སྟོང་ཕྲག །ཆུ་ཐིགས་ཙམ་ཡང་མི་རག་རྒྱུ། །ད་རེས་གོད་ཁ་མང་བ་ཙམ། །ལྷ་མ་ཡིན་དུ་ལོང་སྟོང་ཕྲག །འཐབ་རྩོད་སྲོག་གཅོད་བྱེད་རྒྱུ་ཡང་། །ད་རེས་ཁ་མཆུ་ཆད་པ་ཙམ། །ཁྱི་ཕག་དུད་འགྲོ་ལ་སོགས་པ། །སྐྱེ་བ་ངན་པ་བརྒྱ་སྟོང་དུ། །སྐྱེ་རྒྱུའི་ལས་འབྲས་ངན་པ་རྣམས། །ད་རེས་མི་ཁ་འཕྱ་བཞེད་ཙམ། །
དེ་འདྲ་ལྷག་མེད་དག་ནས་ཀྱང་། །གཏན་བདེ་འགྲུབ་པའི་རྟགས་ཡིན་པས། །གྲུབ་ཐོབ་གོང་མ་ཐམས་ཅད་ཀྱིས། །ངན་སོང་གསུམ་སོགས་མི་ཁོམ་པའི།། གནས་སུ་སྐྱེ་བའི་ལས་སྒྲིབ་ཀུན། །ཚེ་འདིར་སྨིན་པའི་སྨོན་ལམ་མཛད། །འབྲོམ་སྟོན་ཕག་གྲུ་སྐྱོབ་པ་སོགས། །ཀླུ་ནད་མཛེ་ཡིས་ཟིན་ཚུལ་བསྟན། །རྒྱ་རས་རྒོད་ཚང་ལོ་རས་སོགས། །ཀླུ་ནད་ཤིག་ནད་ཡང་ཡང་སྐྱར། །དུས་མཁྱེན་གཟའ་ནད་བྱུང་ཚུལ་དང་། །རང་བྱུང་རྒྱལ་བར་ཐུགས་རླུང་སོགས། །བྱུང་བའི་རྣམ་ཐར་བསམ་བྱས་ལ། །ཆོས་བྱས་མི་དགེ་སྡུག་བསྔལ་ལ། །དགའ་བས་བཏང་ལེན་བསྒོམ་དགོས་ཤིང་། །དངོས་གྲུབ་སྒྲིབ་དག་རྟགས་སུ་བསྒོམ། །གལ་ཏེ་དགའ་བ་མ་སྐྱེས་ཀྱང་། །ཆོས་ལ་ལོག་ལྟ་མི་བྱ་བར། །སྣོད་བཀྲུས་དྲི་མ་ལྡང་བ་ལྟར། །ལས་སློང་རྟགས་སུ་ཤེས་བྱས་ལ། །སླར་ཡང་སྒྲིབ་སྦྱོང་ཐབས་སུ་འབད། །མི་དགེ་སྡིག་ལ་སྤྱོད་པ་འགའ། །བཀྲ་ཤིས་བདེ་ལེགས་འབྱུང་མཐོང་ཚེ། །ཡིད་སྨོན་མི་བྱ་སྙིང་རྗེ་བསྒོམ། །སྐྱེ་བ་འདི་དང་ཚེ་རབས་ཀུན། །མི་འདོད་སྡུག་བསྔལ་ཇི་སྙེད་པ། །སྡིག་པའི་འབྲས་བུར་ཐག་ཆོད་པས། །སྡུག་
བསྔལ་དེ་དག་མི་འདོད་ན། །སྡིག་པ་སྤང་ཞིང་བཤགས་པ་བྱ། །སྐྱེ་བ་འདི་དང་ཚེ་རབས་ཀུན། །བདེ་སྐྱིད་ལོངས་སྤྱོད་ཅི་བྱུང་བ། །དགེ་བའི་འབྲས་བུར་ངེས་པའི་ཕྱིར། བདེ་བ་འདོད་ཕྱིར་བསོད་ནམས་ཚོགས། །དགེ་བ་བསྒྲུབ་པ་གཏན་གྱིས་ནོར། །གཏན་གྱི་འདུན་མ་ཅི་འགྲུབ་བྱ། །དེ་ཡང་ཀུན་སློང་བསམ་པ་གཙོ། །ཞེ་སྡང་ཀུན་སློང་སྡིག་པའི་ལས། །གང་བྱས་དམྱལ་བར་སྐྱེ་བའི་རྒྱུ། །འདོད་ཆགས་ཀུན་བསླང་སྡིག་པའི་ལས། །གང་བསགས་ཡི་དྭགས་སྐྱེ་བའི་རྒྱུ། །གཏི་མུག་ཀུན་བསླང་སྡིག་པའི་ལས། །ཚེགང་བསགས་དུད་འགྲོའི་ལུས་སུ་སྐྱེ། །དགེ་སྡིག་ཆེ་ཆུང་ཁྱད་པར་གྱིས། །སྡིག་པ་ཚབས་ཆེན་དམྱལ་བ་སྟེ། །འབྲིང་གིས་ཡི་དྭགས་ཆུང་དུ་ཀྱང་། །དུད་འགྲོར་སྐྱེ་བའི་རྒྱུ་ཡིན་གསུངས། །སྲོག་བཅད་མ་བྱིན་ལེན་པ་དང་། །མི་ཚངས་སྤྱོད་དང་ལུས་ཀྱི་གསུམ། །རྫུན་དང་ཕྲ་མ་ཚིག་རྩུབ་དང་། །ངག་འཁྱལ་ངག་གི་མི་དགེ་བཞི། །བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ། །ཡིད་ཀྱིས་གསུམ་དང་མི་དགེ་བཅུ། །འདི་བཅུ་སྤངས་ཤིང་དེ་ལས་ལོག །དགེ་བ་བཅུ་ཞེས་རྒྱལ་བས་བསྔགས། །དགེ་དང་མི་དགེ་དེ་དག་ལ། །
རྣམ་པར་སྨིན་པའི་འབྲས་བུ་ནི། །མཐོ་རིས་ངན་སོང་སོ་སོར་སྨིན། །རྒྱུ་མཐུན་འབྲས་བུས་གར་སྐྱེས་ཀྱང་། །ལས་དེ་བསྒྲུབ་ལ་དགའ་བར་འགྱུར། །དབང་གི་འབྲས་བུས་དགེ་མི་དགེ །རིགས་མཐུན་བདེ་སྡུག་ཆ་མཐུན་ཏེ། །དཔེར་ན་སྲོག་གཅིག་བཅད་པ་ཡི། །རྣམ་སྨིན་དམྱལ་བར་སྐྱེ་བ་སྟེ། །དེ་ནས་ཐར་ནས་མིར་སྐྱེས་ན། །ཚེ་ཐུང་བ་རུ་འགྱུར་བ་དང་། །དབང་གི་འབྲས་བུས་མི་དེ་ཡི། །ལུས་ནི་ངན་ཞིང་མི་སྡུག་པ། །དེ་སོགས་སོ་སོར་གསུམ་རེ་གསུངས། །ཕར་ལ་སེམས་ཅན་གཅིག་བསད་པས། །ལན་གྲངས་སྟོང་ལ་གཅིག་ཆད་པར། །ཚུར་གསོད་སྲོག་གིས་ལན་ཆགས་ཏེ། །བཤགས་ཀྱང་མི་དག་མྱོང་དགོས་སོ། །དཔེར་ན་བཅོམ་ལྡན་ཤཱཀ་ཐུབ་ཀྱིས། །སྔོན་དུས་མི་ནག་མདུང་ཐུང་ཅན། །རྐང་པར་མདུང་བརྒྱབ་བསྒྲལ་བ་ཡིས། །ཞབས་ལ་སེང་སྡེང་ཚེར་མ་ཡིས། །སྐུ་ཚེའི་འདུ་བྱེད་བཏང་ཚུལ་བསྟན། །ཁྱད་པར་འཇིག་རྟེན་ལྟ་གསུམ་མགོན་གྱིས། །མི་དགེའི་རྒྱུ་ལ་སྤྱད་པ་ནི། །ས་བཅུ་པ་ཡང་ལྟུང་བར་གསུངས། །དེ་དོན་ཐབས་ཀྱིས་མ་ཟིན་པའི། །མི་དགེ་བ་ལ་དགོངས་པ་ཡིན། །ཐབས་ཀྱིས་
ཟིན་ལ་ངེས་པ་མེད། །དཔེར་ན་བཙན་དུག་ཟོས་ན་འཆི། །སྔགས་ཀྱིས་བཏབ་ན་མི་འཆི་དང་། །སྦྱོར་སྡེ་ཤེས་ན་ནད་ཀྱང་ཕན། །དེ་བཞིན་སྡིག་དང་ཉོན་མོངས་པ། །རང་གར་སྤྱད་ན་ངན་སོང་རྒྱུ། །སྟོབས་ཆེན་བྱང་ཆུབ་སེམས་བསྐྱེད་ཀྱིས། །རང་དོན་འཁྲི་བ་མ་ཞུགས་པར། །བསྟན་དང་འགྲོ་ལ་ཕན་མཐོང་ནས། །སྤྱད་ཀྱང་ཉེས་པ་མེད་པའི་སྟེང་། །བསོད་ནམས་ཐོབ་པའི་སྐབས་ཀྱང་མཆིས། །དཔེར་ན་ཕྱག་ན་རྡོ་རྗེ་ཡིས། །མུ་སྟེགས་དབང་ཕྱུག་ཆེན་པོ་དེ། །བསྒྲལ་མ་ཐག་ཏུ་དེ་ཡི་སེམས། །ཐལ་བའི་དབང་པོ་ཞེས་བྱ་བའི། །འོག་ཕྱོགས་འཇིག་རྟེན་ཁམས་སུ་ནི། །དེ་མ་ཐག་ཏུ་སངས་རྒྱས་ཐོབ། །དེ་བཞིན་བསྒྲལ་ཚད་སངས་རྒྱས་སར། །བཀོད་པར་ནུས་ན་ཅི་བསད་ཀྱང་། །འགྲོ་དོན་ཡིན་གྱིས་ལྟུང་བ་མིན། །རྒྱལ་བ་འབྲོམ་ལ་མི་གཅིག་གིས། །བུད་མེད་བརྒྱ་ཡི་བདག་བྱེད་ཅིང་། །འདུལ་ཁྲིམས་སྡོམ་པ་གཙང་བ་གཅིག །འདོད་ལགས་ཞུས་པས་འབྲོམ་སྟོན་གྱིས། །ཁྱོད་རང་བྱང་ཆུབ་སེམས་པ་ཡི། །ས་ཐོབ་པ་གཅིག་གྱིས་དང་ནི། །དེ་ལྟར་འདོད་ཀྱང་བྱེད་ཆོག་གསུངས། །རྩ་རླུང་རང་དབང་ཐོབ་པ་ཡིས། །མི་
ཚངས་སྤྱོད་ཀྱང་མི་འགལ་ཏེ། །སྡོམ་པ་མི་ཤོར་སུམ་ལྡན་གྱི། །དགེ་སློང་རྡོ་རྗེ་འཛིན་པར་ངེས། །དེ་བཞིན་གཞན་གྱིས་སྲོག་སྐྱབས་ཕྱིར། །རྫུན་སྨྲ་ལ་ཡང་ཉེས་མེད་གསུངས། །རང་འདོད་སྤུ་ཙམ་མེད་པ་ལ། །ཕ་རོལ་དེ་ཉིད་ཚོགས་རྫོགས་ཕྱིར། །རྐུས་འཕྲོག་ཆོས་ལ་བཏང་བ་ན། །དེ་ལའང་སྒྲིབ་པ་མེད་པར་གསུངས། །དེ་དག་ས་ཐོབ་སེམས་དཔའ་ཆེ། །གྲུབ་ཆེན་རྣམས་ཀྱི་སྤྱོད་པ་ལགས། །རང་རེ་ཐ་མལ་སོ་སྐྱེ་ཡིས། །དེ་འདྲ་བྱེད་པར་རློམ་པ་ནི། །སྟོང་ལྟས་རྒྱུ་འབྲས་ཁྱད་གསོད་པ། །རུ་ཏྲ་བདུད་ཀྱི་སྤྱོད་པ་སྟེ། །ཐར་མེད་དམྱལ་བའི་གཏིང་རྡོ་ཉིད། །འདི་རུ་མཐོན་པོའི་སྤྱོད་ཚུལ་དེ། །ཟུར་ཙམ་བཤད་པའི་དགོས་པ་ནི། །གཞན་ལ་གཤེ་སྐུར་སྤང་ཕྱིར་ཡིན། །རྐུན་མ་བྱང་ཆུབ་སེམས་དཔའ་གཉིས། །གར་ཡོད་མི་ཤིས་ཟེར་བའི་དཔེ། །གཞན་གྱི་སྤྱོད་པ་ལ་བཏགས་ན། །སྐུར་པ་འདེབས་པར་མི་བྱའོ། །ངག་འཁྱལ་ཚིག་གི་སྟ་རེ་དེ། །རང་གི་ཁ་ནས་བྱུང་ན་ནི། །རང་ལ་གཅོད་པའི་ཉེས་ཆེ་འོ། །ཁམས་གསུམ་སེམས་ཅན་བསད་པ་ལས། །བྱང་ཆུབ་སེམས་དཔའ་གཅིག་ལ་ནི། །སྐུར་འདེབས་གཅིག་
བྱས་ཐུ་བར་གསུངས། །ཟ་འཐུང་མེད་པའི་ཞལ་ལྕེ་ཞེས། །ཆོས་དང་གྲུབ་མཐའ་ལ་སོགས་ལ། །དག་དང་མ་དག་བཤགས་རལ་དང་། །རང་ལུགས་བཞག་དང་གཞན་ལུགས་བཀག །ཀུན་མཁྱེན་རྣམས་ཀྱི་སྤྱོད་ཡུལ་ལགས། །རང་རེ་ཕལ་པ་ཤེས་རབ་དང་། །རིག་པ་རྣོ་ཡང་སྨྲ་མི་རུང་། །ཆོས་ལ་ཆོས་མིན་སྨྲ་བ་དང་། །ཆོས་མིན་ཆོས་སུ་སྨྲ་བ་མཚུངས། །མཚམས་མེད་ལྔ་ལས་སྡིག་ཆེར་བཤད། །མཚམས་མེད་ལྔ་པོ་གང་ཞེ་ན། །ཕ་མ་སློབ་དཔོན་དགྲ་བཅོམ་བསད། །རྒྱལ་བ་དགྲོང་ངམ་དགྲོང་བར་ཤོམ། །དེ་དག་ཚེ་འདི་འཕོས་མ་ཐག །སྐྱེ་བ་གཞན་གྱི་བར་དོ་སོགས། །བར་མཚམས་མི་ཆོད་མནར་མེད་དུ། །ཆུ་ནང་རྡོ་འཕང་བཞིན་དུ་འགྲོ། །དེ་ཕྱིར་མཚམས་མེད་སྡིག་ཅེས་བྱ། །དགེ་བ་མཚམས་མེད་ཅེས་བྱ་བ། །དགེ་བ་རླབས་ཆེན་དཔག་མེད་བསྒྲུབ། །ཡང་ན་སྒོམ་ཆེན་མཐར་ཕྱིན་པ། །སྐྱེ་བ་གཞན་དང་བར་དོ་ཡི། །མཚམས་མི་ཆོད་པར་ཤི་མ་ཐག །དག་པའི་ཞིང་དུ་མདའ་འཕང་ལྟར། །འགྲོ་བ་དེ་ལའང་མཚམས་མེད་ཟེར། །དེང་སང་ནད་སོགས་བྱུང་བ་འདི། །ཚེ་སྔོན་བརྡུང་བཙོག་ལ་སོགས་པ། །རྒྱུ་ནི་
སྔོན་གྱི་ལས་འབྲས་ཡིན། །རྐྱེན་ནི་གདོན་གྱིས་སྣ་ཁྲིད་པས། །འབྲས་བུ་ནད་དུ་སྨིན་པ་སྟེ། །དེ་ཉིད་བཅོས་པའི་ཐབས་ལ་ནི། །རྒྱུ་ཡི་སྒྲིབ་པ་སྦྱངས་བའི་ཕྱིར། །བསོད་ནམས་དགེ་ཚོགས་འབད་པ་སྟེ། །ཆོས་འདོན་གཏོར་མ་བསྐང་གསོ་དང་། །ཚ་ཚ་ལ་སོགས་དགེ་ལ་འབད། །གདོན་ལ་གླུད་དང་ལུས་སྦྱིན་བྱ། །འབྱུང་བཞི་འཁྲུགས་པ་སྨན་གྱིས་བཅོས། །དེ་ཡིས་ཕལ་ཆེར་བདེ་བར་ངེས། །ཅིས་ཀྱང་ཕན་པར་མ་གྱུར་ན། །མཐོང་ཆོས་མྱོང་གྱུར་ལས་ཡིན་པས། །མ་ཕན་སྙམ་པའི་ལོག་ལྟ་སྤང་། །རྐྱེན་ངན་དགེ་བའི་བསྐུལ་མར་བསྒོམ། །མི་ཕན་འཆི་བར་གྱུར་པ་ལ། །དེ་ལ་རྣམ་པ་གསུམ་དུ་ཡོད། །ཚེ་ཟད་ལས་ཟད་བསོད་ནམས་ཟད། །གསུམ་ཀ་འཛོམས་ན་བཟློག་ཐབས་མེད། །ཚེ་ཟད་ཚེ་སྒྲུབ་ཚེ་དབང་ཞུ། །ཚེ་མདོ་ཚེ་གཟུངས་ཚེ་ཆོག་ཕན། །ལས་ཟད་འཆི་ངེས་སྲོག་ཀྱང་བསླུ། །ཚེ་ཐར་མང་པོ་ཚེ་འབར་གསོ། །དེ་ལྟའི་མ་ལས་འབྲས་ད་ལྟ་སྨིན། །ཚེ་ནི་བསྲིང་བར་ནུས་སོ་གཅིག །བསོད་ནམས་ཟད་པ་བསོད་ནམས་བསགས། །མང་ཇ་ཀློག་འདོན་འབུལ་བ་སོགས། །བྱས་པས་བསོད་ནམས་སྐྱེ་
བ་ཡིན། །གཞན་ཡང་རྟེན་འབྲེལ་འཆི་བསླུའི་རིགས། །མདོས་ཆོག་བརྒྱ་བཞི་ལ་སོགས་ཀྱིས། །ལོ་གསུམ་འཆི་བ་བཟློག་པར་གསུངས། །ལས་འབྲས་མི་བདེན་མ་ཡིན་ཏེ། །མ་ངེས་པ་ཡི་ལས་སྒྲིབ་རྣམས། །དགེ་བའི་ལས་ཀྱིས་དག་པའམ། །ཕྱིར་ལ་རེ་ཞིག་བཟློག་པ་ཡིན། །ཚེ་འདིར་དམ་ཚིག་ཆག་ཉམས་དང་། །དཀོར་ནི་མང་དུ་ཟོས་པ་ན། །སྒྲིབ་པ་འཐུག་ན་གནོད་མི་ནུས། །ཕྱི་མ་ངན་སོང་འཁོར་བར་འཕེན། །སྒྲིབ་པ་སྲབ་ན་ཚེ་འདི་ལ། །གཅོང་ནད་འབམ་དང་སྐྱིད་ཀྱུས་སོགས། །ལུས་ཐོག་འདི་ལ་སྦྱངས་བ་ཡིན། །དཀོར་སྒྲིབ་ཚེ་འདིར་སྨིན་པ་ལ། །སྒྲིབ་པ་ཆུང་རྟགས་བཟང་བ་ཡིན། །འཕྲལ་དུ་ཡིག་ཆ་མ་བལྟས་ཤིང་། །སྔར་དུས་མདོ་རྒྱུད་མང་ཐོས་པ། །ཚིག་ནི་བརྗེད་ཀྱང་དོན་མ་བརྗེད། །གནད་འགགས་ཡིད་ལ་གསལ་བ་རྣམས། །ཤིང་སྦྲུལ་གྲོ་ཞུན་བཅུ་གཉིས་ཉིན། །སྣག་ཚ་འགྲིམ་པོ་ཐོན་པའི་ཕྱིར། །མི་རྟག་པ་དང་ལས་འབྲས་ཀྱིས། །གླུ་ཆུང་འཕྲལ་དུ་གང་དྲན་བྲིས། །རྨོངས་པ་འགའ་ལ་ཕན་པར་ཤོག །ཅེས་པ་བླ་མ་ཆུང་བ་སོགས་གྲྭ་པ་འགའ་ལ་ནད་ཐུ་མོ་བྱུང་བས། བླ་མ་ཆོས་རྗེ་པ་གཅིག་གི་ཞལ་ནས་ཁྱེད་ཚང་རྒྱལ་པོའི་གསོལ་
ཁ་མང་པོ་བྱེད་པ་ཡིན་ནོ་གསུངས་སྐད། གྲྭ་པ་དགེ་སློང་གཅིག་གིས་ངེད་ཚང་རྒྱལ་པོའི་གསོལ་ཁ་མི་དར། སྐབས་སུ་རྒྱལ་མགྱོགས་བྱེད་པར་ཡོད་སྨྲས་པས། རྒྱལ་གསོལ་མང་བ་རེད་བསམ། ད་དཀོར་སྒྲིབ་ཡིན་ང་ལ་ན་ཉིང་མཛོ་ལྔ་དྲུག་ཕུལ་མི་བྱུང་བས་དེའུ་ཤི་གསུངས། ཟེར་བ་དྲན་ནས་བྲིས་པའོ། །ལས་འབྲས་ཀྱི་ཀླུ་ཆུང་འདི་ལ་ལེགས་པར་བརྟགས་ན་གོ་རྒྱུ་འགའ་རེ་ཡོད་དམ་སྙམ་མོ།། ༈ །།ན་མོ་སརྦ་ཛྙཱ་ན་ཡེ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །མངོན་ཤེས་དྲུག་ལྡན་ཐམས་ཅད་དང་། །སངས་རྒྱས་ནང་ནས་སངས་རྒྱས་མཆོག །མངོན་ཤེས་དྲུག་ཅུ་ལྡན་པ་ཡི། །ཨོ་རྒྱན་ཆེན་པོའི་ཞབས་ལ་འདུད། །མོའུ་འགལ་བུ་ལ་སོགས་པ་ཡི། །ལྷ་མིག་མངོན་ཤེས་ལྡན་རྣམས་ཀྱིས། །གསུངས་པའི་དམ་ཆོས་མངོན་པ་སོགས། །འཇིག་རྟེན་སྒྲོན་མེ་རྣམས་ལ་འདུད། །རང་རེ་ཐ་མལ་སོ་སྐྱེ་ཡིས། །ཆུ་བུར་མིག་གིས་འགའ་མི་མཐོང་། །དཔག་ཚད་གཅིག་ཙམ་ཚུན་ཆད་ཀྱི། །གདོས་བཅས་དངོས་པོ་རགས་རིམ་ཙམ། །དངོས་མེད་ཡུལ་ནི་མཐོང་བ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། །འཁོར་འདས་ཐམས་ཅད་ལམ་མེར་གཟིགས། །ཉན་ཐོས་རང་རྒྱལ་དགྲ་བཅོམ་རྣམས། །
ལྟ་བའི་འདུན་པ་བཏང་ན་གཟིགས། །ལྷ་མིག་དག་པས་ཕལ་གཅིག་མཐོང་། །དེ་ལ་སྟོང་གསུམ་ལ་སོགས་པའི། །སྣོད་ཀྱི་འཇིག་རྟེན་ཁམས་འདི་ནི། །ཐེག་པ་ཆེན་པོའི་ལུགས་ལ་ནི། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ལོངས་སྐུ་རྣམ་སྣང་གངས་ཆེན་མཚོའི། །ཕྱག་གི་སྤོས་ཆུའི་རྒྱ་མཚོ་ལ། །མེ་ཏོག་སྐྱེས་པའི་སྟེང་དུ་ཆགས། །དེ་ཕྱིར་འཕགས་པས་སྤྲུལ་པ་སྟེ། །འབྱུང་བ་ཆེན་པོ་ལྔ་པོ་ཡང་། །ཡུམ་ཆེན་ལྔ་ཡིས་ངོ་བོར་སྣང་། །ཐེག་པ་ཐུན་མོང་ལུགས་ལ་ནི། །སེམས་ཅན་སྤྱི་མཐུན་ལས་ལ་གྲུབ། །དེ་གཉིས་མི་འགལ་དོན་ལ་གཅིག །ཕྱི་རོལ་མུ་སྟེགས་ལུགས་ལ་ནི། །འཇིག་རྟེན་རི་རབ་གླིང་བཞི་སོགས། །ལྷ་ཆེན་དབང་ཕྱུག་ཆེན་པོས་བཟོས། །དེ་ཕྱིར་སྲིད་པའི་བདག་པོ་དང་། །འཇིག་རྟེན་དམྱེས་པོ་མིན་ནོ་ཟེར། །མཐོ་རིས་དང་ནི་ངན་སོང་དང་། །འགྲོ་བ་རིགས་ནི་དྲུག་ཅེས་གྲགས། །འགྲོ་དྲུག་གནས་སུ་མ་ཕྱིན་པའི། །སྲིད་པ་བར་དོའི་སེམས་ཅན་དང་། །དེ་ལས་གཞན་པ་མངོན་དགའ་སོགས། །དག་པའི་ཞིང་ཁམས་དཔག་མེད་ཡོད། །དགེ་སྡིག་ལས་ཀྱི་རྒྱུ་བྱས་ནས། །སྨོན་ལམ་ཅན་གྱིས་མཚམས་སྦྱར་
ནས། །སོ་སོའི་བདེ་སྡུག་མི་འདྲ་བ། །རྣམ་པ་སྣ་ཚོགས་མཚར་པོ་ཆེ། །སྡིག་པའི་ལས་ཀྱི་རྒྱུ་བྱས་ནས། །ཞེ་སྡང་ཅན་གྱི་མཚམས་སྦྱར་བས། །ཚ་དམྱལ་གྲང་དམྱལ་བཅོ་བརྒྱད་བཤད། །རྒྱ་གར་རྡོ་རྗེ་གདན་གྱི་འོག །དཔག་ཚད་སྟོང་ཕྲག་ཉི་ཤུ་ན། །མནར་མེད་དམྱལ་བའི་གནས་ཡོད་ཅིང་། །དེ་ཡི་སྟེང་ན་ཚ་དམྱལ་བརྒྱད། །མི་དཔེར་ན་ཁང་པའི་ཙག་བཞིན་ཡོད། །ཚ་དམྱལ་སྟེང་མ་ཡང་སོས་ཏེ། །སེམས་ཅན་དེ་དག་གཅིག་ལ་གཅིག །དགྲ་རུ་མཐོང་ནས་ལས་དབང་གིས། །ལག་ཏུ་གང་བཟུང་མཚོན་ཆར་གྱུར། །གཅིག་གིས་གཅིག་བསད་ཐམས་ཅད་འཆི། །དེ་ནས་རླུང་གཅིག་བྱུང་བ་དང་། །སོས་པར་གྱུར་ཅིག་ཟེར་པའི་སྒྲ། །གྲགས་པས་ཐམས་ཅད་སྔར་ལྟར་སོས། །ཡང་ནི་སྔོན་ལྟར་གསོ་རེས་བྱེད། །ཉིན་ཞག་རེ་ལ་ལན་སྟོང་འཆི། །དེང་སང་འཛམ་གླིང་མི་གཅིག་ལ། །མདུང་ནི་སུམ་བརྒྱ་དུས་རྒྱུན་དུ། །བརྒྱབ་པའི་སྡུག་ལྟ་བསྔལ་ཙམ་ཞིག་ཡོད། །ཚེ་ཚད་རང་ལོ་ལྔ་བརྒྱ་སྟེ། །མི་ལོ་བྱེ་བ་ཕྲག་དང་ནི། །སུམ་ཁྲི་ཉིས་སྟོང་ཡོད་པར་གསུངས། །འོག་མ་རིམ་བཞིན་སྡུག་བསྔལ་དང་། །ཚེ་ཚད་ཉི་
ཤུའི་འགྱུར་གྱི་ཆེ། །ལུས་ལ་ཐིག་བརྒྱབ་སྟ་རེ་དང་། །སོག་ལེས་གྲ་ཕྱིར་ཐིག་ནག་ཟེར། །ལྕགས་སྲེག་རི་གཉིས་འཐབ་པ་དང་། །ལྕགས་སྲེག་མཆིག་དང་རམ་ལེབ་ཀྱསི་། །བར་དུ་བཙིར་བ་བསྡུས་འཇོམས་སོ། །ནགས་མཐའ་ཐམས་ཅད་མེ་ཡིས་འཁོར། །ཚིག་ཅིང་ངུ་བས་ངུ་འབོད་དང་། །མེ་ཡིས་འཐུམས་ནས་ཤ་རུས་ཁོལ། །དུ་འབོད་ཆེན་པོ་བྱེད་པའོ། །ལྕགས་སྲེག་ཁ་ཊཾ་བཤང་ལམ་དང་། །རྐང་མཐིལ་གཉིས་ནས་བརྒྱབ་པ་ཡི། །སྤྱི་བོ་དང་ནི་ཕྲག་པར་ཕུད། །ཁ་རུ་ཁྲོ་ཆུ་ཁོལ་མ་བླུགས། །ནང་ཁྲོལ་ཚིག་ནས་ཕྱིར་བྱུང་དང་། །ལྕགས་སྲེག་སླ་ངར་ཡོས་ལྟར་བཀྲབ། །དེ་དག་ཚ་བའི་དམྱལ་བར་གྲགས། །ལྕགས་སྲེག་ཁང་པའི་ནང་དུ་ཚུད། །འོག་ཏུ་ཁྲོ་ཆུ་ཁོལ་མས་གང་། །ཕྱི་ནས་མེ་ཆེན་འབར་བས་ཚིག །རབ་ཏུ་ཚ་བའི་དམྱལ་བར་བཤད། །ལྕགས་ཟངས་ནང་དུ་ཁྲོ་ཆུ་བཀོལ། །དེ་ནང་རྒྱུན་དུ་བཙོ་བ་ནི། །མནར་མེད་དམྱལ་བ་ཆེན་པོའོ། །དེ་དག་རེ་རེའི་ཕྱོགས་བཞི་ན། །མེ་མ་མུར་རུའི་ཐང་ཆེན་བསྒྲོད། །རྩྭ་རྣམས་སྤུ་གྲིར་སྐྱེས་པའི་ཐང་། །བརྗོད་པས་རྐང་པ་གཅོད་ཅིང་སོབ། །རལ་གྲི་ལོ་མའི་
ནགས་ཚལ་གསེབ། །རླུང་གིས་བསྐྱོད་པས་རལ་གྲིས་ཆར། །མགོ་དང་རྐང་ལག་གཅོད་ཅིང་སོས། །ལྕགས་ཀྱི་ལྗོན་ཤིང་ལོ་མ་རྣམས། །ཤིན་ཏུ་རྣོ་ངར་མཚོན་ཆ་གཟེངས། །རྩེ་དེར་རང་ཉིད་དགའ་བ་ཡི། །སྐྱེས་ཡུལ་བུད་མེད་འདུག་མཐོང་ནས། །ཡར་ལ་འཛེགས་པས་ལུས་ཀུན་གཤགས། །རྩེར་ཕྱིན་དེ་ཉིད་གནམ་ལྕགས་ཀྱི། །བྱ་རུ་གྱུར་ནས་ཀླད་པ་འདོན། །ཡང་ཤིང་གི་རྩ་རུ་འདུག་པ་མཐོང་། །ཐུར་དུ་བབ་པས་སྨད་ཀུན་གཤགས། །རྩར་ཕྱིན་ཁྱི་རྒོད་སྲེ་བོར་གྱུར། །རྒྱུ་མ་འདྲེན་ཅིང་ཟ་བར་བྱེད། །དེ་ལྟར་ཡང་ནས་ཡང་དུ་བྱེད། །དེ་དག་ཉི་ཚེ་ཉེ་འཁོར་བ། །རྒྱ་གར་གྲོང་ཁྱེར་སེར་སྐྱའི་འོག །དཔག་ཚད་ལྔ་བརྒྱའི་ས་ན་ནི། །ཡི་དྭགས་གནས་ནི་ཡོད་པར་གསུངས། །ས་གཞི་བྱེ་ཚན་ཆུ་མེད་པར། །ལུས་ཆེ་ལྟོ་བ་ཡང་པ་ལ། །རྐང་ལག་ཕྲ་ཞིང་ཁ་ཆུང་བ། །ཟས་སྐོམ་ཡིད་ལ་བཏགས་ན་ཡང་། །ཅུང་ཟད་ཙམ་ཡང་མི་མྱོང་སྒྱུ་བ།ཕྱི་ཡི་སྒྲིབ་པ་ཅན་རྣམས་ནི།། །ཆུ་ནི་རྣག་ཁྲག་ཁྲོ་ཆུར་མཐོང་། །ལ་ལ་བཟའ་བཏུང་ལོངས་སྤྱོད་རྣམས། །ཡོད་ཀྱང་ཁྲོ་བོ་འཇིགས་རུང་པས། །བསྲུངས་ནས་ཟ་བའི་
དབང་མེད་པ། །ནང་གི་སྒྲིབ་པ་ཅན་ཞེས་བྱ། །ཅུང་ཟད་རྙེད་ཀྱང་ཁར་མི་ཤོང་། །སྐྱིད་པ་ཕྲ་བས་མི་ཐར་དང་། །ལྟོ་བ་ཆེ་བས་བརྒྱག་མི་ནུས། །ཅུང་ཟད་ཁོག་ཏུ་ཕྱིན་པ་དེ། །མེ་རུ་འབར་ནས་སྡུག་བསྔལ་བྱེད། །དེ་སོགས་སྡུག་བསྔལ་དཔག་མེད་དེ། །མི་ཡི་ཟླ་གཅིག་ཡི་དྭགས་ཀྱི། །ཞག་གཅིག་བརྩི་བའི་རང་ལོ་ཡང་། །ལྔ་བརྒྱ་ཚེ་ཡི་ཚད་དུ་གསུངས། །དམྱལ་བ་ཡི་དྭགས་ཁ་འཐོར་རིགས། །ཆུ་ཆེན་འགྲམ་དང་བྱང་སྟོང་སོགས། །མི་ཡུལ་ན་ཡང་ཡོད་པ་སྟེ། །རང་རེ་ཕལ་པས་མཐོང་བ་མེད། །འདྲེ་ཡི་རིགས་ནི་ཕལ་ཆེར་ཡང་། །མཁའ་ལ་རྒྱུ་བའི་ཡི་དྭགས་ཏེ། །ལྟོགས་སྐོམ་ཆེ་བས་སྲོག་དབུགས་ཟ། །སླར་ཡང་མནར་མེད་དམྱལ་བར་སྐྱེ། །གླིང་བར་མུན་ནག་རྒྱ་མཚོའི་ནང་། །དུད་འགྲོ་ཆུ་གནས་སྣ་ཚོགས་ཏེ། །ལྟོགས་སྐོམ་བླུན་རྨོངས་གཏི་མུག་པས། །རང་ལུས་རང་གི་ཟ་བྱེད་དེ། །ཚ་ན་བྱུང་ཡང་ཟོས་པ་ཡིས། །དོན་དུ་ཚ་ན་བྱུང་མི་ཤེས། །ཆེ་བས་ཆུང་བ་ཇུར་མིད་བྱེད། །ཆུང་བས་ཆེ་བ་ཕུག་ཅིང་སྒྱུར། །ཀླུ་རྣམས་བྱེ་ཚན་ཆར་པས་ཚིག །ཀླུ་རིགས་དཀར་ནག་འཁྲུག་ཅིང་རྩོད། །ཁྱུང་གིས་འཚེ་དང་ནད་ཀྱིས་ཟིན། །
ལོངས་སྤྱོད་ཆེ་ཡང་སྡུག་བསྔལ་མང་། །དུད་འགྲོ་ཁ་འཐོར་མི་ཡུལ་དུ། །ཡོད་པ་རྣམས་ནི་བལྟས་པས་ཤེས། །ཚེ་ནི་རིང་ཤོས་སྐལ་པར་གནས། །ཐུང་ཤོས་ཞག་རེར་འཆི་བ་ཡོད། །དེ་ལྟར་ངན་སོང་སྡུག་བསྔལ་རྣམས། །བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། །མོའུ་འགལ་སོགས་དངོས་སུ་ནི། །བྱོན་ནས་གསལ་པོར་གཟིགས་པ་དང་། །ཤ་བ་རི་སོགས་གྲུབ་ཐོབ་འགའི། །ལྷ་མིན་དག་པའི་སྤྱན་གྱིས་གཟིགས། །ཀུ་སུ་ལུ་དང་ཉག་ཕྲུག་སོགས། །འདས་ཚུལ་བསྟན་ནས་གཟིགས་པ་ཡི། །ལོ་རྒྱུས་རྣམས་ལ་ཡིད་ཆེས་བྱ། །དེ་ལྟར་རང་རང་འཁྲུལ་སྣང་ལས། །དངོས་སུ་གྲུབ་པ་མེད་ཟེར་བ། །ངེས་པའི་དོན་ལ་དེ་ཡིན་ཀྱང་། །ངེས་པའི་དོན་དེ་མ་རྟོགས་ན། །དེ་རུ་སྐྱེས་པ་ཐམས་ཅད་ལ། །གདོས་བཅས་དངོས་སུ་གྲུབ་པ་ཡོད། །དཔེར་ན་ད་ལྟ་མི་རྣམས་ལ། །སྐྱིད་སྡུག་སྣ་ཚོགས་འབྱུང་བ་འདི། །དོན་ལ་བདེན་པར་མ་གྲུབ་ཅིང་། །སྟོང་བསྒྱུ་ཉིད་ཆོས་སྐུ་ཉིད་ཡིན་ཀྱང་། །རང་རེས་དེ་ཉིད་མ་རྟོགས་ཕྱིར། །བདེ་སྡུག་བྱུང་ཚོར་དངོས་སུ་གདའ། །འདི་དང་འདྲ་བར་ཤེས་པར་བྱ། །དཔེར་ན་མེ་ནང་མཆོངས་ན་ཚིག །
ཆུ་ཆེན་ནང་དུ་མཆོངས་ན་ཁྱེར། །བྲག་རིའི་རྩེ་ནས་མཆོངས་ན་འཆི། །འདི་ཚོའང་བདེན་པར་མ་གྲུབ་སྟེ། །བདེན་མེད་སྒྱུ་མ་ལྟ་བུ་ཡི། །རྟོགས་པ་མངོན་དུ་གྱུར་པ་ན། །མེས་མི་ཚིག་དང་ཆུས་མི་འཁྱེར། །གཡང་ལ་མཆོངས་ཀྱང་བྱ་དང་འདྲ། །དེ་ཚོ་གྲུབ་ཐོབ་པ་རྣམས་ཡིན། །རང་རེ་རྣམས་ལ་དངོས་སུ་གནོད། །དེ་བཞིན་ངན་སོང་སྡུག་བསྔལ་ཡང་། །དེ་རུ་སྐྱེས་ན་དངོས་སུ་གནོད། །གནད་འདི་གོ་བ་གལ་ཆེ་སྟེ། །ལ་ལས་དམྱལ་བ་ཡི་དྭགས་སོགས། །རྨི་ལམ་ཡུལ་དང་འདྲ་ཟེར་ནས། །སྐྲག་འཇིགས་མེད་སྙམ་བྱེད་མཁན་གདའ། །དེ་བཞིན་ལྷ་མ་ཡིན་རྣམས་ཀྱང་། །བདེ་སྐྱིད་ལྷ་དང་ཆ་མཐུན་ཀྱང་། །ལྷ་ཡི་དཔལ་ལ་ཕྲག་དོག་པས། །སེམས་ལ་སྡུག་བསྔལ་ཆེན་པོ་ཡོད། །ལོ་རེ་ལྷ་དང་ལན་གཉིས་འཁྲུག །སྨྲས་པ་མུན་པའི་གླིང་དུ་འཕེན། །ཡུན་རིང་མི་འཆི་སྡུག་བསྔལ་ཆེ། །ལྷ་རྣམས་བདེ་སྐྱིད་ལོངས་སྤྱོད་ཆེ། །ཚེ་ཡང་རིང་པོ་ཐུབ་པ་སྟེ། །སྐྱིད་དགའ་རྩེ་འཇོའི་ངང་ལ་འབྱམས། །ཚེ་ཚད་རྫོགས་ནས་ནམ་མཁའ་ནས། །འཆི་བའི་ལུང་བསྟན་སྒྲ་ཞིག་གྲག །གོས་དང་མེ་ཏོག་རྒྱན་རྣམས་རྙིང་། །མཆན་ཁུང་རུལ་ནས་དྲི་
ངན་མནམ། །རྩེ་རོགས་ལྷ་ཡི་བུ་དང་ནི། །བུ་མོ་ཀུན་གྱིས་སྐྱུར་ནས་འབྲོས། །ཞག་བདུན་ནས་ནི་འཆི་བར་ཤེས། །ཤི་ནས་ཕྱི་མ་ངན་སོང་དུ། །སྐྱེ་བར་འགྱུར་བ་མིག་གིས་མཐོང་། །སྐྲག་ཅིང་སྡུག་ཀྱང་བྱ་ཐབས་མེད། །ལྷ་ཡི་ཞག་བདུན་མི་རྣམས་ཀྱིས། །ལོ་ནི་དྲུག་ཅུ་ཡིན་པ་ལ། །སྡུག་བསྔལ་མྱོང་ནས་ཤི་སྟེ་ལྟུང་། །མི་ཡི་སྐྱེ་རྒས་ན་འཆི་སོགས། །དངོས་སུ་མཐོང་ལྟར་བཤད་མི་དགོས། །ངན་སོང་གསུམ་གྱི་སྡུག་བསྔལ་ནི། །སྡུག་བསྔལ་གྱི་ནི་སྡུག་བསྔལ་ཏེ། །སྡུག་བསྔལ་མངོན་གྱུར་པ་ཞེས་བྱ། །ལྷ་དང་མི་དང་ལྷ་མ་ཡིན། །མཐོ་རིས་གནས་ཏེ་གནས་སྐབས་སུ། །བདེ་སྐྱིད་ཡོད་ཀྱང་མི་རྟག་པས། །སྡུག་བསྔལ་ཉིད་དུ་འགྱུར་འགྲོ་བས། །འགྱུར་བའི་སྡུག་བསྔལ་ཞེས་བྱ་ཡིན། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ཁྱབ་པ་འདུ་བྱེད་སྡུག་བསྔལ་ཡོད། །དེ་ནི་འཕགས་པ་མ་གཏོགས་པས། །ཕལ་པས་སྡུག་བསྔལ་ངོ་མི་་ཤེས་། །གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ནི། །རང་གྲུབ་རིན་ཆེན་གཞལ་ཡས་ཁང་། །ལུས་ཀྱང་ལོངས་སྤྱོད་རྫོགས་སྐུ་འདྲ། །བསྐལ་པ་མང་པོའི་ཚེ་ཐུབ་ཀྱང་། །ཚེ་ཚད་
རྫོགས་ནས་འོག་ཏུ་ལྟུང་། །གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། །ལུས་མེད་སེམས་ལ་འདུ་ཤེས་མེད། །བརྒྱལ་ལམ་གཉིད་འཐུག་ལྟ་བུ་རུ། །བདེ་སྡུག་ཚོར་བ་མེད་པ་རུ། །བསྐལ་པ་བརྒྱད་ཁྲིའི་བར་དུ་གནས། །དེ་ནས་དྲན་པ་རྙེད་པ་དང་། །སླར་ཡང་ངན་སོང་སོགས་སུ་ལྟུང་། །དེ་ལྟར་རིགས་དྲུག་གར་སྐྱེས་ཀྱང་། །བདེ་བའི་གོ་སྐབས་མི་གདའ་བས། །འཁོར་བའི་བདེ་ལ་འདོད་པ་སྤོངས། །ལྷ་ཡི་གཙོ་བོ་ཚངས་བརྒྱ་བྱིན། །མི་མཆོག་འཁོར་ལོས་སྒྱུར་རྒྱལ་ལའང་། །སྙིང་པོ་མེད་པའི་གནད་ཤེས་པས། །དེ་རུ་སྐྱེ་བའི་སྨོན་ལམ་ཡང་། །དལ་འབྱོར་མི་ལུས་ཐོབ་པར་ཤོག །ཟེར་བའང་དོན་ལ་སྨོན་ལམ་ལོག །དེས་ན་སྡུག་བསྔལ་ཐམས་ཅད་བྲལ། །གཏན་དུ་བདེ་ཞིང་སྐྱིད་པའི་ས། །སངས་རྒྱས་མྱུར་དུ་ཐོབ་པའི་ས། །དག་པའི་ཞིང་དུ་སྨོན་ལམ་ཐོབ། །དག་པའི་ཞིང་ཁམས་མང་ན་ཡང་། །མངོན་པར་དགའ་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་པ་ལ་སོགས་སུ། །ས་ཐོབ་མ་གཏོགས་སྐྱེ་མི་སྲིད། །འོག་མིན་གནས་དང་འཐུག་པོ་བཀོད། །ས་བརྒྱད་ཐོབ་པ་མ་གཏོགས་པ། །སྐྱེ་བའི་སྐལ་པ་མེད་པར་གསུངས། །དགའ་
ལྡན་ཟངས་མདོག་དཔལ་རི་སོགས། །སྐྱེ་བར་སླ་ཡང་ཕན་ཡོན་ཆུང་། །སྐྱེ་དང་འཆི་བའི་སྡུག་བསྔལ་ཡོད། །ཕྱིར་ལ་མི་ལྟུང་ཐག་ཆོད་མེད། །འོད་དཔག་མེད་ཀྱི་སྨོན་ལམ་གྱིས། །མཚམས་མེད་བྱས་དང་ཆོས་སྤངས་པ། །མ་གཏོགས་སྨོན་ལམ་བཏབ་པ་རྣམས། །སྐྱེ་སླ་སྡུག་བསྔལ་ཀུན་དང་བྲལ། །ཕྱིར་མི་ལྡོག་པའི་ངེས་པ་ཚེཅན། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་མེད། །ཚེ་ཚད་བསྐལ་པ་དཔག་མེད་ཐུབ། །དེ་བར་སངས་རྒྱས་དང་མི་འབྲལ། །དེ་ནས་ཚེ་དེ་བརྗེས་མ་ཐག །མངོན་པར་རྫོགས་པའི་སངས་རྒྱས་ཐོབ། །དེ་འདྲའི་ཞིང་ཁམས་བདེ་བ་ཅན། །དེ་རུ་དགེ་རྩ་ཐམས་ཅད་བསྔོས། །དེ་རུ་སྐྱེ་བའི་སྨོན་ལམ་ནི། །བཟང་སྤྱོད་བདེ་སྨོན་ཐུགས་དམ་བྱ། །དེ་རུ་སྐྱེ་བའི་ལྷ་དང་སྔགས། །ཐུགས་རྗེ་ཆེན་པོའི་ཡིག་དྲུག་བཟླས། །འཁོར་བའི་སྡུག་བསྔལ་འཇིགས་སུ་རུང་། །ཉན་རང་ཐོབ་ཀྱང་ཐེག་དམན་ཙམ། །སངས་རྒྱས་ཐོབ་པ་ཧ་ཐག་སྒྱུ་རིང་། །བདེ་ཆེན་ཞིང་དུ་སྐྱེ་བ་ལ། །ལམ་ཐག་ཉེ་དང་འཕྲལ་ཕུག་ཏུ། །ལེགས་པའི་ཐབས་གཞན་མི་གདའ་བས། །བསྔོ་བ་སྨོན་ལམ་དེ་ལྟར་བྱ། །རྟ་ཁ་སྲབ་ཀྱིས་བསྒྱུར་
བ་བཞིན། །སྨོན་ལམ་ཤིན་ཏུ་སྟོབས་ཆེའོ། །མདོ་རྒྱུད་མང་པོར་བལྟས་པ་ལས། །རྙེད་པའི་ཟབ་ཆོས་དམ་པ་འདི། །བདག་གིས་མན་ངག་མཆོག་ཏུ་སེམས། །དེ་སྐད་ཤིང་སྦྲལ་གྲོ་ཞུན་གྱིས། །བཅུ་གསུམ་སྔ་དྲོའི་ཆ་ལ་བྲིས། །ཞེས་པ་འདི་ནི་དགེ་བའི་བཤེས་གཉེན་རྣམས་ཀྱི་བསྔོ་བ་དུས། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་བར་གྱུར་ཅིག །ཅེས་སོགས་གསུངས་སྲོལ་གདའ་སྟེ། སྨོན་ལམ་དེ་ནི་ད་ལྟ་ངེད་རང་རྣམས་ཀྱིས་འགྲུབ་ནི་གདའ་སྟེ། གོ་ས་ཆེན་པོ་གཅིག་མི་ཆོད་པར་གདའ། ད་ལྟ་མི་ལུས་བླངས་ནས་བསྐལ་པ་ཡང་མར་འགྲིབ། ཚེ་ཡང་ཇེ་ཐུང་། བསྟན་པ་ཡང་ཇེ་འགྲིབ་འགྲིབ། ད་རེས་མ་ཞན་ཙམ་ཞིག་ལས་འོང་རྒྱུ་མེད་པས། སྨོན་ལམ་དེ་ཡང་གོ་ལོག་ནས་གདའ་བསམས་ནས་སྨྲས་པའོ། །མི་ལུས་ཐོབ་ནས་ཆོས་རྣལ་མར་བྱས་ན། ཚེ་གཅིག་ལ་སངས་རྒྱས་ཀྱང་འགྲུབ་པར་བཤད་ནི་གདའ་སྟེ། དེ་འདྲ་སྔར་ནས་མང་དུ་བྱུང་། དེ་ནི་ཉིན་སྐར་ཙམ་ལགས་སོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། གཏམ་ལ་བསྡུས་དོན་མེད་ན་འཆལ་པ་ཡིན། །བཤད་པའི་དོན་དེ་ལེགས་པར་མ་གོ་ན། །མདོ་རྒྱུད་ལུང་འདྲེན་མང་ཡང་ལུང་ཐོབ་ཙམ། །མིག་གིས་མངོན་སུམ་མཐོང་བར་མ་གྱུར་ན། །མང་པོ་བཤད་
ཀྱང་ཡིད་ཆེས་སྐྱེ་བ་དཀའ། །རང་གི་ངོ་ཤེས་མིང་ཡང་ཤེས་པ་ཡི། །མི་ནི་རྒས་གཞོན་དར་མ་དུ་ཙམ་ཤི། །རང་དང་ན་མཉམ་མི་ཡང་འགའ་རེ་ཤི། །དེ་ཚོ་བས་ལྷག་རང་ལ་གདེང་ཅི་ཡོད། །དེ་ལ་སོམ་དང་མི་རྟག་འཆི་བ་དྲན། །དབྱར་ཁའི་གྲོག་ཚང་རེ་རེའི་གྲོག་མ་དང་། །སྡེ་དཔོན་ཆེན་པོའི་དམག་མི་གང་དེ་མང་། །ལུང་པ་རེ་དང་ས་ཤོག་རེ་རེ་ལ། །མི་ནི་དུ་གདའ་འབུ་སྲིན་དུ་ཙམ་གདའ། །དེ་ལ་ལྟོས་དང་དལ་འབྱོར་རྙེད་དཀའ་གོ །མི་ལུས་ཐོབ་པ་འདྲ་འདྲ་ཡིན་པ་ལ། །སྐྱིད་སྡུག་ཕྱུག་དབུལ་མངའ་ཐང་མི་མཉམ་པ། །ལས་འབྲས་མིན་ན་ཅི་ཡི་ཕྱིར་མི་མཉམ། །ཕ་མ་གཅིག་པའི་སྤུན་ཟླ་འདྲ་འདྲ་ལ། །ཚེ་ཡི་རིང་ཐུང་ནད་ཀྱི་དཀོན་མོད་ལ། །ལྟོས་དང་རྒྱུ་འབྲས་བདེན་པ་དངོས་སུ་གསལ། །རི་དྭགས་གསོད་ལུགས་གཡུང་དྭགས་བཤའ་ལུས་འདི། །རང་གི་ཐོག་ཏུ་བབ་ན་ཅི་འདྲ་འོང་། །ཞག་རེ་འཁྱགས་དང་ལྟོགས་པ་བསྲན་དཀའ་ལྟ་ཞིང་། །མེ་རྟག་ཕོག་པ་ལག་པས་བྱབ་ལུགས་འདིས། །ངན་སོང་སྡུག་བསྔལ་བཟོད་དམ་བསམ་བློ་ཐོངས། །ཁྱི་རྒན་ཏིར་རྒན་ཟེར་དུས་ཀོ་ལོང་ལ། །དངོས་སུ་དེ་འདྲར་སྐྱེས་
བ་ཅི་བྱེད་ཨང་། །དེ་འདྲར་མི་སྐྱེ་ངེས་པའི་ལས་བྱས་སམ། །བླུན་གཏམ་འདྲ་བའི་ཚིགས་བཅད་ཡ་ཟུང་དེ། །གོ་ན་སྔོན་འགྲོ་བཞི་སྦྱོར་དོན་རྩ་འདུས། །མཁས་པ་རྣམས་ཀྱིས་བཞད་གད་གནས་ཡིན་ཀྱང་། །ཐ་མལ་མི་ནག་སྐྱེ་བོས་གོ་བར་སླ། །དེ་སྐད་རཱ་ག་ཨ་སྱས་བཅོས་གཏམ་སྨྲས། །ཞེས་པ་སྔར་ཞབས་དྲུང་རིན་པོ་ཆེའི་ཁྲིད་ཆེན་པོ་གཅིག་བཙུགས་སྐབས་སུ། མདོ་རྒྱུད་རྣམས་དང་གྲུབ་ཐོབ་རྣམས་ཀྱིས་གསུངས་པའི་ལུང་འདྲེན་ཟབ་ལ་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཀྱང་ཐ་མ་མི་ནག་ཕོ་མོ་རྣམས་ཀྱིས་དོན་མ་གོ་བར། ཕྱིས་དེ་སྐབས་ལྕི་ངོས་སུ་འབྲུག་པའི་རྟོགས་ལྡན་བསླབ་ཤེས་ཀྱི་སྐུ་ཡོན་རི་བོང་གི་རྭ་དང་མཚུངས་པ་གཅིག་གིས་ཁྲིད་ཆུང་ཞིག་བཙུགས་པས། ལུང་འདྲེན་མེད་པར་ཐོས་གཏམ་གང་དྲན་གསུངས་པས། མི་ནག་པ་རྣམས་ཀྱིས་དོན་གོ་སླ་བར་བྱུང་བས། ཆོས་དེ་ཞབས་དྲུང་ལས་འབྲུག་པ་ཟབ་བོ་ཞེས་མི་ནག་ལ་ལས་སྨྲས་ཟེར་བ་དྲན་ནས། ཆོས་འཆད་ལུགས་ནི་གཞུང་གང་ཡིན་གཅིག་ལ་མདོ་རྒྱུད་ཀུན་གྱིས་ལུང་རྒྱབ་དྲངས། བླ་མ་བརྒྱུད་པའི་མན་ངག་དང་རང་གི་ཉམས་མྱོང་དང་བསྟུན་ལ་ཞབས་དྲུང་རིན་པོ་ཆེས་གསུངས་པ་དེ་བཞིན་བྱེད་དགོས་པ་ཡིན་ལ། དོན་ཚང་ཡང་ལུང་འདྲེན་དང་ས་བཅད་མེད་པར་གྱ་ཚོམ་དུ་ཅི་དྲན་སྨྲ་བས་ཆོས་འཆད་པའི་མཚན་ཉིད་ག་ལ་ཚང་འོན་ཀྱང་ཐ་མལ་པ་རྣམས་ལ་དེ་དགའ་ཞིང་ཡོད་འདུག་སྙམ་ནས་བྲིས་སོ།། ༈ །།ན་མོ་རཏྣ་ཏྲ་
ཡཱ་ཡ། འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །ཐར་བར་བྱེད་པའི་སྐྱབས་གཅིག་དགོས། །བརྩེ་ཞིང་བྱམས་པའི་ཕ་མ་ཡི། །བསམ་པ་བཟང་ཡང་སྐྱབས་མི་ནུས། །སྡེ་བརྒྱད་ལྷ་ཀླུ་གཞི་བདག་སོགས། །མཐུ་རྩལ་ཆེ་ཡང་སྐྱབས་མི་ནུས། །ཚངས་པ་དབང་ཕྱུག་རྒྱལ་པོ་སོགས། །སྟོབས་དང་ལྡན་པས་སྐྱབས་མི་ནུས། །དེ་ཕྱིར་ད་རུང་ཁོ་རང་རྣམས། །འཁོར་བའི་འཇིགས་ལས་མ་གྲོལ་ཕྱིར། །སྐྱོན་ཀུན་སངས་ཏེ་ཡོན་ཏན་རྒྱས། །རྫོགས་སངས་རྒྱས་ནི་སྐྱབས་ཀྱི་མཆོག །དེས་གསུངས་ཆོས་ནི་དེ་ཡི་ལམ། །དགེ་འདུན་ལམ་དེ་བགྲོད་པའི་གྲོགས། །དཀོན་མཆོག་གསུམ་ལ་སྐྱབས་ཞུས་ཏེ། །དེ་ལ་ཐེག་པ་ཐུན་མོང་ལུགས། །མཛད་པ་བཅུ་གཉིས་སྟོན་པ་ཡི། །མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ། །དེས་གསུངས་ལུང་དང་རྟོགས་པའི་ཆོས། །ཉན་ཐོས་རང་རྒྱལ་དགྲ་བཅོམ་སོགས། །ཕྱིར་མི་ལྡོག་པའི་གང་ཟག་སྟེ། །དེ་དག་སྐྱབས་གནས་དཀོན་ཁྱུ་མཆོག་ཡིན། །སྐྱབས་སྡོམ་ཞུས་ནས་མ་ཤི་བར། །ལྷ་གཞན་སྟོན་པར་མི་འཛིན་ཅིང་། །འཇིག་རྟེན་ལྷ་ལ་སྐྱབས་མི་ཞུ། །དེ་སོགས་བསླབ་བྱ་དགུ་པོ་བསྲུང་། །ཐེག་པ་
ཆེན་པོའི་ལུགས་ལ་ནི། །སངས་རྒྱས་ཆོས་སྐུའི་ངོ་བོ་དང་། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །ཆོས་ནི་ཐེག་པ་ཆེན་པོ་ཡི། །བརྗོད་བྱའི་དོན་དང་རྗོད་བྱེད་ཚིག །ས་གནས་སེམས་དཔའ་དགེ་འདུན་མཆོག །བླ་མེད་སྔགས་ཀྱི་ལུགས་ལ་ནི། །དཀོན་མཆོག་རྩ་བའི་བླ་མ་སྟེ། །སངས་རྒྱས་ཐམས་ཅད་བླ་མའི་ཐུགས། །དམ་ཆོས་ཐམས་ཅད་བླ་མའི་གསུང་། །དགེ་འདུན་ཐམས་ཅད་བླ་མའི་སྐུ། །ཡི་དམ་བླ་མ་ཡོན་ཏན་ཏེ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནི། །བླ་མའི་ཕྲིན་ལས་རང་བཞིན་ཡིན། །གསང་སྔགས་རྙིང་མའི་ལུགས་ལ་ནི། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཕྱི་ཡི་དཀོན་མཆོག་གསུམ་ཡིན་ལ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །དེ་གསུམ་ནང་གི་དཀོན་མཆོག་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །དེ་ནི་གསང་བའི་དཀོན་མཆོག་གསུམ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དེ་ཁོ་ན་ཡི་དཀོན་མཆོག་གསུམ། །དབྱིངས་དང་ཐིག་ལེ་ལུ་གུ་རྒྱུད། །རྫོགས་ཆེན་ཨ་ཏི་དཀོན་མཆོག་གསུམ། །ཀུན་འདུས་ཨོ་རྒྱན་རིན་པོ་ཆེ། །མི་འབྲལ་སྤྱི་བོའི་རྒྱན་དུ་བཀོད། །ཅི་མཛད་ཁྱེད་ཤེས་བློ་སྙིང་
གཏད། །འདི་ནི་བཀའ་གཏེར་རྙིང་མའི་ལུགས། །སྐྱབས་འགྲོ་བྱེད་པ་ཐམས་ཅད་དེ། །སྐྱབས་སྡོམ་ཐོབ་པ་ཉུང་བར་གདའ། །དེ་ཕྱིར་སྐྱབས་སྡོམ་ཁྲོམ་ཆོས་བྱས། །ཅི་ཕྱིར་སྡོམ་པ་མ་ཐོབ་པས། །ཐོབ་ཅིང་སྔོན་དུ་ཐོབ་ན་ཡང་། །འཕེལ་བར་འགྱུར་ཞིང་ཉེས་སྐྱོན་མེད། །དེང་སང་སྐྱབས་གནས་ཞུ་ཟེར་བ། །སྐྱབས་སྡོམ་ཡིན་གྱིས་བྱིན་རླབས་དང་། །བཀའ་བསྒོ་བྱེད་འདི་མ་ཡིན་ནོ། །སྐྱབས་སྡོམ་ཐོབ་པ་མང་ན་ཡང་། །དེ་ཡི་བསླབ་པ་སྲུང་བ་དཀོན། །ཐ་མལ་སྐྱེ་བོ་ཅི་ཆ་ཡོད། །ཡོན་ཏན་མཁན་པོ་རྣམས་ཀྱིས་ཀྱང་། །ཆོས་སྐྱོང་བཀའ་སྲུང་འཇིག་རྟེན་པ། །དྲག་རྩལ་ཅན་གྱི་གཞི་བདག་ལ། །གསོལ་མཆོད་བརྩོན་པ་འདི་རྣམས་ཀྱང་། །དེ་ཡི་དོན་རྩ་མ་ཤེས་ན། །སྐྱབས་འགྲོའི་སྡོམ་པ་བཏང་ཉན་གདའ། །གསར་རྙིང་རྒྱུད་གཞུང་མན་ངག་ནས། །གཟའ་ཀླུ་སྡེ་བརྒྱད་དྲེགས་པ་ཅན། །འཇིག་རྟེན་སྲུང་མ་སྒྲུབ་ཐབས་དང་། །ལྟ་དབང་དང་བཀའ་གཏད་གསོལ་མཆོད་ཐབས། །དཔག་ཏུ་མེད་པ་གསུངས་པ་ནི། །སྐྱབས་གནས་ཡེ་ཤེས་ལྷ་གཅིག་གིས། །རྣལ་འབྱོར་ལྡན་པའི་སྔགས་འཆང་གིས།
འཇིག་རྟེན་པ་རྣམས་བྲན་གཡོག་དང་། །ཕོ་ཉ་ཡང་གཡོག་བཀོལ་བ་ཡིན། །དེ་ལ་སྐྱབས་སུ་འཛིན་པ་མིན། །གསོལ་མཆོད་ལ་སོགས་བྱེད་པ་ཡང་། །ཕ་ཁུ་སྤུན་ཟླ་ཤག་ཤེས་ལ། །འགྲུལ་གྲོ་བྱིན་པ་ལྟ་བུའམ། །གཡོག་ལ་ཟས་སྐོམ་སྦྱིན་ལྟར་ཡིན། །སྦྱོང་རྒྱུད་ཆ་གསུམ་ལ་སོགས་སྐབས། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གསུངས་པས་དད་པས་ཕྱག་འཚལ་མིན། །རང་ཉིད་ཡི་དམ་ཐུགས་ཀ་ནས། །སྤྲུལ་པའི་ལྷ་མོ་མང་སྤྲོས་ཏེ། །སོ་སོར་མཆོད་དང་ཕྱག་འཚལ་བས། །རང་གིས་ཕྱག་འཚལ་བ་ཡང་མིན། །དཔེར་ན་རྒྱལ་པོས་མགྲོན་བོས་པར། །འདྲེན་པའི་ཕྱག་བདེ་པ་རྣམས་ཀྱིས། །ཕྱག་གཡོག་གུས་འདུད་བྱས་ན་ཡང་། །རྒྱལ་པོས་བྱས་པ་མིན་དང་མཚུངས། །འཇིག་རྟེན་དྲེགས་པའི་ལྷ་སྲིན་ཡང་། །འཇིག་རྟེན་རང་རྒྱུད་དྲེགས་པ་དང་། །དེ་ཉིད་འདུལ་བྱེད་ཡེ་ཤེས་པ། །མིང་དང་ཆ་ལུགས་འདྲ་བ་སྟེ། །ཡོད་ཀྱང་གཅིག་པ་མ་ཡིན་ཏེ། །ཡེ་ཤེས་གཟའ་མཆོག་རཱ་ཧུ་ལ། །སངས་རྒྱས་རྣམ་པར་སྣང་མཛད་དང་། །ཕྱག་རྡོར་རྟ་མགྲིན་སྤྲུལ་པར་གསུངས། །དེ་ཡིས་འགྲོ་ལ་
གནོད་མི་སྲིད། །དེ་ཡི་དབང་སོགས་ཐོབ་ན་ནི། །རྒྱལ་པོའི་བཀའ་ལུང་ཐོབ་པ་ན། །འབངས་ཀྱིས་གནོད་པར་མི་ནུས་ལྟར། །གཟའ་ཡི་ནད་གདོན་ཞི་བར་གསུངས། །དེ་ཡང་སྐྱབས་སུ་མི་འཛིན་ཏེ། །སྤུན་དང་ཕ་ཁུའི་ཚུལ་ཙམ་བསྒོམས། །འཇིག་རྟེན་གཟའ་བདུད་རཱ་ཧུ་ལ། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ཞིག །རྒྱལ་པོས་ཆད་པས་གསོན་བསྲེགས་བྱས། །སྨོན་ལམ་ལོག་པས་འཇིག་རྟེན་ཕུང་། །སྦྱོར་ལམ་ཆོས་མཆོག་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་ཆད་ཀྱི། །སྲོག་དབུགས་འཕྲོག་པའི་བདུད་ཕོ་ཡིན། །གཟའ་ཡི་སྲུང་བ་ཟ་ཡིག་དང་། །མདོས་དང་འགྱོགས་དང་སྔགས་དམིགས་སོགས། །ཐམས་ཅད་འདི་ཉིད་སྲུང་ཐབས་ཡིན། །དེ་བཞིན་ཀླུ་བདུད་མགོ་དགུ་པ། །དེ་འདུལ་ཡེ་ཤེས་ཀླུ་བདུད་དེ། །ནཱ་ག་རཀྵ་ཆ་ལུགས་ཤིག །འཇིག་རྟེན་བརྟན་མ་བཅུ་གཉིས་དང་། །ཡེ་ཤེས་སྒྲོན་མ་བཅུ་གཉིས་ཡང་། །ཆ་ལུགས་གཅིག་ཀྱང་སོ་སོ་ཞེས། །བཀའ་གདམས་གླེགས་བམ་ལོ་རྒྱུས་གསལ། །དཀོན་མཆོག་གསུམ་ལ་སྐྱབས་ཞུས་ན། །ཚངས་པ་བརྒྱ་བྱིན་དབང་ཕྱུག་ལའང་། །སྐྱབས་སུ་འགྲོ་
བར་མི་རུང་ན། །འཇིག་རྟེན་ལྷ་གཞན་ལྟ་ཅི་སྨོས། །རྫོགས་སངས་རྒྱས་ཀྱི་དུས་རྟག་ཏུ། །ཉིན་མཚན་དུས་དྲུག་སེམས་ཅན་ཁམས། །ཀུན་ལ་ཕན་ཕྱིར་གཟིགས་པ་ཡིན། །ལྷ་གཞན་དེ་ལྟར་མ་ཡིན་ནོ། །རྫོགས་སངས་རྒྱས་ཀྱིས་སེམས་ཅན་ཀུན། །བུ་གཅིག་ལྟ་བུར་ཐུགས་བརྩེ་ལྡན། །ལྷ་གཞན་ཕན་གནོད་ཅི་ཡང་བྱེད། །ཧ་ཅང་བརྩེ་བ་མ་ཡིན་ནོ། །སངས་རྒྱས་སྟོབས་བཅུ་དབང་བཅུ་ལྡན། །ལས་དང་ཉོན་མོངས་སྡུག་བསྔལ་སྐྱོབ། །གཞན་གྱིས་དེ་ལྟར་སྐྱོབ་མི་ནུས། །ཆོས་དང་དགེ་འདུན་གཉིས་པོ་ཡང་། །རེ་ཞིག་གནས་སྐབས་སྐྱབས་དང་གྲོགས། །མཐར་ཐུག་སྐྱབས་གནས་སངས་རྒྱས་ཉིད། །ནད་གདོན་དགྲ་སོགས་འཇིགས་པ་ལ། །དཀོན་མཆོག་ཐུགས་རྗེ་ཨེ་འོང་ཞེས། །དེང་སངས་ཀུན་གྱིས་སྨྲ་ལགས་ཀྱང་། །དཀོན་མཆོག་ཐུགས་རྗེ་འོང་བ་ལ། །སྐྱབས་འགྲོའི་གནད་འགགས་ཤེས་པ་དང་། །ཁ་ཞེ་མེད་པའི་བློ་གཏད་ནི། །དཀོན་མཆོག་མིན་པ་མེད་པར་དགོས། །དེ་སྐད་རཱ་ག་ཨ་སྱ་ཡིས། །ཤིང་སྦྲུལ་གྲོ་ཞུན་བཅུ་གསུམ་ཉིན། །ཉིན་ཕྱེད་ཐུན་ལ་བྲིས་པའོ། །ཞེས་ན་ཉིང་སྨར་ཁམས་སུ་ས་ལུགས་ཀྱི་བླ་མ་ཆེན་པོ་ཞིག་ལ་གྲིབ་གཞིའི་སྙུན་
གཞི་ལྕི་མོ་གཅིག་བྱུང་ནས། བདག་ལ་དབང་ཞུར་བྱུང་ཡང་སྒར་འགྱོགས་པ་དང་ཐུགས་ཞིབ་ཆ་མ་བྱུང་། རྗེས་སོར་སྲུང་བའི་འཁོར་ལོ་ཟ་ཡིག་བསྐུར་ཆེད་བྱས་ནས་བསྐུར་ཙམ་ན། འབྲུག་ལུགས་ཀྱི་བླ་མ་ཆེན་པོ་གྲུབ་པའི་ས་ལ་བཞུགས་པ་ཞིག་གིས་གཟའ་ཡི་དབང་གནང་ནས། གཟའ་སྲུང་འཁོར་ལོ་བཏགས་ན་གཟའ་ལ་ཡ་བོ་བཟུང་བ་ཡིན་པས་མི་རུང་གསུངས། དེ་སྔ་བཏགས་མ་ཕོད་ཅི་བྱེད་ཨང་ཞེས་ཆ་ཕྲིན་བྱུང་། འབྲུག་པ་པདྨ་དཀར་པོའི་གསེར་ཡིག་པར་ན་གཟའི་སྐོར་ཡོད་ཚད་ནི་ལས་འབྲེལ་རྩལ་གྱི་གཏེར་མ་ཁོ་ན་རེད། དེའི་ལུགས་དང་རྙིང་མ་ཐམས་ཅད་ནས་གཟའ་ལ་ལྟ་ཅི་སྨོས། གཟའ་སྒྲུབ་དུས་ཡང་རང་སྲུང་འཁོར་ལོ་མ་བཏགས་ན། སྡིག་སྡུག་མའི་གཤེད་དུ་འབབ་གསུངས་པར་གདའ། ནད་པ་དེ་ཡང་བླ་མ་ཆེན་པོ་གཅིག་རེད། གཟའ་སྐྱབས་སུ་འཛིན་པ་མི་སྲིད་དམ། ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་མི་ཚོལ། གསུངས་པའི་སྡོམ་པ་དེ་ཡང་ཐུགས་ལ་མེད་དམ་སྙམ་ནས་བྲིས་སོ། །༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། ནམ་འཆི་ངེས་པ་མི་གདའ་ཞིང་། །ཤི་ནས་འདི་ལས་མ་ཞན་ཙམ། །ལུས་གཅིག་ལོན་ཐབས་གལ་སྐྱ་ཆེ་བས། །སྡོམ་པ་སྣ་གཅིག་མ་བསྲུངས་བར། །ལུས་བཟང་ཐོབ་ཐབས་མི་གདའ་བས། །ཁྱིམ་པ་མི་ནག་རྣམས་ལ་ཡང་། །བསྙེན་གནས་འདུལ་བ་ལས་གསུངས་དང་། །
མདོ་ནས་གསུངས་པའི་གདན་གཅིག་དང་། །བྱ་རྒྱུད་ནས་གསུངས་སྨྱུང་གནས་ཀྱི། །སྡོམ་ལུང་ཁྲོམ་ཆོས་བྱེད་པ་ལེགས། །ཅིའི་ཕྱིར་སྡོམ་པ་མ་ཐོབ་པར། །བསྲུངས་ཀྱང་སྡོམ་པར་མི་འགྱུར་རོ། །རང་རེ་རབ་ཏུ་བྱུང་བ་རྣམས། །སྡོམ་པ་ཞུ་དུས་ངེས་འབྱུང་གི །བསམ་པ་མེད་ན་ཚད་ལྡན་གྱིས། །སྡོམ་པ་སྐྱེ་བར་དཀའ་ན་ཡང་། །དང་པོ་གྱ་ཚོམ་ཞུས་ན་ཡང་། །ཕྱིས་ནས་བསམ་པ་སྐྱེས་པ་ན། །སོར་ཆུད་པ་ནི་འགྱུར་རོ་ཞེས། །བཤེས་གཉེན་དམ་པའི་ཞལ་ནས་ཐོས། །དགེ་བསྙེན་བསླབ་བྱ་ལྔ་པོ་དང་། །དགེ་ཚུལ་བཅུ་དང་དགེ་སློང་གི །ཁྲིམས་ནི་ཉིས་བརྒྱ་ལྔ་བཅུ་གསུམ། །ཤེས་པར་དཀའ་ཞིང་སྲུང་མཁན་དཀོན། །རྩ་བ་བཞི་པོ་མ་ཉམས་ཤིང་། །དགེ་བའི་བསམ་པ་མི་འདོར་བ། །དེང་སང་ཁྲིམས་ལྡན་གྲལ་འགྲོ་གསུངས། །འདུལ་ཁྲིམས་ཐམས་ཅད་ཧྲིལ་བསྡུས་ན། །གཞན་གནོད་གཞིར་བཅས་སྤང་ལ་འདུས། །ལུས་ངག་ཡིད་གསུམ་བག་ཡོད་པར། །བྱེད་ལ་ཐམས་ཅད་འདུས་པ་ཡིན། །རྩ་བ་བཞི་པོ་སྲོག་ལྟར་བསྲུང་། །ཡན་ལག་ཕྲ་ཞིབ་ཉམས་པ་ཡང་། །སྐྱོན་མེད་སྙམ་དུ་མི་རུང་སྟེ། །ཕྲ་མོ་རེ་རེས་ལྟུང་བས་
ཀྱང་། །བཤགས་སྡོམ་ཚད་དུ་མ་ཕྱིན་ན། །ལུས་ངན་རེ་རེ་ལེན་ངེས་པས། །དགེ་འདུན་སྡེ་དང་ཉེ་བ་ན། །གསོ་སྦྱོང་གྲ་རུ་འགྲོ་བ་གཅེས། །མ་འཛོམས་ན་ཡང་རང་ཉིད་ཀྱིས། །གསོ་སྦྱོང་བྱིན་རླབས་བྱ་བ་ཡིན། །རི་ཁྲོད་ལ་སོགས་གཅིག་པུ་ལ། །ཞི་གནས་གསོ་སྦྱོང་བྱ་བ་གཅེས། །ཉ་མཚམས་ཐུབ་པའི་དུས་ཆེན་དུས། །གནས་བཅུ་ཐུབ་དབང་སྐུ་བཤམས་ཤིང་། །མཎྜལ་སྤོས་སོགས་མཆོད་པ་བཤམས། །མ་འཛོམ་ཡིད་ཀྱིས་བསྒོམས་པས་འཐུས། །སྤྱན་འདྲེན་མཎྜལ་བསྟོད་པ་བྱ། །ཕྱག་འཚལ་ལྟུང་བཤགས་ལ་སོགས་འདོན། །ཉེས་ལྟུང་ཕྲ་མོ་མང་པོ་དག །བཤགས་པ་བྱ་བའི་འདུན་པ་ཡི། །ལུས་གནད་བཅས་ལ་ཞི་གནས་བསྒོམ། །ཤེས་ན་ཉམས་ལེན་ཐུན་གཅིག་སྐྱོང་། །མི་ཤེས་འདུས་བྱས་མི་རྟག་པ། །ཟག་བཅས་འཁོར་བའི་སྡུག་བསྔལ་དང་། །མྱ་ངན་འདས་པ་ཞི་བདེའི་ལམ། །དེ་དག་ཡིད་ལ་བསྒོམས་བྱས་རྗེས། །ཨ་ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཞེས་སོགས་བསྔོ་བ་སྨོན་ལམ་བྱ། །དེ་ནི་ཞི་གནས་གསོ་སྦྱོང་ཡིན། །དགེ་བ་གསོ་ཞིང་ལྟུང་བ་སྦྱོང་། །དེ་ནི་གསོ་སྦྱོང་མཚན་ཉིད་དོ། །
སྡོམ་པ་གཙང་བར་བསྲུང་བ་ན། །ཤི་ཡང་ཤི་བ་མ་ཡིན་ཏེ། །མི་ལུས་ལྷ་ལུས་གདམས་པས་ཆོག །སྡོམ་པ་ཤོར་ན་ཤི་ལས་ཐུ། །སྐྱེ་བ་འབུམ་ཕྲག་བཞི་བརྒྱའི་བར། །ལུས་ངན་ངན་སོང་ཁོ་ན་འགྲིམ། །ཚེ་འདིར་ཚུལ་ཁྲིམས་ལྡན་པའི་མི། །འཕགས་པ་རྣམས་ཀྱི་སྤྱན་ལ་མཛེས། །སྐྱེ་འགྲོ་ཀུན་གྱིས་བཀུར་བར་འགྱུར། །ཚུལ་ཁྲིམས་འཆལ་ན་ཀུན་གྱིས་སྨད། །བདེ་གཤེགས་བཀའ་འདས་དམ་ཉམས་ཏེ། །ཆོས་སྐྱོང་བསྟེན་ཡང་འཁོར་བ་མིན། །སངས་རྒྱས་བསྟན་པ་བཤིག་བྱས་པས། །བཀུག་གཞུགས་བྱས་ན་རང་ཉིད་བཀུག །མཐུ་དང་བཞེས་འབོད་གང་བྱས་པ། །རང་གིས་རང་ལ་བྱས་པར་འགྲོ། །འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་ནི་འགྲུབ་པ་མ་གསུངས་སོ། །ཞེས་གསུངས་དེ་ཕྱིར་སྔགས་བཟླས་ཀྱང་། །ནུས་པ་བྱིན་རླབས་མི་འབྱུང་ངོ་། །དེ་ཕྱིར་རྩ་བ་བཞི་པོ་དང་། །ཁྱད་པར་བོད་ཀྱི་སྡོམ་གཅིག་མ། །སྲོག་ལས་གཅེས་པར་སྲུང་མཛོད་ཅིག །དེ་སྐད་དབོན་པོ་དགེ་བཤེས་པ། །དགེ་སློང་ཕྲིན་ལས་ཞེས་བྱ་ལ། །དགེ་སློང་རཱ་ག་ཨ་སྱས་གདམས།།
༈ །།ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ཡེ། རྫོགས་པའི་སངས་རྒྱས་ཐོབ་པ་ཡི། །ས་བོན་ཆུ་ལུད་སྟོན་ཐོག་ལྟར། །ཐོག་མཐའ་བར་གསུམ་གལ་ཆེ་བ། །བྱང་ཆུབ་སེམས་བསྐྱེད་ནོར་བུ་འདྲ། །རྒྱ་ཆེན་སྤྱོད་པའི་རྒྱུད་ཀྱི་ལུགས། །སེམས་བསྐྱེད་སུ་ཡིན་ལ་མི་སྐྱེ། །དོན་དམ་སེམས་བསྐྱེད་ཆོ་ག་ལ། །བཞེད་པ་མི་མཐུན་རྩོད་པ་མང་། །ཟབ་མོ་ལྟ་བའི་རྒྱུད་ཀྱི་ལུགས། །སེམས་བསྐྱེད་སུ་ཡིན་ཞུས་ཀྱང་སྐྱེ། །རྩོད་མེད་སྟབས་བདེ་ཕན་ཡོན་ཆེ། །དེ་ཕྱིར་སེམས་བསྐྱེད་སྡོམ་པ་ལོང་། །ཁྲོམ་ཆོས་བྱེད་པ་འགྲོ་དོན་ཆེ། །ཅི་ཕྱིར་ཞེ་ན་བྱང་ཆུབ་ཀྱི། །ས་བོན་རྒྱུད་ལ་ཐེབས་པ་ཡིན། །སེམས་བསྐྱེད་བསླབ་བྱ་མཐའ་ཡས་ཀྱང་། །གཞན་ཕན་གཞི་བཅས་བསྒྲུབ་ལ་འདུས། །འགྲོ་དོན་སངས་རྒྱས་མ་ཐོབ་པར། །རང་ཉིད་སངས་རྒྱས་མི་འདོད་པར། །འགྲོ་དོན་བྱེད་པར་སེམས་བསྐྱེད་པ། །མཆོག་ཡིན་རིགས་གསུམ་མགོན་པོ་ཙམ། །རང་དང་འགྲོ་ཀུན་དུས་ཁྱུ་མཉམ་དུ། །སངས་རྒྱས་ཐོབ་འདོད་སེམས་བསྐྱེད་འབྲིང་། །འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །རང་ཉིད་སངས་རྒྱས་ཐོབ་བྱས་ལ། །དེ་ནས་འཁོར་བ་ཇི་སྲིད་དུ། །སྤྲུལ་པས་
འགྲོ་བ་འདྲེན་པ་ཡི། །སེམས་བསྐྱེད་ཙམ་ཞིག་མེད་ཐབས་མེད། །མེད་ན་ཆོས་ལ་བརྩོན་ན་ཡང་། །ཐེག་དམན་ཉན་ཐོས་ལམ་དུ་གོལ། །ཉན་ཐོས་ལམ་དུ་གོལ་བ་ན། །འཁོར་བའི་སྡུག་བསྔལ་ཀུན་བྲལ་ཡང་། །སངས་རྒྱས་ཐོབ་ལ་བར་གཅོད་པས། །ཐེག་པ་ཆེན་པོའི་ལུགས་ལ་ནི། །ངན་སོང་ལྟུང་ལས་དེ་ལོད་དོ། །དེ་ཕྱིར་ཐུགས་དམ་དགེ་སྦྱོར་རམ། །དགེ་ཕྱོགས་བྱ་བ་གང་སྒྲུབ་ཀྱང་། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར། །འདི་ཉིད་བྱ་འོ་བསམ་པ་ཡི། །ཐོག་མར་སེམས་བསྐྱེད་རྩི་ཡིས་བཟུང་། །རྗེས་ནས་བསྔོ་སྨོན་དེ་ལྟར་བྱ། །སེམས་བསྐྱེད་བསམ་པ་བརྟན་པ་ན། །གང་བྱས་བྱང་ཆུབ་ལམ་དུ་འགྲོ། །བསྙེན་གནས་ནས་བཟུང་དགེ་སློང་བར། །སོ་སོར་ཐར་པའི་དགེ་སློང་སྡོམ་པ་ཡང་། །ཐེག་དམན་ཉན་ཐོས་ལུགས་ཡིན་ཀྱང་། །བསམ་པ་དེ་ཡིས་ཟིན་པ་ན། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡི། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་འགྱུར། །བསམས་པས་ཕྱེ་བ་མ་གཏོགས་པ། །ཆོ་ག་སོ་སོར་མེད་པའི་ཕྱིར། །འདུལ་བ་ཐེག་པ་ཐུན་མོང་ཡིན། །ལྷག་པར་ཐེག་ཆེན་ངེས་སོ་
གསུངས། །བྱང་ཆུབ་སེམས་དཔའི་ཉམས་ལེན་ནི། །བདག་གཞན་བརྗེ་བ་ཡིན་ན་ཡང་། །ས་ཐོབ་འཕགས་པ་མ་ལགས་པས། །དངོས་སུ་བརྗེ་བ་མི་ནུས་ཀྱང་། །ཡིད་ཀྱི་བསྒོམས་པས་བསོད་ནམས་ཐོབ། །དེ་ཕྱིར་བཏང་ལེན་དམིགས་པ་ལ། །རྒྱུན་དུ་མ་ཆག་ཐུགས་དམ་བྱ། །བྱམས་པའི་གོ་ཆ་བསྲུང་བའི་མཆོག །སྟོང་ཉིད་ལྟ་བའི་ངང་ཉིད་ལས། །བཏང་ལེན་དམིགས་པ་བསྒོམ་པ་ནི། །བྱམས་ཆེན་གཉུགས་མའི་ཏིང་ངེ་འཛིན། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཐེག་ཆེན་ཆོས་ཀྱི་སྙིང་ཁུ་ལྕི་ལགས། །སྙིང་རྗེ་སེམས་བསྐྱེད་མི་ལྡན་ན། །བླ་མེད་སྔགས་བཟླས་ལྷ་བསྒོམས་ཀྱང་། །སྔགས་ནག་ཡིན་གྱིས་གསང་སྔགས་མིན། །དེ་ལྟར་སེམས་བསྐྱེད་གནད་ཤེས་ན། །གྲོང་ཆོག་བཟའ་བཏུང་ལ་སོགས་པ། །བྱ་བ་ཕལ་ཆེར་བྱང་ཆུབ་ལམ། །དེ་བཞིན་མཐོང་བ་ཐོས་པ་ཡི། །གཞན་དག་དགེ་བ་སྒྲུབ་པ་ལ། །འགྲན་སེམས་ཕྲག་དོག་ཟུར་ཟ་སྤོངས། །སྙིང་ཁུང་རུས་པའི་གཏིང་ཉིད་ནས། །རྗེས་སུ་ཡི་རང་དགའ་བ་བསྒོམ། །དེ་ཡི་དགེ་བས་རང་ཉིད་ཀྱི། །བྱས་དང་མཉམ་པའི་བསོད་ནམས་ཐོབ། །འདི་
ཡང་ཟབ་མོའི་གདམས་ངག་ཡིན། །དགེ་བཤེས་ཕྲིན་ལས་ཐུགས་ལ་ཞོག །ཅེས་སྨྲས་སོ། །སྔགས་ཀྱི་སྡོམ་པ་མ་སྐྱེས་པ། །གསར་དུ་སྐྱེ་བར་བྱ་བ་དང་། །སྐྱེས་པ་འཕེལ་ཞིང་རྒྱས་པ་དང་། །ཉམས་པ་སོར་ཆུད་བསྐང་བའི་ཕྱིར། །དབང་ནི་རང་གི་ཞུ་བའམ། །གཞན་ལ་བསྐུར་བར་བྱ་བ་ལ། །རྡོ་རྗེ་སློབ་དཔོན་མཚན་ཉིད་ནི། །ཅི་བཞིན་ཚང་བ་དཀོན་པའི་ཕྱིར། །སློབ་དཔོན་སྐྱོན་དང་ཡོན་ཏན་ཆད། །ཅུང་ཟད་ཡོན་ཏན་ཤས་ཆེ་བ། །བསྟེན་པར་རུང་ཞེས་རྒྱུད་ལས་གསུངས། །དེང་སང་ཕལ་ཆེར་དེ་ཡི་ལུགས། །བསྐུར་ཐབས་རྒྱུད་སྡེ་སོ་སོ་ལས། །མི་འདྲའི་ཁྱད་པར་མང་ན་ཡང་། །དེང་སང་རྗེས་གནང་ཕལ་ཆེར་ནི། །བསྒྲུབ་ལུགས་རྣལ་འབྱོར་རྒྱུད་དང་བསྟུན། །བསྐུར་ཐབས་རིགས་དང་རྗེས་གནང་ལ། །གཏོར་མའི་བྱིན་རླབས་སྦྱར་ཙམ་ལགས། །གསར་མའི་རྡོར་ཕྲེང་ལ་སོགས་པ། །མཁས་རྣམས་རྒྱུད་སྡེ་སོ་སོར་དབྱེ། །རྡོ་རྗེ་གདན་པ་རང་གི་ལུགས། །དབང་སྒྲུབ་སྐད་ཅིག་དྲན་རྫོགས་ལ། །བསྐུར་ཐབས་ཐམས་ཅད་བླ་མེད་ལྟར། །ཅི་ཕྱིར་བྱ་སྤྱོད་རྒྱུད་རྣམས་ཀྱང་། །བླ་མེད་ལུགས་ལྟར་ཉམས་ལེན་པ། །པཎ་
ཆེན་བི་མ་མི་ཏྲ་ཡིས། །རྣམ་འཇོམས་བླ་མེད་ལུགས་སུ་མཛད། །པཎ་ཆེན་ཛེ་ཏཱ་རི་པ་ཡིས། །བྱ་རྒྱུད་ཚེ་དཔག་ལྷ་དགུ་ཡང་། །རྣལ་འབྱོར་རྒྱུད་ལྟར་ཉམས་ལེན་མཛད། །སྤྱིར་གྱི་རྙིང་མའི་སྒྲུབ་ཆེན་དང་། །གསར་མའི་སྒྲུབ་མཆོད་དོན་གཅིག་པར། །ས་ཆོག་རྡུལ་ཚོན་དཀྱིལ་འཁོར་དང་། །ཕྱི་ནང་མཚམས་གཅོད་སོགས་བྱས་ན། །དུས་བཞིར་ཆོ་ག་གཞུང་བསྲང་ཞིང་། །ཉིན་མཚན་ཐུན་རྒྱུན་མ་ཆད་པར། །ཞག་བདུན་ཙམ་དུ་བསྒྲུབས་པ་ནི། །དངོས་གྲུབ་ལེན་ཆོག་སྐབས་དེ་རུ། །དབང་བསྐུར་བྱེད་པ་རྒྱས་པ་ཡིན། །འཕྲལ་དུ་རས་བྲིས་དཀྱིལ་འཁོར་བསྟན། །བདག་མདུན་བུམ་གསུམ་བདག་འཇུག་ལེན། །དེ་ནི་བསྐུར་བ་མགྱོགས་དབང་ཟེར། །རྗེས་གནང་རྒྱས་པ་དེ་དང་འདྲ། །བདག་བསྐྱེད་བྱ་ཞིང་མདུན་བུམ་གཉིས། །དུས་གཅིག་བསྐྱེད་པ་དེ་ལས་བསྡུས། །བདག་བསྐྱེད་རང་གི་ཡི་དམ་ཉིད། །སྐད་ཅིག་གནས་གྱུར་ལྷ་དེར་ལྟ་བསྒོམ། །མདུན་བུམ་དུས་གཅིག་བསྐྱེད་བྱས་ནས། །ཏིང་ངེ་འཛིན་གྱིས་བདག་འཇུག་ལེན། །དེ་ནི་ཤིན་ཏུ་བསྡུས་པའོ། །གསར་མའི་བདེ་མཆོག་རྩ་བཤད་རྒྱུད། །རྙིང་
མའི་རྫོགས་ཆེན་རྒྱུད་རྣམས་མཚུངས། །དེ་ཡི་རྗེས་འབྲང་ཨོ་རྒྱན་དང་། །པཎ་ཆེན་རྡོ་རྗེ་གདན་པའི་ལུགས། །བོད་ཀྱི་རྒྱལ་སྟོན་པཎ་དྷ་སད། །དེང་སང་དགེ་ལུགས་ཕལ་ཆེར་མཚུངས། །ད་ནང་རང་གི་ཡི་དམ་གྱིས། །བདག་བསྐྱེད་ཆོ་ག་སྔོན་སོང་བས། །འཕྲལ་དུ་རྗེས་གནང་བྱེད་པའི་ཚེ། །དེ་ཉིད་གནས་འགྱུར་ལྷ་དེར་བསྒོམ། །མདུན་བསྐྱེད་སྐད་ཅིག་དྲན་རྫོགས་ལས། །རྗེས་གནང་བསྒྲུབ་མི་དགོས་པར་བསྐུར། །དགེ་ལུགས་ཕལ་ཆེར་དེ་ལྟར་མཛད། །ཨོ་རྒྱན་ཆེན་པོའི་གསུངས་ལ་ནི། །བསྐྱེད་རིམ་སྐད་ཅིག་དྲན་རྫོགས་སུ། །བདག་མདུན་བུམ་གསུམ་སྐད་ཅིག་བསྐྱེད། །དམ་ཡེ་དབྱེར་མེད་ཡིན་པའི་ཕྱིར། །སྤྱན་འདྲེན་ལ་སོགས་མི་དགོས་ཏེ། །དྲན་པ་ཙམ་གྱིས་རྫོགས་པ་ཉིད། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི། །སྲུང་བ་ལ་སོགས་མཆོག་ཏུ་གསུངས། །སྔགས་ནི་ཅུང་ཟད་བསྙེན་བྱས་ནས། །དབང་བསྐུར་རུང་བར་རྫོགས་ཆེན་ལུགས། །འོན་ཀྱང་བདག་ནི་ལྟ་བ་དམན། །དབང་རྒྱུན་གཞན་ལ་འཕེལ་བ་ཡི། །རེ་བ་ཡོད་པའི་བཙུན་པ་དང་། །བསྙེན་སྒྲུབ་བྱེད་རེ་ཡོད་པ་ཡི། །ཡོན་ཏན་
མཁས་པ་སྐྱ་སེར་འདྲ། །རྒྱས་བསྡུས་སྐབས་དང་བསྟུན་མོད་ཀྱིས། །དབང་སྒྲུབ་ཆ་ཚང་མ་བྱས་པའི། །དབང་ནི་བདག་གིས་བསྐུར་རེ་ཀན། །ནད་པ་དང་ནི་མི་ནག་པ། །སྤེལ་རེ་བསྒྲུབ་རེ་མེད་པ་ཡིས། །མི་ཁོམ་མྱུར་དུ་འགྲོ་དགོས་པས། །ད་ལྟ་དབང་དགོས་ཟེར་བྱུང་དུས། །སྐད་ཅིག་དྲན་རྫོགས་ཏིང་འཛིན་གྱིས། །དབང་བསྐུར་དགོས་པ་འགའ་རེ་བྱུང་། །ལོ་བརྒྱད་ལོན་ནས་མ་རྒས་བར། །ལྷ་སྒོམ་སྔགས་བཟླས་མི་ཚེ་བསྐྱལ། །དྲན་རྫོགས་བསྐྱེད་རིམ་ཟིན་ཙམ་མཆིས། །གལ་ཏེ་དེ་ཉིད་མི་འཐད་ན། །བདེ་མཆོག་ལ་སོགས་བླ་མེད་རྒྱུད། །ཨོ་རྒྱན་རྡོ་རྗེ་གདན་པའི་ལུགས། །དེ་དག་རྣམས་ལ་ཆུ་ཙམ་བྱུགས། །དེ་ཉིད་ངེས་པར་བཀག་འདོད་ན། །དགེ་ལྡན་ཕལ་ཆེར་བཀག་དགོས་གདལ། །འཛམ་གླིང་མི་ཕྱེད་དགེ་ལྡན་པ། །བཀག་འདོད་བྱུང་ན་འཁྲུལ་པ་ཡིན། །སུས་ཀྱང་ཁོག་པར་མི་འདུག་གོ །ཉམས་མཚར་འདྲ་ལུགས་ཞུས་པ་སྒྱུ་ཡིན། །བདག་གི་རྒྱུད་ལ་མི་དགའ་བའི། །སྡང་སེམས་སྐྱེས་པ་མ་ལགས་ཏེ། །བདག་གིས་བཀའ་ཚེགས་ཆེར་སྤྱད་ནས། །ཨོ་རྒྱན་དགོངས་པ་རྫོགས་གསུངས་ནས།
སྒྲུབ་ཆེན་དབང་སྒྲུབ་ཁྲིད་གསུམ་སྦྲེལ། །དབང་བསྐུར་ཤིན་ཏུ་རྒྱས་པ་ཡི། །ཕྱག་ལེན་ཕྱོགས་འདིར་མི་ཀུན་གྱིས། །མིག་གིས་མཐོང་བར་བྱས་པ་ལ། །དབང་སྒྲུབ་མ་བྱས་དབང་བསྐུར་ཞེས། །འཕྱས་གདང་བྱེད་པ་བྱུང་བ་ཡང་། །སྔོན་གྱི་ལས་ངན་དག་པ་ཡི། །ལས་སློང་མ་ཉེས་ཁ་ཡོག་སྟེ། །སྒྲིབ་པ་དག་པའི་དགའ་བ་བསྒོམ། །དེ་ལྟར་སྐྱབས་སེམས་དབང་བསྐུར་གྱིས། །ཚིགས་བཅད་ཚན་པ་གསུམ་པོ་འདི། །ཤིང་སྦྲུལ་གྲོ་ཞུན་བཅུ་གསུམ་ཉིན། །སྔ་དྲོའི་ཐུན་ལ་བྲིས་པ་དགེ །ཞེས་པ་རང་ལ་དབང་ལུང་མང་དུ་ཞུས་པའི་དགེ་སློང་སྐུ་ཡོན་ཕུན་སུམ་ཚོགས་པ་ཞིག་གིས་དཔལ་ལྡན་བླ་མ་དམ་པ་འབྲུག་ཆེན་བསོད་ནམས་རྒྱ་མཚོའི་དྲུང་དུ། གནས་མདོ་བླ་མ་དེས་རེས་འགའ་དབང་སྒྲུབ་མ་བྱས་པར་དབང་བསྐུར་བ་དེ་རུང་ངམ་ཞུས་པས། དེ་མི་ཁ་རེད་པ་མ་གཏོགས་མི་རུང་གསུངས་ནས་ཐུགས་ཁྲེལ་མཛད་པ་ནི་ཟེར་བའི་སྐད་རང་གི་སློབ་བུ་གཅིག་གི་ཐོས་ནས་དགེ་སློང་དེ་ལ་འབར་དོ་བས། འབར་མི་དགོས་དེ་ངོ་གནོང་ཞིང་གསང་སྦད་དགོས་པ་མིན། རྒྱུད་རྒྱ་གཞུང་མང་པོ་ནས་བཤད། ད་ལྟ་དགེ་ལུགས་ཕལ་ཆེར་དེ་ལྟར་མཛད་འདུག །རུང་མི་རུང་གི་བསྐྱེད་རྫོགས་ལ་རག་ལས། ང་བན་རྒན་གྱི་རྒྱུད་ཚོད་མཐོ་དམན་ཡང་ཁོང་རང་གིས་ཚོད་ཟིན་དཀའ། ས་གཏེར་གནམ་ཆོས་རྣམས་སུ་ཁོ་བོ་སྤྲུལ་པར་བཤད་གདའ་སྟེ།
དེ་ལྟར་ཙམ་མིན་ན་ཡང་དྲན་རྫོགས་སུ་བསྐྱེད་རིམ་བསྒོམ་ཐུབ་ཙམ་ཡོད་སྨྲས་ཤིང་། དེའི་དོན་དྲན་ནས་འདི་བྲིས་པ་དབང་ལུང་ཐོབ་པར་ཐེ་ཚོམ་སེལ་བའོ།། ༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། སངས་རྒྱས་བསྟན་ལ་ཞུགས་ནས་ནི། །དེ་ཡི་བྱ་བ་བསྒྲུབ་དགོས་ཏེ། །བསྟན་པ་ལུང་དང་རྟོགས་པ་གཉིས། །བཤད་དང་སྒྲུབ་པ་གཉིས་ཀྱིས་འཛིན། །བླ་མེད་བྱང་ཆུབ་བསྒྲུབ་པ་ཡི། །བསམ་པ་བཟང་པོས་ཀུན་བསླངས་ནས། །དཔེར་ན་འཇིག་རྟེན་ཁྱིམ་པ་རྣམས། །སྣ་ཚོགས་ཐབས་ཀྱིས་ཟས་ནོར་བསྒྲུབ། །དེ་བཞིན་རབ་ཏུ་བྱུང་བས་ཀྱང་། །སྣ་ཚོབས་ཐབས་ཀྱིས་དགེ་བ་བསྒྲུབ། །དཔེར་ན་བུང་བས་མེ་ཏོག་ལ། །ཕྱོགས་རེས་མི་བྱེད་བཅུད་འཇིབ་ལྟར། །དབང་ལུང་ཡོན་ཏན་ཆེ་ཕྲའི་རིགས། །ཀུན་ལ་ཞུ་ཞིང་བསླབ་བྱས་པ། །རང་ཉིད་གདམས་པས་ཕྱུག་པར་འགྱུར། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡིས། །ཡ་ཕོ་ཡུགས་ས་ཡན་ཆོད་ལ། །དབང་ལུང་གདམས་པ་ཞུས་པ་ཡི། །བླ་མ་ལྔ་བརྒྱ་ལྷག་བསྟེན་གསུངས། །དེབཞིན་རྔོག་ལོ་ཆེན་པོས་ཀྱང་། །ལམ་འགྲིམ་ཞོར་ལ་ཆོས་ར་ཡིས། །འཕག་ཉན་བྱས་པས་ཡོན་ཏན་སྐྱེས། །རང་གི་ཆེ་ཚུགས་ཤོར་
དོགས་ནས། །རང་ལ་མེད་ཅིང་མི་ཤེས་ཀྱང་། །གཞན་ལ་ཞུས་པ་ངོ་ཚ་ནས། །རང་གིས་དབང་ལུང་མ་ཐོབ་ཀྱང་། །ཕ་མྱེས་གོང་མའི་བཞག་ཡིན་ཞེས། །དབང་བསྐུར་ཆོ་ག་རོ་བསྲེག་སོགས། །མི་ཚེ་ཕུད་པར་བྱེད་པ་ཡང་། །ཆོས་ལ་བརྟེན་པའི་སྡིག་ཆེན་པོ། །མཚམས་མེད་ལས་ཀྱང་ཐུ་བ་ནི། །རྒྱུད་སྡེ་རྣམས་ནས་རྒྱ་ཆེར་གསུངས། །རང་གི་ལུང་རྒྱུན་ཐོབ་ངེས་དེ། །ཕན་པའི་བསམས་པས་ཀློག་པ་ལ། །གཞན་དག་ཞུ་བའི་འདུན་པས་ཉན། །དེ་ལ་ལུང་ཞེས་བྱ་བ་ཡིན། །གཞུང་དང་འབྲེལ་པའི་ཊི་ཀ་དང་། །སྤྱི་དོན་ལ་སོགས་བློས་བླངས་ནས། །དགེ་བཤེས་སློབ་དཔོན་མཁན་པོའི་དྲུང་། །དེ་ཡིས་བཤད་པའི་འཕྲོས་ལེན་དང་། །རྩོད་པའི་རིགས་དང་ངག་བསླབ་བྱ། །པཎྜི་ཏ་ཡི་ཚིག་ཁྲིད་ཡིན། །བློ་ལ་ལོན་པར་མ་གྱུར་ན། །གོ་ཤེས་ཆེ་བ་ལ་ལ་ནི། །གཞུང་དང་ས་དཔྱད་འགྲེལ་པ་དང་། །སྤྱི་དོན་དཔེ་ཡི་ངོས་ནས་ཁྲིད། །གཞུང་ཚིག་བློ་ལ་མེད་ན་ཡང་། །གོ་བ་ཡིད་ལ་འཇོག་པ་དེ། །མཁས་པའི་དཔེ་ཁྲིད་ཅེས་བྱའོ། །ཁྲིད་དཔེ་རྫོགས་པའི་ལུང་བྱེད་ཅིང་། །ངོ་སྤྲོད་ཅར་ཕོག་བཤད་པ་ནི། །སྐུ་ཆེན་སྤོམ་ཁྲིད་ཡིན་
པའོ། །རྒྱུད་གཞུང་ལུང་འདྲེན་མི་བྱེད་པར། །ཐ་མལ་སོ་སོའི་ཡུལ་སྐད་ཀྱིས། །ངོ་སྤྲོད་ནན་ཏན་བྱེད་པ་ནི། །རྒན་མོའི་མཛུབ་ཁྲིད་ཅེས་བྱའོ། །སློབ་མ་རྟོགས་པ་སྐྱེས་རིམ་གྱིས། །རིམ་པར་བཤད་པ་མ་གཏོགས་པ། །དུས་གཅིག་ཚང་བར་མི་བཤད་པ། །རྟོགས་ལྡན་ཉམས་ཁྲིད་བྱ་བ་ཡིན། །དེ་ནི་ཕྱག་ཆེན་ལམ་འབྲས་སོགས་། །ཁྲིད་གཞུང་ཉིད་དང་མཐུན་པ་ལགས། །རྫོགས་ཆེན་བསོད་ནམས་བཟང་པོའི་ལུགས། །སྤུ་ཀོང་རྫོགས་ཆེན་འཆད་རྣམས་དང་། །འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་ལུགས། །ཀཿཐོག་ཁྲིད་སྟོན་བླ་མ་རྣམས། །གཅིག་ཁྲིད་བུག་སྒོ་ཆོས་བཤད་ཀྱིས། །ལོ་གསུམ་བར་དུ་ཁྲིད་མི་རྫོགས། །དེ་ནི་གཞུང་མཐུན་ངོ་མཚར་ཆེ། །དྲུང་ཆེན་ཀུན་དགའ་རྣམ་རྒྱལ་ལུགས། །སྔོན་འགྲོ་ཚེ་ལ་ཕྱག་བསྐོར་བ། །དགེ་སྦྱོར་ཅི་ནུས་འབད་བཅུག་གི །དངོས་གཞི་ཞི་གནས་ལྷག་མཐོང་ཚེ། །ཁྲིད་ཕྲུག་ལུས་གནད་ཁྲིག་གེར་ཀླུ་འདུག །མཚམས་དང་འདྲ་བར་འགྲིམ་འགྲུལ་དང་། །ཕྱག་བསྐོར་གཏམ་ལབ་སྤངས་བ་སྟེ། །ལྷན་ཅིག་སྐྱེས་སྦྱོར་གཞུང་དང་མཐུན། །ཀཾ་ཚང་མོས་གུས་ཕྱག་ཆེན་ལུགས། །
དམིགས་པ་གསོལ་འདེབས་སོ་སོ་དང་། །གོ་བསྟུན་ཕྱག་ལ་ནན་ཏན་བསྐྱེད། །ངོ་སྤྲོད་གུད་དུ་མི་དགོས་པར། །བྱིན་རླབས་སྟོབས་ཀྱིས་གང་སྐྱེས་སྐྱོངས། །དེ་ནི་རྒོད་ཚང་པ་ལ་ནི། །ཕག་མོའི་གནང་བའི་མན་ངག་ལགས། །འབྲུག་ཆེན་ཀརྨ་བསྟན་འཕེལ་ལུགས། །ཉིན་རེ་བཞིན་དུ་ཐུན་མོང་དང་། །ཐུན་མོང་མིན་པའི་སྔོན་འགྲོ་ཡིས། །ཆོས་བཤད་དམིགས་པ་བསྐྱར་ཞིང་སྤྱོད། །མགུར་འབུམ་བཀའ་འབུམ་གང་རུང་གིས། །ལུང་ཆོས་འདྲ་བ་བྱེད་པ་དང་། །ཕྱག་དང་བསྐོར་བ་བུང་ལེན་ནོ། །རྒྱ་གར་གྲུབ་ཆེན་པ་ཡི་ལུགས། །དང་པོ་མཇལ་སྐབས་བརྡུང་བཏགས་བཏང་། །ཁྲོམ་ལ་བཀའ་བཀྱོན་མཚང་འབྲུ་བྱེད། །སྐབས་སུ་ཐོས་གཏམ་ངོ་སྤྲོད་ཀྱིས། །གྱོང་ཚིག་འདྲ་བ་རེ་རེ་གསུངས། །དེ་ཡི་གྲོལ་བ་ངོ་མཚར་ཆེ། །རྒྱལ་བ་ཡབ་སྲས་འབྲི་སྟག་འབྲུག །དགེ་འདུན་ཤས་ཆེའི་འཚོགས་པ་ལ། །སྐྱེས་སྦྱོར་ལྔ་ལྡན་ཆོས་དྲུག་སོགས། །རྩ་བ་རང་རང་གཞུང་ཉིད་ལས། །མདོ་རྒྱུད་རྣམས་ཀྱི་ལུང་བརྒྱབ་འདྲེན། །གཞན་ལུགས་བཀག་ཅིང་རང་ལུགས་བཞག །དགེ་སློང་ལུང་རིག་ཚུར་ལོན་གསུངས། །དེ་ལྟར་ཁྲིད་སྲོལ་མང་དུ་
མཐོང་། །བསྟན་པ་སྤྱི་ཡི་ལུགས་ལ་ནི། །རང་ཉིད་ཉམས་རྟོགས་མི་མཐོ་ཡང་། །རང་གིས་ལེགས་པར་འཆད་ཤེས་ན། །འོན་པས་བུས་པའི་དུང་སྐད་ལྟར། །ལས་ཆེན་ཡོད་ན་ཕན་སྲིད་ཅིང་། །གལ་ཏེ་ཕན་པར་མ་གྱུར་ཀྱང་། །ལུང་གིས་བསྟན་པ་འཆད་ཉན་ཡིན། །ཕན་ཡོན་ཡོད་ཀྱི་ཉེས་མེད་གསུངས། །བཀའ་བརྒྱུད་གོང་མའི་བཞད་པ་ལ། །རྩེ་གཅིག་རབ་ལ་མན་ཆད་ཀྱིས། །གཞན་ལ་ཁྲིད་སོགས་བསྟན་པ་ན། །གཞན་ལ་མི་ཕན་རང་ལ་གནོད། །སྤྲོས་བྲལ་རྟོགས་པའི་གང་ཟག་དེས། །ནན་ཏན་ཆེན་པོའི་བཤད་པ་ན། །གཞན་ལ་ཕན་པར་འགྱུར་ནས་འོང་། །རང་གི་ཉམས་རྟོགས་ཅུང་ཞིག་འགྲིབ། །རོ་གཅིག་རྟོགས་པ་སྐྱེས་པ་ཡིས། །ཧ་ཅང་རྒྱས་པར་མ་བཤད་ཀྱང་། །གཞན་ལ་རྟོགས་པ་སྐྱེ་བར་ནུས། །ཁྲིད་འཛུགས་དུས་ནི་རོ་གཅིག་སྟེ། །གཞན་རྒྱུད་བྱིན་གྱིས་བརླབས་ནུས་སོ། །སྒོམ་མེད་རྟོགས་པའི་རྣལ་འབྱོར་ལྟ་ལ། །མོས་འདུན་དད་པ་སྐྱེས་ཙམ་ན། །ཕྱག་ཆེན་རྟོགས་པ་སྐྱེ་བ་ནི། །དྭགས་པོ་ཕག་གྲུ་ལྟ་བུའོ། །བླ་མར་རྟོགས་པ་མེད་པ་ན། །སློབ་མར་རྟོགས་པ་མི་སྐྱེ་བ། །ཚ་
ཚར་བརྐོས་ཕོར་ལྟ་བུའོ། །འོན་ཀྱང་བླ་མར་ཁྲིད་ལུང་ཐོབ། །དྭགས་པོ་དུས་མཁྱེན་རྒོད་ཚངས་སོགས། །དེ་ལ་དངོས་སུ་མ་མཇལ་ཡང་། །བརྒྱུད་པའི་ནང་དུ་བཞུགས་པ་དེ། །རྩ་བའི་བླ་མར་བཟུང་བྱས་ནས། །མོས་གུས་རྩེ་གཅིག་གསོལ་བཏབ་ན། །རྟོགས་པ་སྐྱེས་པར་སོ་སོ་ཡིས། །ཞལ་གྱིས་བཞེས་པ་བཀའ་དྲིན་ཆེ། །དེ་ཕྱིར་བདག་གི་སློབ་བུ་ལ། །བདག་ལས་རྟོགས་པ་མཐོ་བ་ནི། །འགའ་རེ་བྱུང་བ་མྱོང་བས་འགྲུབ། །དཔེར་ན་རྨོག་ཅོག་པ་ལས་ནི། །སྐྱེར་སྒོང་པ་ཉིད་རྟོགས་པ་མཐོ། །ཕ་གླང་བུ་མཛོ་གསུངས་དང་མཐུན། །སྒྲུབ་ཆེན་གར་འཆམ་སྤྲོས་བཅས་དང་། །དབང་དང་ཉམས་ཁྲིད་གསུམ་སྦྲུག་པ། །གསང་སྔགས་རྙིང་མའི་ཁྱད་ཆོས་ཏེ། །ལམ་འབྲས་དང་ཡང་དོན་ལ་མཐུན། །སྨིན་གྲོལ་དུས་གཅིག་འབྱུང་བའི་གནད། །ཐེག་པ་རིམ་དགུའི་དབང་ཁྲིད་རྫོགས། །ལོ་བདུན་བར་དུ་ཁོ་བོ་ཡིས། །འདི་ཉིད་ལག་ཏུ་བླངས་བ་སྟེ། །གནད་མ་གོ་བ་ཕལ་ཁྱེར་གྱིས། །ཁྲོམ་སྡུད་རྩེ་སྣ་སྟོན་པར་གོ །དྲུང་པ་གོང་འོག་ཁྲིད་ཚུལ་འདི། །སྐྱེས་སྦྱོར་ཁྲིད་གཞུང་ཉིད་ཡིན་ཏེ། །ལ་ལས་འདུས་བྱས་དགེ་སྦྱོར་ལ། །བཀག་པ་
བྱེད་ཅིང་སྤོངས་བར་གོ །རྒྱུན་དུ་བཀག་པ་མ་ཡིན་ཏེ། །ཞི་གནས་སྒོམ་ཚེ་སྤང་བ་ཡིན། །ཕྱག་དང་བསྐོར་བ་རྣམ་གཡེང་གྱིས། །ཞི་གནས་སྐྱེ་བར་ག་ལ་གསུངས། །ཞི་གནས་སྐྱེ་བར་མ་གྱུར་ན། །ལྷག་མཐོང་སྐྱེ་བར་མི་འགྱུར་ཏེ། །སྤྲིན་ཚོགས་སྲབ་པའི་ཆར་པ་འདྲ། །དབང་རྒྱུན་ལུང་རྒྱུན་སྤེལ་དང་ཞུ། །ཐོས་བསམ་ལུང་གི་བསྟན་པ་ལགས། །དེ་ལ་ངོ་ཚ་ག་ལ་དགོས། །མ་བཅོས་རང་བབ་ཁྲིད་ཀྱི་ལུགས། །དེ་ལ་འཕྱ་བ་ཟུག་རྔུའི་ཚིག །གར་འཆམ་ས་འདུལ་སྒྲུབ་ཆེན་ལུགས། །དེ་ལ་འཕྱ་བ་ཐོས་པ་ཆུང་། །སྒྲ་རྣམས་བྲག་ཅ་འདྲ་བ་སྟེ། །སྙིགས་དུས་གཏམ་ནི་ཅལ་སྒྲོག་རང་། །དེ་སྐད་རཱ་ག་ཨ་སྱས་སྨྲས། །ཞེས་པ་བླ་མ་ཆེན་པོ་འགའ་ཞིག་གི་དབང་ལུང་གི་རྒྱུན་ཆད་ཀྱང་། བླ་མ་གོང་མ་རྣམས་ཀྱིས་ཕྱག་སྲོལ་ལ་སོང་བས། བུམ་སྒྲུབ་དང་ཞི་ཁྲོ་ཐུགས་དམ་རྩ་བར་བྱེད་ཅིང་གཞན་ལ་ཞུ་འདོད་ཅིང་ཞུ་ཆད་བྱས་ཀྱང་རང་ཚུགས་ཤོར་དོགས་ནས་མི་ཞུ་བར་འདུག །ཚེར་ལུང་པ་གོང་འོག་གིས་ཁྲིད་འཆད་པ་ན། ཞི་གནས་སྐབས་སུ་ཕྱག་བསྐོར་དང་གསོལ་འདེབས་སོགས་ཀུ་ཅོ་སྒྲོག་པར་མཛད་པ་ལ། གྲུབ་མཐའི་ཕྱོགས་རེས་མིན་པར་གོ་ནས་འཕྱས་འདུག་པ་མང་ཐོས། བདག་གིས་སྒྲུབ་ཆེན་དང་ཞི་ཁྲོ་སོགས་གཞུང་ནས་བཤད་པ་ལྟར་གྱིས་གར་འཆམས་
འཛབ་དབྱངས་སོགས་མ་འཆུགས་པར་བྱས་པ་ལ། རྩེད་མོར་གོ་ནས་རྐང་བྲོ་འདི་སུས་བསླབ་པ་ཡིན་ཟེར་བ་རྣམས་དྲན་ནས་སྨྲས་སོ། །འདི་ལ་གོ་བ་སྐྱེ་རྒྱུ་མང་དུ་ཡོད།། ༈ །།ན་མོ་བཛྲ་དྷ་ར་ཡེ། ཕྱི་མ་ལྷ་མིའི་བདེ་སྐྱིད་འདོད། །ངན་སོང་གསུམ་དུ་ལྟུང་དོགས་པས། །དགེ་སྒྲུབ་སྡིག་སྤངས་སྡོམ་པ་བསྲུངས། །དལ་འབྱོར་མི་ལུས་ལ་སོགས་པ། །བསྔོ་སྨོན་དེ་ལྟར་བྱས་པ་ཡིས། །དགེ་སྟོབས་ཆེ་ཆུང་དང་དཔག་ནས། །མི་ལུས་ལྷ་ལུས་ཆེ་འབྲིང་ཆུང་། །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར། །ཁམས་ཀྱི་རྒྱལ་ཕྲན་བྲམ་ཟེ་དང་། །ཁྱིམ་བདག་རྒྱུནོར་མང་ལྡན་པ་ཡིས། །ལུས་ནི་ལན་གྲངས་དུ་མ་ལེན། །དམན་པ་ལྷ་མིའི་ཐེག་པ་སྟེ། །གནས་སྐབས་བདེ་བ་ཙམ་ཞིག་ལགས། །མཐར་ནི་ལས་ཟད་ངན་སོང་ལྟུང་། །འཁོར་བའི་བདེ་སྐྱིད་མི་འདོད་ཅིང་། །རང་ཉིད་ཁོ་ན་སངས་རྒྱས་འདོད། །གཞན་ཕན་སྙིང་རྗེའི་བློ་མེད་པར། །སྡོམ་བསྲུང་དགེ་སྒྲུབ་ཉམས་ལེན་བརྩོན། །བསྐལ་པ་བརྒྱའམ་ཉི་ཤུ་ནས། །ཉན་རང་དགྲ་བཅོམ་འབྲས་བུ་ཐོབ། །འཁོར་བའི་སྡུག་བསྔལ་གཏན་ནས་བྲལ། །བུད་ཤིང་ཟད་པའི་མེ་བཞིན་དུ། །ལུས་མི་ལེན་པར་གཞན་དོན་
མེད། །ཐེག་དམན་ཉན་རང་ཐེག་པ་འོ། །འགྲོ་ཀུན་སངས་རྒྱས་ཐོབ་འདོད་བློས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཕར་ཕྱིན་བཅུ་པོ་ཉམས་བླངས་ན། །བསྐལ་པ་གྲངས་མེད་གཅིག་གི་སོར། །སྟོང་ཉིད་རྟོགས་ནས་ས་དང་པོ། །རབ་ཏུ་དགའ་བ་ཐོབ་པར་འགྱུར། །དེ་ནས་བསྐལ་པ་གྲངས་མེད་གཅིག །མ་དག་ས་བདུན་བགྲོད་ནས་ནི། །ས་བརྒྱད་མི་གཡོའི་ས་ནོན་ནོ། །དེ་ནས་བསྐལ་པ་གྲངས་མེད་གཅིག །ས་བཅུ་པོ་ནི་ཐོབ་པར་འགྱུར། །དེ་ནས་བསྐལ་པ་བཞི་བཅུ་ལ། །མཚན་དཔེ་ཐོབ་པའི་རྒྱུད་རྣམས་འགྲུབ། །དེ་ནས་རྫོགས་སངས་རྒྱ་བ་ནི། །མདོ་ལུགས་མཚན་ཉིད་ཐེག་པ་སྟེ། །བསྐལ་པ་གྲངས་མེད་གཅིག་གི་བར། །ཚོགས་བསགས་སྒྲིབ་སྦྱངས་མ་བྱས་པར། །སྟོང་ཉིད་མངོན་སུམ་རྟོགས་པ་མེད། །འདི་ལ་དགོངས་ནས་ས་པཎ་སོགས། །མང་པོས་བཀའ་བརྒྱུད་ཕྱག་ཆེན་བཀག །དེ་བཞིན་བྱ་རྒྱུད་སྤྱོད་ལྟརྒྱུད་ཀྱིས། །སྐྱེ་བ་དྲུག་ཅུར་རྣལ་འབྱོར་རྒྱུད། །སྐྱེ་བ་བཅུ་དྲུག་འབྲས་བུ་ཐོབ། །བླ་མེད་གསང་སྔགས་ཉེ་ལམ་སྟེ། །ཚེ་གཅིག་ལུས་གཅིག་སངས་རྒྱས་འགྲུབ། །མདོ་
སྔགས་ལམ་གྱི་ཉེ་རིང་ནི། །ལྟ་བ་སེམས་བསྐྱེད་ཁྱད་མེད་ཀྱང་། །བསྐྱེད་རིམ་ཡོད་མེད་ཁྱད་ཡིན་ནོ། །བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ། །ལྷ་བསྒོམ་ཡོད་ཀྱང་བསྐྱེད་རིམ་མིན། །བསྐྱེད་རིམ་བླ་མེད་རྡོ་རྗེ་ཐེག །དེ་ལ་ཀུན་བརྟགས་ཡོངས་གྲུབ་གཉིས། །རྡུལ་ཚོན་རས་བྲིས་ལ་སོགས་ལ། །བསྟེན་ནས་དཀྱིལ་འཁོར་བསྒོམ་པ་ནི། །ཀུན་ཏུ་བརྟགས་པའི་བསྐྱེད་རིམ་སྟེ། །ཧ་ཅང་ཟབ་པ་མ་ཡིན་ནོ། །རང་གི་ཕུང་ཁམས་སྐྱེ་མཆེད་རྣམས། །ཡེ་ནས་ལྷ་ཡི་དཀྱིལ་འཁོར་དུ། །གྲུབ་པར་ངོ་ཤེས་ཐག་ཆོད་ནས། །བསྒོམ་པ་ཡོངས་གྲུབ་བསྐྱེད་རིམ་ཟབ། །སྦྱང་གཞི་ཕུང་པོ་ཁམས་ལྔ་ལ། །སྦྱོང་བྱེད་རིགས་ལྔ་ཡབ་ཡུམ་བསྒོམ། །སྦྱང་འབྲས་དེ་དང་དབྱེར་མེད་འགྲུབ། །དེ་བཞིན་སྦྱང་གཞི་ལུས་ངག་ཡིད། །སྦྱོང་བྱེད་ལྷ་སྔགས་ཏིང་ངེ་འཛིན། །སྦྱང་འབྲས་སྐུ་གསུང་ཐུགས་རྡོ་རྗེ། །འདིར་ནི་ཕྱོགས་ཙམ་བཤད་པ་སྟེ། །རྒྱས་པར་ནང་དོན་གཞུང་འགྲེལ་སོགས། །སྔགས་གཞུང་ཆེན་པོ་རྣམས་སུ་ཤེས། །དེ་ཡང་ཆོ་གའི་དབུ་བཙུགས་ནས། །འབྱུང་བ་རིམ་བརྩེགས་དཀྱིལ་འཁོར་སོགས། །མཐར་ནི་སྟོང་པར་བསྡུས་པ་ཡིས། །བསྐལ་པ་
ཆགས་འཇིག་གནས་གསུམ་དང་། །མི་གཅིག་སྐྱེ་འཆི་གནས་གསུམ་རྣམས། །དོན་གཅིག་སྦྱར་ཚུལ་ཤེས་བྱས་པས། །མི་ཚེ་གཅིག་ལ་ཆོས་བྱས་དང་། །བསྐལ་པ་གཅིག་ལ་ཆོས་བྱས་དང་། །ཆོ་ག་ཚར་གཅིག་མཉམ་པ་ཡིན། །བསྐྱེད་རིམ་རྣམ་པ་གསལ་བ་དང་། །རྣམ་དག་དྲན་དང་ང་རྒྱལ་བརྟན། །གསུམ་ཁ་འཛོམས་ན་མཆོག་ཡིན་གྱིས། །མེད་ན་ང་རྒྱལ་གལ་ཆེ་གསུངས། །རྣམ་པ་གསལ་བར་བསྒོམ་པ་ནི། །མེ་ལོང་ནང་གི་གཟུགས་བརྙན་ལྟར། །རྒྱན་དང་ཆ་ལུགས་ཕྱག་མཚན་གསལ། །རབ་ནི་གཞན་གྱིས་མཐོང་ནུས་པ། །འབྲིང་ནི་ལྷ་འདྲེའི་མཐོང་ནུས་པ། །ཐ་མ་རང་གི་ཡིད་ཡུལ་གསལ། །རྣམ་དག་དྲན་པ་ཐེར་གཟུགས་མིན། །སྣང་སྟོང་འཇའ་ཚོན་ལྟ་བུ་ལ། །ཞལ་གསུམ་སྐུ་གསུམ་མཚོན་པ་དང་། །ཕྱག་དྲུག་ཕ་རོལ་ཕྱིན་པ་དྲུག །ཞབས་བཞི་ཚད་མེད་རྣམ་བཞི་སོགས། །བརྡའ་ཆོས་སྟོན་པའི་དོན་ཤེས་བྱ། །ང་རྒྱལ་བརྟན་པར་བྱ་བའི་གནད། །མོས་པ་ཙམ་དུ་བསྒོམ་པ་མིན། །ཡིན་ལ་ཡིན་བཞིན་གསལ་འདེབས་ཡིན། །རང་ལུས་ཕུང་ཁམས་སྐྱེ་མཆེད་རྣམས། །ཡེ་ནས་ལྷ་ཡི་དཀྱིལ་འཁོར་
དུ། །གསར་རྙིང་རྒྱུད་སྡེ་ཀུན་ལས་བཤད། །རང་ལུས་ཡེ་ནས་དམ་ཚིག་སེམས། །མ་བསྐྱེད་ན་ཡང་ཡེ་ནས་ཡིན། །རང་སེམས་ཡེ་ནས་ཡེ་ཤེས་པ། །སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ཡེ་ནས་རང་ཆས་ཉིད་དུ་བཞུགས། །ཕྱི་རོལ་སངས་རྒྱས་ཞིང་ཁམས་ནས། །ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ། །ལྷ་ནི་ཕྱི་ན་ཡོད་སེམས་པས། །གསང་སྔགས་ཕྱི་པའི་རྒྱུད་གསུམ་ཞེས། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཡིན་ནོ། །རང་སེམས་ལས་གཞན་ཡེ་ཤེས་ལྷ། །མེད་ཕྱིར་དྲན་རྫོགས་རང་ཉིད་ལྷར། །བསྐྱེད་པ་གསང་སྔགས་ནང་པ་སྟེ། །ཕ་རྒྱུད་མ་རྒྱུད་གཉིས་མེད་དམ། །མ་ཧཱ་ཨ་ནུ་ཨ་ཏི་སྟེ། །མིང་ནི་ཐ་དད་དོན་ལ་གཅིག །སྐྱེ་གནས་བཞི་པོ་སྦྱང་བའི་ཕྱིར། །ཡན་ལག་དྲུག་དང་མངོན་བྱང་ལྔ། །ཆོ་ག་བཞི་དང་ཆོ་ག་གསུམ། །དྲན་རྫོགས་ལ་སོགས་སོ་སོ་ཡིས། །མངོན་རྟོགས་གཞུང་ལྟར་བསྒོམ་པར་བྱ། །དེ་ཡང་ངག་གིས་འདོན་པ་དང་། །སེམས་ཀྱིས་དེ་དོན་བསྒོམ་པ་དང་། །ལག་པས་སོ་སོའི་ཕྱག་རྒྱ་སོགས། །ཁྲིག་ཁྲིག་འཕྲོད་པ་བཤར་བསྒོམ་སྟེ། །ཆོ་ག་བ་ལ་གལ་ཆེའོ། །དེ་ཡང་
ཨ་འཐས་ཐེར་ཟུགས་སུ། །གསལ་ཞིང་ང་རྒྱལ་བརྟན་ནའང་། །ཞི་བ་བསྒོམས་པས་གཟུགས་ཁམས་ལྷ། །ཁྲོ་བོ་བསྒོམས་པས་བདུད་སྲིན་པོ། །མགོ་བརྙན་བསྒོམས་པས་ཤ་ཟ་ཡིས། །ཕྲ་མེན་རྣམས་སུ་གོལ་གསུངས་ཕྱིར། །སྣང་སྟོང་སྒྱུ་མ་ལྟ་བུ་དང་། །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །བརྡའ་དོན་ཤེས་པ་གལ་ཆེ་འོ། །གོལ་ས་མེད་པའི་བསྐྱེད་རིམ་གྱིས། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་བཞི། །འགྲུབ་ཅིང་ས་བརྒྱད་ནོན་པ་དང་། །འབྲས་བུ་གཟུགས་སྐུ་འགྲུབ་པར་བཤད། །རང་ཉིད་གང་མོས་བླ་མེད་ལུགས། །ཡི་དམ་འབྲལ་མེད་བསྒོམ་པ་དང་། །སྙིང་པོ་ཆུ་བོའི་གཞུང་ལྟར་བཟླས། །རྫོགས་རིམ་ཟབ་དང་མི་ཟབ་གཉིས། །མི་ཟབ་རྩ་རླུང་ཐིག་ལེ་སྟེ། །སྟོང་ར་རྩ་གསུམ་འཁོར་ལོ་བཞི། །རླུང་ནི་འབུད་པ་དགུ་ཕྲུག་དང་། །རྡུབ་དང་དགང་དང་གཞིལ་བ་ཡིས། །སྦྱོར་བ་བཞི་ལྡན་བྱང་བ་གཅེས། །ཐིག་ལེ་གཏུམ་མོ་འབར་འཛག་སོགས། །གཞོན་ཞིང་ནད་མེད་བརྩོན་འགྲུས་ཅན། །ལོ་གྲངས་བཅུ་གཉིས་བསྒོམས་ནུས་ན། །རྫོགས་སངས་འབྲས་བུ་ཐོབ་པར་གསུངས། །ལམ་རྟགས་རྩ་
རླུང་ཡོན་ཏན་ཡང་། །དཔག་ཏུ་མེད་པ་འཆར་བ་དང་། །ཉམས་རྟོགས་ཤུགས་ཀྱིས་སྐྱེ་བར་གསུངས། །དམ་ཚིག་ཐིག་ལེ་མ་ཉམས་གཅེས། །ཉམས་ན་ལམ་རྟགས་ཡོན་ཏན་འགྲིབ། །མཁའ་འགྲོའི་བཀའ་ཡི་ཆད་པས་བསྡིག །གལ་ཏེ་རྩ་རླུང་ཉམས་ལེན་ན། །རྩ་བ་འདི་ཉིད་མ་འཆུགས་དགོས། །འདི་ཉིད་བསྲུང་བར་མི་ནུས་ན། །རྩ་རླུང་ཉེས་ལྟུང་རྩ་བ་དང་། །གེགས་སྐྱོན་རིན་གྱིས་ཉོས་པ་འདྲ། །དང་པོ་རྩ་རླུང་སྦྱངས་བའི་དུས། །འཁྲུལ་འཁོར་ལུས་ཆད་དུབ་པ་དང་། །རླུང་ནི་ནོན་ཅིང་ནད་ཀྱང་ལྡང་། །དེ་ཚེ་མི་སྒྱུར་སྙིང་རུས་བྱ། །དེ་ནས་དྲོད་སྐྱེ་བདེ་བ་རྒྱས། །འདོད་ཆགས་བསམ་པ་མང་བར་འགྱུར། །དེ་ཚེ་དེ་དབང་མི་གཏོང་བར། །ངོ་བོ་བལྟས་པས་བདེ་སྟོང་བསྲེ། །ཡང་ན་ཟབ་པའི་རྫོགས་རིམ་སྟེ། །ངོ་བོ་རྗེན་པར་སྐྱོང་བ་དང་། །ཉམས་རྟོགས་སྐྱེ་དང་འཕེལ་བ་དང་། །བརྟན་པར་བྱ་བའི་གདམས་ངག་མཆོག །གེགས་སེལ་བོགས་འདོན་ཀུན་འདུས་པ། །བླ་མའི་རྣལ་འབྱོར་ཡོངས་སུ་གྲགས། །ལོགས་སུ་བསྒོམ་ཡང་མི་དགོས་ཏེ། །རང་ཉིད་ཡི་དམ་ལྷར་གསལ་བའི། །སྤྱི་བོར་རིགས་ཀྱི་བདག་པོ་དེ། །རྩ་བར་
བརྒྱུད་པའི་བླ་མ་རྣམས། །ཐམས་ཅད་འདུས་པའི་ངོ་བོར་གྱུར། །སྐབས་སུ་མོས་གུས་གསོལ་འདེབས་བྱ། །ཏིང་ངེ་འཛིན་གྱི་དབང་བླང་ངོ་། །སྐབས་སུ་ལུས་དང་ལོངས་སྤྱོད་དང་། །བདག་པོས་བཟུང་དང་མ་བཟུང་ཡང་། །མཎྜལ་གཅིག་བསྡུས་དེ་ལ་ཕུལ། །བྱ་བར་སླ་ཞིང་ཚོགས་རྫོགས་སོ། །སྐབས་སུ་རིགས་བདག་བླ་མ་དེ། །རྡོ་རྗེ་སེམས་དཔའི་སྐུར་བསྒྱུར་ནས། །ཉེས་ལྟུང་བཤགས་ཚིག་ཡིག་བརྒྱ་བཟླས། །བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་བཀྲུས། །ཐུན་གཅིག་ཡིག་བརྒྱ་ཉེར་གཅིག་གིས། །ལྟུང་བ་མི་འཕེལ་བྱིན་གྱིས་རློབས། །ཐུན་གཅིག་བརྒྱ་རྩ་བརྒྱད་བཟླས་ན། །འཕྲལ་དེས་ཉེས་ལྟུང་ཕྲ་ཞིབ་དག །འབུམ་ཕྲག་ལ་སོགས་བཟླས་ན་ནི། །རྩ་བའི་དམ་ཚིག་ཉམས་ཆག་བསྐང་། །འབུམ་ཕྲག་བཞིའམ་དྲུག་བཟླས་ན། །དམ་ཚིག་ཆག་ཉམས་ཉེས་པ་ཡི། །ཐར་མེད་དམྱལ་བ་ཤམྦྷ་ལར། །སྐྱེ་རྒྱུའི་སྐྱེ་སྒོ་ཆོད་འགྱུར་བ། །གོས་སྔོན་ཅན་གྱི་རྒྱུད་ལས་གསུངས། །དེས་ན་ཐུན་བར་ཐམས་ཅད་དམ། །འགྲོ་འདུག་སྤྱོད་ལམ་ལ་སོགས་དུས། །འདི་ཉིད་ཉམས་ལེན་བྱེད་པ་ཟབ། །བསྐྱེད་རྫོགས་
བསྒྲུབ་པ་ལ་སོགས་པ། །རྟགས་མཚན་གསལ་བར་མི་འོང་བའི། །གེགས་སེལ་མཆོག་ཀྱང་དེ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་དམིགས་པའི་སྐོར། །དེ་དག་གསལ་ཞིང་རང་གི་སེམས། །མི་འཕྲོ་གར་གཏད་དེར་གནས་ན། །དོན་གྱི་ཞི་གནས་དེ་ཡིན་པས། །ལོགས་སུ་བསྒོམ་ཡང་མི་དགོས་སོ། །ཞི་ནི་རྣམ་རྟོག་སྤྱན་སྤུན་ཞི། །གནས་ནི་རིག་པ་གར་གཏད་དུ། །ལྷན་ནེ་གནས་པ་ཞི་གནས་ཏེ། །མཚན་བཅས་ཞི་གནས་ཞེས་བྱ་བ། །བསྟན་པ་སྤྱི་ཡི་ལུགས་ལགས་སོ། །ཐེག་པའི་གོ་རིམ་བསྐྱེད་རྫོགས་དོན། །མོས་གུས་སྒྲིབ་སྦྱོང་མཎྜལ་གྱི། །དོན་བསྡུས་གནད་འགག་ཚིགས་བཅད་འདི། །དགེ་བཤེས་སྤར་ངེ་ཕྲིན་ལས་ལ། །གོ་བ་བསྐྱེད་ཕྱིར་བྲིས་པ་སྟེ། །ཤིང་སྦྲུལ་གྲོ་བཞིན་ཟླ་བ་ཡི། །དམར་པོའི་ཕྱོགས་ཀྱི་ཚེས་ལའོ།། །།ན་མོ་མ་ཧཱ་མུ་དྲ་ཡེ། མི་རྒན་ལོ་བདུན་རྒྱལ་ཁམས་བསྐོར། །ཕྱག་ཆེན་ཁྲིད་ཀྱང་མང་ཞིག་བཙུགས། །སྐྱ་སེར་རྟོགས་འབུལ་མང་དུ་བྱུང་། །ལ་ལས་ཁྲིད་ནི་མང་པོ་ཐོབ། །དང་པོ་བསྲུང་རྒྱུ་ལེགས་པོ་ཡོད། །དེ་ནས་སྐྱིད་པའི་རྣམ་གཡེངས་དང་། །ལ་ལས་སྡུག་
པའི་མྱ་ངན་དང་། །ལ་ལས་དགྲ་ཡི་འཚེ་བ་ཡི། །སྐྱོང་རྒྱུ་མ་བྱུང་ལུས་ཤོར་ཟེར། །ལ་ལས་སྔར་ནས་གནས་འགྱུ་ཤེས། །རྒྱུན་དུ་སྐྱོང་བ་ཡིན་ན་ཡང་། །བོགས་བསྐྱེད་ཅི་ཡང་མ་བྱུང་བས། །ད་ནི་སྐྱོང་སྙིང་མ་འདོད་ཟེར། །ལ་ལས་སྔར་དུས་ངེས་ཤེས་ཅན། །སྐྱོང་རྒྱུ་ཡོད་ཅིང་མ་སྐྱུར་ཀྱང་། །ད་ནི་འདི་ཆ་མེད་པར་སོང་། །བློ་སེམས་མ་བདེ་ཅེས་ཟེར་བ། །ལ་ལས་སྐྱིད་སྡུག་ལེགས་ཉེས་སོགས། །ཐམས་ཅད་ཁོ་རང་གཅིག་འདི་རེད། །འདི་མིན་ཅི་ཡང་མེད་དམ་ཟེར། །ལ་ལས་གསལ་སྟོང་རྗེན་ནེ་བ། །འདི་ལ་འདུ་འབྲལ་མེད་དོ་ཟེར། །ལ་ལས་དྲན་ན་དེ་ཡིས་ཆོག །ངོ་བོའི་ཐོག་ན་ཕྱིན་འདུག་སྟེ། །ཡེངས་སྐབས་དུག་ལྔ་སྐྱེ་འོ་ཟེར། །ལ་ལས་མ་ཡེངས་དྲན་པའི་ངང་། །དུག་ལྔ་སྐྱེ་ཞིང་སྤྱོད་ན་ཡང་། །ཡེ་ཤེས་རྩལ་ཡིན་སྐྱོན་མེད་ཟེར། །ལ་ལས་འགྱུར་མེད་ལྟ་བ་ལ། །ཡེངས་རྒྱུ་མེད་པས་ཡེངས་བ་དང་། །བརྗེད་པ་གང་ཡིན་མི་ལྟ་ཤེས་ཟེར། །ལ་ལས་ཤེས་བཞིན་དྲན་པ་དང་། །སྐད་ཅིག་འབྲལ་དུ་མི་རུང་ཟེར། །དེ་ལ་བདག་གིས་འདི་སྐད་སྨྲས། །སྐྱིད་པའི་རྣམ་གཡེང་བྱུང་བའི་དུས། །འདོད་ཡོན་
མི་སྤོངས་ལམ་དུ་ཁྱེར། །ཟ་ཞིང་འཐུང་ཞིང་ཉལ་ཞིང་བསྒོམ། །གཏམ་ཞིང་འགྲོ་ཞིང་འདུག་ཅིང་བསྒོམ། །སྤྱོད་ལམ་ཀུན་དང་བསྲེ་ཞིང་བསྒོམ། །བོགས་འདོན་ངོ་མཚར་ཨེ་མ་ཧོ། །སྡུག་པའི་མྱ་ངན་བྱུང་བའི་དུས། །སྡུག་མཁན་སེམས་ལ་ཧྲིག་གེར་བལྟ། །སྡུག་བསྔལ་ཕྱག་ཆེན་ངོ་བོར་འཆར། །དགྲ་ལ་ཞེ་སྡང་སྐྱེས་དུས་སུ། །ཞེ་སྡང་ངོ་བོ་དེ་ལ་ལྟ། །གསལ་སྟོང་མེ་ལོང་ཡེ་ཤེས་འཆར། །སྐྲག་ནས་ཅི་བྱ་ཐབས་རྡུགས་ནས། །སྐྲག་མཁན་སེམས་ལ་ཧྲིག་གེར་ལྟ། །འཇིགས་སྐྲག་སྟོང་ཉིད་ངོ་བོར་ཞི། །འཇིགས་སྐྲག་སྐྱབས་ཀྱི་ངོ་བོར་འགྱུར། །རྒྱུན་དུ་སྐྱོངས་ཀྱང་བོགས་མེད་ན། །བླ་མའི་བྱིན་རླབས་མ་ཞུགས་རྟགས། །མོས་གུས་བསྐྱེད་ལ་གསོལ་འདེབས་འབུང་། །གང་ཤར་སྟེང་དུ་ལྷོད་དེ་བཞག །ཉམས་ལེན་ངེས་ཤེས་ཡོད་པ་ཡལ། །འདི་མིན་མེད་པར་ཕྱམ་མེ་ལུས། །རྟོགས་པ་ཉམས་ལ་ཤོར་བ་སྟེ། །གང་ཤར་བཟང་ངན་གདམ་ག་སྤོངས། །ཐམས་ཅད་སེམས་ཉིད་ཁོ་ནའི་འཕྲུལ། །ཡིན་ཀྱང་དེ་ཡིན་བསམ་པ་ཡི། །འཛིན་པ་ཕྲ་མོ་ཡོད་པ་ཤིག །དོན་ལ་ཡིན་དང་མིན་པ་མེད། །གསལ་སྟོང་རྗེན་ནེ་ངེས་ཤེས་ཅན། །ཕལ་
ཆེར་གཟུགས་ཁམས་གོལ་བའི་རྒྱུ།། །ང་རྒྱལ་མ་ཆེ་འཛིན་པ་ཤིག །དྲན་ན་ཆོག་སྟེ་མ་དྲན་པའི། །ཡེངས་སྐབས་དུག་ལྔ་སྐྱེས་པ་བདེན། །ཡེངས་དོགས་ཡང་ཡང་དྲན་རྫི་བརྟན། །མ་ཡེངས་ངང་ནས་དུག་ལྔ་སོགས། །སྐྱེས་ཀྱང་ནམ་མཁའི་དབྱུག་རྗེས་ལྟར། །དེ་རྗེས་འབྲང་དོན་ག་ལ་ཡོད། །འབྲང་བ་གཉེན་པོའི་མ་ནོན་རྟགས། །མ་ཡེངས་ཡོད་ཀྱང་དོན་གོ་ཆུང་། །དོན་དམ་འགྱུར་མེད་ལྟ་བ་ལ། །བརྗེད་དང་ཡེངས་སོགས་མ་མཆིས་ཀྱང་། །གོ་བ་ཙམ་གྱིས་མི་ཆོག་པས། །རྟོགས་པ་གདེང་ནས་སྐྱེས་པ་དགོས། །རྟོགས་པ་གདེང་ནས་ཤར་བ་ལ། །ཡེངས་དང་མ་ཡེངས་ཁྱད་མེད་ཀྱང་། །གསལ་ཆ་ཐོན་དང་མ་ཐོན་ཡོད། །དེ་ཕྱིར་དྲན་པས་གསལ་འདེབས་ཤིང་། །ཤེས་བཞིན་དྲན་པས་སྐད་ཅིག་ཀྱང་། །ཡེངས་བ་མེད་པ་དཀའ་བ་སྟེ། །མཉམ་པར་མ་བཞག་མི་མངའ་བ། །སངས་རྒྱས་མ་འདྲེས་ཆོས་ཡིན་ནོ། །དྲན་རྫི་བརྟན་ནི་མི་དགོས་པ། །དེ་ཉིད་བསྒོམ་མེད་ཡིན་པར་བཤད། །བསྒོམ་མེད་སངས་རྒྱས་ས་ཡིན་པས། །འབྲི་སྟག་ཀར་གསུམ་ལ་སོགས་པ། །སྐྱེས་ཆེན་རྣམས་ལ་ཡོད་མོད་ཀྱིས། །རང་རེའི་
སྤྱོད་ཡུལ་མ་ཡིན་པས། །དེ་འདྲའི་ཆོས་སྐད་གཏོང་བ་ཡང་། །མི་ཆོས་བླ་མའི་རྫུན་ལ་ཉེ། །བདག་ལ་རྟོགས་པ་མཐོན་པོ་མེད། །ཅི་ཕྱིར་ཡོན་ཏན་སྣ་ཁ་མང། །བསྙེན་སྒྲུབ་དམིགས་རིམ་འདོན་ཆ་མང་། །རྩེ་གཅིག་དེ་ལ་མ་དྲིལ་ལན། །ལོ་ལྔ་ལོན་ནས་གནས་འགྱུ་འཕྲིགས། །ལོ་བཅུ་ལོན་ནས་གནས་འགྱུ་ཤེས། །བཅུ་བདུན་ལོ་ལ་ཁྲིད་ཆེན་ཐོབ་། །ནམ་ཡང་མ་སྐྱུར་ཙམ་རེ་བྱས། །མཚམས་དང་སྒྲུབ་པ་མི་ཚེ་བསྐྱལ། །དེ་ཕྱིར་ལམ་རྒྱུས་ཅུང་ཟད་མཆིས། །ལོ་འགའ་འགྲོ་དོན་བྱས་སྐབས་སུ། །རྟོགས་འབུལ་བྱུང་རྣམས་དྲན་ནས་བྲིས། །དབོན་པོ་ལ་སོགས་གཞན་ལ་ཡང་། །སེམས་ལ་ཕན་པའི་བདུད་རྩིར་ཤོག། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། ཕྱག་རྒྱ་ཆེན་པོའི་རྟོགས་པ་དེ། །འདོད་པ་ཆེ་བས་སྐྱེ་བ་མིན། །ཤེས་རབ་ཆེ་དང་གོ་བ་བཟང་། །ཡོན་ཏན་མཁས་དང་སྤྱོད་པ་བཙུན། །མི་ཆེ་ལྷ་གཉེན་གྱིས་མི་སྐྱེ། །ཚེ་སྔོན་ལས་འཕྲོ་བཟང་བ་དང་། །མོས་གུས་ཅན་ལ་སྐྱེ་བ་ལགས། །མོས་གུས་ཆེ་ཞིང་བརྩོན་འགྲུས་ལྡན། །ཡུན་རིང་བསྐྱོངས་ཀྱང་སྐྱེད་མེད་པར། །བདེ་གསལ་མི་རྟོག་ཉམས་བཟང་དང་།
རྩུབ་ཉམས་འཕྲོ་རྒོད་རེས་མོས་ལས། །རྟོགས་པའི་རང་ཞལ་མ་མཐོང་ན། །སྐྱོང་ལུགས་གནད་ཅིག་མ་ཤེས་རྟགས། །ཁྲིད་ཞུས་དུས་ན་བླ་མ་ཡི། །སེམས་ཉིད་མ་བཅོས་རང་བབ་ཏུ། །ཞོག་གསུངས་དོན་དེ་མ་གོ་ཟིན། །ཉམས་རྟོགས་སྐྱེ་བའི་རེ་བ་དང་། །མི་སྐྱེ་སྙམ་པའི་དོགས་པ་དང་། །གསལ་ཆ་ཆེ་དུས་དགའ་བ་དང་། །མི་གསལ་རྨུགས་དུས་མི་དགའ་བ། །གནས་ཉམས་ཆེ་དུས་ཡིད་བདེ་ཞིང་། །འཚུབ་ཆ་ཆེ་དུས་མི་དགའ་བ། །དེ་དག་ཐམས་ཅད་བཅོས་པ་ཡིན། །ད་ནི་གང་ཤར་གདམ་ག་སྤོངས། །དྲན་རྫི་མ་བརྗེད་ཙམ་ཞིག་ལས། །འདི་བསྒོམ་གཏད་སོ་མེད་པར་ཤོག །བཟང་ངན་གདམ་ག་མེད་པར་ཞོག །བདག་མེད་མི་རོ་བཞིན་དུ་ཞོག །བསམ་མེད་སྨྱོན་པ་བཞིན་དུ་ཞོག །དེ་ལྟར་ཡུད་ཙམ་བཞག་ནུས་ན། །ངོས་བཟུང་འཛིན་པ་བྲལ་བ་ཡི། །སྟོང་ཉིད་ཕྱག་ཆེན་ངོ་བོ་མཐོང་། །ལྟ་མི་བལྟ་རྒྱུ་གཅིག་ཏུ་འདྲེས། །འདི་ཡིན་འདི་མིན་མེད་པ་ཡིས། །ངག་གིས་བརྗོད་པའི་ཡུལ་ལས་འདས། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །རང་གི་སེམས་དང་དབྱེར་མེད་འདྲེས། །ཕྱི་རོལ་ཡུལ་སྣང་སྣ་
ཚོགས་འདི། །རྒྱ་མཚོར་ཤར་བའི་གཟའ་སྐར་བཞིན། །རྣམ་པ་གསལ་ཡང་ངོ་བོ་སྟོང་། །སངས་རྒྱས་ཀུན་གྱི་ཐུགས་དགོངས་དང་། །སེམས་ཅན་ཀུན་གྱི་སེམས་ཉིད་དང་། སྣང་སྲིད་ལྷ་འདྲེའི་སྲོག་སྙིང་དང་། །རང་གི་སེམས་ཉིད་དབྱེར་མེད་དུ། །ཁ་ཙམ་མིན་པར་སྙིང་ནས་རྟོགས། །ཡེངས་དང་མ་ཡེངས་གཉིད་མ་གཉིད། །ཁྱད་མེད་ངོ་བོའི་ཀློང་དུ་རྟོགས། །བསྒོམ་ཆེན་བྱས་ཀྱང་རུང་ངམ་སེམས། །མི་རུང་བསྒོམ་རྒྱུའི་གཏད་སོ་མེད། །འོན་ཀྱང་དྲན་རྫིའི་ཁྱད་པར་ལས། །གསལ་མདངས་ཐོན་དང་མ་ཐོན་སྣང་། །དེ་ཕྱིར་དྲན་རྫི་བརྟེན་པ་ཟབ། །བསྒོམས་ནས་སངས་རྒྱས་ཐོབ་པའི་ཐབས། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གྲགས། །རྫོགས་ཆེན་ཁྲེགས་ཆོད་ཅེས་བྱའི་དོན། །མདོ་རྒྱུད་ཀུན་གྱི་སྙིང་པོའི་བཅུད། །གྲུབ་ཐོབ་རྣམས་ཀྱི་གཤེགས་ཤུལ་ལགས། །གསང་སྔགས་ཟབ་ཁྲིད་ཀུན་གྱི་དོན། །འཕྲལ་དུ་ཡིད་ལ་གང་དྲན་ཙམ། །ཤིང་སྦྲུལ་གྲོ་ཞུན་ཟླ་བ་ཡི། །བཅུ་དྲུག་ཉིན་གྱི་ཕྱེད་ཐུན་སྐབས། །དབོན་པོ་ཕྲིན་ལས་ཞེས་བྱ་ལ། །ངོ་སྤྲོད་ཚུལ་དུ་བྲིས་པའོ།། ༈ །།ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ། དུས་ངན་མཐའ་ལ་
མ་ཐུག་ཅིང་། །བསྟན་པ་ཧ་ཅང་མ་སྙིགས་དུས། །བསྒོམས་ནས་སངས་རྒྱས་ཐོབ་པ་མང་། །ད་ནི་ཚེ་ཡི་སྙིགས་མ་སྟེ། །ཚེ་ཐུང་ནད་མང་བསྒོམ་ལོང་མེད། །ནད་མུག་མཚོན་སོགས་བར་ཆད་མང་། །སྒོམ་སྒྲུབ་འདོད་ཀྱང་རྐྱེན་གྱིས་འཁྱེར། །དེང་སང་འགྲོ་ལ་ཕན་པའི་ཕྱིར། །སངས་རྒྱས་ཐབས་མཁས་ཐུགས་རྗེ་ཆེ། །མ་བསྒོམ་སངས་རྒྱས་གནད་དྲུག་གསུངས། །བསྒོམས་ན་སངས་རྒྱས་ལུས་ཀྱང་ཐོབ། །མ་བསྒོམས་སངས་རྒྱས་ངོ་མཚར་ཆེ། །ཆོས་སྐུ་ཀུན་ཏུ་བཟང་པོའི་བཀའ། །རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་དོན། །རིག་འཛིན་དགའ་རབ་རྡོ་རྗེའི་ལུང་། །མཁས་པ་ཤྲཱི་སེང་ཐུགས་ཀྱི་བཅུད། །ཨོ་རྒྱན་ཆེན་པོའི་ཁྱད་ཆོས་ཏེ། །ཡེ་ཤེས་མཁའ་འགྲོའི་སྙིང་གི་ཁྲག །རིག་འཛིན་འབུམ་ཕྲག་གཤེགས་པའི་ལམ། །དམ་ཅན་སྲུང་མས་སྐྱོང་རྒྱུའི་ནོར། །རྫོགས་ཆེན་ཨ་ཏི་ཡོ་ག་ལས། །དྲན་པས་གྲོལ་བར་བྱེད་པའི་ཐབས། །འཕོ་བ་དྲན་པ་རང་གྲོལ་གསུངས། །ཟོས་པས་སངས་རྒྱས་ཐོབ་པའི་ཐབས། །སྐྱེ་བདུན་ཤ་ཡི་རིལ་བུ་གསུངས། །བཏགས་པས་སངས་རྒྱས་ཐོབ་པའི་ཐབས། །བཏགས་གྲོལ་ཕུང་པོ་རང་གྲོལ་
གསུངས། །རེག་པས་སངས་རྒྱས་ཐོབ་པའི་ཐབས། །མཚན་ལྡན་ཕྱག་རྒྱ་པདྨ་ཅན། །མཚོ་རྒྱལ་ལབ་སྒྲོན་ལ་སོགས་གསུངས། །ཐོས་པས་སངས་རྒྱས་ཐོབ་པའི་ཐབས། །ཐོས་གྲོལ་བར་དོའི་ངོ་སྤྲོད་གསུངས། །བལྟས་པས་སངས་རྒྱས་ཐོབ་པའི་ཐབས། །རྫོགས་ཆེན་ཐོད་རྒལ་ཁྲིད་རྣམས་སོ། །འདི་དག་སྣོད་ལྡན་མ་གཏོགས་པ། །ཀུན་ལ་མི་སྨྲ་གསང་དགོས་ཏེ། །དབང་མ་ཐོབ་ལ་བཤད་པ་ན། །བཤད་མཁན་ཉན་མཁན་གཉིས་ཀ་ལ། །མ་གཟའ་དམ་གསུམ་བཀའ་ཆད་འོང་། །ལོག་ལྟ་ཅན་གྱིས་ཐོས་པ་ན། །སྐུར་པ་འདེབས་པས་དམྱལ་བར་ལྟུང་། །ཅི་ཕྱིར་ལས་འཕྲོ་མེད་པ་དང་། །ཐོས་པ་ཆུང་བས་མི་ཤེས་ཏེ། །ཡི་དྭགས་ཟས་ལ་དགྲར་མཐོང་འདྲ། །དབང་ཐོབ་གསང་ཐུབ་དམ་ཚིག་ཅན། །རྫོགས་ཆེན་ངོ་སྤྲོད་ཐོབ་པ་རྣམས། །འཇའ་དང་འོད་ཀྱི་ཐིག་ལེ་རྣམས། །མངོན་སུམ་མིག་གིས་མཐོང་བ་ནི། །དབྱིབས་ནི་འཇའ་གུར་རེ་བ་ཅན། །ཐིག་ལེ་སྟོང་པའི་སྒྲོན་མེ་ནི། །ཕུབ་ཀྱི་སྦ་འཁོར་ལྟ་བུའམ། །ཀོ་མོག་རྡོ་འཕང་ཆུ་རིས་འདྲ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ལྕགས་ཐག་དྲྭ་བ་དྲྭ་ཕྱེད་འདྲ། །གསུམ་པོ་གཅིག་གིས་
གཅིག་མ་བསྒྲིབས། །དཀར་སེར་དམར་ལྗང་མཐིང་ཀ་སྟེ། །རིགས་ལྔ་ཡེ་ཤེས་ལྔ་ཡི་འོད། །མངོན་སུམ་མཐོང་བས་ལྟ་བ་ཡང་། །ཡིད་ལ་སྤྱོད་པ་དེ་བས་ལྷག །ཆོས་ཉིད་མངོན་སུམ་སྣང་བས་སོ། །དེ་དག་ཇེ་ཆེ་ཇེ་འཕེལ་བ། །ཉམས་སྣང་གོང་དུ་འཕེལ་བའོ། །ཕྱག་མཚན་ཡིག་འབྲུ་དཀྱིལ་འཁོར་དང་། །མཆོད་རྟེན་ལ་སོགས་འཆར་བ་དང་། །ཐིག་ལེ་ལྔ་རྩེགས་གསུམ་ཙམ་དང་། །ལྷ་སྐུ་རྐྱང་པའམ་ཞལ་སྦྱོར་དང་། །རིགས་ལྔ་ཡོངས་རྫོགས་ཞི་ཁྲོའི་ལྷ། །མཐོང་ན་རིག་པ་ཚད་ལ་ཕེབས། །དེ་ནས་མ་བསྒོམས་ན་ཡང་ཆོག །ཕྱི་དབུགས་ཆད་པའི་དེ་མ་ཐག །མིག་ལ་འོད་ཀྱི་སྦུ་གུ་ཟུག །དེ་ཡི་རྒྱུད་ནས་རྣམ་ཤེས་ནི། །རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། །བར་དོ་མེད་པར་སངས་རྒྱས་གསུངས། །འདི་ཙམ་ཁྲིད་ཕྲུག་མང་པོའི་མཐོང་། །ཚད་ཕེབས་ནས་ཀྱང་མ་བསྐྱུར་ན། །འཇའ་ལུས་ཐོབ་པར་གསུངས་པ་སྟེ། །སྔོན་དུ་དེ་འདྲ་དཔག་མེད་བྱུང་། །ད་ནི་འབྱུང་བར་དཀའ་ན་ཡང་། །མི་སྲིད་པ་ནི་མ་ཡིན་ཏེ། །ཚེ་ལོ་དྲུག་ཅུ་ནས་བཟུང་སྟེ། །ཚེ་ལོ་བཅུ་པའི་མཐར་ཐུག་བར། །ཀུན་བཟང་ཐུགས་ཀྱི་བསྟན་པ་
དར། །རྫོགས་ཆེན་ཉམས་རྟོགས་སྐྱེ་སླ་བས། །དེ་ནས་བཟུང་སྟེ་ཟབ་མོའི་ཆོས། །མང་པོ་དར་ཞིང་རྒྱས་པ་སྟེ། །བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། །དཔེར་ན་མར་མེ་འཆི་ཁ་རུ། །འོད་ནི་གསལ་བར་འབྱུང་བ་ལྟར། །དེ་བཞིན་ང་ཡི་བསྟན་པ་ཡང་། །ནུབ་ཁར་ཟབ་མོའི་ཆོས་དར་གསུངས། །དེ་ཕྱིར་ཨོ་རྒྱན་རིན་པོ་ཆེས། །ཤིན་ཏུ་ཟབ་པའི་དམ་ཆོས་རྣམས། །གཏེར་སྦས་དུས་མཐར་དར་བ་ཡི། །སྨོན་ལམ་ལུང་བསྟན་རྒྱ་ཆེར་མཛད། །དེ་ཕྱིར་སྤར་ངེའི་དབོན་པོ་བ། །དགེ་སློང་ངག་དབང་ཕྲིན་ལས་ཀྱིས། །ཕྱག་རྫོགས་ཟུང་འཇུག་གདམས་པ་ཡི། །རང་གཞན་དོན་གཉིས་འགྲུབ་པར་མཛོད། །དེ་སྐད་རཱ་ག་ཨ་སྱ་ཡིས། །ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ། །གྲོ་ཞུན་ཅན་གྱི་དམར་པོའི་ཕྱོགས། །ཚེས་གཅིག་ཉིན་པར་རྫོགས་པར་བྲིས། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།