Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
   
   
   
བཞི་པ་དེ་དག་གི་མཇུག་སྡུད་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་པ་དེ་དག་གི་མཇུག་སྡུད་པ།next

བཞི་པ་དེ་དག་གི་མཇུག་སྡུད་པ།

བཞི་པ་དེ་དག་གི་མཇུག་སྡུད་པ་ནི། འདིར་ནི་སྐྱོན་བྲལ་ཡོན་ཏན་རྫོགས་པའི་ཀ་དག་ལྷུན་གྲུབ་ཟུང་འཇུག་ངོ་བོ་ཡོད་མེད་འགྱུར་ལྡོག་གཅིག་དང་དུ་མ་ལས་འདས་པའི་རང་བྱུང་གི་ཡེ་ཤེས་ཆད་རྟག་དང་བྲལ་བའོ། །ཡང་ཀ་ནས་དག་པས་དངོས་པོར་མེད། ལྷུན་གྱིས་གྲུབ་པས་ཆད་པར་མེད། མ་ངེས་པས་རྟག་གཅིག་གི་མཐའ་མེད། ངེས་པས་ཐ་དད་མེད། ཅིར་ཡང་ཁས་བླང་དུ་བཏུབ་པ་དང་། སྣ་ཚོགས་པས་རྟག་ཆད་འགྲོ་འོང་གི་མཐའ་དང་བྲལ་དེ། དེ་གཉིས་ཕན་ཚུན་འགལ་བས་གཉིས་ཡིན་མི་སྲིད་པས་སེལ་ལོ། །ཡང་སྤྲོས་པ་ཀ་ནས་དག་པས་སྟོང་ཉིད། སྐུ་གསུམ་ལྷུན་གྱིས་གྲུབ་པས་སྨོན་མེད། ཟུང་འཇུག་དབྱེར་མི་ཕྱེད་པས་མཚན་ཉིད་མེད་པ་སྟེ་དབུས་མ་དམིགས་པས་སོ། །རྩ་ཤེས་ལས། འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་དང་། ཟླ་བས། སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །དམིགས་པ་མེད་པས་རྣམ་དབེན་དང་། །མཚན་མ་མེད་པས་ཞི་ཉིད་དང་། །གསུམ་པར་སྡུག་བསྔལ་གཏི་མུག་མེད། མཚན་ཉིད་རྣམ་པར་གྲོལ་བྱེད་པའོ། །ཞེས་ཕ་རོལ་ཏུ་ཕྱིན་པའི་གཞི་དབུ་མ་བདེན་གཉིས་ཟུང་འཇུག་གི་རང་བཞིན་དང་། རྡོ་རྗེ་ཐེག་པའི་དག་མཉམ་དབྱེར་མེད་ཀྱི་ཆོས་སྐུ་ཆེན་པོར་བསྟན་པའི་གཞི་རྒྱུད་ཐམས་ཅད་འདི་ལ་ཡོངས་སུ་རྫོགས་ནས་དགོངས་མིན་མཐར་ཐུག་གི་དོན་དུ་གྲུབ་པ་ཉག་གཅིག་གོ །རང་ཤར་ལས། དཔེར་ན་རྒྱ་མཚོ་ཆེན་པོ་ལ། །ཆུ་ཕྲན་ཐམས་ཅད་འདུས་པ་བཞིན། །ཕྱི་ནང་གསང་བའི་ཆོས་རྣམས་ཀུན། །རིག་པ་སྐྱེ་མེད་ངང་དུ་འདུས། །ཞེས་དང་། གསང་སྔགས་ཀུན་གྱི་དགོངས་པ་ཆེན་པོ་ཡིན། །ཞེས་པ་ལྟར་རོ། །


previousབཞི་པ་དེ་དག་གི་མཇུག་སྡུད་པ།next