Nitartha Digital Library
Tibetan
 
previousདབྱིངས་སྤྱིར་འཇལ་བ།next

དབྱིངས་སྤྱིར་འཇལ་བ།

གཉིས་པ་གནས་ལུགས་ཀྱི་གཞི་ལ། དབྱིངས་སྤྱིར་འཇལ་བ༔ གནས་ལུགས་ཀྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་དང་གཉིས་ལས༔

དང་པོ་ལ༔ ངོ་བོ༔ ངེས་ཚིག །༔ དབྱེ་བ༔ མཚན་ཉིད༔ མཐུན་དཔེའི་ཟུར་མཚོན༔ དོན་གྱིས་མི་མཐུན་པའི་ཚུལ༔ འབོད་སྐད་དང་བདུན་ལས༔

དང་པོ་ནི༔ སྟོང་པ་ཉིད་ཉི་ཤུའི་རང་བཞིན་ཅན་ཀ་དག་དབྱིངས་ཀྱི་བདེ་ཆེན་དང་༔ རང་བཞིན་འོད་གསལ་འགག་མེད་ལྷུན་གྲུབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཟུང་དུ་འཇུག་པ་སྟེ༔ དེ་ཡང་སྐྱེ་མ་མྱོང་བས་འགག་རྒྱུ་མེད་པའོ༔ ཞེས་དང་༔ འགག་པ་རང་མཚན་པ་སོགས་མེད་པས་འགག་མེད་དུ་འཆོས་པའི་ཚིག་རྐྱང་དང་༔ ཡང་འཁྲུལ་སྣང་འཁོར་བའི་ཆོས་ཡོད་པས་འགག་མེད་འགྲུབ་སྙམ་ན་དེ་ནི་སངས་རྒྱས་ཀྱི་ས་ལ་མེད་པས་ན་མི་འཐད་དོ༔ འདིར་སྟོང་པ་བེམ་སྟོང་དུ་མ་ཤོར་བས་ཟག་མེད་འདུས་མ་བྱས་པ་ཡེ་ཤེས་ཆེན་པོ་དག་སྣང་རབ་འབྱམས་ལྷུན་གྱིས་གྲུབ་ཅིང་ཉག་གཅིག་བསམ་ངོ་ལས་འདས་པ་ཐིག་ལེ་འགྱུར་མེད་གདལ་ཁྱབ་གཉིས་སུ་མེད་པའི་ཡེ་ཤེས་སོ༔

གཉིས་པ་ངེས་ཚིག་ནི་རྩལ་སྣང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཁམས་རྒྱ་མཚོ་ལྟ་བུ་ཐམས་ཅད་བསྐྱེད་པའི་རྩ་བ་ལྟ་བུ་དང་༔ བརྟེན་པའི་གཞི་གཅིག་པུར་གྱུར་པའི་ཕྱིར་ན་གཞི་ཞེས་བྱའོ༔

གསུམ་པ་དབྱེ་བ་ནི༔ གནས་ལུགས་འཁོར་འདས་ཀྱི་བར་དོའི་བབས་གཞི་དང་༔ དེ་ཉིད་ཀྱི་ཚུལ་རང་ལ་ཡེ་ནས་མ་བཙལ་ལྷུན་གྱིས་རྫོགས་པ་ཉིད་ཤེས་པ་དམན་པོས་རང་མ་རིག་པའི་འཁྲུལ་གཞི༔ གནས་ལུགས་ཀྱི་གཞི་དེ་ལ་ཇི་ལྟ་བར་ཤེས་རབ་རྟོག་བྲལ་གྱི་སྤྱན་རྒྱས་པས་རྩལ་སྟོབས་གཞི་ལ་འདུས་ནས་གྲོལ་གཞི་ཉིད་དུ་གྱུར་བ་དང་གསུམ་མོ༔ དེ་ཉིད་གཏན་ལ་འབེབས་ཚུལ་གྱིས་སྐྱོན་ཅན་དང་༔ སྐྱོན་མེད་གཉིས་སུ་ཡོད་པའི་ནང་ཚན་གྱིས་བརྒྱད་དོ༔ རྡོ་རྗེའི་གནས་དེ་ཡང་༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ དབྱེ་ན་སྐྱོན་ཅན་སྐྱོན་མེད་གཉིས༔ སྐྱོན་ཅན་དྲུག་དང་བརྒྱད་ཀྱིས་བསྟན༔ ཞེས་སོ༔ གནས་པའི་གཞིའམ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ལའང་གཞི་རིག་དང་ལམ་རིག་གི་ཁྱད་པར་ལས༔ གནས་པའི་གཞིའམ་ཡེ་ཐོག་དང་པོའི་གནས་ལུགས་གཞི་རང་བཞིན་གྱི་རྒྱུད་དམ་ཆོས་སྐུའི་སྐུ་གསུམ་དང་༔ ལམ་རིག་གམ་གནས་སྐབས་ཀྱི་གཞིར་གནས་སྙིང་པོ་རང་བཞིན་གྱི་རྒྱུད་དམ༔ ཁྱབ་པའི་གཞི་ལ་སྣང་སྟོང་གི་ཕྱོགས་གཉིས་ལས་སྣང་ཆ་གཙོ་བའི་ཤས་ཀྱི་རིག་པ་འོད་གསལ་གྱི་གནས་ལུགས་གཟུགས་སྐུའི་སྐུ་གསུམ་གཉིས་སུ་ཡོད་ལ༔ ཕྱི་མ་ལའང་གནས་སྐབས་སོ་སོའི་དབང་གིས༔ འོད་དང་འོད་ཁྱིམ་གྱི་རང་བཞིན་དུ་འབྲས་བུ་འཁྲུལ་འབྲས་ཡུལ་ལུས་སེམས་གསུམ་དང་སངས་རྒྱས་ཀྱི་གཞན་སྣང་ཐུགས་རྗེའི་ལམ་དུའང་གང་གི་དུས་སུའང་ཁྱབ་པའི་ཆ་ནས་སྙིང་པོ༔ དུས་གསུམ་གྱི་གཞི་སྣང་ལ་འཁོར་འདས་གཉིས་ཀྱི་ཆོས་སུ་སྣང་བ་འབྱུང་བས་འབྱུང་བའི་གཞི་ཞེས་བྱ་ཞིང༔ དེ་ཉིད་རྟོགས་པ་ཁོང་དུ་ཆུད་ཚུལ་ལས་རིག་པ་བཅུད་དུ་སྨིན་ཞིང་ཚད་ལ་ཕེབས་པས་ན་བཅུད་ཀྱི་རྒྱུད་ཅེས་བྱ་ཞིང༔ སྙིང་པོ་མཐོང་བའི་ཚུལ་ལས་ཏེ་སྐུ་འོད་ཡེ་ཤེས་རྣམས་སྨིན་པའི་ཐིག་ལེ་བརྒྱད་ཅུར་གོང་ནས་གོང་དུ་རྒྱས་པའི་ན་མེ་ཏོག་གི་རྒྱུད་དམ་གཡོ་བའི་གཞི་སྟེ་ཀུན་ཀྱང་སྐུ་གསུམ་དང་དབྱིངས་དང་ཡེ་ཤེས་དབྱེར་མེད་པའོ༔

བཞི་པ་མཚན་ཉིད་ནི་ཡེ་ཐོག་དང་གནས་སྐབས་ཀྱི་གཞི་དེ་གཉིས་ཀའང་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གསུམ་དང་ཡེ་ཤེས་ལྔ་ལྔར་ལྡན་པའོ༔

ལྔ་པ་མཚོན་དཔེ་ནི༔ སྟོང་པ་ཉིད་གང་ལའང་མི་གནས་པ་ནམ་མཁས་མཚོན་༔ རང་བཞིན་གསལ་པའི་ཡེ་ཤེས་གཏིང་དཔག་དཀའ་བ་ཡོན་ཏན་ཀུན་འབྱུང་གི་བདག་ཉིད་རྒྱ་མཚོས་མཚོན། འཁོར་འདས་ཀུན་ཁྱབ་ཀྱི་ཐུགས་རྗེ་ནོར་བུས་མཚོན༔ དྲི་མེད་ཟངས་ཐལ་དབྱེར་མེད་ཆེན་པོའི་ཆ་ནས་མན་ཤེལ་གྱིས་མཚོན༔ གཞན་ཡང་ཟུར་རེས་མཚོན་པའི་དཔེ་སྣ་ཚོགས་པ་ཡོད་དེ༔ ཀློང་ཆེན་རབ་འབྱམས་ལས༔ ངོ་བོ་རྣམ་དག་ནམ་མཁའ་འདྲ༔ རང་བཞིན་རྒྱ་མཚོ་དྭངས་པ་འདྲ༔ ཐུགས་རྗེ་ནོར་བུ་དྲི་མེད་འདྲ༔ ཞེས་དང་༔ མཐུན་པའི་དཔེ་ནི་འདི་ལྟར་རོ༔ སྟོང་པ་ཡངས་པ་ཁྱབ་པ་གསུམ༔ ནམ་མཁའ་ལྟ་བུར་གནས་པའོ༔ དྲི་མེད་གསལ་དག་ཟང་ཐལ་བས༔ མན་ཤེལ་དྲི་མེད་ལྟ་བུར་གནས༔ མ་འགགས་རྩལ་རྣམས་ཀློང་ན་གསལ༔ རྒྱ་མཚོ་དྭངས་པའི་མཁའ་ལྟར་གནས༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ནམ་མཁའ་ཡངས་མཐོ་མཐའ་དབུས་མེད༔ དངོས་མེད་ཀུན་ཁྱབ་འབྱུང་བཞིའི་སྣོད༔ འགྲོ་འོང་མེད་པས་འདུས་མ་བྱས༔ ཆོས་ཉིད་ངོ་བོ་དེ་བཞིན་ནོ༔ ཞེས་དང་༔ རྒྱ་མཚོ་གཏིང་ཟབ་འཕེལ་བྲི་མེད༔ སྲོག་ཆགས་བྱིང་མང་བསམ་མི་ཁྱབ༔ རིན་ཆེན་ལ་སོགས་འདོད་དགུ་ཡོད༔ ཆོས་ཉིད་ངོ་བོ་དེ་བཞིན་ནོ༔ རིན་ཆེན་ཡོན་ཏན་ཀུན་འབྱུང་ཡང་༔ བསོད་ནམས་ཅན་ལ་འབྱུང་བ་ལས༔ ཚོགས་མ་བསགས་ལ་འབྱུང་བ་མིན་༔ ཆོས་ཉིད་ངོ་བོ་དེ་བཞིན་ནོ༔ ཆུ་ཤེལ་ཕྱི་ནང་མེད་པ་ནི༔ གཟུགས་བརྙན་གསལ་ཀྱང་དོན་ལ་མེད༔ ཁ་དོག་ངེས་མེད་རྐྱེན་ལས་བྱུང་༔ ཆོས་ཉིད་ངོ་བོ་དེ་བཞིན་ནོ༔ ཞེས་དང་༔ གཞན་ཡང་༔ ནམ་མཁའ་ཉི་ཟླ་སྐར་མ་དང་༔ རྒྱ་མཚོ་རི་བོ་ཨུ་དུམ་ཝར༔ ས་གཞི་ཆུ་བོ་དུས་ཀྱི་འབྲུག༔ ཆོས་རྒྱལ་གྱད་དང་དེད་དཔོན་དང་༔ ཆུ་ཤེལ་བཻཌཱུརྱ་པདྨ་དང་༔ ཏིལ་འབྲུ་མེ་ལོང་སྒྲོན་མ་དང་༔ རིན་ཆེན་མ་གི་གླ་རྩི་གསེར་ལ་སོགས༔ ཐུན་མོང་དཔེ་ཡིས་མཚོན་བྱས་ནས༔ ཞེས་སོ༔

དྲུག་པ་དོན་གྱིས་མི་མཚོན་པའང་དེ་སྙེད་ཀྱི་གྲངས་ལས་བསྡུས་ན༔ ཅིག་ཆོད་ལས༔ རེ་ཞིག་ཕྱོགས་ཙམ་མཚོན་པའི་བརྡའ་ཙམ་ལས༔ སེམས་ཉིད་རིག་བཅས་སྟོང་པ་མཐའ་བྲལ་ཏེ༔ ནམ་མཁའ་རིག་མེད་སྟོང་པས་མཚོན་མི་ནུས༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ནམ་མཁའ་ཡངས་མཐོ་འདུས་མ་བྱས༔ རིས་མེད་ཕྱལ་བ་སྟོང་པ་ཡིན༔ ཆོས་སྐུ་རིག་པ་འབྲལ་མེད་ཀློང༔ དེ་ཕྱིར་ཆོས་ཉིད་ཁྱད་པར་འཕགས༔ རྒྱ་མཚོ་བྱིང་མང་ནོར་ཡོད་ཀྱང་༔ འདུས་བྱས་ལས་ལས་སྐྱེས་པ་ཡིན༔ རང་བྱུང་རིག་པ་འདུས་མ་བྱས༔ བག་ཆགས་འཛིན་མེད་ཁྱད་པར་འཕགས༔ རིན་ཆེན་ཡོན་ཏན་ཀུན་ལྡན་ཡང་༔ སྤྲུལ་པའི་སྐུ་མིན་ཡོད་མེད་སྲིད༔ ངེས་དོན་གདམས་ངག་སྟོན་པ་པོ༔ སྐལ་ལྡན་ཅན་ལ་ཁྱད་པར་འཕགས༔ ཆུ་ཤེལ་གཟུགས་བརྙན་གསལ་གྱུར་ཀྱང༔ ཁ་དོག་རྐྱེན་གྱིས་འགྱུར་ཕྱིར་འཁྲུལ༔ ཆོས་སྐུ་ཕྱི་ནང་མེད་པར་ནི༔ འགྱུར་མེད་གསལ་བས་ཁྱད་པར་འཕགས༔ ཞེས་སོ༔

བདུན་པ་འབོད་སྐད་ནི༔ གསལ་རིག་གི་གཤིས་སམ་ངང༵་ཡིན་པའི་ཕྱིར་ངོ༵་བོ༵་ཞེས་བརྗོད༔ གསལ་བའི་མུ་ཡིན་ཕྱིར་ར༵ང་བཞི༵ན་ལ༔ སྟོང་གསལ་གྱི་བྱིན་རླབས་ཡིན་པའི་ཕྱིར་བདག༵་ཉིད༵་དམ་ཐུགས༵་རྗེ༵་ཟེར་རོ༔ ཡང་གཉིས་འཛིན་དང་ཉོན་ཤེས་ཀྱི་དྲི་མ་མེད་པས་ཀ་དག༔ མཚན་མའི་ལུས་ལྔའི་མ་བསྒྲུབ་པས་ཟང་ཐལ༔ བེམ་སྟོང་ཕྱང་མ་ཆད་པར་ནང་གསལ་ཤེས་རབ་ཡེ་ཤེས་ཀྱི་སྐུ་ལྔས་བརྒྱན་པས་ཆོས་སྐུའི་རིག་པ༔ རིག་པའི་རང་བཞིན་གསལ་བ་དང་དེའི་རང་མདངས་ལྔ་མཚན་སོ་ལྔའི་ཡོན་ཏན་གྱི་སྒོ་ཡངས་པ་ཉིད་མ་བྱས་རང་བྱུང་བའི་རང་བཞིན་ལ་ལོངས་སྐུའི་རིག་པར་བཏགས༔ རང་ངོར་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་དཀྱིལ་འཁོར་རྒྱས་པ་དང་༔ གཞན་དོན་དུ་དེ་གཉིས་ཟུང་འཇུག་མཁྱེན་པས་གདུལ་བའི་ཐབས་དང་འདུལ་བྱེད་སྤྲུལ་པའི་འབྲེལ་འབྱུང་བ་དང༔ སྣང་སྟོང་མཉམ་པ་ཆེན་པོའི་རོལ་བའི་ཆོ་འཕྲུལ་ལམ་སྤྲུལ་བ་ཡིན་པའི་འབྲེལ་ལས་ཐུགས་རྗེ་ལ་སྤྲུལ་སྐུའི་རིག་པ་ཞེས་བྱ་སྟེ༔ ཀློང་གསལ་ལས༔ སྟོང་པ་དེ་ལ་ངོ་བོ་ཟེར༔ གསལ་བ་དེ་ལ་རང་བཞིན་ཟེར༔ འོད་སྣང་དེ་ལ་ཐུགས་རྗེ་ཟེར༔ ཞེས་དང་༔ དོན་གསལ་དང་ཐལ་འགྱུར་ལས༔ ངང་དྭངས་རང་བཞིན་བདག་ཉིད་དེ༔ མ་བཅོས་པས་ན་ངང་ཞེས་བྱ༔ གསལ་བར་སྣང་བའི་རང་བཞིན་དང་༔ དབྱེར་མེད་བདག་ཉིད་ཆེན་པོའོ༔ ཞེས་དང་༔ དུར་ཁྲོད་ཕུང་པོ་འབར་བ་ལས༔ ངོ་བོ་རང་བཞིན་ཐུགས་རྗེ་དང་༔ ངང་དྭངས་རང་བཞིན་བདག་ཉིད་དོ༔ ཞེས་དང་༔ ཀ་དག་ཟང་ཐལ་འགགས་མེད་ལ༔ ཆོས་སྐུའི་རིག་པར་མིང་དུ་བཏགས༔ གསལ་མདངས་ལྷུན་གྲུབ་ཀུན་ཁྱབ་ལས༔ ལོངས་སྐུའི་རིག་པར་མིང་དུ་བཏགས༔ མ་འགགས་རང་བྱུང་ཤར་བ་ལ༔ སྤྲུལ་སྐུའི་རིག་པར་མིང་དུ་བཏགས༔ ཆོས་སྐུའི་རིག་པ་སྟོང་པ་ཡིན༔ ལོངས་སྐུའི་རིག་པ་གསལ་བ་ཡིན༔ སྤྲུལ་སྐུའི་རིག་པ་ཁྱབ་བརྡལ་ལོ༔ ཞེས་སོ༔ དེ་སྐད་དུའང་ཀློང་ཆེན་རབ་འབྱམས་ལས༔ གཞི་ལ་མི་མཐུན་མང་དུ་བཤད༔ ངོ་བོ་ངེས་ཚིག་དབྱེ་བ་དང་༔ མཚན་ཉིད་མཐུན་དཔེ་སོགས་ཀྱིས་བཤད༔ ངོ་བོ་ཐིག་ལེ་ཉག་གཅིག་ཡིན༔ ངེས་ཚིག་གཞི་ལ་རྩལ་རྫོགས་པས༔ ཀུན་གྱི་ཀུན་གཞི་ཞེས་བྱའོ༔ ཞེས་དང་༔ མཚན་ཉིད་བཞུགས་ཚུལ་དབྱེ་བ་དང་༔ སྐུ་གསུམ་ཡེ་ཤེས་གསུམ་དང་ལྡན༔ ཞེས་དང་༔ ཀློང་གསལ་ལས༔ གནས་ལུགས་གཞི་ལ་སྤྱི་གཞི་དང་༔ དེ་ལས་མ་རིག་འཁྲུལ་གཞི་དང་༔ དེ་ཉིད་རྟོགས་པས་གྲོལ་གཞིའོ༔ ཐོག་མ་ལའང་གཉིས་སུ་སྟོན་༔ ཡེ་ཐོག་དང་པོའི་གནས་ལུགས་དང་༔ རང་གི་རིག་པའི་གནས་ལུགས་གཉིས༔ ཞེས་དང་༔ མུ་ཏིག་ཕྲེང་བ་ལས༔ རང་བཞིན་རྒྱུད་ནི་འདི་ལྟ་སྟེ༔ གཞི་དང་སྙིང་པོ་བཅུད་ཉིད་དོ༔ ཞེས་དང་༔ ཡེ་ཐོག་གཤིས་ཀྱི་གནས་ལུགས་ནི༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་ཀུན་ལ་སྣང་ནུས་པས༔ བྱས་པ་མེད་པར་རང་གསལ་བ༔ ཐོག་མའི་ཀ་དག་སྟོང་གསལ་ཁྱབ༔ དེ་ནི་ཐོག་མའི་སྤྱི་གཞིའོ༔ ཞེས་དང་༔ ཀུན་ཁྱབ་ཡེ་ཤེས་འདི་ལྟར་གནས༔ སྟོང་གསལ་ཡེ་ཤེས་ཆེན་པོ་ནི༔ ཡེ་ནས་རྣམ་པ་གསུམ་དུ་གནས༔ ངོ་བོ་ཀ་དག་ཡེ་ཤེས་ནི༔ མ་རིག་རྟོག་པ་ཀུན་དང་བྲལ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི༔ སྟོང་གསལ་རང་མདངས་ཉིད་དུ་གནས༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི༔ འགགས་མེད་སྣང་སྟོང་ཉིད་དུ་གནས༔ ཞེས་པ་ལ་སོགས་པ་རྒྱ་ཆེར་གང་གསུངས་པ་སླད་ནས་འབྱུང་བ་བཞིན་ནོ༔ ཀུན་གསལ་ལས༔ གཞིའི་ངོ་བོ་ནི་གཉིས་སུ་མེད་པའོ༔ ངེས་ཚིག་ཐམས་ཅད་འབྱུང་བ་དང་འཁོར་འདས་གཉིས་ཀྱི་རྟེན་དུ་གྱུར་པས་གཞིའོ༔ མཚན་ཉིད་ནི་ཡེ་ཤེས་ལྔའོ༔ དབྱེ་བ་ནི་གསུམ་སྟེ༔ ཞེས་སོ༔

གཉིས་པ་གནས་ལུགས་ཀྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་ལ༔ གནས་པའི་གཞིའམ་ཐོག་མེད་འཁོར་འདས་ཀྱི་བར་དོ༔ གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཁོང་གསལ་གཞོན་ནུ་བུམ་པའི་སྐུ་ཆོས་སྐུའི་སྐུ་གསུམ་གྱི་གནས་ལུགས་བཤད་པ༡༔ གནས་ལུགས་དེ་ལས་འབྱུང་ཆེན་ངོ་བོའི་སྐུའམ་ཕྱེད་ལོངས་སྐུའི་སྐུ་གསུམ༔ འབྱུང་བའི་གཞི༔ ལམ་ལྷུན་གྲུབ་རིན་པོ་ཆེ་ཁོང་གསལ་འོད་ཀྱི་སྦུབས་འཆར་ལུགས༢༔ དེ་ལས་ཁོང་གསལ་མཐོང་ཚུལ་གྱི་གྲོལ་འཁྲུལ་འཁོར་འདས་གཉིས་སུ་སྣང་ལུགས༣༔ འཁྲུལ་དུས་ཀྱང་གནས་པ་ཁྱབ་ཚུལ་གྱི་སྐུའམ༔ ཁྱབ་པ་སྙིང་པོའི་གཞི་རྒྱུད་སྐུ་གཉིས་དབྱེར་མེད་ཁོང་གསལ་གཞི་ལམ་གྱི་ཡེ་ཤེས་ཆེན་པོའི་ཁྱབ་ཚུལ༤༔ ཁྱབ་ཅིང་ཁོང་ནས་གསལ་བར་ཇི་ལྟར་བཞུགས་པའི་ཚུལ་བཤད་པ་དང་༥༔ དབང་དང་གདམས་པའི་སྒོ་ནས་ཁོང་གསལ་གྱི་ཡེ་ཤེས་ཇི་ལྟ་བར་མཚོན་དེ་ངོ་རང་ཐོག་ཏུ་སྤྲད་༦པའོ༔

དང་པོ་ལ༔ མཚན་ཉིད་བཤད་པ་དང་༔ དེས་མདོར་བསྡོམ་པའོ༔

དང་པོ་ལ༔ དངོས་པོའི་མཚན་ཉིད་དང་འབྲེལ་བའི་ཆོས་སྐུའི་ཆོས་སྐུ་སྟོང་པ་ཉིད་ཀྱི་ལྡོག་པ་ལས་རྒྱས་པར་བཤད༔ རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུའི་ལོངས་སྐུ་འོད་གསལ་ཡེ་གདངས་ཆེན་པོའི་ཆ་ནས་བཤད༔ གནས་པ་ཁྱབ་ཚུལ་དང་འབྲེལ་བའི་ཆོས་སྐུའི་སྤྲུལ་སྐུ་རོལ་པ་རྨད་དུ་བྱུང་བའི་ཐུགས་རྗེ་བཤད་པ་སྟེ༔ ཀློང་ཆེན་རབ་འབྱམས་ལས༔ ཐོག་མའི་ཀ་དག་སྟོང་གསལ་ཁྱབ༔ སྤྱིར་ཡང་རྒྱ་ཆད་ཕྱོགས་ལྷུང་བྲལ༔ ཀུན་གཞི་ཡེ་ནས་བཅོས་བསླད་མེད༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་ཀུན་ལ་སྣང་ནུས་པའོ༔ ཞེས་སོ༔

དེ་ལས་དང་པོ་ངོ་བོ་ཀ་དག་གི་གནས་ལུགས་ནི༔ དངོས་པོ་དང་མཚན་མ་གང་དུའང་གྲུབ་པ་མེད་པས༔ དཔྱད་པའི་ཡུལ་མེད༔ སྔར་འདས་པ་མེད༔ ཕྱིས་འབྱུང་བ་མེད༔ ད་ལྟར་སྣང་བ་མེད༔ ལས་མེད༔ བག་ཆགས་མེད༔ མ་རིག་པ་མེད༔ སེམས་མེད་ཡིད་མེད༔ འཁོར་བ་མེད་ཤེས་རབ་མེད༔ མྱ་ངན་ལས་འདས་པ་མེད༔ རིག་པ་ཉིད་ཀྱང་མེད༔ ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ༔ སྤྲོས་བྲལ་གྱི་ཡེ་ཤེས་དེ་ལ་ཚིག་དང་ཡི་གེ་མེད༔ སྒྲོ་འདོགས་དང་ཐ་དད་མེད༔ གཟུང་འཛིན་འགྱུ་བའི་རྣམ་རྟོག་མེད༔ སངས་རྒྱས་མེད༔ སེམས་ཅན་མེད༔ ཆོས་མེད༔ ཆོས་སུ་འཛིན་པ་མེད༔ སྐུ་མེད༔ ཡེ་ཤེས་མེད༔ འོད་མེད་ཁ་དོག་མེད༔ གཞི་མེད༔ ལམ་མེད༔ འབྲས་བུ་མེད༔ ང་མེད༔ རླུང་མེད༔ གནས་རིས་དྲུག་སོགས་མེད་པར་སྙིང་ཐིག་གི་རྒྱུད་དག་དང༔ ཁྱད་པར་དུ་སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད་ལས༔ ཤེལ་སྒོང་ལ་ནི་གཞན་སྐྱོན་ཀ་ནས་དག༔ དེ་བཞིན་ཀ་དག་རང་བཞིན་ཀྱང་༔ འཁྲུལ་གཞི་མ་གྲུབ་ཀ་ནས་དག༔ འཁྲུལ་རྒྱུ་མ་གྲུབ་ཀ་ནས་དག༔ འཁྲུལ་རྐྱེན་མ་གྲུབ་ཀ་ནས་དག༔ འཁྲུལ་འབྲས་མ་གྲུབ་ཀ་ནས་དག༔ འཁྲུལ་ཚུལ་མ་གྲུབ་ཀ་ནས་དག༔ འཁྲུལ་དཔེ་མ་གྲུབ་ཀ་ནས་དག༔ དུག་གསུམ་མ་གྲུབ་ཀ་ནས་དག༔ དུག་ལྔ་མ་གྲུབ་ཀ་ནས་དག༔ ཡིད་འཁོར་གསུམ་མེད་ཀ་ནས་དག༔ འགྱུ་བ་རླུང་མེད་ཀ་ནས་དག༔ གསལ་བའི་འོད་མེད་ཀ་ནས་དག༔ འཆར་བའི་ཟེར་མེད་ཀ་ནས་དག༔ སྐྱེ་བའི་རིག་མེད་ཀ་ནས་དག༔ ཤེས་རབ་མཉམ་མེད་ཀ་ནས་དག༔ མ་རིག་འཁྲུལ་མེད་ཀ་ནས་དག༔ འཁྲུལ་ཚུལ་རྣམ་གསུམ་ཀ་ནས་དག༔ འཁྲུལ་མིན་གཟུགས་ལྔ་ཀ་ནས་དག༔ ཁམས་གསུམ་འགྲོ་དྲུག་ཀ་ནས་དག༔ ཡིད་གཉིས་གཟུང་འཛིན་ཀ་ནས་དག༔ འགོང་བོ་ང་བདག་ཀ་ནས་དག༔ ཡུལ་སེམས་དབྱེ་བསལ་ཀ་ནས་དག༔ ཕྱི་ནང་དགག་སྒྲུབ་ཀ་ནས་དག༔ སྣང་སྲིད་འཁོར་འདས་ཀ་ནས་དག༔ ཡོད་མེད་རྟག་ཆད་ཀ་ནས་དག༔ ཅེས་དང༔ ཀུན་གྱི་གཞི་མེད་ཀ་ནས་དག༔ གཡོ་འགུལ་རྩལ་མེད་ཀ་ནས་དག༔ ཀློང་འགྱུར་རྩལ་མེད་ཀ་ནས་དག༔ མ་རིག་ཡེ་ཤེས་ཀ་ནས་དག༔ ཤེས་དང་མ་ཤེས་ཀ་ནས་དག༔ འཕྲད་དང་མ་འཕྲད་ཀ་ནས་དག༔ ཟིན་དང་མ་ཟིན་ཀ་ནས་དག༔ འགྱུ་དང་མ་འགྱུས་ཀ་ནས་དག༔ མཉམ་དང་མི་མཉམ་ཀ་ནས་དག༔ རིག་དང་མ་རིག་ཀ་ནས་དག༔ ཡིད་འཁོར་རྣམ་གསུམ་ཀ་ནས་དག༔ རང་བཞིན་ངོ་བོ་ཀ་ནས་དག༔ འཆར་སྒོ་འཁྲུལ་སྒོ་ཀ་ནས་དག༔ མ་རིག་གཉིས་འཛིན་ཡུལ་སེམས་ཀ་ནས་དག༔ སེམས་ཅན་སངས་རྒྱས་ཀ་ནས་དག༔ འཁོར་བ་མྱང་འདས་ཀ་ནས་དག༔ སྒོ་ལྔ་ཡུལ་ལྔ་ཀ་ནས་དག༔ རྣམ་ཤེས་ཚོགས་བརྒྱད་ཀ་ནས་དག༔ ཅེས་དང༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ ཐོག་མའི་ཀ་དག་སྟོང་གསལ་ལ༔ སྔར་འདས་ཕྱིས་འབྱུང་ད་ལྟ་མེད༔ ལས་དང་བག་ཆགས་མ་རིག་མེད༔ ཡིད་དང་འཁོར་བ་ཤེས་རབ་མེད༔ མྱང་འདས་དག་ཀྱང་ཡོད་མ་མྱོང་༔ རིག་པ་ཉིད་ཀྱང་ཡོད་མ་ཡིན༔ ཡེ་ཤེས་སུ་ཡང་སྣང་བ་མེད༔ ཅེས་དང་༔ ངོ་བོ་ཀ་དག་ཡེ་ཤེས་ལ༔ མ་རིག་པ་ཞེས་སྲིད་མིང་མེད༔ གཅིག་དང་ གཉིས་ཀྱི་གྲངས་མེད་པས༔ གང་དུ་མ་ཕྱེས་ཆོས་ཉིད་དོ༔ ཡེ་ཤེས་ཙམ་དུ་གྲུབ་པ་མེད༔ ཅེས་དང་༔ སྤྲོས་བྲལ་ཡེ་ཤེས་ཀ་དག་ནི༔ ངོ་བོ་རྣམ་དག་སྙིང་པོའི་གཞི༔ དེ་ལ་ཚིག་དང་ཡི་གེ་མེད༔ བརྗོད་པས་གཏན་ལ་དབབ་དུ་མེད༔ སྒྲོ་འདོགས་ཐ་སྙད་ཀུན་དང་བྲལ༔ གཟུང་འཛིན་འགྱུ་བའི་རྣམ་རྟོག་མེད༔ སངས་རྒྱས་སེམས་ཅན་ཡེ་མ་གྲུབ༔ ཆོས་མེད་ཆོས་ཀྱི་འདུ་ཤེས་མེད༔ གང་མེད་ཅི་མེད་ཅི་ཡང་མེད༔ ཅེས་དང་ཡིད་གྱི་རྣམ་པར་ཤེས་པ་མེད༔ ཐམས་ཅད་དབྱིངས་གཅིག་ཐ་དད་བྲལ༔ ཡེ་ཤེས་མེད་ཅིང་སྐུ་ཡང་མེད༔ འོད་མེད་ཁ་དོག་རྣམས་དང་བྲལ༔ རིག་པ་སྒོ་ལྔ་དག་ལ་ཡན༔ རྣམ་པར་ཤེས་པ་ཚོགས་བརྒྱད་བྲལ༔ ཉོན་མོངས་མ་སྐྱེས་ཀ་ནས་དག༔ ཅེས་དང་༔ ཡང་འོད་དང་ཡེ་ཤེས་ཁ་དོག་ལྔ༔ བཅོ་ལྔ་དུས་གཅིག་འདུས་པ་ལ༔ ཀ་དག་བབས་ཀྱི་སངས་རྒྱས་ཟེར༔ ཞེས་ཀ་དག་གི་ནང་གསལ་དུ་སྐུ་གསུང་ཐུགས་འགགས་པ་མེད་པས་རགས་པའི་ས་ལས་འདས་པས་ཆད་མཐའ་སེལ་བའོ༔ དེ་ལྟ་བུའི་དབྱིངས་ཡེ་དབྱེར་མེད་རིག་སྟོང་སྤྲོས་པ་དང་བྲལ་བའི་ཆ་ལ་ཆོས་སྐུ་ཆོས་དབྱིངས་དང་རོ་གཅིག་པ་ཞེས་བྱ་སྟེ༔ ཀློང་གསལ་ལས༔ ཡེ་མེད་སྟོང་པ་ནམ་མཁའ་ལ༔ ཆོས་སྐུ་ཞེས་ནི་མིང་དུ་བཏགས༔ ཞེས་སོ༔

གཉིས་པ་རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུ་དང་དོན་གཅིག་གི་རང་བཞིན་ལོངས་སྐུ་འོད་གསལ་ཡེ་གདངས་ཆེན་པོའི་ཆ་ལས་བཤད་པ་ནི༔ སྣང་སྟོང་བདེན་གཉིས་ཡབ་ཡུམ་ཁ་སྦྱོར་ཟུང་འཇུག་གི་ལྡོག་ཆས་རིན་པོ་ཆེའི་གའུའི་དགོངས་པ་ཞེས་བྱ་སྟེ་རིན་པོ་ཆེ་གའུའི་གནས་ལུགས་ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་གཞི་ལ༔ བག་ཆགས་དང་འོད་ཀྱི་ལུས་ལས་འདས་པའི་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་ཆོས་སྐུ་ཡེ་ཤེས་ཀྱི་སྣང་བ་ཡིན་པར་བཤད་དེ༔ སྐུའི་སྙིང་པོ་ཡེ་ཤེས༔ ཞེས་པས་གོ་དོན་སློང་བ་ཉིད་དོན་དུ་ཆོས་སྐུའི་སྐུ་གསུམ་ལ་བསྙེགས་པ་སྟེ༔ ཕྱི་གསལ་དུ་མེད་ལ༔ ནང་དུ་འོད་༥སྐུ་༥ཡེ་ཤེས་༥སྡོམ་པས་བཅོ་ལྔ་སོགས་མ་འགགས་པར་ཡོད་པས་གཏིང་གདངས་རང་གསལ་བ༔ ཆ་ཕྲ་ལ་བརྟག་པར་དཀའ་བ༔ གཞི་ལམ་འབྲས་གསུམ་གྱི་སྣང་བ་འཆར་བའི་སྐུ་དང་གཞི་དབྱིངས་༔ གཟུགས་སྐུ་དམ་པའི་རྒྱུ་ལ་བྱ་བྱེད་རྩོལ་བས་མ་བསྒྲུབས་པར་རང་བྱུང་བས་གསལ་བ་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཞེས་བྱ་སྟེ༔ ཀློང་ཆེན་རབ་འབྱམས་ལས༔ རིན་ཆེན་འོད་འབར་སྐུ་རུ་བཞུགས༔ ཡེ་ཤེས་སྤྱན་ལ་གསལ་འགྲིབ་མེད༔ གསལ་དྭངས་ཟང་ཐལ་ཆེན་པོས་ཁྱབ༔ ཡེ་ཤེས་འོད་ལ་ཕྱི་ནང་མེད༔ ཡེ་གསལ་ཟང་ཐལ་ཉིད་དུ་བཞུགས༔ ཡེ་ཤེས་ཐུགས་ལ་ཡངས་དོག་མེད༔ སྟོང་གསལ་མདངས་ལྔ་ཉིད་དུ་བཞུགས༔ ཞེས་སོགས་རྒྱས་པར་བཤད་པ་དང་༔ ཁྱད་པར་དུ་ཡང་༔ ཤེས་ཤིང་རིག་ལ་གསལ་བྱེད་སྣང་༔ ཤེས་ཤིང་རིག་པའི་ཆ་རྣམས་ཚང་༔ འཛིན་པའི་གཟུང་ཡུལ་གང་མེད་ཕྱིར༔ རྣམ་པར་རྟོག་པའི་གཟུང་ཡུལ་མེད༔ འོད་ལས་འདས་པའི་ཡེ་ཤེས་སུ༔ རྣམ་དག་ཕྱག་རྒྱ་ཆེན་པོར་གནས༔ རང་བཞིན་སྣང་བའི་ཀློང་ཆེན་ན༔ མཚན་མའི་དམིགས་པ་ཡེ་མེད་དོ༔ དོན་གྱི་ཆ་ལ་འདི་ལྟར་གནས༔ རང་མདངས་བསྐྱེད་པ་དཀར་མ་འགགས་པའི་ཆ་ལ་དཀར་པོ་ཞེས་བྱའོ། །པོའི་ཆ༔ གཏིང་གསལ་ཆེན་པོ་ཉིད་དུ་གནས༔ སྣང་བ་རང་ཟད་སེར་པོའི་ཆ༔ མི་མངོན་གཏིང་ནས་རང་ངོ་གསལ༔ རང་ངོ་ཆགས་མེད་མདངས་བསྐྱེད་པས༔ རང་གིས་བཅིངས་པ་བྲལ་བ་ཡི༔ ཆགས་པ་རང་ཟད་དམར་པོའི་ཆ༔ གཏིང་གསལ་མ་འདྲེས་ཆེན་པོར་གནས༔ མ་འདྲེས་སོ་སོའི་མཚན་འཛིན་པས༔ བྱ་རྩོལ་བསྐྱོད་པ་བྲལ་བ་ཡི༔ མཛད་པ་མེད་པའི་ལྗང་གུ་ནི༔ ཐོག་མ་རྣམས་ཀྱི་ཟེར་དུ་ཡང་༔ མི་མངོན་གཏིང་ནས་གསལ་བ་ཡི༔ གཏིང་གསལ་ཁྱབ་པའི་འབྲེལ་བྱེད་པས༔ འགྱུར་མེད་ཁྱབ་པའི་མཐིང་ཀ་ནི༔ ཡེ་རྫོགས་བྱས་པ་མེད་པར་གནས༔ སྐུ་ནི་སྣང་ལ་རང་བཞིན་མེད༔ ཡེ་ནས་རང་དག་ཆེན་པོ་ལ༔ རྫོགས་ཆེན་རྣམས་ཀྱི་རྩེ་མོར་ཕྱིན༔ དེ་ཡང་དངོས་པོར་མ་གྲུབ་པས༔ རྟག་པ་ཐེར་ཟུག་ཅན་དུ་མེད༔ རྒྱ་ཆད་ཅན་དུ་མ་ཡིན་ཏེ༔ རང་བཞིན་འོད་གསལ་ཚུལ་དུ་གནས༔ གདོས་བཅས་མཚན་མ་རང་དག་ཕྱིར༔ གཏིང་གསལ་ཆེན་པོའི་གཞི་རུ་གནས༔ ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་༔ ཕྱོགས་སུ་ཆད་པ་མེད་པར་གནས༔ སྟོང་གསལ་ཡིན་པས་གཉིས་མཐའ་མེད༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ གསལ་བྱེད་སྣང་བའི་ཆ་མ་འགགས༔ རིགས་གཞན་མེད་ཅིང་རང་སར་དག༔ རང་བཞིན་གྱིས་ནི་ཆ་ལ་བཞུགས༔ ཞེས་སོ༔ འདིར་ཡང་རང་བཞིན་འོད་གསལ་བ་ལོངས་སྐུའི་འཆར་གཞིའམ་ངོ་བོ་ཡིན་པར་མ་ཤེས་ན༔ དབྱིངས་ནང་གསལ་གྱི་སྐུ་གསུམ་དང༔ ཆོས་སྐུའི་ཡེ་ཤེས་ཡིན་པར་མི་འགྲིགས་པ་དང༔ མཚན་ཉིད་འཛིན་པའང་འདིའི་ཆ་ལ་བཏགས་པ་དང༔ སྐུ་ལྔའང་འདིའི་རོལ་བ་ཡིན་པར་མི་འགྱུར་བས་འགལ་བ་སྡུད་པ་དང༔ ཡང་འདི་ལ་ནང་གསེས་ཀྱི་དབྱེ་བས་ལྔ་ཚན་ལས་སུམ་ཅུ་སོ་ལྔར་འགྱུར་བའང་དེ་ཉིད་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ འོད་ཡེ་ཤེས་ཀྱི་ཁ་དོག་ལྔ་ལྔ་ཞིང་ལྔ་ཕྲིན་ཞི་རྒྱས་དབང་དྲག་ལྷུན་གྲུབ་སྟེ་ལས་ལྔ༔ སངས་རྒྱས་རིགས་སོགས་རིགས་ལྔ་དབྱིངས་ཕྱུག་སོགས་ཡུམ་ལྔ་གཞི་ལྔ་དང༔ ལམ་ལྔ་འབྲས་ལྔ་རང་མདངས་ལྔ༔ དེ་སོགས་ལྔ་ཚན་སོ་ལྔ་ནི༔ ཡེ་ཤེས་གཅིག་གིས་དེ་ལ་རྫོགས༔ ཞེས་དང་༔ ཕྲེང་བ་ལས༔ ཆོས་ལྔ་ནི་རང་བཞིན་མེད་པ་༡། མཚན་མ་མེད་པ༢། དམིགས་པ་མེད་པ་༣། བརྗོད་པ་མེད་པ༤། སྤྲོས་པ་མེད་པའི་ཆོས་སོ༥། ཡེ་ཤེས་ཀྱི་རླུང་ལྔ་ཉིད༔ ནི་འཆར་གཞིའི་ཡེ་ཤེས་ཀྱི་སྐུ་ལྔ་དང་སྦྱོར་ངོ་བོ་ལྔ་དང་རང་བཞིན་ལྔ༔ ཐུགས་རྗེ་ལྔ་ནི་བསྐུལ་ཞིང་གསོལ་བ་འདེབས་པའི་༡། ཤུགས་བྱུང་༢། རྐྱེནའཕྲད་པའི་༣། ཞི་གནས་ངོ་བོའི་ཆ་༤། ཐུགས་རྗེ་ངང་ལས་བྱུང་བའོ༥། །ཡིས་ཀུན་ལ་ཁྱབ༔ ཅེས་སོ༔ དེ་ལྟར་རང་བཞིན་གསལ་བ་ལྷུན་གྱིས་གྲུབ་པའི་ཆ་ལ་ལོངས་སྐུ་ཞེས་བཏགས་པའང་༔ ཀློང་གསལ་ལས༔ དེ་ཡི་རང་བཞིན་གསལ་བ་ལ༔ ལོངས་སྐུ་ཞེས་ནི་མིང་དུ་བཏགས༔ སྟོང་གསལ་མདངས་ལྔ་ལྡན་པ་ལ༔ ལྷུན་གྲུབ་ཅེས་ནི་མིང་དུ་བཏགས༔ ཞེས་སོ༔

གསུམ་པ་གནས་པ་ཁྱབ་ཚུལ་དང་འབྲེལ་བའི་ཆོས་སྐུའམ་ཀུན་ཁྱབ་ཀྱི་སྤྲུལ་སྐུ་རོལ་པ་རྨད་དུ་བྱུང་བའི་ཐུགས་རྗེ་ཆེན་པོ་ནི༔ དེ་ལྟ་བུའི་སྣང་སྟོང་གཉིས་དང་གང་གི་ཕྱོགས་སུ་མ་ལྷུང་བ་རིག་པ་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཇི་ལྟ་ཇི་སྙེད་ཀྱི་གནས་ལ་མཁྱེན་ཆ་གོ་མ་འགགས་ཀྱང་གཟུང་འཛིན་ཀྱི་རྟོགས་པ་ཐམས་ཅད་དང་བྲལ་བ༔ རྒྱུ་རྐྱེན་གྱིས་མ་བསྐྱེད་པ་འདུས་མ་བྱས་ལྷུན་གྲུབ༔ གསལ་ལ་མུན་པ་མེད་པ༔ མ་འགག་པས་སྟོང་པ་ཆེན་པོ༔ སྟོང་པ་ཆེན་པོ་ལ་ཀུན་འགྲོལ་བ༔ མ་འདྲེས་པར་ཡོངས་སུ་སྣང་བའི་བདག་ཉིད་ཆེན་པོ༔ ཅིར་ཡང་མ་འགགས་པ་འཆར་བའི་དག་པ་ཆེན་པོ༔ སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་ཤེས་རབ་ཀྱི་རང་རྩལ་རྫོགས་ཤིང་སྤངས་རྟོགས་མཐར་ཕྱིན་པའི་ཆོས་སྐུའི་སྤྲུལ་སྐུ་ཆེན་པོར་ཡོད་པའི་ཕྱིར༔ ཀློང་ཆེན་རབ་འབྱམས་ལས༔ གཉིས་མེད་སྤྲུལ་སྐུ་སྟོང་ཇི་ལྟ༔ རང་གསལ་ཇི་སྙེད་གཉིས་དབྱེར་མེད༔ གསལ་སྟོང་མཁྱེན་པའི་ཡེ་ཤེས་སོ༔ གཤིས་ལ་འཁྲུལ་བ་མ་གྲུབ་སྟོང༔ སྤངས་པ་ཕུན་སུམ་ཚོགས་པའོ༔ ངོ་བོ་གཉིས་སུ་མེད་པས་ན༔ རྟོགས་པ་ཕུན་སུམ་ཚོགས་པའོ༔ ཞེས་དང་༔ དགོངས་པ་ཡངས་པའི་ཡེ་ཤེས་སྐུ༔ ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ༔ ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར༔ ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ༔ ཡེ་ཤེས་རོལ་བ་ཆོས་སྐུའི་རྩལ༔ འགག་མེད་ཆོ་འཕྲུལ་ཅིར་ཡང་སྣང་༔ ཞེས་སོ༔ དེ་ཡང་འཁྲུལ་མ་འཁྲུལ་ལས་འདས་པའི་ཡེ་ཤེས་སྤངས་རྟོགས་ཕུན་སུམ་ཚོགས་པའི་སངས་རྒྱས་དཔྱོད་པ་ཡིད་ཀྱི་རྣམ་རྟོག་དང་བྲལ་པའི་མཁྱེན་ཆ་འདི་མེད་ན༔ ཁམས་གསུམ་པའི་སེམས་དང་བྲལ་པའི་སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དབང་བསམ་པ་མཁྱེན་སྟོབས་ཀྱང་མི་འབྱུང་བ་སྟེ༔ དགོངས་པ་ཡངས་པའི་ཡེ་ཤེས་ལ༔ འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད༔ དེ་བཞིན་མ་འཁྲུལ་བ་ཡང་ཅི༔ དེ་ཕྱིར་འཁྲུལ་བ་གདོད་ནས་དག༔ ཅེས་དང་༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས༔ མི་མཛད་སྣ་ཚོགས་འཆར་བའི་སྒོ༔ མཛད་པ་ལྟར་སྣང་ངོ་བོར་རྫོགས༔ ཆོས་སྐུ་སྟོང་པའི་ཡེ་ཤེས་ལས༔ ཡེ་ཤེས་ཐུགས་རྗེ་མཁྱེན་བརྩེར་ཤར༔ ངང་གིས་སེམས་ཅན་རྣམས་ལ་ཤར༔ འདི་མེད་འཁོར་འདས་ལྟེ་ཆད་པས༔ མཁྱེན་པས་རིག་ཅིང་གསལ་བའོ༔ རྩལ་ལྡན་རྩལ་ཕྱིར་དེ་མི་འབྲངས༔ ང་ཡིན་ང་ལ་བདག་བཟུང་མེད༔ ངོ་བོ་ཉིད་ལ་འཁོར་འདས་གསལ༔ ཞེས་དང་༔ ཐུགས་རྗེའི་ཆ་ལ་ཡེ་ཤེས་གཉིས༔ བྱ་དང་བྱེད་པ་མེད་པར་ཤར༔ ཞེས་སོ༔ དེ་ལྟ་བུའི་ཐུགས་རྗེ་ཆེན་པོ་ལ་སྤྲུལ་སྐུའི་ཡེ་ཤེས་སུ་བཞག་པའང་སྟོང་གསལ་གྱི་བྱིན་རླབས་ཡིན་པ་དང༔ སྣ་ཚོགས་པར་འཆར་གཞི་མ་འགགས་ཆ་ནས་ཏེ༔ ཀློང་གསལ་ལས༔ འོད་གསལ་འཁྲུལ་བའི་རང་གཟུགས་སྐུ༔ སྤྲུལ་སྐུ་ཞེས་ནི་མིང་དུ་བཏགས༔ ཞེས་སོ༔


previousདབྱིངས་སྤྱིར་འཇལ་བ།next