Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
དངོས་པོ་ངེས་བསྟན་གྱི་སྒོ།
  
collapse section
 expand section
collapse section
 expand section
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousདངོས་པོ་ངེས་བསྟན་གྱི་སྒོ།next

དངོས་པོ་ངེས་བསྟན་གྱི་སྒོ།


GLG001_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ངེས་བསྟན་གྱི་སྒོ། ཐུབ་བསྟན་ཞིང་ས་གཤིན་པར་སྒྲུབ་པ་ཚུལ་ཁྲིམས་སོ་སོ་ཐར་པའི་བསྟན། །ལུང་རྟོགས་སྡོང་བུ་ལོ་འདབ་རྒྱས་བྱེད་སྒྲ་ཚད་བཟོ་གསོ་སྡེ་སྣོད་གསུམ། །ཟུང་འཇུག་འབྲས་བུས་ཡོངས་སུ་དུད་པ་ངེས་གསང་རྡོ་རྗེ་ཐེག་པའི་ལམ། །


GLG001_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་གནས་ལྔ་རིག་པ་ཉན་འདི་སྔོན་བསགས་བསོད་ནམས་ཤིང་རྟས་དྲངས། །དཀར་ནག་ལས་འབྲས་འཆར་བ་ཚེ་འདི་ཡི། །སྣང་བ་མེ་ལོང་གསར་པའི་ངོས་ཡངས་པར། །ཐར་པའི་རི་མོ་བཀྲ་བའི་ཆོ་ག་མཁན། །ཐོས་བསམ་སྒོམ་པའི་ཚུལ་ལུགས་འདི་རྨད་བྱུང་། །ཚེ་འདིའི་མདུན་མ་ཙམ་གྱི་ལྷ་ལམ་ལ། །ཞིབ་མོར་རྟོག་དཔྱོད་དགུ་ཚིགས་ཐིག་འདེབས་ན། །གཏན་བདེ་སྒྲུབ་པའི་ཆོས་ལ་རི་བོང་གི །ཅལ་སྒྲོག་གྲགས་རྗེས་འབྲངས་ན་ཤིན་ཏུ་བླུན། །དེ་ཕྱིར་དུག་འདྲེས་ཟས་ཅན་དམ་ཚིག་ཉམས། །བདག་པོ་ཀུན་རིན་པ་དང་སྣང་སོགས་གོད་གསུམ་ལྟ་བུ། བུམ་སྟོང་གཅིག་ནས་གཅིག་འབྱོའི་རྣམ་པར་ཐར། ཀརྨ་མི་བསྐྱོད་པ། བྲག་སྟོང་ལྷ་དབང་གྲགས་པ། རྟག་བརྟན་ཀུན་དགའ་སྙིང་པོ་ལྟ་བུ། དབང་འཁྲིད་གཟུ་ལུམས་འཆལ་སྤྱོད་བརྒྱུད་པ་རྣམས། །དྭགས་བརྒྱུད་ཕྱོགས་ལ་ཤིན་ཏུ་མོད་ཅིང་རང་གཞན་ཀུན་ལ་མཐའ་མ་བཀག་པར་སྣང་ངོ་། །གསེར་དང་ར་གན་ཇི་བཞིན་སོ་སོར་ཕྱེ། །སྣ་ཚོགས་ཐེག་པའི་གོ་ལ་སྒང་གཤོངས་སུ། །འཆད་རྩོད་རྩོམ་པའི་དུས་སྦྱོར་འཕྱུག་མེད་པར། །ཡོན་ཏན་ཉི་མའི་དཀྱིལ་འཁོར་རྒྱུ་བའི་འོད། །བདག་བློ་ཐར་པའི་སྣང་བ་གཅིག་ཏུ་དཀར། །རང་རྒྱུད་ཁྱབ་འཇུག་རྐང་པ་སྡིག་པའི་དྲིས། །ཉེར་སྦགས་ཞབས་སུ་བསིལ་བྱེད་སྨིན་གྲོལ་ཆུ། །མ་ནུབ་མཁས་གྲུབ་ཚངས་པའི་རལ་ཀླུང་ནས། །ལེགས་འོངས་སེམས་ཀྱི་ལམ་གསུམ་བབ་འདི་མཚར། །ལས་ཉོན་ཤེས་སྒྲིབ་འཁྱིལ་བའི་ཀློང་མཁར་ཅན། །འཁོར་བ་ཆུ་སྲིན་འབྱུང་གནས་ལས་བསྒྲལ་ཏེ། ཀུན་མཁྱེན་ཡིད་བཞིན་ནོར་འདྲེན་དེད་དཔོན་བཤེས། །མ་ནོར་རང་ཚུལ་འདི་ལ་


GLG001_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་མགུ། །གལ་ཆུང་ཆོས་སུ་བྱེད་པ་བདག་འདྲ་ལ། །གང་ཐོབ་རྒྱུད་ལ་ལོངས་པའི་ཉམས་ལེན་མཐུ། །ཆེས་ཆེར་ཕྲ་ཡང་མང་ཐོས་ཕན་ཡོན་ཚོགས། །ཐུབ་གསུང་དགོངས་འགྲེལ་བཅས་པར་བགྲང་ཡས་གསུང་། །ཐོས་དང་བསམ་པའི་མེ་ཏོག་བཅུད་ཀྱི་རོ། །བློ་གསལ་རྐང་པ་དྲུག་པའི་ཁྱུས་མྱངས་པའི། །ལེགས་བཤད་སྦྲང་རྩི་ཐུབ་བསྟན་གཞོན་ནུ་ཡིས། །བཏུངས་པས་ཕན་བདེའི་ལང་ཚོ་གཅིག་ཏུ་རྒྱས། །དེ་ལྟའི་ངོ་མཚར་མུ་ཏིག་འཕྲེང་། །མགྲིན་པར་འཆང་བས་དལ་འབྱོར་རྟེན། །དོན་ལྡན་དཀྱུས་རིང་མིག་ཟུར་མདས། །འདི་ཕྱི་གཏན་མདུན་འགུགས་པ་བཞིན། མ་ཕམ་མགོན་གྱི་གསུང་རབ་རབ་བརྒྱན་ལས་བསྔགས་གནས་ལྔ་རིག །རིག་པས་ཚིག་དོན་མ་ལུས་ལུས་པ་མེད་སྤྱོད་བློ་གྲོས་གསལ། །གསལ་མཛད་མཁས་ལས་དེང་དུས་དུས་ཀྱིས་རྨོངས་པ་བྲིན་པའི་ཚུལ། །ཚུལ་ལྡན་རྣམས་ཀྱིས་བརྟགས་ཚེ་ཚེ་འདིའི་ལྟོ་རྒྱབ་ཤུགས་ཀྱིས་ནོངས། །སེམས་ཀྱི་ཁྱེའུ་དུག་གསུམ་རྗེས་རྒྱུག་ཐོབ་ཐོབ་མང་དང་གསན་རྒྱ་ཅན། །ཕྲ་ཞིབ་ལྟ་ཞོག་གྲངས་ཙམ་མེད་ཀྱང་ངེས་ངེས་ལྟ་བུར་དཔེ་ཀུན་བཀླག །རྣམ་དག་རྒྱུན་དང་བརྒྱུད་པ་དང་བྲལ་རང་རང་རིགས་མཐུན་མགོ་བོ་བསྐོར། །མི་གཙང་དྲི་ལ་སྦྲང་བུ་ཇི་བཞིན་ཐིབས་ཐིབས་སྐལ་མེད་ཚོགས་རྣམས་འཁོར། །ཡང་ཡང་བསམས་ཀྱིན་སྔོན་བྱོན་མཁས་གྲུབ་རྟོགས་བརྗོད་བརྗོད་པ་དོན་དང་ལྡན་པས་ཡིད་ཕྲོགས་ཏེ། །ངལ་ངལ་ཐོས་བསམ་སྒོམ་པར་བྱས་པ་མངོན་མཐོ་མཐོ་རིས་རྩ་བར་ངེས་ནས་བརྩོན་པ་ཡིས། །དཀའ་དཀའི་གནས་ལ་འཇིགས་པ་སྤངས་ཏེ་


GLG001_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རང་བློ་བློ་གྲོས་སྤོབས་མཐོར་བཏེག་ནས་ལེགས་དཔྱད་དེ། །མང་མང་ཚིག་དོན་བརྒྱུད་པར་བཅས་ཀུན་ཕྲ་ཞིབ་ཞིབ་མོས་གཏན་ལ་ཕབ་འདི་སྐལ་བཟང་དཔྱིད། །དེ་ཕྱིར་ནམ་མཁའི་མཐའ་མཉམ་འགྲོ་ཀུན་ཕན་དང་བདེ་བའི་ལམ་པོ་ཆེར་སྦྱོར་རྩི་སྨན་ལྗོན་པ་ཆེ། །སངས་རྒྱས་ཀུན་གྱིས་སྙིང་སྟོབས་མཆོག་ལ་ཕུལ་དུ་བྱུང་བསྔགས་ཟས་གཙང་སྲས་ཀྱི་བསྟན་པ་དྲི་མ་མེད། །ལྷར་བཅས་སྐྱེ་རྒུའི་ལེགས་བྱས་རྒྱ་མཚོའི་མཆོད་སྡོང་དམ་པར་སྲིད་མཐར་གནས་རྒྱུར་འགྱུར་སྙམ་ལྷག་བསམ་གྱིས། །ཕོངས་པས་ནོར་བཞིན་འབད་པས་བསྒྲུབས་པའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་དེང་འདིར་འབབ། །ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་གཞུང་ལུགས་རྟོགས་པར་དཀའ་བ་སྒྲ་ཚད་བཟོ་གསོ་ནང་དོན་རིག་པའི་ཁོག་འབུབ་པ། །ལེགས་བཤད་བྱེ་བའི་གཏེར་གྱི་བང་མཛོད་སྔོན་མེད་ཉི་མའི་དངོས་བརྒྱ་འཛིན་པ་སྣང་བ་དམ་པའི་དཔལ་འབར་བ། །འཛམ་གླིང་ཡངས་པའི་ལེགས་བྲིས་ལམ་དུ་འཆར་ནུབ་སྤངས་པའི་དམ་བཅའ་ཅན་དེ་ནམ་ཡང་མི་འགོག་ཉེར་ཤར་བས། །གཟུར་གནས་བློ་ལྡན་སྙིང་གི་འདབ་བརྒྱ་རྣམ་པར་བཞད་དོ་དཔྱོད་ལྡན་ཚོགས་རྣམས་རྣ་བའི་དབང་པོ་བླགས་ཏེ་ཉོན། །ཅེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། ཇི་སྐད་དུ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་ལམ་ལ་


GLG001_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་མཁའ་མཉམ་གྱི་འགྲོ་བ་རྣམས་བླ་ན་མེད་པ་བྱང་ཆུབ་ཀྱི་སར་འདྲེན་པར་ནུས་པའི་ལྷག་བསམ་རྣམ་དག་གིས་དྲངས་པའི་སྨོན་པ་དང་འཇུག་པའི་སེམས་ཁྱད་པར་ཅན་དལ་འབྱོར་གྱི་རྟེན་ལ་བསྐྱེད་པ་དེ་ཙམ་འགྲོ་བ་གཞན་དག་གིས་མི་རྙེད་ཅིང་དེར་མ་ཟད་འཁོར་བ་འདིར་བཅིངས་པ་ལས་རྣམ་པར་གྲོལ་བའི་ཞི་བའི་གོ་འཕང་བསྒྲུབ་པའི་རྟེན་གྱི་གཙོ་བོའང་དལ་འབྱོར་གྱི་ལུས་ཡིན་པས་ན། ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་གྱུར་ནས། བདག་གིས་དགེ་གོམས་མ་བྱས་པ། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་པ་ལྟར་ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་དོན་དུ་གཉེར་བྱ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡིན་ཞིང་། །དེ་ཡང་བཤེས་སྤྲིངས་ལས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་ཟློག་བགྱི་བ་བཏང་ནས་ཀྱང་། ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་འདི་དང་ཕྱི་མའི་བདེ་འབྲས་ཙམ་སྒྲུབ་པའི་ཞར་བྱུང་དུ་མི་བྱེད་པར་མ་ཟད་ཞི་བ་བསྒྲུབ་པའི་གེགས་སུ་གྱུར་པའི་གནས་སྐབས་ཀྱི་བདེ་བའི་ཐབས་ཀྱང་ཡལ་བར་དོར་ནས་བརྩོན་པ་ཆེན་པོས་བསྒྲུབ་དགོས་པར་གསུངས་ཤིང་། དེ་ལྟར་བསྒྲུབ་པའི་ཐབས་ནི། ཚུལ་ཁྲིམས་དག་དང་ཤེས་རབ་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་ལམ་བསླབ་


GLG001_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་ལ་བརྟེན་ནས་སྒྲུབ་དགོས་ཤིང་། དེ་སྒྲུབ་པ་ལའང་། མགོན་པོ་བྱམས་པས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་ཐོས་བསམ་སྒོམ་གསུམ་གཅིག་ལ་གཅིག་བརྟེན་གྱི་གོ་རིམ་མ་ནོར་བ་རྒྱུ་འབྲས་ཀྱི་ཚུལ་དུ་གསུངས་པས། མངོན་རྟོགས་རྒྱན་ལས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་གཉིས་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོགས་སྒོམ་པའི་ལམ། །ཞེས་མངོན་སུམ་དུ་རྟོགས་པའི་སྒོམ་བྱུང་གི་ལམ་རྣམས་རྒྱུད་ལ་སྐྱེ་བ་ལ་དོན་ཡང་ནས་ཡང་དུ་འཇལ་བའི་བསམ་བྱུང་གི་དཔྱད་སྒོམ་སྔོན་དུ་འགྲོ་དགོས་ཤིང་། ཚུལ་བཞིན་བསམ་པར་བྱེད་པ་ལ་དེའི་དོན་སྟོན་པའི་བཀའ་བསྟན་བཅོས་སོགས་གཙུག་ལག་རྣམས་མང་པོ་ཐོས་དགོས་པས། མཁས་མཆོག་དཔའ་བོས། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟེན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གིས་ཤེས་ཀྱང་དེ་ནི་ཉོ་བར་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་


GLG001_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་པ་ལྟར་དང་པོར་ཐོས་དགོས་ཤིང་། དེ་ཡང་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་ཤར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །ཞེས་ཐུབ་པས་གསུངས་པའི་གསུང་རབ་ཐམས་ཅད་འཚང་རྒྱ་བའི་ལམ་གྱི་གཙོ་བོ་དང་ཡན་ལག་ཏུ་འགྱུར་བ་ཤ་སྟག་ཡིན་པས་ཐེག་པ་འདི་དག་བླང་བྱ་དང་འདི་དག་དོར་བྱ་ཞེས་རིས་སུ་མ་བཅད་པར་བྱང་ཆུབ་སྒྲུབ་པའི་གྲོགས་སུ་ཤེས་དགོས་ཤིང་། ཆོས་ལ་བརྟེན་ནས་བསགས་པའི་སྡིག་པ་ནི་སྡིག་པ་གཞན་ལས་ཆེས་ཁྱད་པར་འཕགས་པས། ཏིང་འཛིན་རྒྱལ་པོ་ལས། གང་གི་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་ལ། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་དང་། མཁས་པའི་དབང་པོ་ཡེ་བཟང་རྩེ་པས་སྒྲོལ་མ་པ་སངས་རྒྱས་རིན་ཅེན་ལ་ཆོས་གསན་ཚུལ་གྱི་མཇུག་ཏུ་ཆོས་སྤོང་བའི་སྒྲིབ་པས་མ་སྦགས་པ་ཙམ་མོ། །ཞེས་དྲིན་དུ་བཟོ་བར་མཛད་པའང་ཚུལ་དེ་འདྲ་ལ་དགོངས་པར་སྣང་ངོ་། །དེར་མ་ཟད་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་བསྒྲུབ་པར་རིགས་པའི་དབང་ཕྱུག་གིས། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་རང་ལ་ལྐོག་ཏུ་གྱུར་ན་གཞན་ལ་སྟོན་པར་མི་


GLG001_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་ཕྱིར། རྒྱལ་ཚབ་མ་ཕམ་པས་རིགས་ཅན་གསུམ་རྗེས་སུ་འཛིན་པར་ཐེག་པ་གསུམ་གྱི་ལམ་ཤེས་དགོས་པར་གསུངས་པ་ལྟར་ཡིན་ལ། ཐེག་པ་གསུམ་གྱི་ལམ་ཤེས་པ་ཙམ་གྱིས་ཆོག་གམ་སྙམ་ན། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་འགའ་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། ཅེས་དང་། འཇམ་མགོན་ས་སྐྱ་པཎྜི་ཏས། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །དེ་ལྟར་དགོངས་ནས་རྒྱལ་དང་དེ་སྲས་ཀྱིས། །ཤེས་བྱའི་གནས་ཀུན་སྦྱངས་ཞེས་ལེགས་པར་གསུངས། །ཞེས་པ་ལྟར་ཤེས་བྱའི་གནས་མཐའ་དག་ལ་བསླབ་པར་གསུངས་པའི་མཐའ་དང་ཚད་གཞལ་བའི་སྤྱོད་ཡུལ་དུ་གྱུར་དཀའ་ནའང་། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་ལྟ་བས་ན་གཞན་དག་ཚར་གཅད་རྗེས་གཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་རིག་པའི་གནས་ལྔར་གསུངས་པ་རྒྱ་བོད་ཀྱི་མཁས་གྲུབ་ཀུན་ལ་རླུང་ལྟར་གྲགས་ཤིང་། བློ་དང་ལྡན་པ་ཀུན་གྱིས་ཐོས་བསམ་དུ་བྱ་བའི་གནས་ཡིན་ཀྱང་བདག་འདྲའི་བློ་དང་བརྩོན་པ་ཞན་པ་རྣམས་ཀྱིས་ཚུལ་བཞིན་བསྒྲུབ་པར་ནུས་པའི་ཡུལ་མ་ཡིན་མོད། འོན་ཀྱང་རིག་པ་ནང་པར་འཆི་ཡང་སློབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །ནོར་ལ་རང་ཉིད་དབང་བ་ཡིན། །ཕྱི་མ་བཅོལ་པོ་ལེན་དང་མཚུངས། །ཞེས་པའི་དོན་བཞིན་རྒྱལ་བའི་


GLG001_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་ལ་བག་ཆགས་ཀྱི་ས་བོན་བཟང་པོ་བསྐྲུན་པའི་ཆེད་དང་སྔོན་གྱི་དགེ་བའི་བཤེས་གཉེན་ཕུ་ཆུང་པ་གཞོན་ནུ་རྒྱལ་མཚན། མི་ལ་བཞད་པ་རྡོ་རྗེ། ལྕེ་བཙུན་སེང་གེ་དབང་ཕྱུག་ལ་སོགས་ཀྱིས་མཚོན་པའི་སྐྱེས་ཆེན་འདི་སྣང་ཆོས་བརྒྱད་ཀྱི་ཟློས་གར་མཐའ་དག་སྒྱུ་མ་མཁན་ལ་རྡེལ་ཤིང་རྟ་གླང་དུ་སྣང་བ་ལྟར་གཟིགས་ནས་སྒྲུབ་པ་སྙིང་པོར་མཛད་པས་ཚེ་གཅིག་ལ་རྡོ་རྗེའི་སྐུ་མངོན་དུ་གྱུར་པ་ལྟ་བུའི་རྣམ་པར་ཐར་པ་ནི་དུས་དབང་གིས་མཁྱེན་དཔྱོད་དང་ལྡན་པ་རྣམས་ཀྱིས་ཀྱང་འཛིན་པའི་སྐལ་བ་ཆེས་ཆེར་ཕྲ་ན་བདག་འདྲར་དེ་ལྟ་བུའི་རེ་བ་ཙམ་ཡང་མ་མཆིས་རུང་། ཅུང་ཟད་རང་གི་ཉམས་སུ་ལེན་པ་དང་གཞན་ལ་ཕན་གདགས་པའི་གོ་ཡུལ་ཙམ་ལའང་ཐོས་བསམ་ཞིག་མ་བྱས་ཚེ། དེང་སང་ལ་ལ་དག་ཆེ་གེ་མོ་དག་གི་སྐྱེ་བ་དང་སྤྲུལ་པ་ཡིན་པས་བསླབ་སྦྱང་བྱ་མི་དགོས་པ། མ་བསླབས་པར་རང་ཤུགས་ཀྱིས་མཁྱེན་པ། བླ་མས་སློབ་མའི་སྙིང་གར་མཛུབ་མོ་བཙུགས་ཏེ་ད་ལྟ་སློབ་མི་དགོས་མ་འོངས་པ་ན་ཆོས་ཐམས་ཅད་རང་རྡོལ་དུ་འབྱུང་བར་ལུང་བསྟན་པ་ལ་བརྟེན་ནས་བྱུང་བ། སློབ་དཔོན་སོགས་མ་བསྟེན་པར་རང་ཉིད་ཀྱིས་དཔེ་ཙམ་ལ་བརྟེན་ནས་དོན་ཁོང་དུ་ཆུད་པ། ཚེ་འདིར་མ་ཐོབ་ཀྱང་སྐྱེ་བ་གཞན་དུ་ཐོབ་པས་འཆད་ཉན་བྱ་རུང་བ་སོགས་མཐའ་ཀླས་པ་ཞིག་སྣང་བ། མ་བསླབས་པ་ལ་མཁས་གྱུར་ན། །རྒྱུ་འབྲས་བདེན་པ་ག་ལ་སྲིད། །ཅེས་པ་ལྟར་མ་བསླབས་པར་ཤེས་པ་ནི་རྒྱུ་འབྲས་མི་བསླུ་བས་བདེན་པར་མི་སེམས་ཤིང་། དཔེ་ཙམ་ལ་བརྟེན་ནས་ཁོང་དུ་ཆུད་པ་འབྱུང་དུ་སྲིད་ཀྱང་བསྟན་


GLG001_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལ་འོ་སྐོལ་གྱི་སྟོན་པ་ཉིད་མ་གཏོགས་བླ་མ་དང་སློབ་དཔོན་སོགས་མེད་པར་རང་བྱུང་གི་སངས་རྒྱས་འབྱུང་བར་མ་བཤད་ཅིང་བརྒྱུད་པ་མེད་པས་རང་གཞན་གང་ལའང་ཕན་པར་མི་འགྱུར་ལ། སོ་ཐར་གྱི་སྡོམ་རྒྱུན་མ་གཏོགས་པའི་ཆོས་རྣམས་ཚེ་རབས་སྔོན་མར་ཐོབ་པ་སྐྱེ་བ་འདིའི་ཚེ་སྟོད་ལ་བྱས་པ་ཚེ་སྨད་ལ་དྲན་པ་བཞིན་གསལ་བར་ཡོད་ན་ཉེས་པ་མི་འབྱུང་རུང་། ཤེས་བྱ་ལྐོག་ཏུ་གྱུར་པ་དེ་འདྲ་སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་གཏོང་བའི་ལོ་རྒྱུས་སུ་འདུག་པས་ཚུལ་དེ་དག་རྣམས་ལ་རྗེས་སུ་ཡི་རང་བར་མ་གྱུར་པས། བཤེས་སྤྲིངས་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་པ་ལྟར་བཤེས་གཉེན་བསྟེན་པ་ལེགས་བྱས་ཀྱི་རྩ་བར་མཐོང་སྟེ་རང་ཉིད་ལ་མཆོག་ཏུ་འཛིན་པའི་མངོན་པའི་ང་རྒྱལ་རིང་དུ་དོར། འཇིག་རྟེན་བླུན་པོའི་ངོར་སྟོབས་འབྱོར་དང་གོ་ས་སོགས་ལ་བརྟེན་ནས་འཕྲིན་ལས་ཆེན་པོར་གྲགས་པའི་རི་བོང་ཅལ་རྒྱུག་ཁོ་ནའི་རྗེས་སུ་མ་འབྲངས་པར་རིག་པའི་གནས་གང་དང་གང་ལ་གོམས་འདྲིས་དང་ཁུངས་བཙུན་མི་བཙུན་སོགས་དཔྱད་པ་གསུམ་གྱིས་གཏན་ལ་ཕབ་ནས། ཡིད་ཆེས་ཀྱི་གནས་སུ་གྱུར་པའི་སློབ་དཔོན་འགའ་ཞིག་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་ཏེ་ཚེ་འདིར་ཐོས་བསམ་ཅུང་ཟད་བགྱིས་པ་རང་ཉིད་བརྗེད་ངས་ཀྱི་འཇིགས་པ་སྤང་ཞིང་དཔྱོད་ལྡན་རྣམས་ཀྱི་མིག་རྐྱེན་དང་བསྟན་པ་རིན་པོ་ཆེའི་རྒྱུན་ལ་བསམས་པའི་ཡི་གེའི་
འཕྲེང་བར་བཀོད་པ་ལ།


previousདངོས་པོ་ངེས་བསྟན་གྱི་སྒོ།next