བདེ་བར་གཤེགས་པའི་སྐྱེས་རབས་ཀྱི་ཕྲེང་བ་ལ་མདོ་ཙམ་བསྔགས་པ་ཟླ་འོད་ཀུནྡའི་ཁྲི་ཤིང་།
༄༅། །བདེ་བར་གཤེགས་པའི་སྐྱེས་རབས་ཀྱི་ཕྲེང་བ་ལ་མདོ་ཙམ་བསྔགས་པ་ཟླ་འོད་ཀུནྡའི་ཁྲི་ཤིང་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཉེར་ཐོན་ཕུལ་བྱུང་མཁྱེན་བརྩེའི་འོད་ཟེར་གྱིས། །ས་གསུམ་བདེ་ལེགས་པད་ཚལ་བཞད་མཛད་པ། །བཅོམ་ལྡན་ཉི་མའི་གཉེན་ལ་ཕྱག་འཚལ་ལོ། ༡ །མཆོག་ཏུ་རྩ་བརྟན་ཡལ་འདབ་རྣམ་པར་རྒྱས། །ལོ་མ་མེ་ཏོག་འབྲས་བུ་ཆེས་སྨིན་ཞིང་། །མཐའ་ཡས་རེ་སྐོང་འདོད་དགུའི་གྲུ་ཆར་ཅན། །ལྷ་ཡི་དཔག་བསམ་དེ་ནི་བསྔགས་པར་འོས། ༢ །རང་དོན་ཡལ་བར་དོར་བའི་ནགས་ཁྲོད་ན། །གཞན་དོན་ལྷག་པར་བརྩོན་པའི་སྲེག་བླུགས་གིས། །དོན་གཉིས་འདོད་དགུའི་དཀའ་ཐུབ་གྲུབ་པའི་ཚུལ། །ཐོས་ནས་དད་པར་མི་འགྱུར་སུ་ཞིག་ཡོད། ༣ །བཀྲེས་པས་ཟིལ་གནོན་སྟག་མོ་མ་སྨད་ལ། །བརྩེ་བས་རང་ལུས་ཡོངས་གཏོང་སེམས་དཔའ་ཆེའི། །དཔག་ཡས་ཡོན་ཏན་ཁུར་ལྕིས་དུབ་པ་ཡི། །ནོར་འཛིན་དུས་བཞིའི་མཐའ་ལ་སྙེགས་མིན་ནམ། ༤ །སྦྱིན་ལ་རབ་དགའ་ཤི་པི་རྒྱལ་པོ་ཡིས། །ས་སྟེང་དབུལ་བ་མ་ལུས་ཟད་བྱས་ནས། །པདྨ་ལྟ་བུར་མཛེས་པ་ཤ་ཡི་སྤྱན། །ཡོངས་སུ་གཏོང་བས་ལྷ་ཡི་མིག་ཐོབ་མཚར། ༥ །དཔལ་ལྡན་ཀོ་ས་ལ་ཡི་བདག་པོ་ཡི། །སྔོན་བསགས་བསོད་ནམས་འབྲས་བུར་ངེས་རྙེད་ནས། །སྦྱིན་པའི་སྒོ་འཕར་བརྒྱ་ཕྲག་འབྱེད་དོ་ཞེས། །ཀོ་ཀི་ལ་ཡིས་བཀྲེན་ལ་སྦྲོན་པ་བཞིན། ༦ །མི་བཟད་རབ་འབར་དམྱལ་བའི་མེ་འོབས་སུ། །འཕགས་པ་མཆོད་ཕྱིར་དགའ་བས་ཞུགས་གྱུར་པའི། །སྦྱིན་ལ་དཔའ་བའི་གྲགས་པ་ཉིན་མོར་བྱེད། །ཡིད་སྲུབ་སྙིང་ལ་མུན་པ་ཉིད་དུ་གྱུར། ༧ །རྒུད་པར་གྱུར་ཀྱང་ཞུམ་པ་མི་མངའ་བའི། །ཟིལ་གྱིས་མི་ནོན་སྦྱིན་པའི་གྲགས་པ་དཀར། །དཔག་ནུས་མིན་ཡང་ཨེ་མ་འདིར་ཤོང་བ། །འཁོར་ཡུག་དང་བཅས་ས་ཆེན་འཇིག་རྟེན་ཡངས། ༨ །མགྲོན་ལ་བརྩེ་བས་རབ་འབར་མེ་ཡི་ནང་། །དགའ་བས་ཞུགས་ཚེ་དབང་པོས་བཏུད་གྱུར་པའི། །ངོ་མཚར་འཇིག་རྟེན་ཀུན་ལ་སྟོན་སླད་དུ། །རི་བོང་འཛིན་པས་གླིང་བཞི་བསྐོར་བར་ངེས། ༩ །ལེགས་བཤད་བདུད་རྩིའི་རྒྱུན་མཆོག་འཇོ་བའི་དཔྱིད། །དཀའ་ཐུབ་སྤྱོད་པ་དྲང་སྲོང་ཨ་གསྟྱ། །དྲེགས་ལྡན་བདེ་སོགས་བདག་པོས་མཆོད་མཐོང་ནས། །བ་ཀུ་ལ་རྣམས་མེ་ཏོག་གིས་དགོད་བཞིན། ༡༠ །དཔལ་རྒྱས་རྒྱལ་སྲས་བྱམས་པའི་སྟོབས་མཆོག་གིས། །རང་གི་ཤ་ཁྲག་སྦྱིན་ལ་མཚར་དུ་ཅི། །གང་གི་སྐུ་མཚལ་མྱོང་གྲོལ་བདུད་རྩི་མཆོག །ཐོབ་གྱུར་མཚན་རྒྱུ་རྣམས་ཀྱི་རོ་འཛིན་རྨད། ༡༡ །སློང་རྣམས་རེ་སྐོང་རྒྱལ་སྲས་ཐམས་ཅད་སྒྲོལ། །དགྲ་ལ་གླང་མཆོག་བྱིན་པས་བསྐྲད་གྱུར་ཀྱང་། །ཞུམ་པ་མི་མངའ་སྲས་དང་བཙུན་མོ་བཅས། །ཡོངས་སུ་གཏོང་ལ་ལྷ་ཡི་དབང་པོས་བསྔགས། ༡༢ །བསོད་ནམས་དཔལ་གྱིས་མངོན་མཐོ་མཆོད་སྦྱིན་བྱེད། །གདུག་པ་བློན་གྱིས་སྡིག་ལ་བསྐུལ་གྱུར་ཀྱང་། །ཐབས་མཁས་འཕྲུལ་གྱིས་སྐྱབས་ཀྱི་སྦྱིན་པ་མཆོག །སྩལ་པའི་རྣམ་དཔྱོད་བྱེད་པོས་འཕྲུལ་ནུས་མིན། ༡༣ །ལྷ་མིན་གཡུལ་ལས་ཕམ་གྱུར་ལྷ་དབང་མཆོག །འདབ་བཟང་ཕྲུ་གུ་ཉམས་ལས་བསྲུང་སླད་དུ། །ལུས་སྲོག་དཔལ་འབྱོར་ལ་ཡང་ལྟོས་མེད་པར། །གཅིག་པུར་དགྲ་ཡི་གཡུལ་ངོར་ལྡོག་པར་གྱུར། ༡༤། གང་གི་བློ་གྲོས་བརྟག་ཕྱིར་བླ་མ་ཡིས། །རིགས་བྱེད་ནས་བཤད་སྡིག་ལ་བསྐུལ་གྱུར་ཀྱང་། །ཁྲེལ་ཡོད་ངོ་ཚ་གཏོང་མིན་གཉིས་སྐྱེས་ཀྱི། །གྲགས་སྙན་ཚངས་པའི་འཇིག་རྟེན་ལས་ཀྱང་བརྒལ། ༡༥ །ལྷ་མོ་ཨུ་མའི་འཇོ་སྒེག་ཟློས་གར་གྱིས། །མ་ཧཱ་དེ་ཝའི་དཀའ་ཐུབ་ཉམས་བྱས་ཀྱང་། །མྱོས་བྱེད་འདོད་ལྷའི་མདའ་ཡི་སྒྱུ་ཐབས་ཀྱིས། །ཤི་པི་བདག་པོ་གཡེམ་ལ་སྦྱོར་མ་ནུས། ༡༦ །ལེགས་པར་ཕ་རོལ་ཕྱིན་པ་དེད་དཔོན་ཆེས། །འཚེ་བ་རྣམ་སྤངས་བདེན་པ་གསོལ་ཙམ་གྱིས། །རྒྱ་མཚོའི་ཀློང་གི་ཁར་སོན་གྲུ་བོ་ཡང་། །གུས་པའི་སེམས་ལྡན་བཞིན་དུ་ལྡོག་པར་གྱུར། ༡༧ །བྱང་ཆུབ་སེམས་དཔའ་ཉ་ཡི་རྒྱལ་པོ་ཡིས། །བདེན་ཚིག་མཐུ་ཡིས་བདུད་རྩིའི་ཆར་དབབ་ལ། །མིག་སྟོང་ཅན་གྱིས་མངོན་པར་བསྟོད་མཐོང་ནས། །ས་ཧ་ཀ་རའི་འཁྲི་ཞིང་འདུད་པ་བཞིན། ༡༨ །སྡིག་མེད་མྱུ་གུས་འཚོ་བའི་སྲེག་བླུགས་ཀྱི་{ཕྲུག་གི}། །བཀའ་ལས་རབ་འབར་མེ་ལྕེས་འདའ་མ་ནུས། །དྲང་སྲོང་དམོད་པའི་རིགས་སྔགས་མཚོན་ཆ་ཡིས། །གཞོམ་པར་མི་ནུས་ཆོས་དེ་སྲིད་ན་སུ། ༡༩ །བྱམས་དཔའི་དཔལ་མངའ་ལྷ་དབང་བུམ་པ་ཅན། །ལེགས་བཤད་བདུད་རྩི་བྲིམ་པས་ས་ཡི་བདག །འཁོར་བཅས་མྱོས་འགྱུར་སྡིག་ལས་ཟློག་པའི་ཚུལ། །མཐོང་ནས་སྤྲིན་གྱི་གླང་པོ་དགོད་པ་འདྲ། ༢༠ །རྒྱལ་རིགས་ཕྱུག་པོར་སྐྱེས་གྱུར་ངེས་འབྱུང་ཅན། །ཚངས་པར་སྤྱོད་པའི་བརྟུལ་ཞུགས་རྨ་མེད་གང་། །གཡོན་ཅན་གྲོགས་ཀྱི་བསླུ་བར་མ་ནུས་ལ། །རྒྱུ་སྐར་ཚོགས་རྣམས་འཕྱ་བས་རྒོད་པ་བཞིན། ༢༡ །རབ་མཐོ་བྲམ་ཟེའི་དྲང་སྲོང་དཀའ་ཐུབ་ཅན། །རབ་བརྩེ་བཟོད་ལྡན་ངེས་འབྱུང་དམོད་ཚིག་ལ། །རབ་གུས་སྤྱན་སྟོང་ཅན་གྱིས་བཏུད་གྱུར་པའི། །རབ་དཀར་གྲགས་པའི་ཕུང་པོ་སྲིད་ན་གསལ། ༢༢། མིག་གི་ཡལ་འདབ་མཆི་མའི་རྡུལ་དག་གིས། །བརླན་གྱུར་མཛའ་བཤེས་སྟོང་གི་ངལ་བ་བརྒྱས། །བཟློགས་ཀྱང་སྙིང་སྟོབས་ཕུལ་ཕྱིན་ཚོང་དཔོན་བུ། །ཁྱིམ་གྱི་གནས་སུ་འཆིང་བའི་སྐབས་མ་རྙེད། ༢༣ །དྲག་ཏུ་སྤྱོས་ཤིང་ཆུང་མ་འཕྲོག་གྱུར་ཀྱང་། །འཁྲུག་པ་མི་མངའ་གཙུག་ཕུད་བྱང་ཆུབ་ཀྱིས། །དྲང་པོར་བརྗོད་པའི་སྙན་ཚིག་ཞགས་པ་ཡིས། །ས་བདག་ཡིད་ཀྱི་ཆོམ་རྐུན་དབང་མེད་དྲངས། ༢༤ །ངང་པའི་རྒྱལ་པོ་ཕན་མཛད་ཡུལ་འཁོར་སྲུང་། །གཡོན་ཅན་རྒྱ་ཡིས་བཅིངས་ཀྱང་འཁྲུགས་མིན་པར། །སྨྲ་བའི་ཟླ་བ་བཞིན་བཟང་བློན་བཅས་ཀྱིས། །ས་བདག་ཉོན་མོངས་རྙི་ལས་བཀྲོལ་གྱུར་མཚར། ༢༥ །མངོན་ཤེས་རྫུ་འཕྲུལ་མཐུ་གྲུབ་བྱང་ཆུབ་ཆེའི། །ལེགས་བཤད་ཀེ་ཏ་ཀ་ཡི་འོད་ཟེར་གྱིས། །ལྟ་ངན་ཉེས་ཚོགས་དྲི་མ་བགྲུང་བའི་ས། །དགའ་བ་བརྒྱ་ལྡན་གྲོང་ཁྱེར་ལས་ཀྱང་འཕགས། ༢༦ །མི་བཟད་ཁྲོན་པ་གཤིན་རྗེའི་ཁར་ལྷུང་བའི། །མི་ལྟོགས་བྱམས་པས་སྐྱབས་དེས་སླར་གཙེས་ཀྱང་། །མི་འཁྲུགས་བརྩེ་ལྡན་སྤྲེའུའི་རྣམ་དཔྱོད་ཆེས། །མེ་ཏོག་གཞུ་ཅན་དགའ་བ་མེད་པར་བྱས། ༢༧ །བདག་གསོད་ཕྱིར་རྔམས་འཕང་རྐྱེན་མི་བདག་ཀྱང་། །བྱམས་པའི་ཐག་པས་འཆི་ལས་སྲུང་མཛད་པའི། །བཟོད་པའི་གོ་བགོས་རྒྱལ་སྲས་ཤ་ར་བྷ། །ཁྱོད་དང་མཚུངས་པ་སྲིད་པའི་ཁོངས་ན་དབེན། ༢༨ །ཤུགས་དྲག་འབབ་ཆུ་དུག་སྦྲུལ་གྲེ་བ་ནས། །ཕྱུང་གྱུར་གཡོན་ཅན་དེ་ཡིས་དམག་དྲངས་ཀྱང་། །འཁྲུགས་མིན་རུ་རུའི་ལེགས་བཤད་ཆར་རྒྱུན་གྱིས། །མི་སྐྱོང་ཉེས་པའི་དྲི་མ་འཁྲུད་གྱུར་མཚར། ༢༩ །རང་འཁོར་སྐྱོབ་ཕྱིར་འཚོ་བ་ཡོངས་གཏོང་བའི། །སྤྲེལ་རྒྱལ་མཆོག་གི་གྲགས་པའི་དྲི་བཞོན་གྱིས། །དྲེགས་ལྡན་ས་བདག་ལྗོན་ཤིང་ཕལ་རྣམས་ཀྱི། །ཁེངས་པའི་ལོ་འདབ་རྙིང་པ་ཟག་པར་བྱས། ༣༠ །བཟོད་པའི་ལྗོན་ཤིང་སྙིང་རྗེའི་རྩ་བ་བརླིང་། །དཀའ་ཐུབ་ཡལ་འདབ་གཞན་ཕན་མེ་འབྲས་ཅན། །ས་སྤྱོད་གདུག་པས་བཅད་གང་མ་བཟོད་ནས། །ནོར་འཛིན་དྲན་དབང་ཚལ་བར་གས་པར་ངེས། ༣༡ །ཚངས་པའི་དྲང་སྲོང་ལེགས་བཤད་སྣང་འབུམ་གྱིས། །ལུས་འཕགས་དབང་པོའི་ལྟ་ངན་མུན་བསལ་ནས། །ཕན་བདེའི་པད་ཚལ་བཞད་པའི་ཚུལ་མཐོང་སྟེ། །འདོད་པའི་བདག་པོ་ཞུམ་པས་འདར་མིན་ནམ། ༣༢། རྒྱལ་པོས་མཐར་བསྐྲད་རྟོག་ཅན་བདུན་བརྒྱ་ཡི། །འཚོ་བ་སྲིང་སླད་ནགས་ཀྱི་གླང་པོ་མཆོག །ལུས་སྲོག་ཡལ་བར་བོར་དེའི་སྙིང་རྗེའི་ལྕིད། །འདེགས་པར་མ་བཟོད་ས་ཆེན་འདར་བ་འདྲ། ༣༣ །རྒྱལ་སྲས་མཆོག་དེས་རྐང་ཁྲའི་སྡིག་པའི་རྒྱུན། །བཅད་ཅེས་ཟླ་བ་མཆོག་ལ་མི་བསྟོད་དེ། །འཕགས་རྣམས་རང་དོན་ཡལ་བར་དོར་ནས་ཀྱང་། །གཞན་གྱི་དོན་ལས་བྱ་བ་གཞན་མེད་ཕྱིར། ༣༤ །ལྕགས་ཀྱི་ཁྱིམ་གནས་རྒྱལ་སྲས་འཕགས་པ་མཆོག །སྲིད་འབྱོར་ཕུན་ཚོགས་མ་ལུས་རིང་བཏང་ནས། །སྒྲ་མེད་ཞི་བའི་ནགས་སུ་གཤེགས་མཐོང་ཚེ། །ཨུཏྤལ་གཞོན་ནུ་འཛུམ་པས་བསུ་བ་བཞིན། ༣༥ །མི་བསྲུན་འཚེ་ལ་གོམས་པའི་སྤྲེའུ་དེ། །མ་ཧེའི་བཟོད་པ་སྒོམ་པའི་བླ་མར་གྱུར། །རྟེན་མེད་མཆོད་སྦྱིན་འདོད་པའི་ཁང་པ་རུ། །སློང་བ་བྱུང་ལ་མི་དགའ་སུ་ཞིག་བྱེད། ༣༦ །ཕན་ལན་གནོད་ཀྱིས་འཇལ་ཡང་ཤིང་རྟ་མོ། །འཁྲུགས་པར་མ་གྱུར་ལྷ་ཡིས་རབ་བསྐུལ་ཡང་། །སྡིག་ལས་ཕྱིར་ཕྱོགས་དམ་བཅའི་གོ་ཆ་ཅན། །ཆེན་པོ་རྣམས་ཀྱི་ངང་ཚུལ་འདི་འདྲའོ། ༣༧ །ཨེ་མ་འགྲོ་ལ་ཕན་བརྩོན་ཤཱཀྱའི་སྲས། །སྔོན་ཚེ་དམན་པར་གྱུར་ཀྱང་རྨ་མེད་པའི། །རླབས་ཆེན་རྒྱལ་སྲས་སྤྱོད་པ་འདི་འདྲ་ན། །བྱང་ཆུབ་མངོན་དུ་གྱུར་ཚེ་སྨོས་ཅི་འཚལ། ༣༨ །འགྲོ་འདིས་རང་དོན་སྒྲུབ་པའི་ཚོང་ཟོང་གིས། །མཐའ་མེད་སྡུག་བསྔལ་གསུམ་གྱི་དངོས་པོ་དང་། །ཐུབ་པས་གཞན་དོན་སྤྱོད་པའི་མཆོད་སྦྱིན་གྱིས། །དོན་གཉིས་ལྷུན་གྲུབ་དཔལ་འདི་ཨེ་མ་ཐོབ། ༣༩། ཐུབ་པའི་སྐྱེས་རབས་ཟབ་བརླིང་དག་བྱེད་གཏེར། །དཔའ་བོའི་མཁྱེན་རབ་ལྷུན་པོས་བསྲུབས་པ་ལས། །ཉེར་ཐོན་སྲིད་པའི་གདུང་སེལ་ཟླ་བ་འདིས། །བདག་བློ་དད་པའི་ཆུ་གཏེར་འཕེལ་བར་བྱས། ༤༠། འཇིགས་ཚོགས་འཛིན་ཁྲིའི་རབ་དཀྲུགས་འཁོར་བའི་ཀློང་། །སྡུག་བསྔལ་རྦ་རླབས་ཆེས་ཆེར་གཡོ་འདི་ལས། །དམན་པའི་སྐྱབས་ཀྱིས་བསླུས་པའི་ཚུལ་མཐོང་ནས། །བདག་ནི་བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། ༤༡ །དཔག་མེད་ཞིང་ན་ཕན་བདེའི་སྤྲིན་ཚོགས་ཅན། །སྟོབས་བཅུའི་དབང་ཕྱུག་སྲས་བཅས་འབྱུང་བའི་དབྱིངས། །ཡོན་ཏན་དཔག་ཡས་བསམ་མི་ཁྱབ་པའི་གཏེར། །རིན་ཆེན་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ༤༢། འགྲོ་བ་ཉུང་ཟད་གཅིག་གི་ཕྱིར་དུ་ཡང་། །འདབ་མ་རལ་གྲི་འཁྲུག་པའི་ཚལ་དག་ལ། །ལྷ་ཡི་དགའ་ཚལ་བཞིན་དུ་འཇུག་མཛད་པའི། །རྒྱལ་བའི་མྱུ་གུ་རྣམས་ལའང་བདག་ཕྱག་འཚལ། ༤༣། ཨེ་མའོ་འགྲོ་བའི་བླ་མ་ཆོས་ཀྱི་རྗེའི། །སྐྱེས་རབས་རྨད་བྱུང་རྣམ་ཐར་རྒྱ་མཚོ་ལས། །སྐྲ་རྩེའི་ཟེགས་ཙམ་གུས་པས་བརྗོད་པ་ཡིས། །དེ་རིང་བདག་གི་ལྕེ་འདི་དོན་ཡོད་བྱས། ༤༤། སྙན་ངག་མེ་ཏོག་འདི་ནི་མཛེས་མིན་ཡང་། །དད་བརྒྱའི་མཚོ་ལས་ཉེ་བར་འཁྲུངས་གྱུར་ཕྱིར། །རྣམ་དཀར་བསོད་ནམས་དྲི་བསུང་མི་དམན་དེས། །འགྲོ་བ་ཐམས་ཅད་ཁྱོད་འདྲ་ཉིད་གྱུར་ཅིག ༤༥ །ས་གསུམ་བླ་མ་འཕགས་པ་རྣམས་ཀྱི་ཡབ། །བདུད་ཀྱི་དཔུང་བཅོམ་འགྲོ་ཚོགས་ཆོས་ཀྱི་སྐྱོང་། །དོན་ཀུན་གྲུབ་པ་བརྩེ་བ་ཆེན་པོ་ཡི། །རྣམ་ཐར་རྒྱ་མཚོ་བདག་གིས་འཛིན་གྱུར་ཅིག ༤༦། དེ་ལྟར་བདེ་བར་གཤེགས་པའི་སྐྱེས་རབས་ཀྱི་ཕྲེང་བ་ལ་མདོ་ཙམ་བསྔགས་པ་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྐྱེས་ཤིང་། ༧ཁྱབ་བདག་ཞེ་ཆེན་པ་ཆེན་པོ་རིགས་བདག་ཏུ་ཐོབ་པའི་སྐལ་བ་བཟང་པོ་ཅན་ཤཱཀྱའི་དགེ་ཚུལ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་བའི་སྡེས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་སྦྱར་བ་སྟེ། འདིས་ཀྱང་ཀུན་མཁྱེན་ཤཱཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།