དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ།
དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཚད་མའི་སྟོན་པ་ཟླ་བྲལ་ཤཱཀྱའི་ཏོག །ཟབ་རྒྱས་བསྟན་པའི་སྲོག་འཛིན་བྱམས་འཇམ་དབྱངས། །དེ་རྗེས་བསྟན་ལ་དྲང་ངེས་འབྱེད་པ་པོ། །ཤིང་རྟ་ཆེན་པོ་གཉིས་སོགས་གཙུག་ན་རྒྱལ། །རབ་འབྱམས་ཞིང་དུ་རྒྱལ་བསྟན་སྙིང་པོའི་དོན། །ཉི་ལྟར་གསལ་མཛད་འཇམ་དབྱངས་བླ་མ་དང། །དེ་ཉིད་དགྱེས་བཞད་འཇིགས་མེད་སྨྲ་བའི་དབང། །རྡོ་རྗེ་ཅན་ཞབས་པདྨོར་སྤྱི་བོས་འདུད། །འདི་ཕྱིར་ཕན་དང་བདེ་བ་ལེགས་པའི་ལམ། །ཇི་སྙེད་གསུངས་པའི་སྙིང་པོ་ཐར་པའི་སྒོ། །ཇི་བཞིན་གསལ་བར་བྱེད་པའི་གདམས་པ་མཆོག །འདི་ཉིད་ཁོ་ན་ཐར་འདོད་འཇུག་ངོགས་ཡིན། །བདག་འདྲས་གཏིང་མཐའ་དཔོག་པར་མི་ནུས་ཀྱང། །ཐེ་ཚོམ་ཙམ་གྱིས་སྲིད་པ་ཧྲུལ་བྱེད་ལ། །རྒྱལ་ཀུན་དགྱེས་པ་སྐྱེད་པའི་ཕན་ཡོན་གྱིས། །ཡིད་རབ་འཕྲོག་པས་ཆ་ཙམ་འབྱེད་ལ་སྤྲོ། །གང་ཞིག་དགེ་བའི་བཤེས་ཀྱིས་ཡོངས་བཟུང་མཐུས། །བླང་དོར་འབྱེད་པའི་
བློ་མིག་རབ་གསལ་ཞིང། །ཡང་དག་ལམ་བཟང་སྒྲུབ་པའི་མོས་བརྩོན་ཅན། །སྐལ་ལྡན་དེ་དག་དང་བས་འདིར་ཞུགས་ཤིག །དེའང་འཇམ་མགོན་རྒྱལ་བ་གཉིས་པའི་ཐུགས་ཀྱི་བཅུད། མདོ་དང་སྔགས་ཀྱི་གསུང་རབ་མཐའ་དག་གི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་ལེགས་པར་བཤད་པའི་སྙིང་པོའི་དོན་འགྲེལ་པ་ལ་གསུམ། བཤད་པ་ལ་འཇུག་པའི་ཡན་ལག །གཞུང་དངོས་ཀྱི་དོན། བཤད་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ནི། ན་མོ་གུ་རུ། ཞེས་པ་ནས། སྨྲ་བ་ཟླ་མེད་འདོད་རྣམས་གུས་པས་ཉོན། །ཅེས་པའི་བར་ཏེ། ཐོག་མར་འགྱུར་ཕྱག་དང་སྒོ་མཚུངས་པར་འཇམ་པའི་དབྱངས་ལ་ཕྱག་བྱས་པ་ནི་སྡེ་སྣོད་གསུམ་ལ་མི་འདྲ་བའི་འགྱུར་ཕྱག་བྱེད་ཚུལ་བཀས་བཅད་ལས་འབྱུང་བ་བཞིན། འདིའང་ཐེག་ཆེན་གྱི་དོན་དམ་པའི་མངོན་པར་འདུ་བའི་དོན་ཡང་ཡིན་མོད། གཙོ་བོར་རྗེ་ཉིད་ཀྱིས་གང་
ལ་བརྟེན་ནས་ལམ་བཟང་འདི་ཉིད་ཐུགས་སུ་ཆུད་པའི་ཡོངས་འཛིན་ཐུན་མོང་མ་ཡིན་པ་བླ་མ་ལྷག་པའི་ལྷ་ལ་བཀའ་དྲིན་དྲན་པས་མཆོད་པར་བརྗོད་པ་ཡིན་ཏེ། སྔགས་རིམ་ལས། དམར་སེར་སྐུ་ཡིས་ཡིད་འཕྲོག་གང་གི་གཙུག །མཐོན་མཐིང་རལ་བའི་ཟུར་ཕུད་ལྔས་མཛེས་པའི། །འཇམ་དབྱངས་དེ་ཡིས་ཚེ་རབས་ཀུན་ཏུ་བདག །དགྱེས་བཞིན་རྗེས་སུ་བཟུང་བའི་དྲིན་ལས་ནི། །ཞེས་དང། རིམ་ལྔ་གསལ་སྒྲོན་ལས། གང་གི་འཕྲིན་ལས་ཟེགས་མའི་ཆ་ཤས་ཙམ། །སྙིང་ལ་ཞུགས་པ་ཡིས་ཀྱང་རྙེད་དཀའ་བ། །ཤིན་ཏུ་སྦས་དོན་ལྷང་ངེར་གསལ་མཛད་པ། །རྗེ་བཙུན་མཁྱེན་པའི་གཏེར་དེས་བདག་སྐྱོངས་ཤིག །ཅེས་སོགས་གསུང་ཕལ་ཆེར་དུ་དེ་འདྲ་རེ་འབྱུང་ཞིང། ཁྱད་པར་དུ་འདིར། འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། །ཞེས་གསུངས་པ་བཞིན་ནོ། །དེ་ནས་བཤད་པའི་སྔོན་འགྲོ་དངོས་ལ། བསྟན་པའི་བདག་པོ་ལ་མཆོད་པར་བརྗོད་པ། དེའི་སྲོལ་འཛིན་རྣམས་ལ་མཆོད་པར་བརྗོད་པ། བསྟན་བཅོས་རྩོམ་པར་དམ་བཅའ་བ། སྣོད་ལྡན་ཉན་པར་བསྐུལ་བ་རྣམས་སུ་ཡོད་པས། དང་པོ་ནི། བདེ་འབྱུང་ཞེས་སོགས་ཤོ་ལོ་ཀ་གཉིས་ཏེ། དེའང་ཤམྦྷུཿསྟེ་བདེ་འབྱུང་ནི་དབང་ཕྱུག་ཆེན་པོ། མེ་གྷ་བཱ་ཧ་ནཿསྟེ་སྤྲིན་ལ་ཞོན་ནི་བརྒྱ་བྱིན། ཧི་ར་ཎྱ་གརྦྷཿསྟེ་གསེར་གྱི་མངལ་ཅན་ཚངས་པ། ཨ་ནཾ་གཿལུས་མེད་དང། དེ་ལ་པ་ཏི་སྦྱར་ན་ལུས་མེད་བདག་པོ་སྟེ་འདོད་ལྷ་དང། དཱ་མོ་ད་རཿནི་སྔ་མ་རྣམས་ཐ་གུའི་ལྟོ་བར་
བསྒྱུར་བ་ལྟར་བྱས་པ་ཡིན་ལ། དེའི་རྒྱུ་མཚན་ཚིག་གཏེར་འགྲེལ་པ་ལས། བྱིས་པའི་དུས་ན་ཐ་གུའི་སྐ་རགས་བཅིངས་པའོ། །ཞེས་གསུངས་ཀྱང། འདོད་འཇོ་འགྱུར་གསར་ལས། དཱ་མོ་ད་རཿསྟེ་མེ་ཏོག་ལྟོའོ། །ཞེས་དང། གྲགས་པ་དང། སྙིང་རྗེ་དང། རོལ་པ་དང། སེལ་བའི་དོན་གྱིས་མེ་ཏོག་གི་ཆུན་པོ་རྣམས་འདིའི་ལྟོ་བ་ལ་ལྡན་པའི་ཕྱིར། དེས་ཉེ་བར་མཚོན་པ། ཞེས་སོགས་འབྱུང་བ་ལེགས་ཏེ། མེ་ཏོག་གི་ཐོད་བཅིངས་སོགས་ལ་གཞོན་ནུའི་རྒྱན་དུ་གསུངས་པ་ལྟར། འདིའང་བྱིས་པ་གཞོན་ནུའི་སྐབས་མེ་ཏོག་གི་ཆུན་པོ་ལྟོ་བའི་ངོས་སུ་བཅིངས་པ་ཡིན་ནམ་སྙམ་མོ། །འདོད་འཇོ་ཤོང་སྟོན་གྱི་འགྱུར་ལས། མེ་ཏོག་ལྟོ་ནི་ལྷ་མོ་གྲགས་མ་ཞེས་བྱ་བ་ཁྱབ་འཇུག་གི་ཆུང་མའོ། །དེས་མེ་ཏོག་ཕྲེང་བ་མགོ་ལ་འཇོག་པར་འདོད་པ་ལ་མ་སླེབ་པས་ལྟོ་བ་ལ་བཞག་གོ །དེ་ཡིས་ཉེ་བར་མཚོན་པས་མེ་ཏོག་ལྟོ་ཅན་ནོ། །ཞེས་འབྱུང་སྟེ། སྔ་མ་དང་མི་མཐུན་པ་རྒྱ་དཔེ་མ་འདྲ་བར་མངོན། དབང་ཕྱུག་ལ་བདེ་འབྱུང་ཞེས་པའང་གཉན་སྟོན་གྱིས་ལྷ་མོ་ཨུ་མ་ལ་བརྟེན་ནས་བདེ་བ་འབྱུང་བ་ལ་བཤད་པ་ནི་རང་ལས་བདེ་བ་འབྱུང་ཚུལ་བཤད་དགོས་རྒྱུ་ལ་གཞན་ལས་བདེ་བ་འབྱུང་ཚུལ་བཤད་པ་དེ་སྡུག་བདེན་ལ་ཀུན་འབྱུང་གི་སྒྲ་བཤད་པ་བཞིན་འབྲེལ་མེད་པས། དཀའ་འགྲེལ་ལས། མཆོག་ཏུ་དགའ་བའི་གཟུགས་འཆང་བས་བདེ་འབྱུང།
ཞེས་གཞན་གྱིས་མཐོང་ན་བདེ་དགེ་ཐམས་ཅད་འབྱུང་བའི་གཟུགས་དང་ལྡན་པར་གསུངས་པ་ལེགས་ཏེ། རབ་འབྱོར་ཟླ་བས། ཤཾ་ཞེས་པ་ནི་མི་ཟད་པ་དགེ་བའི་དོན་ཅན་ནོ། །ཞེས་པ་ནས། ཤམྦྷུཿསྟེ་བདེ་འབྱུང་ངམ་དགེ་འབྱུང་ངོ་། །ཞེས་གསུངས་ལ། དེ་ལས་ཐར་པ་སོགས་འཐོབ་པ་དགེ་འབྱུང་གི་དོན་དང། གནས་སྐབས་སུ་དགའ་བ་སྐྱེད་པ་བདེ་འབྱུང་གི་དོན་ཡིན་ཅིང། དེ་དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་ཐ་མ་དགའ་མགུར་གནས་པའི་དོན་ཡང་ཡིན་པའི་ཕྱིར་ཏེ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་འགྲེལ་བཤད་དུ་དབང་ཕྱུག་གི་གཞུང་དྲངས་པ་ལས། ཐར་པའམ་ཡང་ན་ལྷ་ཡི་ལུས། །གང་དུ་བདག་ཉིད་འདོད་པ་དག །ཐམས་ཅད་འདོད་པ་ཐོབ་འགྱུར་བས། །དེས་ན་དགའ་མགུར་གནས་ཞེས་བྱ། །ཞེས་འབྱུང་བའི་ཕྱིར། སྤྲིན་ཞོན་ཡང་ཁ་ཅིག་སྤྲིན་གྱི་ཤུགས་འཆང་བའི་གླང་པོ་ཆེ་ཞེས་མྱུར་མགྱོགས་ལ་བཤད་ཀྱང། འདོད་འཇོ་ལས། སྤྲིན་ཆེན་པོ་གླང་པོ་ཆེའི་གཟུགས་འཛིན་པའི་ས་སྲུང་བུ་ལ་སོགས་པ་རྣམས་འདིའི་བཞོན་པ་ཡིན་པས། ཞེས་ཤིན་ཏུ་ཆེ་ཞིང་དལ་གྱིས་གཡོ་བས་བརྗིད་པའི་ཉམས་དང་སྦྱར་བ་ཡིན་ཏེ། གླང་པོའི་སྐྱེས་རབས་ལས། སྟོན་ཀའི་སྤྲིན་ནམ་ན་བུན་གྱི་ཚོགས་རླུང་གིས་བསྐྱོད་པ་བཞིན་ཚུར་འོངས་པ་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །གསེར་མངལ་ནི་ཡེ་ཤེས་སྙིང་པོ་ཀུན་བཏུས་ཀྱི་འགྲེལ་པ་བྱང་བཟང་གིས་མཛད་པར། ཆུ་དང་ས་དང་མེའི་དཀྱིལ་འཁོར་གྲུབ་པར་གྱུར་ཅིང། མེའི་དབུས་སུ་སྒོ་ང་ཆེན་པོ་འོད་འབར་ཞིང་གསལ་བར་གནས་པ་དེ་སྨིན་ཅིང་བརྟོལ་བ་ལས་འཇིག་རྟེན་གྱི་མེས་པོ་ཚངས་པ་ཆེན་པོ་
པདྨོའི་མངལ་ལས་སྐྱེས་ཤིང་པདྨ་ལ་གནས་པ་གདོང་བཞི་པ་ཞིག་བྱུང་སྟེ། དེས་འཇིག་རྟེན་རྣམས་སྤྲུལ་པའོ་ཞེས་ཟེར་བ་ཚངས་པས་འདོད་པ་སྟེ། ཞེས་མེ་དཀྱིལ་གྱི་དབུས་སུ་གསེར་གྱི་སྒོ་ང་སྨིན་པ་ལས་བྱུང་བར་བཤད། དྲན་པའི་གཞུང་ལས། གསེར་གྱི་མདོག་ཅན་རབ་མཛེས་པའི། །སྒོ་ང་ཆུ་ལས་རང་བྱུང་སྟེ། །དེ་ལས་རང་ཉིད་ཚངས་པ་སྐྱེས། །རང་བྱུང་ཞེས་སུ་རྣམ་པར་གྲགས། །སྒོ་ང་དུམ་བུ་གཉིས་གྱུར་དེས། །མཁའ་དང་ས་རུ་དེ་ནས་ཆགས། །ཞེས་སྒོ་ང་ཆུ་ལས་བྱུང་བ་དང། དེ་གས་ནས་ནམ་མཁའ་དང་ས་གཞི་བྱུང་བར་བཤད་དེ། རྒྱ་ནག་ཤེའུའི་སྲོལ་འཛིན་པ་དག་དང་པོར་ཧུན་དུན་ཞེས་གནམ་ས་སོ་སོར་མ་ཕྱེ་བའི་འཐིབ་པོར་ཡོད་ལ། དེ་ནས་ཡང་ཞིང་གསལ་བའི་ཆ་སྟེང་དུ་འཕགས་པས་གནམ་དང། ལྕི་ཞིང་རྙོག་པའི་ཆ་ཐུར་དུ་བབས་པས་ས་བྱུང་ཞེས་སྨྲ་བའང་འདི་འདྲ་ཞིག་ལ་བརྟེན་པར་སྣང། ལུས་མེད་ཅེས་པ་དབང་ཕྱུག་ཆེན་པོ་ལྷ་མོ་ཨུ་མས་མཆོད་ཅིང་དཀའ་ཐུབ་ལ་གནས་པ་ན་དགའ་རབ་དབང་ཕྱུག་གིས་མདའ་ལྔ་འཕངས་པས་དཀའ་ཐུབ་ལས་ཉམས་པས། དེ་བདུད་ཀྱི་བྱེད་པར་ཤེས་ནས་དབང་ཕྱུག་ཁྲོས་ཏེ་ཉི་མ་ཟླ་བ་མེའི་མིག་གསུམ་གྱི་དབུས་མ་མེའི་མིག་ལས་མེ་སྦར་བས་བདུད་སྡིག་ཅན་བསྲེགས་ཏེ་ལུས་མེད་པར་བྱས་ཞེས་མངོན་བརྗོད་ལས་འབྱུང་ངོ་། །མདའ་ལྔ་ནི་སྒྲོན་གསལ་ལས། དྲེགས་པར་བྱེད་པ་དང། རྨོངས་པར་བྱེད་པ་དང། ཀུན་ཏུ་རྨོངས་པར་བྱེད་པ་དང། བརྒྱལ་བར་བྱེད་པ་དང། སེམས་མེད་པར་བྱེད་པ་སྟེ་མདའ་ལྔའོ། །ཞེས་གསུངས། རྒྱལ་བའི་ལྷའི་སྡེབ་སྦྱོར་གྱི་རྒྱ་ཆེར་འགྲེལ་ལས། དགོད་བྱེད་རབ་ཏུ་འདུ་བྱེད་དང། །རྨོངས་
བྱེད་དེ་བཞིན་བརྒྱལ་བར་བྱེད། །འཆི་བྱེད་རྣམས་ནི་འདོད་དབང་གི །མདའ་ལྔ་རྣམས་སུ་རབ་ཏུ་གྲགས། །ཞེས་གསུངས། རབ་འབྱོར་ཟླ་བས། མདའ་ལྔ་ནི་སྨྱོ་བྱེད་དང། སྲེད་བྱེད་དང། རྨོངས་བྱེད་དང། སྐེམ་བྱེད་དང། འཆི་བྱེད་ཅེས་བྱ་བ་རྣམས་སོ། །ཞེས་གསུངས་པ་རྣམས་མིང་འདོགས་མི་འདྲ་འང། སྒྲོན་གསལ་གྱི་མཆན་ལས། འདོད་ཆགས་རྒྱས་ཤིང་མྱོས་པར་བྱེད་པས་དྲེགས་པར་བྱེད་པ། ཞེས་པ་ནས། མི་གཡོ་བས་རོ་བཞིན་དུ་བྱེད་པ་སེམས་མེད་པར་བྱེད་པ། ཞེས་གསུངས་པ་དང་སྦྱར་ན་དོན་འདྲ་ལ། ཚིག་གཏེར་འགྲེལ་པར་མྱོས་བྱེད་འདར་བྱེད་སོགས་ལྔ་དང། མངོན་བརྗོད་གཞན་ལས་གསོད་བྱེད་རྗེད་བྱེད་སོགས་སྔར་བཤད་པ་རྣམས་འདྲ་མི་འདྲ་བརྟག་དགོས། ཐ་གུའི་ལྟོ་ནི་བཤད་ཟིན་ལ། སོགས་སྒྲས་བསྡུས་པ་གཞོན་ནུ་གདོང་དྲུག །ཚོགས་བདག ཉི་མ། ཟླ་བ། སྒྲ་མཁན་ཕུར་བུ་སོགས་སྡུད་དོ། །དེ་ལྟར་ན་གཞུང་འདིས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ཚུལ་ཡོད་དེ། འཇིག་རྟེན་གྱི་ལྷ་ཆེན་པོ་རང་རང་གི་གནས་ན་འཁོད་པའི་ཚེ་བློ་གྲོས་དང་མཐུ་སྟོབས་རྫུ་འཕྲུལ་སོགས་འགྲན་ཟླ་མེད་པར་རློམ་པ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་སླེབ་པ་ན་ཉི་མའི་འོད་ཀྱིས་མེ་ཁྱེར་བཅོམ་པ་བཞིན་ཟིལ་གྱིས་མནན་པས་ཁེངས་དྲེགས་བསྙིལ་ཏེ་གཙུག་གི་ཅོད་པཎ་གྱིས་གང་གི་ཞབས་ཀྱི་པདྨོར་འདུད་པས་ན་སངས་རྒྱས་ནི་ལྷའི་ཡང་ལྷར་གྱུར་ཚུལ་གྱི་སྒོ་ནས་བསྟོད་པའི་ཕྱིར། དེ་དག་གི་དོན་ལ་ཅུང་ཟད་མཐའ་དཔྱད་ན། ཁ་ཅིག་ན་རེ། ཚངས་པ་ཆོས་ཅན། སྒོང་སྐྱེས་ཡིན་པར་ཐལ། གསེར་གྱི་སྒོ་ང་ལས་སྐྱེས་པའི་ཕྱིར། དེར་ཐལ། ལུང་སྔར་དྲངས་པ་དེའི་ཕྱིར་ཟེར་ན། མ་
ཁྱབ་སྟེ། གསེར་གྱི་ཁ་དོག་ཅན་གྱི་པདྨ་སྒོ་ངའི་དབྱིབས་ལྟ་བུ་ཞིག་ལས་སྐྱེས་པས་དེ་ལྟར་བཤད་ཀྱི། སྒོ་ང་མཚན་ཉིད་པ་ལས་སྐྱེས་པ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྫུས་སྐྱེས་ཡིན་པའི་ཕྱིར། དེར་ཐལ། ལྷ་དང་དམྱལ་བ་བར་དོ་བ་གསུམ་གང་རུང་ལ་རྫུས་སྐྱེས་ཀྱིས་ཁྱབ་པའི་ཕྱིར། མཛོད་ལས། དམྱལ་བ་རྣམས་དང་ལྷ་རྣམས་དང། །སྲིད་པ་བར་མ་རྫུས་ཏེ་སྐྱེས། །ཞེས་གསུངས་པའི་ཕྱིར། དེར་མ་ཟད་གཟུགས་ཁམས་ཀྱི་ལྷ་རྣམས་དང་པོར་སྐྱེ་བའི་ཚེ་བོངས་ཚོད་རྫོགས་ཤིང་གོས་དང་བཅས་པར་རྫུས་ཏེ་སྐྱེས་པའི་ཕྱིར། མཛོད་ལས། གཟུགས་ཅན་རྣམས། །ཀུན་རྫོགས་གོས་དང་བཅས་པ་ཉིད། །ཅེས་སོ། །དེ་ལ་ཁོ་ན་རེ། སྐྱེ་གནས་བཞི་སོ་སོར་བཤད་ཀྱང་རྫུས་སྐྱེས་སྒོང་སྐྱེས་འགལ་མི་དགོས་པར་ཐལ། སྒོང་སྐྱེས་དང་མངལ་སྐྱེས་ཀྱང་མི་འགལ་བའི་ཕྱིར། དེར་ཐལ། སྒོ་ང་ལས་སྐྱེས་པའི་བྱ་དེ་མངལ་སྐྱེས་ཡིན་པའི་ཕྱིར། དེར་ཐལ། མངལ་ལས་སྐྱེས་པའི་ཕྱིར་ན་མ་ཁྱབ། འོ་ན་དྲོད་གཤེར་སྐྱེས་ཀྱང་ཡིན་པར་ཐལ། ཕ་མའི་ཁུ་ཁྲག་དང་ལུས་ཀྱི་དྲོད་ལས་སྐྱེས་པའི་ཕྱིར། ཁྱབ་པ་འགྲིག །ཡང་ཁ་ཅིག །གསེར་གྱི་སྒོ་ང་ཆུ་དཀྱིལ་ནས་བྱུང་བར་བཤད་པ་མི་འཐད་པར་ཐལ། ཀུན་བཏུས་འགྲེལ་པར་མེ་དཀྱིལ་ལས་བྱུང་བར་བཤད་པའི་ཕྱིར་ན་མ་ཁྱབ། གཉིས་ཀ་རིག་བྱེད་ལ་གྲགས་པའི་གཏམ་རྒྱུད་བཀོད་པ་ཙམ་ཡིན་གྱི། དོན་དངོས་གནས་མ་ཡིན་པའི་ཕྱིར་ཏེ། རིག་བྱེད་ལས་ཚངས་པ་དབང་ཕྱུག་གི་ས་བོན་ལས་སྤྲུལ་པ་དང། ཁྱབ་འཇུག་གི་ལྟོ་བའི་པདྨ་ལས་སྐྱེས་པ་
དང། ཡང་ཚངས་པ་རང་ཉིད་ཀྱིས་འཇིག་རྟེན་ཐམས་ཅད་བྱས་པར་བཤད་པ་དང། ཁྱབ་འཇུག་གི་སྒྲ་དོན་བརྟན་གཡོ་ཀུན་ལ་ཁྱབ་ཅིང་འཇུག་པ་བཅུས་དོན་བྱེད་པ་ལ་བཤད་ནས། ཡང་ཁྱབ་འཇུག་སྐྲག་སྟེ་གཞན་དུ་བྲོས་ཚུལ་བཤད་པ་དང། ཚངས་པ་སྒོང་སྐྱེས། ཁྱབ་འཇུག་མངལ་སྐྱེས། དབང་ཕྱུག་བདག་ལས་སྐྱེས་པར་བཤད་པ་སོགས་འགལ་འདུ་སྣ་ཚོགས་བཤད་པ་དངོས་གནས་སུ་ཁས་བླངས་མི་རུང་བའི་ཕྱིར། དོན་དངོས་པོ་ལ་འཇིག་རྟེན་ཆགས་པའི་ཚེ་ས་ལ་མ་བརྟེན་པའི་གནས་རྣམས་ཡས་རིམ་ནས་ཆགས་པ་དང། བརྟེན་པ་རྣམས་མས་རིམ་ནས་ཆགས་དགོས་ལ། འདིར་དེ་གཉིས་ག་བསྲེས་ནས་བཤད་སྣང་བའི་ཕྱིར་རོ། །ཁོ་ན་རེ། འཇིག་རྟེན་ཆགས་པའི་ཚེ་ཐོག་མར་ཚངས་པ་ཆེན་པོ་བྱུང་ཞེས་བཤད་མི་རིགས་པར་ཐལ། འཇིག་རྟེན་གསར་དུ་ཆགས་དུས་བསམ་གཏན་གཉིས་པ་དང་གསུམ་པ་ནས་བརྩམས་ཏེ་ཆགས་པའི་སྐབས་ཀྱང་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བསྐལ་པ་སྔ་མ་མེས་ཞིག་ན་ཕྱི་མ་བསམ་གཏན་དང་པོ་ནས་འགོ་བརྩམས་ཏེ་ཆགས་དགོས་ལ། སྔ་མ་ཆུ་དང་རླུང་གིས་ཞིག་ན་ཕྱི་མ་བསམ་གཏན་གཉིས་པ་དང་གསུམ་པ་ནས་བརྩམས་ཏེ་ཆགས་དགོས་པའི་ཕྱིར། དེས་ན་གཞུང་ཕལ་ཆེར་ལས་ཐོག་མར་ཚངས་པའི་འཇིག་རྟེན་ཆགས་ཚུལ་གསུངས་པ་ནི་བསྐལ་པ་འདིའི་དབང་དུ་བྱས་པ་ཡིན་པས། འདིའི་སྔ་མའི་བསྐལ་པ་དེ་མེ་འཇིག་གིས་ཞིག་པ་ཡིན་པར་གསུངས་སོ། །དོགས་པ་འདི་ལ་བརྟེན་ནས་བརྒྱད་སྟོང་འགྲེལ་ཆེན་ལས། ཚངས་པའང་ཁ་
ཅིག་ན་རེ། བསམ་གཏན་བཞི་པར་བྱུང་བ་ཡིན་ཏེ། འཇིག་པ་མེ་དང་ཆུ་དང་ནི། །རླུང་གིས་རྣམ་པ་གསུམ་དུ་འགྱུར། །ཞེས་བྱ་བའི་ཚུལ་གྱིས་གོ་རིམ་བཞིན་དུ་དང་པོ་ལ་སོགས་པ་བསམ་གཏན་གསུམ་ནི་འཇིག་པས་དེ་ཉིད་ནི་ཡུན་རིང་པོར་གནས་པའི་ཕྱིར་བདག་པོ་ཉིད་དུ་མངོན་པར་རློམ་པའི་ཕྱིར་རོ། །ཞེས་ཟེར་རོ། །གཞན་དག་ནི་གཞན་དུ་འཆད་དེ་འོད་གསལ་གྱི་ལྷའི་རིས་ལས་ཞེས་སོགས་ཡོངས་གྲགས་དང་མཐུན་པ་གཅིག་སྟེ་གཉིས་མཛད་དོ། །བྱས་པ་ལ། འོ་ན་གསེར་འཕྲེང་ལས། གཙོ་བོ་གཅིག་ཏུ་ཟད་པའི་ལས་བསགས་པའི་ཕྱིར་དང། ལོག་ལྟའི་གནས་ཡིན་པའི་ཕྱིར། ཞེས་གསུངས་པའང་སྤྱིར་བཏང་མ་ཡིན་པར་བསྐལ་པ་འདིའི་དབང་དུ་བྱས་པ་ཡིན་པར་ཐལ། དེ་འཇིག་རྟེན་ཆགས་པའི་ཐོག་མར་མ་བྱུང་ན་ཐམས་ཅད་རང་གིས་སྤྲུལ་སྙམ་པའི་ལོག་རྟོག་སྐྱེ་དོན་མེད་པའི་ཕྱིར་ན། མ་གྲུབ་སྟེ། དེར་ལོག་ལྟ་སྐྱེས་པ་འགྲོ་བའི་སྒྲིབ་པ་ལྟ་བུ་ལས་དབང་གིས་ཡིན་པའི་ཕྱིར། གཞན་དུ་ན་འཕགས་པ་རྣམས་དེར་མི་སྐྱེ་བ་དང། དང་པོའི་སས་བསྡུས་ཀྱི་གཡོ་སྒྱུ་བཤད་པ་སོགས་རྣམ་གཞག་དུ་མ་འཇིག་པར་འགྱུར་རོ། །ཡང་ཁ་ཅིག །དགའ་རབ་དབང་ཕྱུག་ལ་ལུས་མེད་བདག་པོ་ཞེས་བཤད་པ་མི་འཐད་པར་ཐལ། དེ་ལ་ལུས་མེད་ཅེས་བཤད་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། ལུས་མེད་དང་ལུས་མེད་ཀྱི་བདག་པོ་སོ་སོར་འཇོག་དགོས་པའི་ཕྱིར་ནའང་མ་ཁྱབ་སྟེ། མངོན་བརྗོད་ཀྱི་སྐབས་སུ་འདོད་པ་དང་འདོད་ལྷ་གཉི་ག་དབྱེ་བ་མ་བྱས་པར་མིང་ཐུན་མོང་དུ་
སྦྱར་བ་ཡིན་པས། སྒྲ་དེ་འདོད་ལྷ་ལ་སྦྱར་བའི་ཚེ་རྒྱུ་མཚན་སྔར་བཤད་པ་ལྟར་ཡིན་ལ། འདོད་པའམ་འདོད་ཆགས་ལ་སྦྱར་བའི་ཚེ་དེ་ལ་ལུས་མེད་ཀྱང་སེམས་ཅན་རྣམས་ཀྱི་སྙིང་ལ་གནས་ཏེ་སྲིད་པའི་ཀུན་སྦྱོར་སྣ་ཚོགས་རྩོམ་པས། ཡིད་ལ་ཉལ་དང་ལུས་མེད་དུ་བཤད་པའི་ཕྱིར། དཔེར་ན་སྤྱོད་འཇུག་ལས། གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །ཞེས་གསུངས་པ་བཞིན་ནོ། །དེས་ན་འདོད་སྲེད་ལ་ལུས་མེད་དང། དགའ་རབ་དབང་ཕྱུག་གིས་སེམས་ཅན་རྣམས་ལ་ཐབས་སྣ་ཚོགས་ཀྱིས་འདོད་སྲེད་བསྐྱེད་ནས་སྲིད་པར་འཆིང་བར་བྱེད་པས་དེའི་བདག་པོར་བཤད་པ་ཡིན་ནོ། །འགའ་ཞིག་ཁམས་གོང་མ་ལ་ལྟོས་ཏེ་འདོད་ཁམས་པ་རྣམས་ལུས་ཆུང་བས་མེད་པ་དང་འདྲ་ཞིང། འདི་དེའི་བདག་པོ་ཡིན་པའི་ཕྱིར་ཟེར་བ་དོན་མེད་དེ། གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །ཞེས་གསུངས་པས། ལྟོས་ས་ལྟོས་འཇོག་གིས་འབྲས་བུ་ཆེ་བ་མན་ཆད་ལུས་མེད་དུ་འགྱུར་བའི་ཕྱིར་རོ། །འདིར་བཅོམ་ལྡན་འདས་ལ་ལྷ་ཆེན་པོ་རྣམས་ཀྱིས་བཏུད་ཚུལ་གྱི་སྒོ་ནས་བསྟོད་པའི་རྒྱུ་མཚན་ལའང། ཁ་ཅིག་ན་རེ། དེ་མདོ་ལས། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་གསུངས་པ་དང། སྐབས་གསུམ་པ་དང་དབང་པོའི་དགྲ །ཞེས་སོགས་ཀྱིས་འགྲོ་བ་མ་ལུས་པའི་གཙུག་རྒྱན་དུ་གྱུར་ཚུལ་གསུངས་པ་དང་དོན་འདྲ་ཟེར་ན། ཤིན་ཏུ་མི་འཐད་པར་ཐལ། དེ་སྒྲུབ་ཕྱོགས་ནས་དེ་དག་སྲིད་ཞིའི་འཇིགས་པ་ལས་སྐྱོབ་
པའི་སྐྱབས་སུ་གྱུར་ཚུལ་གྱི་སྒོ་ནས་བསྟན་པ་ཡིན་ལ། འདིར་ལྷ་ཆེན་པོ་དེ་དག་གིས་ལམ་ལྟར་སྣང་བསྟན་པ་རྣམས་བཅོམ་ལྡན་འདས་ཀྱིས་གསུང་གི་འོད་ཟེར་གྱིས་རྨེག་མེད་དུ་བཅོམ་སྟེ་སྨྲ་བ་ཟླ་མེད་པར་གྱུར་པ་དེའི་སྒོ་ནས་བསྟོད་པ་ཡིན་པའི་ཕྱིར། དེར་ཐལ། སྔ་མ་ནི། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །ཞེས་པ་ལྟར་བརྩེ་བ་ཆེན་པོ་སོགས་རྒྱ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་ཚུལ་ཡིན་ལ། ཕྱི་མ་ནི། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །ཅེས་པ་ལྟར་ཟབ་མོ་ལྟ་བའི་སྒོ་ནས་བསྟོད་ཚུལ་ཡིན་པས་སྐབས་འདིར་དེ་གཙོ་བོར་བྱེད་དགོས་པའི་ཕྱིར། དེར་ཐལ། ནང་པའི་བསྟན་པ་བཅོམ་ལྡན་འདས་ཀྱིས་ཕྱེ་བ་དང། ཕྱི་པའི་བསྟན་པ་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ཀྱི་རྗེས་སུ་འབྲངས་པ་ཡིན་ལ། ཀླ་ཀློ་རྣམས་ལྷ་མ་ཡིན་གྱིས་བྱས་པའི་གཞུང་གི་སྟེང་ནས་ལྟ་སྒོམ་གཏན་ལ་དབབ་རྒྱུ་མེད་ཀྱང་དེ་ལ་སྐྱབས་སུ་བསྟེན་ཅིང་ཚུར་སྡོངས་གྲོགས་བྱེད་པས་ལྷ་མིན་གྱི་རྗེས་འབྲང་དུ་བཤད་ལ། དེའི་རྒྱུ་མཚན་གྱིས་དེ་གསུམ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དམན་པའི་ཕྱིར། རྟགས་བར་བ་གྲུབ་སྟེ། ཚངས་པ། ཁྱབ་འཇུག །དབང་ཕྱུག་གསུམ་གྱིས་ཕྱི་པའི་གྲུབ་མཐའ་བསྟན་ཚུལ་གྲགས་ཆེ་ལ། བརྒྱ་བྱིན་སྨོས་པའི་རྒྱུ་མཚན་སྤྱིར་ཚངས་པ་རྟག་ཞི་བས་བྱས་པའི་སྒྲ་མདོ་སོགས་ཡོད་ཀྱང། སྒྲའི་ཁུངས་གཏུགས་ས་བརྒྱ་བྱིན་གྲགས་ཆེ་བས་རིག་བྱེད་དེ་ལ་ཞེན་པ་རྣམས་བརྒྱ་བྱིན་ཚད་མའི་སྐྱེས་བུ་ལྟ་བུར་འཛིན་པ་འགོག་ཆེད་དང། བདུད་སྡིག་ཅན་ནི་བྱེད་པ་སྣ་ཚོགས་ཀྱིས་སྐྱེ་བོ་རྣམས་
ཡིད་བསྒྱུར་ཏེ་སྟོན་པའི་བསྟན་པ་ལས་རྒྱབ་ཀྱིས་ཕྱོགས་པར་བྱེད་པའི་འགལ་ཟླ་ཡིན་པས་འདིར་དངོས་སུ་སྨོས་པ་ཡིན་པའི་ཕྱིར། གོང་གི་རྟགས་གྲུབ་སྟེ། བདག་ཅག་གི་སྟོན་པས་གཞན་སྡེའི་སྟོན་པ་སོགས་སྨྲ་བ་ངན་པ་ཐམས་ཅད་ཟིལ་གྱིས་མནན་ནས་སྨྲ་བ་ཟླ་མེད་པར་གྱུར་པ་དང། རང་ཉིད་ཀྱི་བསྟན་པ་ལ་གཞན་གྱིས་ཀླན་ཀའི་སྐབས་མེད་པས་སྨྲ་བ་བླ་ན་མེད་པར་འགྲོ་བའི་རྒྱུ་མཚན་མཐར་ཐུག་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་རང་དབང་དུ་བསྟན་པ་འདི་ཉིད་ཡིན་པའི་ཕྱིར། ལེགས་བཤད་སྙིང་པོ་ཆུང་བར། ཁྱོད་ཀྱི་སྨྲ་བ་ཟླ་མེད་པར། །མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི །ལམ་འདི་ཉིད། ཅེས་དང། སྨྲ་བ་བླ་ན་མེད་པའི་རྒྱུ། །ཞེས་གསུངས་པའི་ཕྱིར། ཚུལ་འདི་མདོ་དང་ཀླུ་སྒྲུབ་ཡབ་སྲས་ཀུན་གྱི་དགོངས་པ་ཡིན་ཏེ། སྡུད་པ་ལས། མི་ཡི་སེང་གེ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །མུ་སྟེགས་ཅན་མང་སྐྲག་བྱེད་འཇིག་རྟེན་སྒྲ་ཡང་སྒྲོགས། །ཞེས་དང། རྩ་ཤེ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང། །ནས། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ། ཞེས་གསུངས་ལ། དེའི་དོན་འགྲེལ་པ་ཚིག་གསལ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་སྐད་བསྟན་པ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་ཉག་གཅིག་དོན་ཕྱིན་ཅི་མ་ལོག་པར་གསུངས་པ་ཉིད་དུ་གཟིགས་ཤིང། ཕ་རོལ་པོའི་སྨྲ་བ་ཐམས་ཅད་བྱིས་པ་རྡོལ་ཐབས་སྨྲ་བ་དང་འདྲ་བར་ཐུགས་སུ་ཆུད་ནས། སློབ་དཔོན་ཤིན་ཏུ་དང་བ་དང་ལྡན་པར་གྱུར་པས། སླར་ཡང་བཅོམ་ལྡན་འདས་ལ་ཁྱད་པར་དུ་མཛད་པ་ནི། སྨྲ་རྣམས་ཀྱི། །དམ་པ། ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དོན་འདི་རང་ཅག་རྗེས་
འཇུག་རྣམས་ཀྱི་ཉམས་ལེན་དུའང་གོ་དགོས་ཏེ། རང་གི་སྟོན་པ་ཚད་མའི་སྐྱེས་བུར་མཐོང་ན་དེའི་བསྟན་པ་ཁོ་ནར་འཇུག་པ་ལས། གཞན་འཇིག་རྟེན་པའི་ལྷ་ཆེན་པོ་དག་གི་རྗེས་སུའང་འབྲང་མི་རིགས་ན། ར་རྫི་སྐར་རྒྱལ་གྱི་ཆོས་ལུགས་ལྟ་བུ་མི་མ་ཡིན་ཕྲ་མོ་རེས་བསྟན་པ་དང། ཉམས་མྱོང་བན་བུན་གྱི་སྣང་བ་ལ་བརྟེན་པའི་མན་ངག་ཟབ་མོར་གྲགས་པ་རྣམས་ལ་འཇུག་མི་འོས་པ་སྨོས་ཅི་དགོས་པའི་ཕྱིར། དེས་ན་ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས། རི་བོ་ཏེ་སིར་སོང་སྟེ་ཕྱིན་པ་དང། ལྷ་ཆེན་པོ་དགྲ་བཅོམ་པའི་དགེ་འདུན་རྣམས་བསོད་སྙོམས་སྟོབ་པ་ལ་བརྩོན་པ་དང་ཕྲད་དེ། དེ་ལས་སངས་རྒྱས་བཅོམ་ལྡན་འདས་ཉིད་ནི་སྲིད་པ་གསུམ་གྱི་བླ་མའི་དམ་པ་ཡིན་ནོ་ཞེས་བསྟན་པ་དང་ངེས་པ་རྙེད་དེ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས། ཞེས་དང། དེས་མཛད་པའི་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ལས་ཀྱང་སྔ་མའི་ལོ་རྒྱུས་རྒྱས་པ་དང། དེ་ནས་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཆོས་རྣམས་ཁ་ན་མ་ཐོ་བ་མེད་པ་ཡིན་པར་ཤེས་པས་རིག་བྱེད་ཀྱི་ཚིག་རྣམས་རྩྭ་ལྟར་བོར་ཏེ། ཞེས་གསུངས་པ་ལྟར་ཡིན་པས། ཆོས་ལུགས་ལྟར་སྣང་ལ་མགོ་མ་འཁོར་བར་རྒྱལ་བ་ཀུན་གྱི་གཤེགས་བཤུལ་འཇམ་མགོན་བླ་མས་གསལ་བར་ཕྱེ་བ་འདི་ལྟ་བུ་ལ་སློབ་དགོས་པ་ནི་མཆོད་བརྗོད་དང་པོ་འདིའི་དོན་གྱི་སྙིང་པོ་ཡིན་ནོ། །དེ་ནས་ཟབ་རྒྱས་ཀྱི་བཀའ་བབ་བྱམས་འཇམ་དབྱངས་གཉིས་ལ་མཆོད་པར་བརྗོད་པ་ནི། མཁྱེན་བརྩེའི་ཞེས་སོགས་ཏེ། རྒྱ་མཚོ་
ནི་གཏིང་མཐའ་དཔག་དཀའ་བ། རླབས་འཕྲེང་གཡོ་བ། རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའི་ཁྱད་ཆོས་གསུམ་དང་ལྡན་པ་ལྟར། འདི་གཉིས་ཀྱང་མཁྱེན་བརྩེའི་གཏིང་མཐའ་དཔག་དཀའ་བའམ། ཡང་ན་མཁྱེན་པ་ནི་ཟབ་མོའི་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་གྱུར་པས་གཏིང་དཔག་དཀའ་བ་དང། བརྩེ་བས་གཞན་ཕན་གྱི་ཐབས་མཐའ་ཡས་པ་ལ་གཞོལ་བས་རྒྱ་ཆེའོ། །ཁྱད་པར་གཉིས་པ་ནི། སྤྱིར་སྤྱོད་པ་ཕྱིན་དྲུག་སོགས་དུ་མ་དང། ཁྱད་པར་མདོ་སྡེ་རྒྱན་ལས། སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། །ཞེས་གསུངས་པ་ལྟར། མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་གྱིས་རྒྱལ་བའི་མཛད་པ་ཐམས་ཅད་རང་གི་ཁུར་དུ་ལེན་པ་འཁོར་ལོས་བསྒྱུར་བའི་སྲས་དང་བློན་པོ་ཆེན་པོ་ལྟ་བུ་སྟེ། དགེ་འདུན་ཉི་ཤུའི་མདོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པའི་སྐུ་ལྟ་བུར་སྤྲུལ་ནས། ཞེས་སོགས་དང། བྱང་ཆེན་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་ཏུ་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཞེས་སོགས་ལྟ་བུའོ། །འདིའང་དེ་གཉིས་བྱང་སེམས་ཡིན་པའི་དབང་དུ་བྱས་པའོ། །ཁྱད་པར་གསུམ་པ་ནི། དེ་གཉིས་ལེགས་བཤད་ཐམས་ཅད་ཀྱི་གཏེར་དུ་བསྟན་པའི་ཤུགས་ལ་ལེགས་བཤད་འདི་ཐམས་ཅད་ཀྱང་རྩ་བ་སངས་རྒྱས་བཅོམ་ལྡན་འདས་ནས་དེ་གཉིས་ལ་བརྒྱུད་དེ་རིམ་པར་འོངས་པ་ཁོ་ན་ཡིན་པའི་ཚུལ་བསྟན་ཅིང། འདིས་མཚོན་ཏེ་གདམས་པ་གང་ཡིན་ཀྱང་དམ་པ་བར་མ་ཆད་པ་ལས་བརྒྱུད་དེ་འོངས་པ་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་ཞིག་
དགོས་པར་བསྟན་པ་ཡིན་ནོ། །ཤིང་རྟའི་སྲོལ་འབྱེད་གཉིས་ལ་མཆོད་པར་བརྗོད་པ་ནི། བདེ་གཤེགས་གསུང་རབ། ཅེས་སོགས་བྱུང། དེའི་དོན་ལ་ཁ་ཅིག །དགོངས་འགྲེལ་དང་བློ་གྲོས་མི་ཟད་པས་བཤད་ཚུལ་ལྟར་གྱི་ཤིང་རྟའི་སྲོལ་གཉིས་ཕྱེ་བར་བསྟན་ཟེར་ན་མི་འཐད་པར་ཐལ། འདིའི་གསུང་རབ་ཅེས་པ་གཙོ་བོར་དེ་གཉིས་ཙམ་ལ་བྱེད་པའང་མི་འཐད། ཚུལ་ཞེས་པ་བཤད་ཚུལ་ཙམ་དུ་བྱས་པའང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། འདིའི་བདེ་གཤེགས་གསུང་རབ་ཅེས་པ་དང། འོག་ཏུ། འཁོར་བ་ལས་གྲོལ་བ་ལ་རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་དགོས། དེའང་གསུང་རབ་ལ་དྲང་ངེས་འབྱེད་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གི་རྗེས་སུ་འབྲང་དགོས། ཞེས་པའི་གསུང་རབ་ལ་དྲང་ངེས་འབྱེད་མཁན་གྱི་ཤིང་རྟའི་སྲོལ་འབྱེད་དེ་ངོས་བཟུང་ནས་མཆོད་བརྗོད་བྱས་པ་ཡིན་པས་གོང་འོག་གི་གསུང་རབ་འདྲ་དགོས་པ་གང་ཞིག །དེ་ལྟར་ན་གསུང་རབ་སྤྱི་དང་གཙོ་བོ་ཤེར་མདོ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། དགོངས་འགྲེལ་དང་བློ་གྲོས་མི་ཟད་པའི་མདོ་གཉིས་དྲང་ངེས་འབྱེད་བྱེད་ཀྱི་གཞུང་ལྡེ་མིག་ལྟ་བུ་ཡིན་གྱི། གང་ལ་དྲང་ངེས་འབྱེད་པའི་གཞིའི་མཛོད་ལྟ་བུ་ཤེར་མདོ་གཙོ་བོར་བྱེད་དགོས་པའི་ཕྱིར། དེར་ཐལ། དབུ་མ་པ་སྨོས་མི་དགོས་ལ། སེམས་ཙམ་པས་ཀྱང་ཤེར་མདོ་མདོ་སྡེ་ཀུན་གྱི་གཙོ་བོ་དང། དེའི་ཆེད་དུ་བྱ་བའི་གདུལ་བྱ་ནི་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལས་དབང་བོ་རྣོ་བའི་སེམས་ཙམ་པ་ཁོ་ནར་འདོད་པའི་ཕྱིར། འོག་ཏུ་འཆད་དོ། །རྟགས་ཟུར་གཉིས་པ་གྲུབ་སྟེ། ཚུལ་གཉིས་ཞེས་པ་བཤད་
ཚུལ་ཙམ་ལ་མི་བྱེད་པར། དྲང་ངེས་སུ་འཇོག་པའི་ལམ་མི་འདྲ་བ་གཉིས་ལ་བྱེད་པའི་ཕྱིར། དེར་ཐལ། སྨྲ་སྒོ་མཚོན་ཆ་ལས། ཚུལ་ནི་འདྲ་དང་སྨད་པ་དང། །སྒོ་དང་སྡོམ་པ་མཚན་ཉིད་དང། །ཐབས་དང་རིག་པ་དོན་དང་འདོད། །ལེགས་པ་དག་ལ་འཇུག་པ་ལས། །ཞེས་ཚུལ་གྱི་སྒྲ་དོན་བཅུར་ཕྱེའང་ལམ་གྱི་གསལ་ཁ་མ་བྱུང་ལ། རྣམ་བཤད་རིགས་པ་ལས། ཚུལ་གྱི་སྒྲ་ནི་བདེན་པ་དང། །ལམ་དང་འབྲེལ་འབྱུང་རིག་པ་དང། །ཞེས་གསུངས་པས། ལམ་ནི་ས་ལམ་གྱི་ལམ་ཁོ་ན་ལ་བྱེད་པ་མ་ཡིན་པར་ལམ་སྲོལ་ལའང་སྦྱོར་དགོས་ཤིང། དེ་ལྟར་ན་རྒྱལ་བའི་ཡུམ་རྣམ་པ་གསུམ་གྱི་དགོངས་དོན་མཐར་ཐུག་དབུ་སེམས་ཀྱི་ལུགས་སུ་འགྲེལ་པའི་ལམ་སྲོལ་ཆེན་པོ་གཉིས་ཕྱེ་བ་གཞུང་གི་དོན་དུ་འཇོག་དགོས་པའི་ཕྱིར། རྒྱལ་བའི་བསྟན་པ་མཆོག་ཅེས་པའང་མཆོག་གི་སྒྲ་ཉེ་ཚིག་ཏུ་བྱས་ཏེ་བསྟན་པ་སྤྱི་ལ་སྦྱར་ཡང་རུང་ལ། འོན་ཀྱང་ཞིབ་ཏུ་བརྟགས་ན་དཔལ་མགོན་ཀླུ་སྒྲུབ་ནི་ཟབ་མོའི་ལམ་གྱི་བཀའ་བབ་དང། འཕགས་པ་ཐོགས་མེད་རྒྱ་ཆེ་བའི་ལམ་གྱི་བཀའ་བབ་ཡིན་པས། གཉི་ག་བསྡོམས་ཏེ་ཟབ་རྒྱས་ཟུང་དུ་འཇུག་པའི་ཐེག་པ་མཆོག་གི་ལམ་བཟང་གསལ་བར་མཛད་པའི་དོན་དུ་བྱས་ན་ལེགས་པས། བསྟན་པ་མཆོག་ཅེས་པའང་ཐབས་ཤེས་ཡ་བྲལ་དུ་མ་སོང་བའི་ཐེག་ཆེན་གྱི་བསྟན་པ་ལ་བྱའོ། །དེ་ནས། ཤིང་རྟ་ཆེན་པོའི་སྲོལ་གཉིས་ལེགས་བཟུང་ཞེས་སོགས་ཀྱིས་ཤིང་རྟའི་སྲོལ་འཛིན་རྣམས་ལ་བསྔགས་ཤིང། དེའང། ཟླ་བ་གྲགས་པའི་ཞབས་ཞེས་པ་ཡན་གྱིས་དབུ་མ་དང། དབྱིག་གཉེན་ཞེས་སོགས་ཀྱིས་སེམས་ཙམ་པའི་སྲོལ་འཛིན་གཙོ་བོ་
རྣམས་སྨོས་པ་ཡིན་ཏེ། ཚིག་དོན་གོ་སླའོ། །རྩོམ་པར་དམ་བཅའ་བ་ནི། གཞུང་ལུགས་མང་ཐོས། ཞེས་པ་ནས། ཤིན་ཏུ་བརྩེ་བའི་བསམ་པས་བདག་གིས་བཤད། །ཅེས་པའི་བར་བྱུང། དེའང་གཞུང་ལུགས་མང་ཐོས་ཞེས་སོགས་ཀྱི་ངོས་འཛིན་ལ། གཞུང་ལུགས་མང་དུ་ཐོས་པ་རྔོག་ལོ། ས་པཎ། བུ་སྟོན་སོགས་དང། རིགས་ལམ་ལ་ངལ་བ་མང་དུ་བསྟེན་པ་ཆ་པ་ཆོས་སེང་སོགས་སེང་ཆེན་བརྒྱད་དུ་གྲགས་པ་དང། མངོན་པར་རྟོགས་པའི་ཡོན་ཏན་གྱི་མི་དམན་པ་ཀུན་མཁྱེན་དོལ་བུ་བ་སོགས་སུ་མཁས་པ་འགའ་ཞིག་གསུངས་པ་ལྟར་སོ་སོར་སྦྱར་ཡང་རུང་ལ། འདི་ཉིད་ཀྱི་མཇུག་ཏུའང། རླབས་ཆེན་སྤྱོད་ལ་རིང་ནས་ཞུགས་པ་ཡི། །རྒྱལ་སྲས་རིག་གནས་ཀུན་ལ་མཁས་པས་ཀྱང། །ཤིན་ཏུ་དཔག་དཀའ་ཟབ་ཅིང་རྒྱ་ཆེའི་གནས། །གསུངས་པ་བཞིན་ཐུན་མོང་དུ་སྦྱར་ན་གོ་བ་སྟེར་ཕུལ་ཆེ་སྟེ། དམ་པ་དེ་དག་རེ་རེ་བཞིན་སྤྱོད་ཕྱོགས་རྒྱ་ཆེ་བའི་ལམ་གྱི་མངོན་པར་རྟོགས་པའི་ཡོན་ཏན་དུ་མ་དང་ལྡན་ཞིང་སྐྱེས་ཐོབ་ཀྱི་བློ་གྲོས་ཕུན་སུམ་ཚོགས་པའི་སྟེང་དུ་མདོ་སྔགས་རིག་གནས་སོགས་ཀྱི་གཞུང་ལུགས་ལ་ཐོས་བསམ་རྒྱ་ཆེན་པོ་མཛད། ཁྱད་པར་ལྟ་བའི་གནད་དོན་ཚོལ་བར་འདོད་ནས་རིགས་པའི་ལམ་ལ་སྐྱོ་ངལ་གྱི་འདུ་ཤེས་མེད་པར་འབད་པ་བསྟེན་ཀྱང་རྟོགས་པར་མི་ནུས་པའི་དེ་ཁོ་ན་ཉིད་ཀྱི་དོན་དེ་འཇམ་མགོན་བླ་མ་ཉིད་ཀྱིས་འོལ་ཁ་སོགས་སུ་དཀའ་སྤྱད་ཤུགས་དྲག་པོས་བསག་སྦྱང་དང་གཞུང་དོན་ལ་དཔྱད་པ། ཁྱད་པར་དུ་
མགོན་པོ་འཇམ་པའི་དབྱངས་དགེ་བའི་བཤེས་གཉེན་དུ་བཟུང་ནས་ཚུལ་བཞིན་དུ་བསྟེན་ཅིང་དེས་རྗེས་སུ་བཟུང་བའི་བཀའ་དྲིན་ལས་རྙེད་ཚུལ་བསྟན་པ་ཡིན་ནོ། །འདི་དག་གིས་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་སློབ་དཔོན་སྔ་མའི་མན་ངག་དང་ལྡན་ཚུལ། ནང་གི་དོན་རྟོགས་ཤེས་རབ་དང་ལྡན་ཚུལ་གཉིས་ཀྱང་ཚང་བར་བཤད་པ་ཡིན་ཏེ། སངས་རྒྱས་ནས་བཟུང་དམ་པ་བར་མ་ཆད་པ་དང། ཁྱད་པར་དུ་མགོན་པོ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ཚུལ་གསུངས་པས་རྒྱུ་ཚོགས་དང་པོ་བསྟན་ཅིང། དྲིན་གྱིས་ཞེས་པའི་ཤུགས་ལ་རང་སྟོབས་ཀྱིས་རྟོགས་པར་མི་ནུས་ཞེས་ཁེངས་བསྐྱུང་བའང་མཛད་དོ། །ལེགས་མཐོང་ནས་ཞེས་པས་རྒྱུ་ཚོགས་གཉིས་པ་གསུང་རབ་ཀྱི་དགོངས་པ་མ་ནོར་བར་གཟིགས་པའི་མཁྱེན་རབ་ཕུན་སུམ་ཚོགས་པ་བསྟན། ཤིན་ཏུ་བརྩེ་བའི་བསམ་པས་ཞེས་པས་བརྩེ་བ་ཕུན་སུམ་ཚོགས་པ་བསྟན་ཅིང་གདུལ་བྱ་ངེས་ལེགས་སུ་འཁྲིད་པར་བྱེད་པ་ལ་ཐབས་འདི་ལས་ལྷག་པ་མེད་པས་བསྟན་བཅོས་རྩོམ་རིགས་པར་བསྒྲུབས་པའང་ཡིན་ནོ། །འདིས་མཚོན་སྐབས་དུ་མར་སྔ་མ་མང་པོའི་ལུགས་བཀག་ཀྱང་མིང་བཟུང་མ་མཛད་པ་དེ་དག་གི་ལྟ་བ་ལ་ནོར་བ་བྱུང་ཡང་སྤྱོད་ཕྱོགས་མི་ནུབ་པར་བསྐྱངས་པའི་བཀའ་དྲིན་ཆེ་བའི་གནད་ཀྱིས་ཡིན་ལ། རྐང་པ་གཉིས་པར་ངལ་བ་མེད་བསྟེན་ཞེས་ཀྱང་དཔེ་ཁ་ཅིག་ཏུ་འབྱུང་སྟེ་དོན་ལ་ཁྱད་པར་ཆེར་མེད་དོ། །སྣོད་ལྡན་ཉན་པར་བསྐུལ་བ་ནི། བསྟན་པའི་དེ་ཉིད་ཅེས་སོགས་རྐང་པ་གཉིས་བྱུང། མདོ་དང་སྔགས་ཀྱི་བསྟན་པ་གང་ལ་བརྟེན་ནས་ཀྱང་བླ་ན་མེད་
པའི་བྱང་ཆུབ་སྒྲུབ་པ་ལ་བསྟན་པའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་དོན་འདི་ལས་གཞན་དུ་འདར་མེད་པས། དེ་ཉིད་ཐོས་བསམ་སྒོམ་པས་གཏན་ལ་དབབ་པར་བྱ་བའི་ཕྱིར་ཐོག་མ་ཁོ་ནར་བསམ་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་ཚུལ་བཞིན་དུ་ཉན་པར་གྱིས་ཤིག་ཅེས་བསྐུལ་བ་ཡིན་ལ། སྔ་ཕྱི་བསྡོམས་པས་དགོས་སོགས་ཆོས་བཞིའང་བསྟན་ཏེ། གནས་འདི་ནི་ཞེས་པ་ཡན་གྱིས་བརྗོད་བྱ་དང། བསྟན་པའི་དེ་ཉིད་རྟོགས་པའི་རྣམ་དཔྱོད་ཅེས་པས་དེ་ཁོ་ན་ཉིད་ཀྱི་དོན་རྣམ་པར་འབྱེད་པའི་ཤེས་རབ་བསྐྱེད་པ་གནས་སྐབས་ཀྱི་དགོས་པ་དང། སྨྲ་བ་ཟླ་མེད་ཅེས་པས་དེའི་དོན་གོམས་པ་མཐར་ཕྱིན་ནས་སྨྲ་བ་ངན་པ་ཐམས་ཅད་ཟིལ་གྱིས་མནན་ཏེ་གདུལ་བྱ་རྣམས་བྱང་གྲོལ་ལ་འགོད་པ་སངས་རྒྱས་ཀྱི་གོ་འཕང་མཐར་ཐུག་གི་ཉིང་དགོས་སུ་བསྟན་ཅིང། དེ་དག་ཕྱི་མ་ཕྱི་མ་སྔ་མ་དང་འབྲེལ་བ་དེ་འབྲེལ་བ་ཡིན་པས་ཤུགས་ཀྱིས་ཐོན་པའི་ཕྱིར། དེ་དག་གི་མཐའ་ཅུང་ཟད་དཔྱད་ན། ཁ་ཅིག་ན་རེ། འདིའི་དགོས་སོགས་ཆོས་བཞིའི་འབྲེལ་པ་དེ་འབྲེལ་བ་མཚན་ཉིད་པ་མ་ཡིན་པར་ཐལ། འབྲེལ་བ་ལ་གཞན་སྡེས་རྟོག་བཏགས་སྣ་ཚོགས་ཡོད་ཀྱང། དཔལ་ཆོས་ཀྱི་གྲགས་པས་བདག་གཅིག་འབྲེལ་དང་རྟེན་བྱུང་འབྲེལ་གཉིས་སུ་གྲངས་ངེས་པར་གསུངས་པ་གང་ཞིག །འདི་དེ་གཉིས་གང་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །ལྡོག་པར་འགྱུར་བའམ་རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་བ་མེད་པའི་ཕྱིར། །ཞེས་
སོགས་གསུངས་ཤིང། དེ་ལས་འཕྲོས་ཏེ་འབྲེལ་བ་བརྟག་པར་ཚུལ་དེ་རྒྱས་པར་སྒྲུབ་པའི་ཕྱིར་ཟེར་ན། གོང་གི་རྟགས་ཕྱི་མ་མ་གྲུབ་སྟེ། འདིའི་འབྲེལ་བ་རྟེན་བྱུང་འབྲེལ་གྱི་འབྲེལ་བ་ལ་བྱེད་པའི་ཕྱིར། དེར་ཐལ། འཇོག་པའི་གཙུག་རྒྱན་བླངས་ན་དུག་ཞི་བར་བཤད་པ་ལྟ་བུ་དགོས་པ་བཤད་ཀྱང་དེའི་ཐབས་མ་བསྟན་པས་སྐྱེ་བོའི་དོན་དུ་མི་འགྱུར་བ་དེ་འདྲ་མ་ཡིན་པར། སྒྲུབ་བྱེད་ཀྱི་ཐབས་དང་ཐབས་དེ་ལས་བྱུང་བའི་དགོས་པ་གཉིས་འབྲེལ་ཆགས་སུ་འབྱུང་བའི་ཐབས་བྱུང་གི་འབྲེལ་བ་ལ་བྱེད་པའི་ཕྱིར། རྣམ་འགྲེལ་ལས། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཅེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེ་ཙམ་གྱིས་འདིའི་རྒྱུ་འབྲས་ཀྱི་འབྲེལ་བར་མི་འགྲུབ་པར་ཐལ། དགོས་སོགས་ཆོས་བཞི་འདྲེན་པའི་ཚེ་བརྗོད་བྱ་དང་དགོས་པ་ཉིང་དགོས་ཞེས་འདྲེན་དགོས་པ་གང་ཞིག །དེའི་བརྗོད་བྱ་ལ་སྟོང་ཉིད་ཀྱང་ཡོད། ཉིང་དགོས་ལ་མི་གནས་པའི་མྱང་འདས་ཀྱང་ཡོད་པའི་ཕྱིར་ན་མ་ཁྱབ། དེ་གསུམ་རྒྱུ་འབྲས་སུ་འབྲེལ་ཚུལ་འཆད་པའི་ཚེ་བརྗོད་བྱ་ཙམ་ལ་མི་བྱེད་པར་བརྗོད་བྱའི་དོན་དེ་ཉིད་བསྟན་བཅོས་དེའི་བཤད་པ་ལ་བྱེད་ཅིང། དེ་དང་གདུལ་བྱས་དེའི་དོན་རྟོགས་པ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར་དང། ཉིང་དགོས་ལ་སྤངས་རྟོགས་གཉིས་ཀ་ཡོད་ཀྱང་བརྗོད་བྱ་དང་དགོས་པ་ལ་བརྟེན་ནས་འབྱུང་རྒྱུ་དེ་རྟོགས་པའི་ཆ་ལ་གཙོ་བོར་བྱེད་དགོས་པའི་ཕྱིར། གསེར་ཕྲེང་ལས། བསྟན་བཅོས་དང་དགོས་པའམ། དགོས་པ་གཉིས་རྒྱུ་འབྲས་སུ་འབྲེལ་བ་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བརྗོད་བྱ་དང་ཞེས་མ་གསུངས་པར་བསྟན་བཅོས་དང་ཞེས་
གསུངས་པ་དེ། དང་པོར་བསྟན་བཅོས་ལས་བཤད། དེ་ནས་དེ་ཐོས་བསམ་སྒོམ་པའི་རིམ་གྱིས་ཉམས་སུ་ལེན་དགོས་པ་ཤེས་པའི་ཆེད་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང། །ཞེས་སོ། །ཡང་ཁ་ཅིག་ན་རེ། གཞུང་འདིས་བསྟན་པ་མཐའ་དག་གི་དེ་ཁོ་ན་ཉིད་གཏན་ལ་ཕབ་པ་མི་འཐད་པར་ཐལ། མདོ་ཕྱོགས་ཀྱི་བསྟན་པའི་དེ་ཁོ་ན་ཉིད་གཏན་ལ་ཕབ་ཀྱང། སྔགས་ཀྱི་བསྟན་པའི་དེ་ཁོ་ན་ཉིད་གཏན་ལ་མ་ཕབ་པའི་ཕྱིར། དེར་ཐལ། སྔགས་ཀྱི་ལམ་རིམ་གཉིས་སོགས་གཏན་ལ་མ་ཕབ་པའི་ཕྱིར་ན་མ་ཁྱབ། འདིས་སྔགས་ཀྱི་ལམ་ལྷའི་རྣལ་འབྱོར་དང་རྩ་རླུང་སོགས་གཏན་ལ་མ་ཕབ་ཀྱང། སྔགས་ལམ་གྱི་སྙིང་པོ་འོད་གསལ་ཡེ་ཤེས་ཀྱི་ཡུལ་གཏན་ལ་ཕབ་པས་སྔགས་ཀྱི་དེ་ཉིད་མཐར་ཐུག་གཏན་ལ་ཕབ་པར་འགྲོ་བའི་ཕྱིར། དེར་ཐལ། སྔགས་ལམ་ལ་བརྟེན་ནས་སྒྲིབ་གཉིས་སྤོང་བ་ལའང་དངོས་གཉེན་མདོ་ལུགས་ཀྱི་སྟོང་པ་ཉིད་འདི་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྒོམ་དགོས་ཀྱི། འདི་མེད་ན་སྔགས་ལམ་མཐོན་པོ་སྒོམ་ཁུལ་བྱས་ཀྱང་ཐར་ལམ་ཙམ་དུའང་མི་འགྲོ་བའི་ཕྱིར། རྗེ་བཙུན་རེད་མདའ་བའི་དྲིས་ལན་ལས། སྔགས་ཀྱི་རྫོགས་རིམ་རྣམས་ལའང་མཚན་ཉིད་ཀྱི་ལྟ་བའི་མྱོང་བ་འདོན་ལུགས་འདི་མེད་པས། དེ་རྐྱང་པ་བྱས་ན་ལྟ་བའི་གོ་ཡུལ་ཙམ་ཡོད་ཀྱང་ལམ་དུ་གཏན་མི་འགྲོ། ཞེས་དང། རྗེ་བླ་མས་དཀའ་བཞི་པ་ཤེས་རབ་དཔལ་བཟང་ལ་གདམས་པ་ལས། ཟབ་
མོ་སྤྲོས་པ་དང་བྲལ་བའི་དོན་ལ་ནི་སྔགས་དང་ཕར་ཕྱིན་ཁྱད་པར་མེད་པར་མཁས་པ་གོང་མ་རྣམས་བཞེད་པ་ལེགས་པར་མཐོང་བས་ཟབ་དོན་གྱི་གོ་བ་ནི་དབུ་མའི་བསྟན་བཅོས་ལས་བཙལ་ན་སྔགས་ལས་རྟོགས་སླ་བར་མཐོང་ངོ་། །ཞེས་གསུངས་ཤིང། སྟོང་ཐུན་ལས་ཀྱང། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ནི། ཞེས་པ་ནས། འཁོར་བའི་རྩ་བ་གཅོད་བྱེད་ཀྱི་གཉེན་པོ་ནི་བདག་མེད་རྟོགས་པའི་ཤེས་རབ་ཉིད་ཡིན་པར་བཞེད་པ་ལ་ཕ་རོལ་ཏུ་ཕྱིན་པའི་དབུ་མ་པ་དང་མི་མཐུན་པ་ཅུང་ཟད་ཀྱང་མེད་དོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེར་མ་ཟད་སྔགས་དང་ཕར་ཕྱིན་གཉིས་ཀྱི་ལྟ་བའི་དེ་ཁོ་ན་ཉིད་མཆོག་དམན་དུ་བཟུང་ན་རྩ་ལྟུང་དུ་འགྱུར་བར་གསུངས་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་ལེའུའོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་དྲུག་པའོ། །ཞེས་སོ། །མདོར་ན་འདི་ཉིད་ཀྱི་མཇུག་ཏུ། གསུང་རབ་ཀྱི་དྲང་ངེས་ཕྱེ་ནས་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཤིང་རྟའི་སྲོལ་གཉིས་པོ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་རྒྱས་མོད་ཀྱང། གསང་སྔགས་ཀྱི་གཞུང་འགྲེལ་པའི་པཎྚི་ཏ་དང་གྲུབ་ཐོབ་རྣམས་ཀྱིས་ཀྱང་དེ་གཉིས་གང་རུང་ཞིག་དང་མཐུན་པར་དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབ་པ་ལས་གཞན་པའི་ཕུང་གསུམ་མེད་པས་ཚུལ་འདི་ནི་གསུང་རབ་མདོ་སྔགས་མཐའ་དག་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ལམ་དུ་ཤེས་པར་བྱའོ། །ཞེས་གསུངས་པ་འདི་གོ་ན་བསྟན་པའི་སྙིང་པོ་སྟོང་པ་ཉིད་ཅེས་པ་དང། བསྟན་པའི་དེ་ཉིད་རྟོགས་པའི་རྣམ་དཔྱོད་
ཅེས་པ་རྣམས་ལ་ཕྱོགས་རེ་བ་ཙམ་མ་ཡིན་པའི་གོ་བ་མཐའ་ཆོད་པ་སྟེར་ཞིང་ལེགས་བཤད་སྙིང་པོ་ཆེ་ཆུང་གི་མིང་བཏགས་པའི་མཚན་གྱི་དོན་ཡང་ཤེས་པར་འགྱུར་རོ། །ཡང་ཁ་ཅིག་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་སོགས་བཞི་བཤད་པ་མི་འཐད་པར་ཐལ། བསྟན་བཅོས་ལ་འཇུག་པའི་སྔོན་དུ་དེ་བཞི་རྟོགས་མི་དགོས་པའི་ཕྱིར། དེར་ཐལ། དེའི་བརྗོད་བྱ་རྟོགས་པ་ལ་དེ་ཁོ་ན་ཉིད་རྟོགས་དགོས་པ་གང་ཞིག །དེ་བསྟན་བཅོས་ལ་ཞུགས་ནས་གཟོད་འབྱུང་དགོས་པའི་ཕྱིར་ཏེ། བསྟན་པའི་དེ་ཉིད་རྟོགས་པའི་རྣམ་དཔྱོད་ཅེས་པས་ཞུགས་པའི་དགོས་པ་བསྟན་པ་གང་ཞིག །འདིའི་འབྲེལ་བ་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས་ཟེར་ན། གོང་དུ་མ་ཁྱབ་སྟེ། དེའི་སྔོན་དུ་དེ་བཞི་རྟོགས་མི་དགོས་ཀྱང་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་ནས་འཇུག་པའི་རྒྱུ་བྱེད་པའི་ཕྱིར། འཐད་ལྡན་ལས། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་དང། བེའུ་བུམ་སྔོན་པོ་ལས། དོན་འགྱུར་དོན་མི་འགྱུར་བ་དག་ལ། །ཐེ་ཚོམ་ཟ་ནའང་འཇུག་ལྡོག་རྒྱུར་གསུངས། །ཞེས་གསུངས་པའི་ཕྱིར། དེ་འདྲའི་ཐེ་ཚོམ་ཙམ་ཡང་བསོད་ནམས་དམན་པ་ལ་སྐྱེ་དཀའ་ཞིང་སྐྱེས་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་སྐྱེ་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང། །སྲིད་པ་ཧྲུལ་བོར་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། ལེགས་བཤད་ས་ཧ་ཀ་རའི་ཚལ། །ལོངས་སུ་སྤྱད་པས་
རབ་མྱོས་པ། །ལག་ལྡན་གླལ་བའི་ཁ་སྒོ་ལས། །ལུང་རིགས་དྲི་བཟང་ཅི་ཡང་སྤྲོ། །ཀྭ་ཡེ་སྙན་ཚིག་གཅམ་བུའི་གླུ་དབྱངས་ཀྱིས། །རྣ་བ་གཙེར་བའི་རྐང་དྲུག་མ་ཡིན་པར། །མདོ་རྒྱུད་མགྲིན་པའི་རྫ་རྔ་རྣམ་སྟོང་དུ། །འཁྲོལ་བ་མཁའ་འགྲོ་དཀར་པོའི་རྗེས་སུ་ཞུགས། ། ༈ གཉིས་པ་གཞུང་དངོས་ཀྱི་དོན་ལ། དྲང་ངེས་འབྱེད་དགོས་པའི་རྒྱུ་མཚན། དྲང་ངེས་ཇི་ལྟར་འབྱེད་པའི་ཚུལ། ཕྱེ་སྟེ་གང་གི་རྗེས་སུ་འབྲང་དགོས་པར་བསྟན་པ་དང་གསུམ། དང་པོ་ལ་དངོས་ཀྱི་དོན་དང། དེ་ཉིད་ཤེས་བྱེད་ཀྱི་མདོ་དང་སྦྱར་བ་གཉིས། དང་པོ་ནི། འཕགས་པ་ཡུལ་འཁོར་སྐྱོང་གིས། ཞེས་པ་ནས། རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར་རོ། །ཞེས་པའི་བར་བྱུང། འདི་ལ་སྤྱི་དོན་དང་མཐའ་དཔྱད་གཉིས། དང་པོ་ནི། འཁོར་བ་ལས་གྲོལ་བ་ལ་རྣམ་ཐར་སྒོ་གསུམ་གྱིས་བསྡུས་པའི་དེ་ཁོ་ན་ཉིད་རྟོགས་དགོས། དེ་རྟོགས་པ་ལ་དྲང་དོན་གྱི་གསུང་རབ་ཙམ་ལ་སྦྱངས་པས་མི་ཆོག་པར་ངེས་དོན་གྱི་གསུང་རབ་ཅིག་ལ་ཐོས་བསམ་ཚུལ་བཞིན་དུ་བྱེད་དགོས། གང་ལ་རྟེན་སའི་མདོ་དེའང་ངེས་དོན་ཡིན་པ་དེ་ངེས་དོན་དུ་སྟོན་པའི་ལུང་ཡོད་པ་ཙམ་གྱིས་གོ་མི་ཆོད་དེ། མདོ་ལས་བདེན་པར་གྲུབ་མ་གྲུབ་དང་ཕྱི་དོན་ཡོད་མེད་སོགས་མི་མཐུན་པ་སྣ་ཚོགས་གདུལ་བྱའི་དབང་གིས་གསུངས་ཡོད་པས། མདོའི་སྒྲས་ཟིན་ལ་བསྟན་ཚད་ཁས་བླང་དུ་རུང་བས་ཁྱབ་པ་སྤྱིར་མ་གྲུབ་པ་བཞིན་དུ། འདི་ནི་དྲང་དོན་གྱི་མདོའོ། །འདི་ནི་ངེས་དོན་གྱི་མདོའོ་ཞེས་གསུངས་ཚད་དེ་ལྟར་གནས་པའི་བྱེ་བྲག་གི་ཁྱབ་པའང་མ་གྲུབ་སྟེ། འདིར་བསྟན་འཁོར་ལོ་བར་པ་དགོངས་
འགྲེལ་ལས་དྲང་དོན་དུ་བཤད་ཀྱང་ངེས་དོན་དུ་གནས་པ་དང། ཐ་མ་དེས་ངེས་དོན་དུ་བཤད་ཀྱང་དྲང་དོན་དུ་གནས་པའི་ཕྱིར་རོ། །དེས་ན་ལུང་ཙམ་རྒྱུ་མཚན་དུ་བྱས་ནས་ཀྱང་དྲང་ངེས་ཀྱི་མདོ་སོ་སོར་འཇོག་མི་ཐུབ་ལ། རང་ཅག་ལྟ་བུས་བློ་སྟོབས་ཀྱིས་ཀྱང་སོ་སོར་འབྱེད་མི་ཐུབ། པཎྚི་ཏ་དང་གྲུབ་ཆེན་ཡིན་ཚད་ཀྱི་གསུང་གི་རྗེས་སུ་འབྲང་ནས་ཀྱང་འབྱེད་མི་ཐུབ་པས། གསུང་རབ་ལ་དྲང་ངེས་འབྱེད་པ་པོར་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་གཉིས་གང་རུང་ཞིག་གི་རྗེས་སུ་ཞུགས་ཏེ་དྲང་ངེས་འབྱེད་དགོས། དེའི་རྗེས་སུ་འཇུག་ཚུལ་ཡང་དེས་མཛད་པའི་གཞུང་བཀླག་པ་ཙམ་ལ་མི་ཟེར་བར། རྒྱལ་བའི་གསུང་རབ་ཀྱི་དགོངས་པ་མཐའ་གཞན་དུ་འདྲེན་པའི་གོལ་ས་མཐའ་དག་བཀག་ནས་འདི་ཉིད་ཁོ་ནར་གནས་དགོས་ཞེས་དངོས་སྟོབས་ཀྱི་རིགས་པས་སྒྲུབ་ཚུལ་གྱི་སྲོལ་ཕྱེ་བའི་རིགས་ལམ་དྲི་མ་མེད་པ་དེ་དག་ལ་བརྟེན་ནས་ལེགས་པར་དཔྱད་དེ་གཏན་ལ་འབེབས་དགོས་སོ། །དེ་ལྟར་ན་གཏན་ལ་དབབ་བྱའི་དོན་གྱི་མཐར་ཐུག་པ་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་དང། གཏན་ལ་འབེབས་བྱེད་ཀྱི་མཐར་ཐུག་པ་ཤིང་རྟ་ཆེན་པོའི་རིགས་ལམ་རྣམ་པར་དག་པའི་དཔྱད་པ་ཁོ་ན་ལ་ཐུག་གོ །དེའང། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །ཞེས་སྟོང་པ་ཉིད་ཀྱི་དོན་དེའང་རྣམ་ཐར་སྒོ་གསུམ་དུ་ཕྱེ་ནས་གསུངས་ཏེ། སྟོང་པ་ཞེས་པས་རང་གི་ངོ་བོ་བདེན་པས་སྟོང་པའི་སྟོང་པ་ཉིད་དང། གདོད་ནས་སམ་ཐོག་མ་ནས་དོན་དམ་པར་སྐྱེ་མ་མྱོང་བས་གཟོད་མ་ནས་ཞི་བ་སྟེ་མཚན་མ་མེད་པ་དང། མ་འོངས་པ་ནའང་དོན་
དམ་པར་སྐྱེ་བར་མི་འགྱུར་བས་སྐྱེ་བ་མེད་པ་སྟེ་སྨོན་མེད་དང་གསུམ་དུ་གསུངས་སོ། །སྤྱིར་རྣམ་ཐར་སྒོ་གསུམ་གྱི་འཇོག་ཚུལ་དུ་མ་ཡོད་དེ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་ཅན། །ཞེས་སྟོང་བདག་མེད་གཉིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། སྡུག་བདེན་གྱི་ལྷག་མ་གཉིས་དང། ཀུན་འབྱུང་གི་ཁྱད་ཆོས་བཞི་ལམ་གྱི་བཞི་རྣམས་སྨོན་མེད་དང། འགོག་བདེན་གྱི་ཁྱད་ཆོས་བཞི་ནི་མཚན་མེད་དུ་བཤད་དེ། གཟུགས་སོགས་ཡུལ་ལྔ། སྐྱེ་རྒ་མི་རྟག་པ་སྟེ་འདུ་བྱས་ཀྱི་མཚན་ཉིད་གསུམ། ཕོ་མོའི་མཚན་མ་གཉིས་ཏེ་མཚན་མ་བཅུ་དང་བྲལ་བའི་ཕྱིར་རོ། །ལམ་གྱི་བཞི་ལ་དེ་མ་ཚང་ཞིང་མྱ་ངན་ལས་འདའ་བའི་ཚེ་ལམ་སུན་འབྱིན་པའི་ལམ་གསུམ་གྱི་སྒོ་ནས་རྒྱུན་བཅད་དེ་ངེས་པར་འབྱུང་བའི་གནས་ཡིན་པའི་ཕྱིར་སྨོན་མེད་དུ་བཤད་དོ། །ཐེག་ཆེན་ཐུན་མོང་བའི་ལུགས་ནི། མདོ་སྡེ་རྒྱན་ལས། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང། །བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟག་ཉེར་ཞི་ཡིན་ཞེས་བྱ། །ཞེས་དང། འགྲེལ་པ་དོན་གསལ་སྐབས་བཞི་པར་བདེན་བཞིའི་ཁྱད་ཆོས་བཅུ་དྲུག་ལ་སྦྱར་བ་གཅིག་དང་གཉིས་ཡོད་པ་ཅུང་མི་འདྲ་སྟེ། རྒྱན་གྱི་བདག་མེད་གཉིས་ཞེས་པ་དབྱིག་འགྲེལ་ལས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་གང་ཟག་དང་ཆོས་ལ་བདག་མེད་པའོ། །ཞེས་བདག་མེད་གཉིས་གསུངས་ཤིང། འགྲེལ་པ་དོན་གསལ་ལས་དེ་ཁྱད་ཆོས་བཅུ་དྲུག་གི་ནང་གི་སྟོང་བདག་མེད་ཙམ་ལས་ཆོས་ཀྱི་བདག་
མེད་མ་བཤད་ལ། འགྲེལ་པས་ལམ་གྱི་བཞི་མཚན་མེད་ལ་སྦྱར་ཀྱང། རྒྱན་ལས་ལམ་གྱི་བཞི་གང་ལའང་མ་སྦྱར་ཏེ། བདག་འཛིན་གཉིས་ཤེས་པ་དང། སྤོང་བ་དང་སྤངས་པ་མངོན་དུ་བྱེད་ཚུལ་ཙམ་གསུངས་པ་ཡིན་གྱི། བདེན་བཞིའི་ཁྱད་ཆོས་བཅུ་དྲུག་ལ་སྦྱར་བ་མ་ཡིན་པའི་ཕྱིར། བསྡུ་བ་ལས། ཀུན་བཏགས་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྣམ་པར་བཞག་གོ །གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་རྣམ་པར་བཞག་གོ །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་རྣམ་པར་བཞག་གོ །ཞེས་བདག་གཉིས་སུ་ཀུན་བཏགས་པ་ལྟར་རྣམ་པར་མི་རྟོག་པ་དང། བདག་ཏུ་འཛིན་པའི་རྟེན་མ་དག་པའི་གཞན་དབང་ལ་རྒྱབ་ཀྱིས་ཕྱོགས་པ་དང། དེ་རྟག་ཏུ་ཞི་བའི་མྱང་འདས་ཡོངས་གྲུབ་ཀྱི་ངོ་བོ་ཉིད་མངོན་དུ་བྱས་པས་ཟག་མེད་ཀྱི་དགའ་བདེ་འགྲུབ་ཅིང་སྲིད་པའི་བདེ་བ་སོགས་ལ་སྨོན་པ་ལས་འདའ་བར་འགྱུར་བ་སྟེ། རྒྱན་ལས། རྣམ་པར་མི་རྟོག་རྒྱབ་ཀྱིས་ཕྱོགས། །རྟག་ཏུ་དགའ་དང་ལྡན་པ་འོ། །ཞེས་སོགས་གསུངས་པའི་ཕྱིར། འདིར་རྒྱུ་ཆོས་ཀྱི་སྡོམ་བཞི་ལ་སྦྱོར་ཚུལ་སོགས་མང་སྟེ། རྒྱན་གྱི་ཊཱིཀྐ་རྣམས་ལས་ཤེས་དགོས་ཤིང་མདོར་བསྡུས་གཞན་དུ་བཤད་ཟིན། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྣམ་ཐར་སྒོ་གསུམ་ལ་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བ་དང། བྱ་བྱེད་ལས་གསུམ་ལ་སྦྱར་བ་སོགས་ལས། དང་པོ་ནི་རྣམ་སྣང་མངོན་བྱང་ལས། སེམས་ནི་རང་དངོས་མེད་ཕྱིར་དང། །རྒྱུ་དང་འབྲས་བུ་
སྤངས་པའི་ཕྱིར། །ཞེས་དང། ཤཱུ་ནྱ་ཏའི་སྔགས་དོན་བཤད་པའི་ཐད་ཀྱི་སྒྲུབ་ཐབས་ཀུན་བཟང་ལས། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །དེ་བཞིན་རྒྱུ་དང་བྲལ་ཕྱིར་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་གསུངས་ཏེ། ལམ་དོན་དམ་པར་རྒྱུ་ལས་མ་སྐྱེས་པ་དང། དོན་དམ་པར་མ་གྲུབ་པ་དང། དོན་དམ་པར་འབྲས་བུ་མི་འབྱིན་པ་ཞེས་སྦྱར་ན་ལམ་གྱི་དེ་གསུམ་ལམ་རང་ཉིད་ཀྱི་སྟེང་དུ་བཞག་ནུས་ལ། དེའི་རྒྱུ་དོན་དམ་པར་མ་གྲུབ་པ་ཞེས་སོགས་སུ་སྦྱར་ན་མི་ནུས་སོ། །བྱ་བྱེད་ལས་གསུམ་ལ་སྦྱར་བ་ནི། སྤྱིར་འཁོར་གསུམ་མི་དམིགས་པར་བཤད་པ་ཐམས་ཅད་འདི་ཡིན་ལ། ཁྱད་པར་དུ་གསང་འདུས་རྩ་རྒྱུད་ལེའུ་གཉིས་པར། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པ་འོ། །ཞེས་པ་འདི་ལ་ཚུལ་བཞིའི་བཤད་པ་འབྱུང་བ་ལས་སྤྱི་དོན་གྱི་སྐབས་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བ་དེ་ཉིད་བཤད་ཀྱང་ཡིག་དོན་གྱི་སྐབས་སུ་འདི་ཉིད་བཤད་དོ། །དེའང་བྱ་བ་སྟེ་བསྒོམ་བྱའི་ཡུལ་གྱི་དངོས་པོ་དང། བྱེད་པ་སྟེ་སྒོམ་བྱེད་ཀྱི་ལམ་གཉིས་དོན་དམ་པར་མ་གྲུབ་པས། དེས་དེ་བསྒོམ་པའང་དོན་དམ་པར་མ་གྲུབ་པར་འགྱུར་ཏེ། རྩ་ཤེ་ལས། ལམ་ལ་རང་བཞིན་ཡོད་ན་ནི། །བསྒོམ་པ་འཐད་པར་མི་འགྱུར་རོ། །ཞེས་དོན་དམ་པར་གྲུབ་ན་བསྒྱུར་དུ་མེད་པ་ལ་བསྒོམ་པ་དོན་མེད་པའི་ཕྱིར། དེ་ལྟར་གསུམ་བཤད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དུ་འདུས་ཏེ། ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་ཚོགས་ལས། རང་བཞིན་མེད་
པས་སྟོང་ལ་སྟོང་པ་ནི། །ཡིན་དང་མཚན་མས་ཅི་ཞིག་བྱེད་པར་འགྱུར། །མཚན་མ་ཐམས་ཅད་ལོག་པར་གྱུར་པའི་ཕྱིར། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡིན་དང་ཞེས་པ་ནི་ཡིན་ན་ཞེས་པ་དང་འདྲ་ལ། སྨྲ་སྒོ་མཚོན་ཆ་ལས། རྒྱུ་མཚན་དོན་གྱིས་བསྟན་པ་དང། །ཞེས་ནི་སྒྲ་རྒྱུ་མཚན་ལ་འཇུག་པར་བཤད་པས་འདིའང་རྒྱུ་མཚན་སྟོན་པའི་ཚིག་ཡིན་པའི་ཕྱིར། སྔགས་རིམ་ལས། སྟོང་པ་ཉིད་དང་མཚན་མེད་དང་སྨོན་མེད་གསུམ་བརྗོད་པ་སྒྲའི་དབང་གིས་ཐ་དད་པར་བཞག་ཀྱང། དོན་དམ་པར་སྟོང་པ་ཁོ་ནར་གཞན་གཉིས་འདུས་པར་གསུངས་པ་ནི། བྱང་ཆུབ་ཀྱི་ཚོགས་ལས། རང་བཞིན་མེད་པས་སྟོང་ལ་ཞེས་སོགས་གོང་གི་ལུང་དེ་དྲངས་པའི་ཕྱིར། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། ཁྱོད་ཀྱིས་དྲངས་པའི་ཡུལ་འཁོར་སྐྱོང་གིས་ཞུས་པའི་ལུང་དེ་མི་འཐད་པར་ཐལ། ལུང་དེ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོར་མེད་པའི་ཕྱིར་ན། མཁས་པ་ཁ་ཅིག་བོད་དུ་འགྱུར་བའི་མདོ་འདིར་མེད་ཀྱང་དབུ་མ་སྣང་བ་སོགས་སུ་དྲངས་པ་འདིར་བཀོད་པ་ཡིན་པས་མི་འགལ་ཟེར། གཉིས་ཀ་མི་འཐད་པར་ཐལ། ཡུལ་འཁོར་སྐྱོང་ཞུས་བོད་དུ་འགྱུར་བ་འདིར་ཡང་དེ་ཡོད་པའི་ཕྱིར། དེར་ཐལ། ཡུལ་འཁོར་སྐྱོང་གིས་ཞུས་པ་ཆུང་ངུ་ལོགས་སུ་བཞུགས་པ་དེར་མེད་ཀྱང། དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་ཡུལ་འཁོར་སྐྱོང་ཞུས་ཀྱི་ལེའུའི་ནང་དུ་ཡོད་པའི་ཕྱིར་ཏེ། དེ་ཉིད་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་འགྱུར་ཏེ། །ཐུགས་རྗེའི་
ཐབས་ཚུལ་རིགས་པ་བརྒྱ་དག་གིས། །དེ་དག་རྣམས་ནི་འཛུད་པར་མཛད་པ་ལགས། །ཞེས་འབྱུང་བ་དང་སྔ་མ་གཉིས་འགྱུར་ཁྱད་ཙམ་ལས་གཅིག་ཏུ་སྣང་བའི་ཕྱིར། དེར་ཐལ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །ཞེས་སོགས་ཀྱང་དྲི་མེད་འོད་རྭ་འགྱུར་དུ་འདིར་དྲངས་པ་བཞིན་འབྱུང་ཡང། འབྲོ་འགྱུར་ལས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་འབྱུང་ལ། འགྱུར་གཞན་ཞིག་ཏུ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །མཁས་པ་དག་གིས་བླང་བྱ་ཡི། །དགེ་སློང་དག་གིས་གུས་ཕྱིར་མིན། །ཞེས་འབྱུང་བ་ཚིག་རིས་མི་འདྲའང་མདོ་གཅིག་ཡིན་པ་བཞིན་ཡིན་པའི་ཕྱིར། ཁ་ཅིག །དངོས་པོ་མེད་པས་སྒོམ་པ་མེད། །ཅེས་སོགས་ཀྱིས་བྱ་བྱེད་ལས་གསུམ་ལ་སྦྱར་བའི་རྣམ་ཐར་སྒོ་གསུམ་ཁོ་ན་བསྟན་ཟེར་ན། མི་འཐད་པར་ཐལ། དེས་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བའི་རྣམ་ཐར་སྒོ་གསུམ་ཡང་བསྟན་པའི་ཕྱིར། དེར་ཐལ། ཤཱུ་ནྱ་ཏའི་སྔགས་དོན་ལ་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བའི་རྣམ་ཐར་སྒོ་གསུམ་བཤད་དགོས་པ་གང་ཞིག །དེའི་སྔགས་དོན་དང་དངོས་པོ་མེད་པས་ཞེས་སོགས་དོན་འདྲ་བའི་ཕྱིར། དང་པོ་གྲུབ་སྟེ། སྒྲུབ་ཐབས་ཀུན་བཟང་ལས། ངོ་བོ་ཉིད་དང་འབྲེལ་ཕྱིར་སྟོང་པ་སྟེ། །དེ་བཞིན་རྒྱུ་དང་བྲལ་ཕྱིར་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོར་བྱས་ལས། དངོས་པོ་
མེད་པས་སྒོམ་པ་མེད། །ཅེས་པ་ནས། ཚིགས་བཅད་འདི་ཡིས་རྒྱུ་མི་རྒྱུའི། །བདག་ཉིད་ཆེ་རྣམས་སྟོང་པར་བསྒོམ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་ས་གཞིར་བྱིན་གྱིས་བརླབས། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཁྱོད་ཀྱིས་བྱ་བྱེད་ལས་གསུམ་ལ་སྦྱོར་བའི་ཚུལ་དེ་མི་འཐད་པར་ཐལ། སྟོང་ཉིད་དེ་གསུམ་དུ་ཕྱེ་བའི་ནང་གི་ལས་མ་ཡིན་པའི་ཕྱིར། དེར་ཐལ། དེའི་ནང་གི་བྱ་བ་ཡིན་པའི་ཕྱིར་ཏེ། བསྒོམ་བྱ་སྒོམ་བྱེད་གཉིས་སུ་ཕྱེ་བའི་ནང་གི་བསྒོམ་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱོད་ལྟར་ན། ཚད་མས་གཞལ་བྱ་རྟོགས་ཚུལ་དང་སྲོག་གཅོད་ལྟ་བུའི་བྱ་བྱེད་ལས་གསུམ་གྱི་ནང་གི་བྱ་བ་ལའང་གཞལ་བྱ་དང་གསད་བྱ་དེ་འཇོག་རིགས་པར་ཐལ། དེར་ཡང་གཞལ་བྱ་དང་གསད་བྱ་ཞེས་ཟེར་བའི་ཕྱིར། ཁྱབ་པ་འགྲིག །འདོད་མི་ནུས་ཏེ། གསུམ་དུ་ཕྱེ་བའི་ཚེ་དེ་གཉིས་ལས་སུ་འཇོག་དགོས་པའི་ཕྱིར། གསེར་འཕྲེང་ལས། ལས་སུ་བྱ་བ་གང་བསད་པར་བྱ་བ་དང། བྱེད་པ་པོ་གང་གིས་གསོད་པ་པོ་དང། བྱ་བའི་རང་བཞིན་བསད་པ་སྟེ། ཞེས་དང། རྣམ་འགྲེལ་ཊཱིཀ་ཆེན་ལས། འབྲས་བུ་ནི་མཚོན་བྱ། ཚད་མ་ནི་མཚན་ཉིད། གཞལ་བྱ་ནི་ཚད་མ་དང་འབྲས་བུ་དེ་གཉིས་ཀྱིས་སྒྲོ་འདོགས་གཅད་པར་བྱ་བའི་ཡུལ་ལོ། །དེ་དག་ནི་རིམ་པ་བཞིན་བྱ་བ་དང། བྱེད་པ་དང། ལས་ཀྱི་བདག་ཉིད་དུ་བརྗོད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་ཁྱོད་ལྟར་ན་ཚད་མ་མདོ་ལས། བྱ་བ་མེད་པའང་མ་ཡིན་ནོ། །ཞེས་དང། དེའི་རང་འགྲེལ་ལས། འདི་ལ་ཕྱི་རོལ་པ་རྣམས་ཀྱི་བཞིན་དུ་
ཚད་མ་ལས་འབྲས་བུ་དོན་གཞན་དུ་གྱུར་པ་ནི་མེད་ཀྱི། ཞེས་བྱ་བ་རྫས་གཞན་མེད་ཀྱང་བྱ་བ་གཏན་མེད་དུ་མི་འགྱུར་བའི་སྐྱོན་སྤོང་མཛད་པ་འབྲེལ་མེད་པར་ཐལ། བྱ་བ་དེ་བྱེད་པ་ལས་རྫས་གཞན་དུ་མ་གྲུབ་པའི་ཁས་བླང་རང་ལ་མེད་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་གསད་བྱ་དེ་བྱ་བར་བཞག་པ་གང་ཞིག །གསད་བྱ་དེ་གསོད་པ་པོའི་བདག་ཉིད་དུ་ཁས་ལེན་པ་བཞད་གད་ཡིན་པའི་ཕྱིར། བྱ་བ་ཞེས་པ་གཞན་གཉིས་ལ་ལྟོས་ནས་བཞག་ཙམ་མ་གཏོགས་དེ་ལས་དོན་གཞན་དུ་གྱུར་པ་མེད་པ་འདི་བྱ་བྱེད་ལས་གསུམ་དུ་ཕྱེ་བའི་སྐབས་ཐམས་ཅད་ལ་འདྲ་སྟེ། རྣམ་འགྲེལ་ལས། དངོས་སུ་ཐ་དད་མེད་པར་འདོད། །བྱ་བ་བྱེད་པའི་ཐ་སྙད་དག །ཐམས་ཅད་དེ་ལྟར་རྣམ་པར་གནས། །ཞེས་དང། ལྷས་ཀྱང། ཐམས་ཅད་དེ་ལྟའི་རྣམ་པ་ཅན་ཉེ་བར་བཏགས་པའི་རང་བཞིན་ཡིན་གྱི། དངོས་པོ་ལ་བརྟེན་པ་ཅན་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སྤྱིར་རྣམ་པར་ཐར་པའི་སྒོ་གཞན་གཉིས་སྟོང་པ་ཉིད་དུ་འདུའང། བུམ་པ་ལྟ་བུའི་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བའི་ནང་གི་མཚན་མེད་སྨོན་མེད་གཉིས་དེའི་སྟོང་ཉིད་དུ་འདུ་ཚུལ་མེད་ཟེར་ན། མི་འཐད་པར་ཐལ། བུམ་པའི་རྒྱུ་བདེན་པར་མེད་པ་མཚན་མེད་དང། བུམ་པའི་འབྲས་བུ་བདེན་པར་མེད་པ་སྨོན་མེད་དུ་བྱས་པའི་ཚེ་བུམ་པའི་སྟོང་ཉིད་དུ་མི་འདུའང། འཇོག་ཚུལ་དེ་ཁོ་ནར་མ་ངེས་པའི་ཕྱིར། དེར་ཐལ། བུམ་པ་དོན་དམ་པར་རྒྱུ་ལས་མ་སྐྱེས་པ་དང། དེས་དོན་དམ་པར་འབྲས་བུ་མི་སྐྱེད་པ་གཉིས་ཀྱང་མཚན་མེད་དང་སྨོན་མེད་དུ་འཇོག་དགོས་པའི་ཕྱིར། དེར་ཐལ། མངོན་རྟོགས་རྒྱན་ལས། རྣམ་ཐར་སྒོ་གསུམ་ཤེས་པ་དང། །
ཞེས་པའི་བཤད་བྱའི་ཡུམ་གྱི་མདོ་ལས། ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ། སྐྱེ་བ་མ་མཆིས་པ། འགག་པ་མ་མཆིས་པ། ཞེས་ཆོས་རེ་རེའི་སྟེང་དུའང་ཁྱད་པར་དེ་དག་སྦྱར་ནས་གསུངས་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་གཞི་བུམ་པ་གཅིག་པུ་ལའང་བདེན་པར་ཞེན་པའི་ཚེ། རྒྱུ་ལས་སྐྱེས་པའི་ཆ་ནས་བདེན་པར་ལྟ་བ་དང། འབྲས་བུ་སྐྱེད་པའི་ཆ་ནས་བདེན་པར་ལྟ་བ་སོགས་སྣ་ཚོགས་འབྱུང་བས། དེ་འགོག་ཆེད་དུ་རྣམ་ཐར་སྒོ་གསུམ་གྱི་དབྱེ་བ་མཛད་པའི་ཕྱིར། ཚངས་པས་ཞུས་པ་ལས། བཅོམ་ལྡན་འདས། གང་དག་ཆོས་འགའ་ཞིག་སྐྱེ་བའམ་འགག་པར་འཚལ་བ་དེ་དག་ལ་ནི་སངས་རྒྱས་འབྱུང་བ་མ་ལགས་སོ། །བཅོམ་ལྡན་འདས། གང་དག་འཁོར་བ་དངོས་པོར་འཚོལ་བ་དེ་དག་ནི་འཁོར་བ་ལས་འདའ་བ་མ་ལགས་སོ། །ཞེས་སོགས་གསུངས་པའི་ཕྱིར། བྱ་བྱེད་ལས་གསུམ་ལ་སྦྱར་བའི་ཚེའང་བསྒོམ་བྱ་སྒོམ་བྱེད་བསྒོམ་པའི་བྱ་བ་གསུམ་བདེན་པས་སྟོང་པ་རིམ་བཞིན་མཚན་མེད་སྨོན་མེད་སྟོང་ཉིད་གསུམ་དུ་འཇོག་ཅིང་ཕྱི་མའི་ནང་དུ་སྔ་མ་གཉིས་འདུས་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་འཕྲེང་ལས། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་རྫོགས་པར་བསྒོམ་པ་ཉིད་ཀྱིས་སེམས་ཅན་གྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མཚན་མར་འཛིན་པ་སྤོང་བར་གནས་པ་སྟེ། ཞེས་ཡུལ་ལ་བདེན་ཞེན་བཀག་པའི་ལྡོག་ཆ་ནས་གསུངས་པ་གང་ཞིག །ལུགས་འདིར་ཡུལ་སྔོན་པོ་སོགས་རྒྱུ་དང་སྔོ་འཛིན་སོགས་འབྲས་བུར་འཇོག་ཅིང་རྒྱུ་དང་མཚན་མ་རྣམ་གྲངས་སུ་འབྱུང་
བའི་ཕྱིར་དང། སྨོན་པའི་ཡུལ་ནི་འབྱུང་འགྱུར་གྱི་འབྲས་བུ་ཡིན་པར་གྲགས་ཆེ་ལ། སྒོམ་བྱེད་ཡུལ་ཅན་ཡང་དེ་གཉིས་ལས་འབྲས་བུར་འཇོག་དགོས་པའི་ཕྱིར། སྟོང་པ་ཉིད་རང་གི་ངོ་བོའི་སྟེང་ནས་འཇོག་པ་གོ་སླ། རྟགས་ཟུར་ཕྱི་མ་གྲུབ་སྟེ། བསྒོམ་པའི་བྱ་བ་ནི་བསྒོམ་བྱ་སྒོམ་བྱེད་གཉིས་ཚོགས་ཀྱི་སྟེང་ནས་འཇོག་དགོས་པས་དེ་བདེན་སྟོང་དུ་གཞན་གཉིས་ཀྱང་འདུ་ལ། བསྒོམ་བྱ་བདེན་སྟོང་དང་སྒོམ་བྱེད་བདེན་སྟོང་གཉིས་གཅིག་གཅིག་གི་ནང་དུ་མི་འདུ་བའི་ཕྱིར། དེ་ལ་ཁོ་ན་རེ། བུམ་པ་དོན་དམ་པར་མ་སྐྱེས་པ་བུམ་པའི་སྟོང་ཉིད་མ་ཡིན་པར་ཐལ། བུམ་པ་གཞན་སྐྱེ་མེད་པ་བུམ་པའི་སྟོང་ཉིད་མ་ཡིན་པའི་ཕྱིར། དེར་ཐལ། མྱུ་གུ་གཞན་སྐྱེ་མེད་པ་མྱུ་གུ་སྐྱེ་བའི་སྟོང་ཉིད་ཡིན་པར་དབུ་མའི་མཐའ་དཔྱོད་དུ་གསུངས་པའི་ཕྱིར་ན་མ་ཁྱབ། མྱུ་གུའི་སྐྱེ་བ་གཞིར་བྱས་ནས་སྐྱེ་བ་ཞེས་ཕར་བཏགས་ཙམ་གྱིས་མ་ཚིམ་པར་བདག་ལས་ཡིན་ནམ་གཞན་ལས་ཡིན་ཞེས་བཙལ་བའི་ཚེ་དཔྱད་བཟོད་དུ་མ་གྲུབ་པ་མྱུ་གུ་སྐྱེ་བའི་སྟོང་ཉིད་ཡིན་པ་ལ་དགོངས་པའི་ཕྱིར། ཁྱོད་ལྟར་ན་གང་ཟག་དོན་དམ་པར་མ་སྐྱེས་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། དེ་དེའི་སྐྱེ་བའི་སྟེང་གི་སྟོང་ཉིད་ཡིན་པ་གང་ཞིག །ལུགས་འདིར་བདག་མེད་གཉིས་སྟོང་གཞིའི་སྒོ་ནས་འཇོག་པའི་ཕྱིར། འདོད་ན། གང་ཟག་དོན་དམ་པར་གྲུབ་པ་ཅུང་ཟད་ཀྱང་མེད་པར་མཐོང་ནས་དོན་དམ་པར་སྐྱེས་མ་སྐྱེས་ཐེ་ཚོམ་ཟ་བ་ཞིག་ཡོད་པར་ཐལ། བདག་མེད་གཉིས་ཀྱི་རྟོགས་རིམ་འཐད་པའི་ཕྱིར། ཁ་ཅིག །རང་རྒྱུད་པའི་ལུགས་ལ་མྱུ་གུ་དོན་དམ་པར་འཇིག་པ་མེད་པ་མྱུ་གུའི་སྟོང་ཉིད་ཡིན་གྱི། ཐལ་འགྱུར་
བའི་ལུགས་ལ་དེ་མ་ཡིན་པར་ཐལ། སྔ་མའི་ལུགས་ལ་མྱུ་གུ་འཇིག་པ་མྱུ་གུའི་ཚོགས་པའི་ཆོས་ཡིན་ཀྱང། ཐལ་འགྱུར་བའི་ལུགས་ལ་དེ་མ་ཡིན་པའི་ཕྱིར། དེར་ཐལ། ཐལ་འགྱུར་བའི་ལུགས་ལ་མྱུ་གུ་འཇིག་པ་མྱུ་གུའི་རྗེས་སུ་གྲུབ་པའི་ཕྱིར། དེར་ཐལ། དེའི་ལུགས་ལ་མྱུ་གུའི་འཇིག་པ་དང་མྱུ་གུའི་ཞིག་པ་དོན་གཅིག་པའི་ཕྱིར། རྩ་ཤེ་ཊཱིཀ་ཆེན་ལས། སྐབས་འདི་དག་ཏུ་ཚིག་གསལ་ལས་འཇིག་པ་ཞེས་གསུངས་པ་ནི་རང་ཉིད་ཞིག་པའང་འཇིག་པར་བཞེད་པའི་དབང་དུ་མཛད་ཀྱི། ཕ་རོལ་པོ་ནི་ཞིག་འཇིག་འགལ་བར་འདོད་པས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། དེ་གཞན་རྣམས་དེ་གཉིས་ཀྱི་གཅིག་རྟག་ལ་གཅིག་ཤོས་མི་རྟག་པས་རིགས་འགལ་བར་འདོད་ཀྱང། རང་ལུགས་གཉི་ག་འདུས་བྱས་སུ་རིགས་འདྲ་བར་འདོད་ཅེས་པའི་དོན་ཡིན་པའི་ཕྱིར། འོག་ཏུ་འཆད་དོ། །ཡང་ཁ་ཅིག །རྣམ་ཐར་སྒོ་གསུམ་མེད་པར་ཐལ། ཞི་སྒོ་གསུམ་མེད་པའི་ཕྱིར་ན། ཁ་ཅིག །མ་ཁྱབ་སྟེ་གཞུང་ལས་རྣམ་ཐར་སྒོ་གསུམ་གྱི་ཐ་སྙད་སྦྱར་ཡང་ཞི་བའི་སྒོ་གསུམ་གྱི་ཐ་སྙད་མ་སྦྱར་བའི་ཕྱིར་ཟེར་ཡང། རང་ལུགས། དེར་ཐལ། ཞི་སྒོ་གཉིས་པ་མེད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བཞི་བརྒྱ་པ་ལས། ཞི་སྒོ་གཉིས་པ་མེད་པ་དང། །ཞེས་གསུངས་པའི་ཕྱིར། ཁྱོད་རང་ལ་བདེན་པ་བཞི་མེད་པར་ཐལ། བདེན་པ་གསུམ་པ་མེད་པའི་ཕྱིར་ཏེ། ཡབ་སྲས་མཇལ་བ་ལས། བདེན་པ་གསུམ་པ་འགའ་ཡང་ཡོད་མིན་ཏེ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རང་རྒྱུད་པའི་ལུགས་ལའང་ཞི་སྒོ་གཉིས་པ་མེད་པར་
ཐལ། བཞི་བརྒྱ་པ་ལས་དེ་ལྟར་གསུངས་པ་གང་ཞིག །ཀླུ་སྒྲུབ་ཡབ་སྲས་གཉིས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་ཀུན་གྱིས་ཚད་མར་བྱེད་པའི་ཕྱིར་ན་མ་ཁྱབ། ལུང་དེའི་འཕྲོར། བདག་མེད་ཅེས་ནི་བྱ་བར་བརྗོད། །ཅེས་འབྱུང་བས། གང་ཟག་དང་ཆོས་ཀྱི་བདག་མེད་ཕྲ་རགས་སོ་སོར་མ་ཕྱེ་བའི་བདག་མེད་སྤྱི་ཙམ་དེ་ཞི་བའི་སྒོར་བཞག་ནས། དེ་ལས་གཞན་དུ་གྱུར་པའི་ཞི་སྒོ་མེད་པ་ལུང་དེའི་དོན་དུ་འདོད་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློ་དེ་འཁོར་བའི་རྩ་བར་འདོད་པའི་ཕྱིར། ཁྱབ་སྟེ། དེའི་རྒྱུ་མཚན་གྱིས་བདེན་མེད་མ་རྟོགས་ཀྱང་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་མེད་པར་མཐོང་ཟིན་གོམས་ན་འཁོར་བ་ལས་གྲོལ་ནུས་པར་འདོད་པའི་ཕྱིར། རྒྱན་ལས། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་སོགས་གསུངས་པའི་ཕྱིར། ཁོ་ན་རེ། བློ་དེ་འཁོར་བའི་རྩ་བར་འཇོག་པ་དང། དེ་དང་འཛིན་སྟངས་དངོས་འགལ་གྱི་ཡེ་ཤེས་ཞི་སྒོར་འཇོག་པ་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་མེད་པར་རྟོགས་པའི་ཡེ་ཤེས་ཞི་སྒོ་འཇོག་པའི་རྒྱུ་མཚན་འཐད་པའི་ཕྱིར་ན་མ་ཁྱབ་སྟེ། ཐེག་ཆེན་ཐུན་མོང་བ་ལྟར་ན་ཐར་པ་གཏན་མེད་དུ་འཛིན་པ་བློ་ཀུན་བཏགས་ཡིན་པས་འཁོར་རྩར་མི་འཐད་ཀྱང། དེའི་ཞེན་ཡུལ་མེད་པར་རྟོགས་པའི་ཡེ་ཤེས་སོགས་ཞི་སྒོར་འཇོག་པ་གོང་དུ་བདེན་བཞིའི་ཁྱད་ཆོས་དང་སྦྱར་བས་འགྲུབ་ལ། ཐུན་མོང་མ་ཡིན་པ་ལྟར་ནའང་སྨོན་མེད་ཀྱི་ཡེ་ཤེས་ལ་འདུ་བྱེད་སྡུག་བསྔལ་དུ་མཐོང་བ་གཅིག་ཡོད་པར་དགོངས་པ་རབ་གསལ་ལས་གསུངས་པའི་ཕྱིར། འཕྲོས་དོན་དུ་མ་ཡོད་ཀྱང་
རྒྱས་པར་གཞན་དུ་བཤད་ཟིན། ཁ་ཅིག་ན་རེ། དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང། །ཞེས་པའི་ཐབས་དེ་ཐབས་ཤེས་ཀྱི་ཐབས་དང། རིགས་པ་བརྒྱ་དག་ཅེས་པའི་རིགས་པ་དེ་ཤེས་རབ་ཕུན་སུམ་ཚོགས་པ་ལ་བྱེད་ཟེར་ན། དེ་ལ་མི་བྱེད་པར་ཐལ། དེ་ཐབས་སྣ་ཚོགས་ཀྱིས་གདུལ་བྱ་ཁ་དྲངས་པ་ལ་བྱེད་པའི་ཕྱིར། དེར་ཐལ། རྩ་ཤེ་ལས། བདག་གོ་ཞེས་ནི་བསྟན་གྱུར་ཅིང། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །ཅེས་དང། འཕགས་པ་ལྷས། དམ་པ་མིན་ལ་བདག་འཛིན་མཆོག །བདག་མེད་སྟོན་པ་མ་ཡིན་ནོ། །ཞེས་པ་ལྟར་གདུལ་བྱ་བློ་དམན་པ་ལ་གང་ཟག་གི་བདག་ཡོད་པ་དང། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དང། བདེན་གྲུབ་དང། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་སོགས་གསུངས་པའང་བློ་ཚོད་དང་འཚམ་པར་ཁ་ཁྲིད་དེ་མཐར་དེ་ཁོ་ན་ཉིད་དང་མི་གནས་པའི་མྱང་འདས་སུ་འཁྲིད་པའི་ཐབས་ཡིན་པ་དེ་ལ་བྱེད་པའི་ཕྱིར། དཔེར་ན། སྐས་གདང་འོག་མར་འཛེགས་པ་དེ་གོང་མར་འགོམ་པ་མིན་ཡང་དེའི་ཐབས་སུ་འགྲོ་བ་བཞིན་ཡིན་པའི་ཕྱིར། རིམ་ལྔ་ལས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པའི་ཕྱིར། དེ་རིམ་གཉིས་ཙམ་མ་ཡིན་པར་ལམ་འོག་མ་འོག་མ་ནས་གོང་མ་གོང་མར་འཁྲིད་ཚུལ་ཀུན་ལ་སྦྱོར་དགོས་པ་སྤྱོད་བསྡུས་ཀྱིས་དེའི་དགོངས་པ་བཀྲལ་ནས་རིམ་གྱིས་སློབ་ཚུལ་བཤད་པ་ལྟར་ཡིན་པའི་ཕྱིར་དང། མདོ་ལས་ཀྱང། ཡོངས་སུ་མྱ་ངན་ལས་འདས་
པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་དམ་པའོ། །ཞེས་མཐར་ཐུག་ཐེག་གསུམ་བསྟན་པ་དེ་རྫོགས་བྱང་དུ་འཁྲིད་པའི་ཐབས་སུ་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། ཕྱི་མ་ནི་ཡིག་དོན་ལའང་མ་ཞུགས་ཏེ། འདིར་རིགས་པ་བརྒྱ་དག་ཅེས་པ་རྟེན་འབྲེལ་དང་གཅིག་དུ་བྲལ་སོགས་སྟོང་ཉིད་སྒྲུབ་བྱེད་ཀྱི་གཏན་ཚིགས་སམ་རིགས་པ་མཐའ་ཡས་པ་བསྟན་པའི་དོན་ཡིན་གྱི། རིག་པ་ཡེ་ཤེས་ཞེས་པ་ལྟ་བུའི་བློ་རིག་གི་རིག་པ་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་ཁོ་ན་ཉིད་རྟོགས་པ་ལ་གསུང་རབ་ལ་དྲང་ངེས་འབྱེད་དགོས་ཟེར་ན། དེ་ཁོ་ན་ཉིད་རྟོགས་པ་ལ་གསུང་རབ་ཀྱི་དོན་ལ་དྲང་ངེས་འབྱེད་དགོས་པར་ཐལ། གསུང་རབ་ལ་དྲང་ངེས་འབྱེད་དགོས་པའི་ཕྱིར། ཁྱབ་སྟེ། གཞུང་འདིས་བདེན་གཉིས་ཀྱི་རྣམ་གཞག་རྒྱས་པར་གཏན་ལ་ཕབ་པ་དེ་གསུང་རབ་ལ་དྲང་ངེས་འབྱེད་ཚུལ་ཡིན་པའི་ཕྱིེར། དཀའ་འགྲེལ་སོགས་ཐམས་ཅད་ཀྱིས་ས་བཅད་བྱེད་པའི་ཚེའང། གསུང་རབ་ལ་དྲང་ངེས་འབྱེད་པ་དོན་ཆེ་བར་བསྟན་པ། དོན་ཆེན་པོ་དང་ལྡན་པའི་གསུང་རབ་ལ་དྲང་ངེས་འབྱེད་ཚུལ། ཞེས་སྨོས་པའི་ཕྱིར་དང། དྲང་ངེས་ཕྱེ་མ་ཕྱེ་གསུང་རབ་ལ་དྲང་ངེས་ཕྱེ་མ་ཕྱེ་ཡིན་པས། འདིའི་མཆོད་བརྗོད་དུའང་ཤིང་རྟ་ཆེན་པོ་གཉིས་ལ་དྲང་ངེས་ཕྱེ་ཚུལ་གྱིས་བསྟོད་པའི་ཚེ་དྲང་ངེས་ཕྱེ་བའི་གཞིར། བདེ་གཤེགས་གསུང་རབ་ཅེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཁོ་ན་ཉིད་རྟོགས་པ་ལ་གསུང་རབ་ཀྱི་དོན་བདེན་པ་གཉིས་ལ་ཚད་མའི་སྟོབས་ཀྱིས་དྲང་ངེས་འབྱེད་དགོས་པར་ཐལ། བརྗོད་བྱ་དོན་གྱི་དྲང་ངེས་འབྱེད་དགོས་པའི་ཕྱིར། ཁྱབ་སྟེ། ཚད་མའི་སྟོབས་
ཀྱིས་ངེས་པ་མ་རྙེད་ན། མོས་མནོས་ཡིད་དཔྱོད་ཙམ་གྱིས་ཕྱེའང་བློ་ཕུགས་སུ་ཐག་མ་ཆོད་པར་ཡོད་པས་དེ་ལ་ཐེ་ཚོམ་མེད་པར་འཇུག་མི་ནུས་པའི་ཕྱིར། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ངེས་པ་མ་རྙེད་ན། །འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །ཞེས་གསུངས་པའི་ཕྱིར་ཁྱབ་སྟེ། ངེས་པ་རྙེད་ཀྱང་ཞེས་པ་ཡིད་དཔྱོད་ལ་མི་སྦྱོར་ན་བློ་རིག་བདུན་པོ་གང་ལའང་མི་འགྲིག་པའི་ཕྱིར། གོང་དུ་འདོད་ན། དེ་ཁོ་ན་ཉིད་རྟོགས་པ་ལ་བདེན་གཉིས་ཚད་མའི་སྟོབས་ཀྱིས་འབྱེད་མི་དགོས་པར་ཐལ། བདེན་གཉིས་ཚད་མས་རྟོགས་པ་ལ་དེ་ཁོ་ན་ཉིད་རྟོགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། མ་ཁྱབ་ན། རྣམ་འགྲེལ་ལས། དངོས་སུ་གླང་ཆེན་ཁྲུས་འདྲར་འགྱུར། །ཞེས་པ་དེ་ཁོ་ནར་འགྱུར་རོ། །དེ་ལ་ཁོ་ན་རེ། དེ་ཁོ་ན་ཉིད་རྟོགས་པ་ལ་གསུང་རབ་ལ་དྲང་ངེས་འབྱེད་དགོས་ཞེས་པ་འགོག་མི་རིགས་པར་ཐལ། གཞུང་ཉིད་ལས། ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི། ཞེས་པ་ནས། དེའང་རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལ་རག་ལས་ཤིང། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གསུང་རབ་ཀྱི་དྲང་ངེས་ཞེས་པ་ནི། གསུང་རབ་ཀྱི་ནང་ནས་དྲང་དོན་གྱི་གསུང་རབ་དང་ངེས་དོན་གྱི་གསུང་རབ་གང་ཡིན་སོ་སོར་ངོས་བཟུང་བ་ལ་བྱེད་པས། རྗོད་བྱེད་ཚིག་གི་དྲང་ངེས་ཡིན་པའི་ཕྱིར། དཀའ་འགྲེལ་ལས།
ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་རྟོགས་པ་དེ་གསུང་རབ་ཀྱི་དྲང་ངེས་འབྱེད་པ་ལ་རག་ལས་ཏེ། ངེས་དོན་གྱི་གསུང་རབ་ཟབ་མོ་ཞིག་གི་རྗེས་སུ་མ་འབྲངས་པར་དྲང་བའི་དོན་གྱི་གསུང་རབ་ཙམ་ལ་བརྟེན་ནས་དེ་ཁོ་ན་ཉིད་རྟོགས་མི་ནུས་ཤིང་དེ་ལ་ངེས་དོན་གྱི་གསུང་རབ་ངོས་ཟིན་དགོས། དེ་ངོས་ཟིན་པ་གསུང་རབ་ཀྱི་དྲང་ངེས་ཚུལ་བཞིན་དུ་ཕྱེད་པ་ལ་རག་ལས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་གསུང་རབ་ཀྱི་དྲང་ངེས་ཞེས་པ་དང། གསུང་རབ་ལ་དྲང་ངེས་ཞེས་པ་མི་འདྲ་བར་ཐལ། སྔ་མ། ཀྱི་ནི་འབྲེལ་བའི་དོན་ཡིན་ཏེ། ཞེས་པ་ལྟར་དེའི་ནང་གསེས་ཀྱི་དབྱེ་བ་འབྱེད་ཚུལ་ཡིན་ལ། ཕྱི་མ། སྨོན་དང་ཚད་འཛིན་གཞི་དང་ནི། །ཞེས་པ་ལྟར། དེ་དཔྱད་གཞིར་བྱས་ཏེ་དེའི་སྟེང་ནས་བདེན་གཉིས་ཀྱི་རྣམ་གཞག་གཏན་ལ་འབེབས་པའི་དོན་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ལྟར་ཡིན་ན་དེ་ཁོ་ན་ཉིད་རྟོགས་པ་ལ་གསུང་རབ་ཀྱི་དྲང་ངེས་འབྱེད་དགོས་པའང་མི་འཐད་པར་ཐལ། དེ་འབྱེད་ན་ཚད་མའི་སྟོབས་ཀྱིས་འབྱེད་དགོས་པ་གང་ཞིག །ངེས་དོན་གྱི་གསུང་རབ་དེ་རང་གི་བསྟན་དོན་ལ་མི་བསླུ་བར་རྟོགས་པ་ལ་དེ་ཁོ་ན་ཉིད་རྟོགས་དགོས་པའི་ཕྱིར། རྟགས་སྔ་མ་དོན་གྱིས་ཁས་བླངས་ཤིང་ཕྱི་མ་ཡིད་ཆེས་ཀྱི་རྟགས་སྦྱོར་འགོད་ལུགས་ཀྱིས་གྲུབ་པའི་ཕྱིར། ཟེར་ན། རྟགས་སྔ་མ་མ་གྲུབ་སྟེ། དེ་གཉི་ག་འདྲ་མི་དགོས་པའི་ཕྱིར། དེར་ཐལ། ཤིང་གཅོད་པ་ལ་ཟོར་པས་མི་ཆོད་ཀྱང་རྩྭ་བརྔ་བ་ལ་དེས་ཆོད་པ་ལྟར་། དོན་ལ་དྲང་ངེས་འབྱེད་པ་ཚད་མའི་སྟོབས་ཀྱིས་འབྱེད་དགོས་ཀྱང། ཚིག་གི་དྲང་ངེས་འབྱེད་པ་ཡིད་དཔྱོད་
ཀྱིས་ཆོག་པའི་ཕྱིར། དེར་ཐལ། དོན་གྱི་དྲང་ངེས་འབྱེད་པ་བསམ་བྱུང་གི་སྐབས་ཡིན་པས་དོན་སྤྱི་ལེགས་པར་ཤར་ཏེ་སྒྲོ་འདོགས་བཅད་ནས་འབྱེད་དགོས། གཅིག་ཤོས་ཐོས་བྱུང་གི་ཤེས་རབ་ཀྱིས་གཏན་ལ་འབེབ་ལུགས་ཡིན་པས་སྒྲ་སྤྱིའི་གོ་བ་ཆགས་པའི་ཡིད་དཔྱོད་ཀྱིས་ཆོག་པའི་ཕྱིར། མདོ་སྡེ་རྒྱན་ལས། མདོ་ཡི་སྡེ་ལ་སོགས་པའི་ཆོས། །མི་གཉིས་དོན་ནི་རབ་འབྱེད་པ། །མདོ་སོགས་མིང་ལ་སེམས་འཇོག་གོ །དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་རབ་དབྱེ་ལ་འཇུག་བྱེད་ཅིང། །སོ་སོའི་ནང་དུ་ཚུལ་བཞིན་དུ། །དེ་ཡི་དོན་ཡང་རྣམ་པར་དཔྱོད། །ཅེས་གསུངས་པའི་ཕྱིར་དང། མཛོད་ལས། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་ཐོས་བྱུང་མིང་ལ་བརྟེན་ཚུལ་ཡོད་པའི་ཕྱིར། དེ་ལྟར་མ་ཡིན་པར་དོན་སྤྱིའི་ངེས་པ་རྙེད་པ་ལ་ཚད་མ་དགོས་ན་སྒྲ་སྤྱི་ཙམ་གྱི་ངེས་པ་དེའང་ཚད་མའི་སྟོབས་ཀྱིས་རྙེད་དགོས་ཟེར་བ་ལྐུག་པའི་རིགས་འགྲེ་ཁོ་ནར་སྣང་བའི་ཕྱིར་དང། དེ་འདྲའི་རིམ་པ་ཞིག་མེད་ན་བློ་རིམ་གྱིས་སྦྱོང་ཚུལ་མེད་པར་འགྱུར་བའི་ཕྱིར། ཡང་ཁ་ཅིག་ན་རེ། དབུ་མ་པ་རང་ལུགས་ལ་དྲང་ངེས་ཀྱི་མདོར་འཇོག་ཚུལ་སྟོང་ཉིད་གཙོ་བོར་དངོས་སུ་སྟོན་མི་སྟོན་གྱི་སྒོ་ནས་འཇོག་ཚུལ་མ་གཏོགས་མེད་ཟེར་ན། མི་འཐད་པར་ཐལ། དགོངས་འགྲེལ་ལྟར་སྒྲ་ཇི་བཞིན་པ་ཡིན་མིན་གྱི་སྒོ་ནས་དྲང་ངེས་ཀྱི་མདོར་འཇོག་ཚུལ་ཡོད་པའི་ཕྱིར། དབུ་མ་པའི་ལུགས་ལ་དེ་འདྲའི་འཇོག་ཚུལ་ཡོད་ཀྱང་དབུ་མ་པས་དེ་ལྟར་འཇོག་མི་དགོས་པའི་ཕྱིར། དེར་ཐལ། དེའི་ལུགས་ལ་གྲུབ་མཐའ་བཞི་གའི་འདོད་
ཚུལ་ཡོད་པའི་ཕྱིར་ཏེ་གྲུབ་མཐའ་བཞི་ག་ཡོད་པའི་ཕྱིར། གཞན་ཡང་དེ་མི་འཐད་པར་ཐལ། དབུ་མ་པ་རང་ལུགས་སུ་ཁས་ལེན་རྒྱུའི་དྲང་ངེས་འཇོག་ཚུལ་ལའང་སྔ་མའི་འཇོག་ཚུལ་དེ་མ་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། འདུས་པའ་ིརྩ་རྒྱུད་ལས། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །ཞེས་པའི་ཚིགས་བཅད་གཅིག་པུར་ཡང་བསྐྱེད་རིམ་གྱི་ཕྱག་མཚན་བསྒོམ་པ་བསྟན་པས་དྲང་དོན་དང། རྫོགས་རིམ་པའི་རླུང་གི་རྡོར་བཟླས་བསྟན་པས་ངེས་དོན་དུ་བཤད་པའི་ཕྱིར། དེར་ཐལ། མདོ་ལུགས་བཞིན་དྲང་ངེས་ལ་ཚིག་སོ་སོ་བ་མི་དགོས་པར་ཚིག་གཅིག་ལ་དོན་གཉིས་སུ་ཕྱེ་སྟེ་དྲང་ངེས་སུ་བཞག་ཆོག་པས། འདི་གཉིས་མཐའ་དྲུག་གི་ནང་ནས་དོན་མཐའ་ལ་བརྟེན་པ་ཡིན་པའི་ཕྱིར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྣམ་བཤད་ལས། དྲང་ངེས་ཀྱི་བཤད་པ་གཉིས་ནི་དོན་སོ་སོར་ངེས་ལ་གཞུང་ན་གཅིག་ཏུ་ངེས་སོ། །ཞེས་དང། ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་སྡེ་འོག་མ་བདེན་གཉིས་སྟོན་པའི་ཆ་ནས་དྲང་དོན་དང་ངེས་དོན་དུ་བཞག་པ་ཡོད་མོད་ཀྱང། ཞེས་པ་ནས། དེ་དག་གི་དྲང་ངེས་ནི་གཞུང་ཕན་ཚུན་དུ་འགལ་བས་སོ་སོ་བ་ཡིན་ལ། འདིར་ནི་དྲང་ངེས་གཉིས་ཀྱི་བཤད་པ་གཞུང་གཅིག་ལ་བྱེད་པའི། ཞེས་གསུངས་པའི་ཕྱིར། ཚུལ་དེ་དཔལ་ལྡན་ཟླ་བས་ཀྱང་གསུངས་པ་ཐལ་འགྱུར་བ་རང་ལུགས་ལ་འདོད་དགོས་པའི་ཕྱིར་ཏེ། སྒྲོན་གསལ་ལས། སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་བཤད་པ་དྲང་བའི་དོན། །ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་
པའི་དོན་ཡང་གསུངས་པ་ཡིན། །ཞེས་དང། དེའི་མཆན་སྦྲགས་ལས། ཡང་དག་པའི་དོན་རྫོགས་རིམ་ཡན་ལག་དང་བཅས་པ་ནི་རབ་ཏུ་སྟོན་པའི་ཕྱིར་དྲང་དོན་གསུངས་པར་མ་ཟད་ངེས་པའི་དོན་ཡང་གསུངས་པ་ཡིན། ཞེས་གསུངས་པའི་ཕྱིར། བློ་གྲོས་མི་ཟད་པའི་མདོ་ལས་ཀྱང། མདོ་གང་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་གང་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །ཞེས་ལམ་ལ་བརྟེན་ནས་འབྲས་བུར་དྲང་དགོས་པས་དྲང་དོན་དང། འབྲས་བུ་མཐར་ཐུག་གྲུབ་ནས་དེ་ལས་གོང་མར་དྲང་དུ་མེད་པས་ངེས་དོན་དུ་གསུངས་ཏེ་མཐའ་དྲུག་གི་དྲང་ངེས་དང་འགྲོས་མཐུན་ནོ། །དེ་ལྟར་དྲང་ངེས་ཀྱི་འཇོག་ལུགས་སྣ་ཚོགས་ཡོད་པས་གསུང་རབ་ཀྱི་དོན་མཐའ་ཆོད་པ་ལ་དེའི་རེ་རེ་ཙམ་གྱིས་མི་ཆོག་སྟེ། འདི་ཉིད་ལས། གསུང་རབ་ལས་དྲང་ངེས་ཀྱི་འཇོག་ཚུལ་མི་མཐུན་པ་དུ་མ་གསུངས་པས། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེ་འདྲའི་དྲང་ངེས་དེས་དྲང་ངེས་ཀྱི་གོ་མི་ཆོད་པར་ཐལ། གསུང་རབ་ལ་དྲང་ངེས་འབྱེད་པ་ལ་དབུ་མ་པ་རང་ལུགས་ཀྱི་དྲང་དོན་ཀུན་རྫོབ་བདེན་པ་དང། ངེས་དོན་དོན་དམ་བདེན་པ་གཉིས་ལེགས་པར་འབྱེད་དགོས་པའི་ཕྱིར་ཟེར་ན། གང་ཟག་ལ་སྦྱར་ཚེ་དེ་ལྟར་དགོས་ཀྱང་གཞུང་ལ་སྦྱར་ན་མི་རུང་སྟེ། ས་སྡེ་ལྔས་ཀྱང་གསུང་རབ་ལ་དྲང་ངེས་ཕྱེ་བའི་ཕྱིར། དེར་ཐལ། དྲང་ངེས་འབྱེད་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་ཡིན་པའི་ཕྱིར་དང། དེར་མ་ཟད་བརྒྱད་སྟོང་དོན་བསྡུས་ཀྱིས་ཀྱང་སྟོང་ཉིད་བཅུ་དྲུག་བཤད་པའི་ཕྱིར་
ཏེ། དེས་བརྒྱད་སྟོང་པའི་དོན་སོ་གཉིས་སུ་བཀྲལ་པའི་ཕྱིར། བྱས་པ་ལ། འོ་ན་སློབ་དཔོན་ཕྱོགས་གླང་གིས་སྟོང་ཉིད་བཅུ་དྲུག་བཤད་པར་ཐལ། དེས་བརྒྱད་སྟོང་པའི་དོན་འགྲེལ་ཚུལ་ཡོད་པའི་ཕྱིར། འདོད་ན། དྲང་ངེས་ཕྱེ་བར་ཐལ། དེས་བདེན་པ་གཉིས་སོ་སོར་བཤད་པའི་ཕྱིར་ན་མི་མཚུངས་ཏེ། གཞུང་ལ་སྦྱར་ན་དེས་དྲང་ངེས་འབྱེད་ཚུལ་ལ་བཤད་པ་ལས་ལྷག་པ་མེད་ཀྱང། གང་ཟག་ལ་སྦྱར་ན་དེ་མ་ཡིན་པའི་ཕྱིར། དེར་ཐལ། འདི་ནི་དྲང་དོན་ནོ། །འདི་ནི་དོན་དམ་པའོ། །ཞེས་སྨྲས་པ་ཙམ་གྱིས་བཤད་པར་འཇོག་ཀྱང། གང་ཟག་དེས་དྲང་ངེས་ཕྱེ་མ་ཕྱེ་ཚད་མའི་སྟོབས་ཀྱིས་ཕྱེ་མ་ཕྱེ་ལ་འཇོག་པའི་ཕྱིར། སྔ་མ་མ་གྲུབ་ན། དངོས་སྨྲ་རྣམས་དང་དེའི་གཞུང་ལས་མཚན་ཉིད་གསུམ་བདེན་གཉིས་བདེན་བཞི་ཁྱད་ཆོས་བཅུ་དྲུག་ཆོས་ཀྱི་སྡོམ་བཞི་ལམ་ལྔ་སོགས་གང་ཡང་མ་བཤད་པར་ཐལ་ལོ། །ཡང་ཁོ་ན་རེ། བརྒྱད་སྟོང་དོན་བསྡུས་ལས་སྟོང་ཉིད་ཀྱི་ལྟ་བ་བཤད་པར་ཐལ། དེས་སྟོང་ཉིད་བཤད་པའི་ཕྱིར། རྟགས་ཁས། འདོད་ན། དེས་དབུ་མའི་ལྟ་བ་བཤད་པར་ཐལ། དེས་སྟོང་ཉིད་ཀྱི་ལྟ་བ་བཤད་པའི་ཕྱིར་དང། དེས་གཞན་དབང་ཡོངས་གྲུབ་བདེན་པར་གྲུབ་ཅིང་ཀུན་བཏགས་བདེན་པར་མ་གྲུབ་པར་བཤད་པའི་ཕྱིར། ཁྱབ་སྟེ། དབུས་མཐའ་ལས། ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་པ་ལྟར་སེམས་ཙམ་པ་རྣམས་དེ་དབུ་མའི་དོན་དུ་སྨྲ་བའི་ཕྱིར། འདོད་ན། དེ་སེམས་ཙམ་པའི་ལྟ་བ་བཤད་པ་དེ་དབུ་མའི་ལྟ་བ་བཤད་པ་ཡིན་པར་ཐལ་ལོ། །ཟེར་ན། ཁ་ཅིག་གོང་དུ་མ་ཁྱབ་ཟེར་ཡང། དེས་མཐའ་གཉིས་
དང་བྲལ་བའི་དབུས་མ་བཤད་ན་སྒྲོ་སྐུར་གྱི་མཐའ་མ་བཀག་ཟེར་དགོས་པས་ཞིབ་ཆ་འདོན། གཉིས་པ་ཤེས་བྱེད་ཀྱི་ཁུངས་དགོད་པ་ནི། དོན་གྱི་དབང་འདི་གཟིགས་ནས། དགེ་སློང་དག་གམ། ཞེས་པ་ནས། ཞེས་གསུངས་སོ། །ཞེས་པའི་བར་བྱུང། འདི་ལའང་སྤྱི་དོན་དང་མཐའ་དཔྱད་པ་གཉིས། དང་པོ་ནི། གཞུང་ཚིག་སྔ་མ་རྣམས་ཀྱིས་ཀྱང་རྟོན་བཞི་གསུངས་པ་ཡིན་ཀྱང། རྩ་བའི་ཁུངས་འདི་ལས་འཕྲོས་པས། འདིར་རྟོན་བཞི་འཆད་ཚུལ་ཡོད་དེ། ང་ཞེས་དང། གུས་ཕྱིར་མིན་ཞེས་པ་བསྡོམས་པས་སངས་རྒྱས་བཅོམ་ལྡན་འདས་གང་ཟག་ཁྱད་པར་ཅན་དུ་གྲགས་པས་གུས་པ་ཙམ་རྒྱུ་མཚན་དུ་མི་བྱེད་པ་སྟེ་གང་ཟག་ལ་མི་རྟོན་པ་དང། ང་ཡི་བཀའ་བླང་བར་བྱ་ཞེས་དེས་གསུངས་པའི་བཀའ་ལ་ཚད་མར་བྱས་ཏེ་ཆོས་ལ་རྟོན་པ་བཤད། ཡང་ང་ཡི་བཀའ་ཞེས་དང། གུས་ཕྱིར་མིན་ཞེས་པ་བསྡོམས་པས་བཀའ་ལས་གསུངས་པ་རྒྱུ་མཚན་དུ་བྱས་ཏེ་བཤད་ཚད་སྒྲས་ཟིན་ལྟར་མི་འཛིན་པས་ཚིག་ལ་མི་རྟོན་པ་དང། བརྟགས་ལ་བླང་བར་བྱ་ཞེས་པས་དགོངས་དོན་ལེགས་པར་བརྟགས་ཏེ་འཛིན་པས་དོན་ལ་རྟོན་པ་བཤད། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ཞེས་པས་གསེར་གྱི་ཕྱིའི་སྐྱོན་ཡོན་རགས་པ་ཙམ་རྟོགས་སླའང། གཏིང་ན་སྐྱོན་ཡོད་མེད་ནན་གྱིས་རྟོག་དགོས་པ་ལྟར་བསྟན་དོན་རགས་པ་ཙམ་ཤེས་སླའང་དེས་མི་ངོམས་པས་དྲང་དོན་ལ་མི་རྟོན་པ་དང། དགོངས་པའི་གཏིང་ཤིན་ཏུ་ཟབ་པའི་གནས་ལུགས་ཀྱི་དོན་འཚོལ་དགོས་པས་ངེས་དོན་ལ་རྟོན་པ་
བཤད། གསེར་ལ་སྐྱོན་ཡོན་ཕྲ་རགས་དང་མཐུན་པར་བརྟག་པའི་ཐབས་མེ་དང་གཅོད་བྱེད་བདར་སོགས་རིམ་པར་ཡོད་པ་བཞིན། གནས་ལུགས་ཟབ་མོ་འཇལ་བྱེད་ཐོས་བསམ་སྒོམ་གསུམ་དང། ཕྱི་མ་ལ་འཇིག་རྟེན་ལས་འདས་མ་འདས་སོགས་ཡོད་པས་སྔ་མ་སྔ་མས་མི་ཆོག་པར་ཕྱི་མ་ཕྱི་མ་དང། མཐར་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་རོ་གཅིག་ཏུ་ཞུགས་པའི་བར་ལ་སློབ་དགོས་པས་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་བཤད་པའི་ཕྱིར། རྟོན་བཞི་རྒྱས་པར་བཤད་པའི་གཞུང་ནི་བློ་གྲོས་མི་ཟད་པའི་མདོ་ཡིན་ལ། དེ་ལས་དོན་དང་ཡེ་ཤེས་དང་ངེས་དོན་དང་ཆོས་ལ་རྟོན་པར་གསུངས་པའི་གོ་རིམ་ནི་ཐར་འདོད་རྣམས་རྒྱལ་བའི་གསུང་རབ་ཀྱི་དོན་གཏན་ལ་དབབ་དགོས་པ་དང། དེའང་ཐ་སྙད་པའི་ཤེས་པ་ཙམ་གྱིས་དོན་མཐར་ཐུག་འབྱེད་མི་ནུས་པས་དེ་ལ་གནས་ལུགས་རྟོགས་པའི་ཤེས་རབ་དགོས་པ་དང། དེའི་སྒོ་ནས་ངེས་དོན་གྱི་མདོའི་དགོངས་པ་འབྱེད་ཚུལ་གསུམ་སྔར་བཤད་དེ། གང་ཟག་ལ་མི་རྟོན་ཆོས་ཉིད་ལ་རྟོན་པས་ནི། དཔེར་ན་གང་ཟག་གི་བདག་ཡོད་པར་གསུངས་པ་དེ་གདུལ་བྱ་དམན་པ་ལ་ལ་ལས་འབྲས་ལ་ངེས་པ་སྐྱེད་ཕྱིར་གསུངས་པའི་དྲང་དོན་ཡིན་གྱི། དགོངས་པ་མཐར་ཐུག་ཆོས་དང་གང་ཟག་གཉི་ག་བདེན་པར་མེད་པ་འདིར་གནས་ཞེས་དྲང་ངེས་ཀྱི་མཚན་གཞི་ངོས་འཛིན་པའི་དོན་དུ་མཇུག་ཏུ་གསུངས་པ་ཡིན་པའི་ཕྱིར། ཀུན་མཁྱེན་བླ་མའི་མཐའ་དཔྱོད་ལས། བློ་གྲོས་མི་ཟད་པའི་བཤད་ཚུལ་གཅིག་ལ་གང་ཟག་གི་ཐ་སྙད་ལ་བརྟེན་ནས་བདེན་ཞེན་མི་བྱ་བར་བདེན་མེད་ལ་ཡིད་རྟོན་
པ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་དོན་དུའང་བཤད། ཅེས་དང། བློ་གྲོས་བརྟན་པའི་རྒྱན་གྱི་འགྲེལ་བཤད་ལས། གང་ཟག་གི་རྗེས་སུ་འབྲང་བ་ནི་ཇི་ལྟ་བུ་ཆོས་ཀྱི་རྗེས་སུ་འབྲང་བའང་ཇི་ལྟ་བུ་ཞེ་ན། གང་ཟག་ཀྱང་ཡོད་པར་བལྟས། ཆོས་ཀྱང་ཡོད་པར་བལྟས་ནས། གང་ཟག་འདིས་དགེ་བ་བྱས་ན་ནི་བདེན་པ་མཐོང་བར་འགྱུར། མི་དགེ་བ་བྱས་ན་ནི་མི་དགེ་བའི་སྡུག་བསྔལ་མཐོང་བར་འགྱུར་རོ་ཞེས་ལྟ་བ་ནི་གང་ཟག་གི་རྗེས་སུ་འབྲང་བ་ཞེས་བྱའོ། །གང་ཟག་དང་ཆོས་གཉི་ག་རང་བཞིན་མེད་པར་ཁོང་དུ་ཆུད་པས་གཉི་ག་ལ་མི་ལྟ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ། ཞེས་གསུངས་པའི་ཕྱིར། འདི་ལྟར་ན་གང་ཟག་ལ་རང་ཉིད་ཀྱང་བཞག་ཆོག་པའམ། ཡང་ན་དགག་བྱའི་བདག་ལ་བྱེད་དགོས་ཏེ་དཔྱད་པར་བྱའོ། །མདོ་སྡེ་རྒྱན་ལས་དེའི་གོ་རིམ་བཟློག་སྟེ་ཡོངས་གྲགས་འདི་གསུངས་པ་ནི་གདུལ་བྱ་སྤྱིའི་ཉམས་ལེན་གྱི་རིམ་པར་བསྒྲིགས་པའི་རྒྱན་དུ་བྱས་པ་ཡིན་ལ། བྱང་ས་ལས་དོན་ལ་རྟོན་པ་དང་པོ་དང། ཆོས་ལ་རྟོན་པ་གཉིས་པར་བྱས་པ་ནི་དོན་གཙོ་བོར་བྱས་ཏེ་ཉན་ཚུལ་དང། དོན་དེའང་འཐད་སྒྲུབ་ཀྱི་རིགས་པ་དང་ལྡན་པ་ཞིག་དགོས་པར་ཤེས་པའི་ཆེད་ཡིན་ཏེ་རྒྱན་གྱི་བཤད་པ་ལ་ཟུར་བསྐང་བ་ཡིན་པའི་ཕྱིར། བྱང་ས་ལས། རྟོན་པ་བཞི་པོ་དེ་དག་ལས་ནི་མདོར་བསྡུ་ན་ཚད་མ་ཉིད་བཞི་བསྟན་ཏེ། བསྟན་པའི་དོན་དང་རིགས་པ་དང། །ཞེས་གསུངས་པའི་ཕྱིར། དེའང་མདོ་སྡེ་རྒྱན་ལས། གཙུག་ལག་བསྟན་པའི་ཆོས་དང་ནི། །དེའི་དོན་དགོངས་པ་ཅན་དང་ནི། །ངེས་དོན་ཚད་མ་ལྡན་པ་
དང། །དེའི་དོན་བརྗོད་མེད་ཐོབ་པ་འོ། །ཞེས་རྟོན་བཞིའི་ངོ་བོ་དང། སྤོང་དང་ཇི་སྐད་བཤད་པ་དང། །ལོག་པར་ཡང་དག་ཤེས་པ་དང། །བརྗོད་དང་བཅས་པ་ཐོབ་པ་དག །འདིར་ནི་དགག་པར་བསྟན་པ་ཡིན། །ཞེས་དགག་བྱ་བཞི་དང། མོས་དང་རྣམ་པར་དཔྱོད་པ་དང། །གཞན་ལས་ཇི་བཞིན་ཐོས་པ་དང། །བརྗོད་པ་མེད་པའི་ཡེ་ཤེས་ལས། །བརྟན་རྣམས་ཉམས་པར་མི་འགྱུར་རོ། །ཞེས་ཕན་ཡོན་བཞི་གསུངས་སོ། །སའི་དངོས་གཞིར་གང་ཟག་བཞི་ལ་སྦྱར་བ་དང་དུས་བཞི་ལ་སྦྱར་བ་གཉིས་གསུངས་ལ། བྱང་ས་ལས་ཚད་མ་བཞི་དང་སྦྱར་བ་རྣམས་རྟོན་པ་སོ་སོར་རེ་རེ་བཞིན་སྦྱར་ཆོག་ལ། ཀུན་བཏུས་སུ་རིགས་པ་བཞི། རྒྱན་དང་ཐེག་བསྡུས་སུ་དགོངས་པ་བཞི་དང་ལྡེམ་དགོངས་བཞི་གསུངས་པ་རྣམས་སྤྱིར་གསུང་རབ་ཀྱི་དོན་གཏན་ལ་འབེབས་ཚུལ་ཡིན་པས་རྟོན་བཞི་དང་གནད་འདྲའང་རིམ་པ་བཞིན་སྦྱོར་མི་དགོས་སོ། །བྱང་ས་ལས། རྟོན་པ་བཞི་པོ་ཐམས་ཅད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཡང་དག་པའི་སྦྱོར་བ་རྩོམ་པ་ལ་ཞུགས་པའི་ངེས་པར་འབྱིན་པ་འཁྲུལ་བ་མེད་པ་མངོན་པར་གསལ་བར་བྱས་པ་ཡིན་ནོ། །ཞེས་པ་ལྟར་བྱང་ཆུབ་སྒྲུབ་པའི་ལམ་ཉམས་ལེན་གྱི་རིམ་པ་ཐམས་ཅད་གསལ་བར་བསྟན་པ་ཡིན་ཏེ། དང་པོ་ཐོས་པ་བྱེད་ཚུལ་ཡང་བཤད། བསམ་ཚུལ་ཡང་བཤད། སྒོམ་ཚུལ་ཡང་བཤད། དེ་གསུམ་རེ་རེས་མི་ཆོག་པས་ཡ་མ་བྲལ་བར་བྱེད་ཚུལ་ཡང་བཤད། རྒྱུན་གྱི་ཉམས་ལེན་ཡང་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། ཐོས་པ་བྱེད་པ་ལ་ཐོག་མར་གང་ཟག་བཞིའི་དང་པོ་ཚུལ་འཆོས་པ་ལྟ་བུ་ཕྱིའི་རྣམ་འགྱུར་སྐྱེས་བུ་དམ་པ་ལྟར་
བཅོས་པ་དང་བླུན་པོའི་གྲགས་པ་ཙམ་ལ་བརྟེན་པ་མ་ཡིན་པར་ཆོས་བཞིན་སྤྱོད་ཅིང་ཆོས་ཀྱི་ཚུལ་ལེགས་པར་སྟོན་ནུས་པ་ཞིག་ལ་བརྟེན། ཆོས་ཉན་པའི་ཚེའང་རྒྱང་ཕན་པ་ལྟ་བུ་རྟོག་དཔྱོད་མེད་པར་ཚིག་ཙམ་གྱི་རྗེས་སུ་རྒྱུག་པ་མ་ཡིན་པར་དོན་གྱི་ཆ་ལ་བླང་དོར་འཇུག་ལྡོག་གི་གནད་རྣམས་གཙོ་བོར་བྱས་ཏེ་ཉན་པ་དང། ཉན་བྱའི་ཆོས་ཀྱང་རང་ལྟ་མཆོག་འཛིན་པ་ཉན་ཐོས་སྡེ་གཉིས་ལྟ་བུ་རང་བློར་མ་ཤོང་བ་རྒྱུ་མཚན་དུ་བྱས་ནས་ཐེག་པ་ཆེན་པོའི་ངེས་དོན་གྱི་མདོ་རྣམས་སྤོང་བ་དེ་འདྲ་མ་ཡིན་པར། རང་གི་ཁོང་དུ་མ་ཆུད་པ་རྣམས་ངེས་དོན་རྟོགས་པ་གཞན་ལས་མཉན་ཅིང་ཐོས་པར་བྱེད་པ་དང། མཉན་པའི་དགོས་པའང་ཐོས་པ་ཙམ་ལྷུར་ལེན་པའི་གང་ཟག་ལྟ་བུ་ཐོས་ལོ་དང་ཤེས་ལོའི་གྲགས་པ་འདོད་པ་ཙམ་དང་གཤག་འགྱེད་པའི་རྩོད་པ་ལ་ཆགས་པ་ཙམ་མ་ཡིན་པར། གནས་ལུགས་རྟོགས་པའི་ཤེས་རབ་ལ་བརྟེན་ནས་རྣམ་གྲོལ་སྒྲུབ་པའི་ཐབས་སུ་མཉན་པ་ཀུན་སློང་རྣམ་དག་གིས་ཟིན་པ་དགོས་པའི་ཕྱིར། དང་པོ་ནི་སའི་དངོས་གཞི་ལས། འབེལ་བའི་གཏམ་གྱིས་རྣམ་པར་ངེས་པར་བྱས་ནས་ཤེས་པས་རྟོག་པར་བྱ་བ་ཡིན་གྱི། སྤྱོད་ལམ་ཙམ་གྱིས་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནི་བྱང་ས་ལས། དོན་འདོད་པའི་ཕྱིར་གཞན་ལས་ཆོས་ཉན་པར་བྱེད་ཀྱི། ཚིག་འབྲུ་ལེགས་པར་སྦྱར་བ་འདོད་པའི་ཕྱིར་མ་ཡིན་ནོ། །ཞེས་སོ། །གསུམ་པ་ནི་རྒྱན་ལས། གཞན་ལས་ཇི་བཞིན་ཐོས་པ་དང། །ཞེས་དང། བློ་བརྟན་གྱིས། སོ་སོར་རྟོན་པ་གསུམ་པས་ནི་སྟོང་པ་དང་བདག་མེད་པར་བཤད་པའི་ཆོས་དག་བདག་གིས་ཁོང་དུ་མ་ཆུད་ན་ང་རྒྱལ་མེད་པར་བྱས་ནས་དེའི་དོན་
ཤེས་པ་དག་ལས་བདག་མེད་པ་དང་སྟོང་པའི་དོན་གྱི་ཚུལ་ཉན་པར་བྱེད་དེ། ཞེས་སོ། །བཞི་པ་ནི་དེ་ཉིད་ལས། སོ་སོར་རྟོན་པའི་བཞི་པས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་འབད་ཅིང་རྩོལ་བར་བྱེད་ཀྱི། ཞེས་སོ། །གཉིས་པ་བསམ་པས་ངེས་པ་སྐྱེད་ཚུལ་ཡང་བཤད་དེ། རང་གི་ཞེན་ཕྱོགས་ཙམ་མ་ཡིན་པར་ཚད་མར་གྱུར་བའི་སྟོན་པའི་གསུང་གི་རྗེས་སུ་སློབ་དགོས། སློབ་ཚུལ་ཡང་གསུང་གི་ཚིག་བཟུང་བ་ཙམ་མ་ཡིན་པར་ལུང་དོན་ལ་འཐད་སྒྲུབ་ཀྱི་རིགས་པས་དཔྱད་པ་གཙོ་བོར་བྱས་ཏེ་གཏན་ལ་འབེབས་དགོས། གཏན་ལ་དབབ་བྱའང་གང་བྱུང་གིས་མི་ཆོག་པར་གང་ལ་ཡིད་རྟོན་པར་བྱས་ན་ཐར་པའི་གྲོང་དུ་བགྲོད་ནུས་ངེས་པའི་དོན་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་སློབ་དཔོན་ཀླུ་སྒྲུབ་ལྟ་བུས་བཀྲལ་བ་བཞིན་གཏན་ལ་དབབ་དགོས། རྟོགས་པའི་བློའང་བློས་བྱས་ཀྱི་ལྟ་བས་མ་ཡིན་དགག་གི་སྟོང་པ་ལྟ་བུ་གཞལ་བས་མི་ཆོག་པར་དགག་བྱ་བཅད་ཙམ་གྱི་སྟོང་པ་མེད་དགག་དེ་ཉིད་རྟོགས་པ་ཞིག་དགོས་པའི་ཕྱིར། དང་པོ་ནི་བྱང་ས་ལས། རིགས་པ་དང། ཞེས་དང། འདི་ཉིད་ལས། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང། ཞེས་དང། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་དང། བློ་བརྟན་གྱིས། ཚད་མར་གྱུར་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཞེས་སོ། །གཉིས་པ་ནི་བྱང་ས་ལས། བསྟན་པའི་དོན་དང། ཞེས་དང། སའི་དངོས་གཞི་
ལས། ཐོས་པ་ལྷུར་བླང་བར་མི་བྱ་ཡི། དོན་ལ་བསམ་པར་བྱ། གཞལ་བར་བྱ། ཉེ་བར་བརྟག་པར་བྱའོ། །ཞེས་དང། འདི་ཉིད་ལས། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལ་རག་ལས་ཤིང། དེ་གཉིས་རྣམ་པར་འབྱེད་པའང་འདི་ནི་དྲང་བའི་དོན་ནོ་འདི་ནི་ངེས་པའི་དོན་ནོ་ཞེས་པའི་ལུང་ཙམ་གྱིས་ནུས་པ་མ་ཡིན། ཞེས་སོ། །གསུམ་པ་ནི། ངེས་དོན་ཚད་མ་ལྡན་པ་དང་ཞེས་པའི་ཐད་ཀྱི་དབྱིག་འགྲེལ་ལས། ཚད་མ་དང་ལྡན་པའི་དོན་ནི་སྟོན་པ་ཚད་མར་གྱུར་པའམ། དེས་ཚད་མར་མཛད་པས་ངེས་པར་བྱས་ཤིང། ཞེས་དང། བློ་བརྟན་གྱི་འགྲེལ་བཤད་ལས། དེ་བཞིན་གཤེགས་པས་ལུང་བསྟན་པ་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་ལྟ་བུས་གཉིས་སུ་མེད་པར་བཤད་པའི་དོན་ལ་རྟོན་པ་ནི་ཚད་མར་གྱུར་པས་བཤད་པའི་དོན་ལ་རྟོན་པ་ཞེས་བྱ། ཞེས་དང། འདི་ཉིད་ལས། གསུང་རབ་ཀྱི་དྲང་ངེས་འབྱེད་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གིས་དྲང་ངེས་ཀྱི་དགོངས་པ་བཀྲལ་ཅིང་དེའང་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང། གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་ཀྱི་རིགས་པས་ལེགས་པར་གཏན་ལ་ཕབ་པ་ཞིག་གི་རྗེས་སུ་འབྲངས་ནས་དགོངས་པ་འཚོལ་དགོས། ཞེས་གསུངས་ལ། རྟོན་པའི་སྒྲ་མི་བསླུ་བ་ལའང་འཇུག་ཅིང་ངེས་དོན་ཡང་མི་བསླུ་བའི་དོན་དུ་འགྲོ་བའི་ཐད་འདིར་བྱང་ས་ལས། རྟོན་པ་དང་ཞེས་གསུངས་སོ། །བཞི་པ་ནི་བློ་གྲོས་མི་ཟད་པའི་མདོ་ལས། རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བཞི་
སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་གནས་པ་ན་གཟུགས་ལ་ཉེ་བར་འགྲོ་ཞིང་གནས་སོ། །རྣམ་པར་ཤེས་པ་གནས་པ་ན་ཚོར་བ་ལ་ཉེ་བར་འགྲོ་བ་དང། འདུ་ཤེས་ལ་ཉེ་བར་འགྲོ་བ་དང། འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་པ་སྟེ་འདི་ནི་རྣམ་པ་ཤེས་པ་ཞེས་བྱའོ། །ཞེས་པ་ནས། ཆོས་ལ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གཞན་ཡང་ནང་ཉེ་བར་ཞི་ཞིང་ཕྱི་རོལ་ཏུ་རྒྱུ་བ་མེད་པ་དང། ཡེ་ཤེས་ལ་རྟོན་པས་ཆོས་གང་ཡང་མི་རྟོག་ཅིང་རྣམ་པར་མི་རྟོག་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །ཞེས་དང། བློ་བརྟན་གྱིས། རང་བཞིན་གྱིས་སྟོང་པར་ཁོང་དུ་ཆུད་ཅིང་གཟུགས་ལ་སོགས་ པའི་ཡུལ་ལ་མི་རྟོག་པ་ནི་ཡེ་ཤེས་ཞེས་བྱ། ཞེས་ཀུན་རྫོབ་ཀྱི་སྣང་བ ་བཀག་ནས་བདེན་སྟོང་གཏན་ལ་དབབ་པར་གསུངས་སོ། །རྣམ་ཤེས་ཀྱི་གནས་པ་བཞིར་བཤད་པའི་རྒྱུ་མཚན། འདོད་ཁམས་པ་རྣམས་འདོད་ཡོན་ལྔས་བསྡུས་པའི་གཟུགས་ལ་སྲེད་པ་དང། བསམ་གཏན་བཞི་ཚོར་བ་རིགས་བཞི་ལ་སྲེད་པ་དང། གཟུགས་མེད་དང་པོ་གསུམ་ནམ་མཁའ་མཐའ་ཡས་སོ་སྙམ་པ་ལྟ་བུའི་འདུ་ཤེས་ཀྱིས་བཅིངས་པ་དང། སྲིད་རྩེར་དེ་འདྲའི་འདུ་ཤེས་ཚུན་ཆད་མེད་ཀྱང་ལས་ཉོན་གྱིས་བཅིངས་པའི་འདུ་བྱེད་མ་དོར་བས་དེ་དག་གི་སས་བསྡུས་པའི་སེམས་ལ་རྣམ་ཤེས་དང། ཁམས་གསུམ་ལས་འདས་པ་འཁོར་བའི་འཆིང་བ་དགྲོལ་བྱེད་ཀྱི་སེམས་ལ་ཡེ་ཤེས་སུ་བྱས་པར་བློ་བརྟན་གྱིས་གསུངས་ལ། བློ་གྲོས་མི་ཟད་པའི་མདོ་འགྲེལ་དབྱིག་གཉེན་གྱིས་མཛད་པ་ལས། འདུ་བྱེད་ལ་ཉེ་བར་འགྲོ་བ་ནི་འགོག་པའི་སྙོམས་པར་འཇུག་པའི་རྣམ་
པར་ཤེས་པ་ཐོག་མ་འགོག་པའི་སྙོམས་པར་འཇུག་པ་ན། དེའི་བྱ་བ་བྱེད་པར་དམིགས་ཤིང་བཅོལ་བའི་ཕྱིར་འདུ་བྱེད་ལ་ཉེ་བར་འགྲོ་བ་ཞེས་བྱའོ། །ཡང་ན་སྲིད་པའི་རྩེ་མོའི་རྣམ་པར་ཤེས་པ་ནི་ཚེའི་འདུ་བྱེད་ཡུན་རིང་པོར་གནས་པ་དེ་ལ་བརྟེན་ཅིང་གནས་པས་ན་འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་པ་ཞེས་བྱ་སྟེ། འདི་ནི་རྣམ་པར་ཤེས་པའོ། །ཞེས་གཞན་རྣམས་འདྲའང་འདུ་བྱེད་ལ་ཉེ་བར་འགྲོ་བའི་དོན་ཚུལ་གཉིས་གསུངས་སོ། །དེ་ལྟར་ན་རྟོན་པ་བཞི་ལ། རིགས་པ་ཚད་མ། དོན་ཚད་མ། རྟོན་པ་ཚད་མ། ཡེ་ཤེས་ཚད་མ་ཞེས་ཀྱང་གྲུབ་མཐའ་ཆེན་མོར་གསུངས་སོ། །སྒོམ་པ་བྱེད་ཚུལ་ཡང་བཤད་དེ། དང་པོར་སྒོམ་གྱི་གོལ་ས་ཆེ་ཤོས་ནི་གཞུང་ཆེན་མོ་རྣམས་ཕྱིའི་གོ་རྒྱ་གཅོད་བྱེད་ཙམ་དུ་བཟུང་ནས་ཡལ་བར་དོར་ཏེ་མན་ངག་ཏུ་གྲགས་པ་རེ་ལ་ཉམས་ལེན་སྙིང་པོར་བྱེད་པ་མང་ཡང། སངས་རྒྱས་ལས་མཁས་པ་སུའང་མེད་ཅིང། དེ་ནི་ཐུགས་རྗེ་ལྷག་པར་ཆེ་བས་དོན་དུ་འགྱུར་ན་མི་གསུང་མི་སྲིད་པས། དེའི་གསུང་རབ་ལ་མན་ངག་གི་རྒྱལ་བོར་གོ་ནས་མོས་པ་བྱེད་དགོས། བཀའ་ལ་སྒྲས་ཟིན་འགལ་བ་ཡོད་ཀྱང་དགོངས་པའི་དོན་ལ་དཔྱད་ན་འགལ་བ་མེད་པས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་དགོས། དེ་ལྟར་བྱས་པས་དྲང་དོན་རྣམས་ཀྱིས་རིམ་གྱིས་ཁྲིད་ནས་མཐར་ངེས་དོན་ལ་སྦྱོར་བས་དེ་ཉམས་ལེན་གྱི་སྙིང་པོ་དང་གཞན་རྣམས་དེའི་ཡན་ལག་ཏུ་གོ་སྟེ་གསུང་རབ་མ་ལུས་གདམས་ངག་ཏུ་འཆར་དགོས། གདམས་པར་ཤར་བ་ན་ཉིན་མཚན་མེད་པར་ཉམས་སུ་བླངས་ཏེ་མི་རྟོག་ཡེ་ཤེས་ཀྱིས་མྱང་འདས་སུ་བགྲོད་དགོས་པའི་ཕྱིར། དང་པོ་ནི་རྒྱུད་བླ་མ་ལས། གང་
ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པས། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས། །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་དང། རྒྱན་ལས། མོས་དང། ཞེས་དང། བློ་བརྟན་གྱིས། དྲང་སྲོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཤད་པའི་གསུང་རབ་ལས་ཇི་སྐད་འབྱུང་བ་བཞིན་དུ་དེའི་རྗེས་སུ་འབྲང་གི གང་ཟག་སོ་སོ་ཐ་དད་པ་མི་མཐུན་པ་སྟོན་པའི་ཚིག་ལ་མི་སྙེགས་པ་ནི་ཞལ་ནས་གསུང་བའི་ཆོས་སྟོན་པ་ཞེས་བྱ་སྟེ། ཞེས་སངས་རྒྱས་རང་ཉིད་ཀྱིས་གསུངས་པ་དེ་དོར་མི་རུང་བར་བཤད་དེ། གཙུག་ལག་བསྟན་པའི་ཆོས་དང་ནི། །ཞེས་པ་དེར་འགྱུར་ཁྱད་ཞུགས་པར་སྣང། གཉིས་པ་ནི་རྒྱན་ལས། རྣམ་པར་དཔྱོད་པ་དང། ཞེས་དང། བློ་བརྟན་གྱིས། དགོངས་པ་དཔྱོད་པས་ན་ཉམས་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། སྒྲ་ཇི་བཞིན་དུ་བཟུང་ནས་དགོངས་པ་ལོག་པར་དྲངས་པ་ནི་ཉམས་པར་འགྱུར་གྱི། དགོངས་པའི་དོན་ཕྱིན་ཅི་མ་ལོག་པར་བཟུང་ན་ཉམས་པར་མི་འགྱུར་བའི་ཕྱིར་རོ། །ཞེས་སོ། །གསུམ་པ་ནི་ལེགས་བཤད་སྙིང་པོ་ཆུང་བར། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །ཅེས་དང། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་སོ། །བཞི་པ་ནི་རྒྱན་ལས། བརྗོད་པ་མེད་པའི་ཡེ་ཤེས། ཞེས་དང། ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། ཡེ་ཤེས་ནི་སྒོམ་བྱུང་གི་ཤེས་
རབ་དང། དེའང་གཙོ་ཆེར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་ཡེ་ཤེས་ཡིན་ཅིང། ཞེས་སོ། །བཞི་པ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་ཚུལ་ཡང་བཤད་དེ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པས་ཐོས་པ་རྒྱ་ཆེན་པོ་བྱས་ཏེ་ཆོས་ཀུན་ཆུབ་པར་བྱེད། ཚིག་ལ་མི་རྟོན་དོན་ལ་རྟོན་པས་གང་ཐོས་པ་དེའི་དོན་རྣམས་མི་བརྗེད་པར་འཛིན་པར་བྱེད། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པས་དགོངས་པ་ཉེ་བར་བརྟགས་ཏེ་སྒྲོ་འདོགས་བཅད་ནས་ཐོས་པའི་དོན་ལ་བསམ་བྱུང་གི་ངེས་པ་རྙེད་པར་བྱེད། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པས་ཐོས་བསམ་ཙམ་གྱིས་ཆོག་ཤེས་མི་བྱེད་པར་ཐོས་དོན་ཉམས་སུ་བླངས་ཏེ་སྒོམ་བྱུང་གི་ཡེ་ཤེས་སྐྱེད་པའི་ཕྱིར། སའི་དངོས་གཞི་ལས། དུས་བཞིར་ཆུད་ཟ་བར་འགྱུར་བ་དང། ཆུད་ཟ་བར་མི་འགྱུར་བའི་ཕྱིར་གང་ཟག་བཞིར་རྣམ་པར་བཞག་སྟེ། ཆོས་ཀུན་ཆུབ་པར་བྱེད་པའི་དུས་དང། འཛིན་པའི་དུས་དང། དོན་ལ་ཉེ་བར་རྟོག་པའི་དུས་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་དུས་ལས་རྟོན་པ་བཞིར་རྣམ་པར་བཞག་པ་ཡིན་ནོ། །ཞེས་དང། བྱང་ས་ལས། རྟོག་པའི་ཡེཤེས་ལ་སྙིང་པོར་ལྟ་བ་ཡིན་གྱི། ཐོས་པ་དང་བསམ་པས་ཆོས་དང་དོན་རྣམ་པར་ཤེས་པ་ཙམ་ལ་ནི་མ་ཡིན་ནོ། །ཞེས་སོ། །ལྔ་པ་རྒྱུན་གྱི་ཉམས་ལེན་ནམ་སྤྱོད་ཚུལ་ཡང་བསྟན་ཏེ། གང་ཟག་བཟང་ངན་ལ་མ་ལྟོས་པར་དོན་དུ་འགྱུར་ན་སུས་བཤད་ཀྱང་ཉན་དགོས་པ་དང། ཁ་ནས་བཤད་ཤེས་པས་མི་ཆོག་གི སྒོ་གསུམ་གྱིས་ཅི་བྱེད་དོན་དང་ལྡན་པ་དགོས་པ་དང། དོན་ཡང་ཕུགས་སུ་མི་བསླུ་བ་
ཞིག་དགོས་པ་དང། མདོར་ན་ཅི་བྱས་ཐར་པའི་རྒྱུར་འགྲོ་བ་ཞིག་དགོས་པའི་ཕྱིར། དང་པོ་ནི་བྱང་ས་ལས། ཕལ་བའི་སྐད་ཀྱིས་ཆོས་སྟོན་ནའང་བྱང་ཆུབ་སེམས་དཔའ་དོན་ལ་རྟོན་པས་ནི་གུས་པར་བྱས་ཏེ་ཉན་པར་བྱེད། ཅེས་དང། དེའི་དོན་ཀུན་མཁྱེན་བླ་མའི་མཐའ་དཔྱོད་དུ། དོན་ཟབ་ན་ཕལ་པའི་སྐད་དང་ཕལ་པས་སྟོན་ཀྱང་གུས་པར་བྱེད། ཅེས་ཕལ་ཚིག་གིས་བཤད་པར་མ་ཟད་བཤད་མཁན་མི་ཕལ་པ་ཞིག་ཡིན་ནའང་སྨྲས་པ་དོན་དུ་འགྱུར་ཚེ་འདོར་མི་རུང་བར་གསུངས་ཏེ། འཇམ་མགོན་ས་པཎ་གྱིས། ལེགས་བཤད་བྱིས་པ་དག་ལས་ཀྱང། །མཁས་པ་རྣམས་ནི་ཡོངས་སུ་ལེན། །དྲི་ཞིམ་འབྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །ཞེས་པ་ལྟར་སུ་དང་འགྲོགས་ཀྱང་ལེགས་བཤད་ལེན་ཤེས་པ་ཞིག་དགོས་སོ། །གཉིས་པ་ནི་བློ་བརྟན་གྱིས། འཇིག་རྟེན་གྱི་ཆོས་ལས་འདས་པའི་ཆོས་ནི་དོན་ཏེ། དེ་ལ་རྟོན་པ་ནི་དོན་ལ་རྟོན་པ་ཞེས་བྱའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་ནི་ཚིག་ཅེས་བྱ་སྟེ། དེ་ལ་རྟོན་པ་ནི་ཚིག་ལ་རྟོན་པ་ཞེས་བྱའོ། །ཞེས་འཇིག་རྟེན་གྱི་བདེ་འབྱོར་ཐམས་ཅད་ནི་མིང་སྙན་ཡང་དོན་བསླུ་བྲིད་ལས་མེད་པས་དོན་ལྡན་བསླུ་བ་མེད་པའི་ཆོས་རྣམ་དག་ཁོ་ན་ཞིག་བྱ་དགོས་པར་གསུངས་སོ། །གསུམ་པ་ནི་བློ་གྲོས་མི་ཟད་པའི་མདོ་ལས། མདོ་གང་ལས་ཀྱི་བྱ་བ་ལ་འཇུག་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་གང་ལས་དང་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་ཆོས་ཀྱང་སྡིག་སྤོང་དགེ་བ་སྒྲུབ་པ་ཆུང་ངུ་དང་ཐུན་མོང་བའི་མངོན་མཐོའི་ཆོས་སྐོར་ཙམ་གྱིས་མི་ཆོག་པར། ལས་ཉོན་ཟད་པར་
སྤངས་པའི་ངེས་ལེགས་ཐར་པའི་རྒྱུར་འགྲོ་བ་ཞིག་དགོས་པར་གསུངས་པ་ཡིན་ནོ། །བཞི་པ་ནི་བློ་གྲོས་མི་ཟད་པའི་མདོ་ལས། གཞན་ཡང་དམིགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང། ཡིད་ལ་བྱེད་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང། ཀུན་ཏུ་རྟོག་པ་ལས་རྣམ་པར་ཤེས་པ་སྐྱེ་བ་འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་འཛིན་པ་མེད་པ་དང། སྙེམས་པ་མེད་པ་དང། དམིགས་པ་མེད་པ་དང། རྣམ་པར་རིག་པ་མེད་པ་དང། རྟོག་པ་མེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །ཞེས་མཚན་འཛིན་དང་རྣམ་རྟོག་གི་སྤྲོས་པ་མཐའ་དག་ཟད་པའི་དག་པ་གཉིས་ལྡན་གྱི་དབྱིངས་དང་རོ་གཅིག་པའི་ཡེ་ཤེས་མངོན་དུ་བྱེད་ནུས་པ་ཞིག་དགོས་པར་གསུངས་སོ། །ཡང་དགེ་སློང་དག་གམ་ཞེས་སོགས་ཀྱི་ཚིགས་བཅད་དེས་ལུང་དཔྱད་གསུམ་གྱིས་དག་པའི་ཚུལ་ཡང་བསྟན་ཏེ། ཀ་མ་ལ་ཤཱི་ལས། དེ་ལ་བསྲེགས་པ་ནི་མངོན་སུམ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །བཅད་པ་ནི་རྗེས་སུ་དཔག་པ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །བརྡར་བ་ནི་ཡིད་ཆེས་པ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །ཞེས་རིགས་ཐིགས་ཀྱི་ཕྱོགས་སྔ་མ་མདོར་བསྡུས་སུ་གསུངས་སོ། །རྟོན་བཞིའི་རྣམ་གཞག་འདི་ལས་འཕྲོས་པ་གྲགས་ཆེའང་གོང་གི་རྩ་ཚིག་རྣམས་ཀྱིས་རྟོན་བཞི་བཤད་སྙམ་པ་དང། རྟོན་བཞིའི་ཁོངས་འདིར་རྒྱལ་བའི་བསྟན་པ་ལ་སློབ་ཚུལ་གྱི་མན་ངག་ཆ་ཚང་བའི་སྡོམ་ཆེན་པོ་ཞིག་ཡོད་སྙམ་པ་སུ་ལའང་མི་འདུག་པས་ཅུང་ཟད་རྒྱས་པར་བཤད་པ་ཡིན་ནོ། །མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། གདུལ་བྱའི་བསམ་ཚོད་ལྟར་ཐར་པ་ཐོབ་
པའི་ཐབས་སུ་མི་བདེན་པ་དེ་གང་ཟག་ལ་མི་རྟོན་པའི་དོན་དང། སྟོན་པས་དྲང་ངེས་ཀྱི་གསུང་རབ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཐར་པ་ཐོབ་པའི་ཐབས་སུ་བདེན་པ་དེ་ཆོས་ལ་རྟོན་པའི་དོན་ཡིན་ཏེ། ཀུན་མཁྱེན་ཆོས་འབྱུང་གི་གསུང་ལས། གང་ཟག་དེ་རྣམས་ཀྱི་བསམ་ཚུལ་སྣ་ཚོགས་པ་ལྟར་དུ་ཐར་པ་ཐོབ་པའི་ཐབས་སུ་མི་བདེན་གྱི། དེའི་བསམ་ཚུལ་དང་མཐུན་པར་སྟོན་པས་དྲང་ངེས་ཀྱི་ཆོས་སྒོ་སྣ་ཚོགས་སུ་གསུངས་པ་ཐར་པ་ཐོབ་པའི་ཐབས་སུ་བདེན་པ་དེ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་དོན་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར། དོན་ལ་རུང་ཡང་རྩོད་བློ་འཕེལ་ཕྱིར་ཅུང་ཟད་སྤྲོ་ན། མུ་སྟེགས་གཅེར་བུ་པ་ཆོས་ཅན། ཆོས་ལ་རྟོན་པར་ཐལ། སྟོན་པས་ཆོས་གསུངས་ཚད་ཐར་པ་ཐོབ་པའི་ཐབས་སུ་བདེན་པའི་ཕྱིར་ཏེ། སྟོན་པས་དྲང་ངེས་ཀྱི་སྡེ་སྣོད་གསུངས་ཚད་ཐར་འདོད་ཀྱི་དོན་ལ་མི་བསླུ་བའི་བསྟན་བཅོས་རྣམ་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ལ་མི་རྟོན་པར་གང་ཟག་ལ་རྟོན་པའི་ཕྱིར། སའི་དངོས་གཞི་ལས། དང་པོ་ནི་ཚུལ་འཆོས་པའི་གང་ཟག་གི་བྱེ་བྲག་གིས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཅེར་བུ་པ་རྣམས་ནང་དུ་ཆོས་ཀྱི་ཉམས་ལེན་མེད་པར་ཕྱིའི་ཀུན་སྤྱོད་དཀའ་ཐུབ་སོགས་ཆོས་ལྟར་བཅོས་པ་ལ་ཡིད་ཆེས་ནས་དམ་པར་འཛིན་པ་ཡིན་པས། དེ་ལས་གོ་བཟློག་སྟེ་རང་ལུགས་ཀྱི་རྟོན་པ་དང་པོ་བཞག་པ་ཡིན་པའི་ཕྱིར། བཞི་བརྒྱ་པ་ལས། ཤཱཀྱ་གོས་མེད་བྲམ་ཟེ་རྣམས། །ཆོས་ནི་རིམ་བཞིན་ཡིད་དང་ནི། །མིག་དང་རྣ་བ་ཡིས་འཛིན་པ། །དེས་ན་ཐུབ་པའི་གཞུང་ལུགས་ཕྲ། །ཞེས་དང། དེའི་དར་ཊཱིཀ་
ལས། ཤཱཀྱ་པ་དང། གོས་མེད་གཅེར་བུ་པ་དང། བྲམ་ཟེ་གསུམ་པོ་རྣམས་ཀྱི་ཆོས་རིམ་པ་བཞིན་དུ་ཡིད་དང་མིག་དང་རྣ་བ་ཡིས་འཛིན་པ་དེའི་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ་བས། ཞེས་པ་ནས། གཅེར་བུ་པ་རྣམས་ལུས་ཉི་ལྷགས་ཀྱིས་གཟིར་ཞིང་གཙང་སྦྲ་སྤྱོད་པ་དང་བྲལ་བས་མཐོང་བ་ཁོ་ནས་གོ་བ་དང། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། གསུང་རབ་ཐམས་ཅད་ཐར་པ་ཐོབ་པའི་ཐབས་སུ་བདེན་པ་ཙམ་དེར་མི་འཇོག་གི དེའི་ཐབས་སུ་བདེན་པར་འཛིན་པ་དེ་ཆོས་ལ་རྟོན་པའི་དོན་ཡིན་ཟེར་ན་དེའི་ཐབས་སུ་བདེན་པར་འཛིན་པའང་མི་རུང་བར་ཐལ། དེའི་ཐབས་སུ་བདེན་པར་འཛིན་པའི་བློ་དེ་བདེན་འཛིན་ཡིན་པའི་ཕྱིར། ལམ་བསྒོམ་བྱར་བདེན་པར་འཛིན་པའི་བློ་དེ་བདེན་འཛིན་ཡིན་པའི་ཕྱིར། ལམ་བསྒོམ་བྱར་བདེན་པར་མ་གྲུབ་པ་སྟོང་ཉིད་ཡིན་པའི་ཕྱིར་ཏེ། རྒྱུད་ལས། དངོས་པོ་མེད་པས་སྒོམ་པ་མེད། །ཅེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེའི་ཐབས་སུ་བདེན་པར་རྟོགས་པ་དེ་དེའི་དོན་ཡིན་ཟེར་ན། མི་འཐད་པར་ཐལ། དེའི་ཐབས་སུ་བདེན་པར་བཟུང་ན་འཛིན་ཚུལ་ཕྱིན་ཅི་ལོག་ཏུ་འགྲོ་བའི་ཕྱིར། མ་གྲུབ་ན། དེའི་ཐབས་སུ་བདེན་པར་འཛིན་པའི་ཚད་མ་དང། དེའི་ཐབས་སུ་བདེན་པར་མེད་པར་འཛིན་པའི་ཚད་མ་གཉི་ག་ཡོད་པར་ཐལ་བ་དང། དེར་འཛིན་པའི་རིག་པ་ཡེ་ཤེས་དང། དེར་འཛིན་པའི་མ་རིག་པ་གཉིས་ཀ་ཡོད་པར་ཐལ་བ་སོགས་སྤྲོ་སླ་ཞིང། འདོད་མི་ནུས་ཏེ། འགལ་བ་ལ་མི་འཁྲུལ་བའི་ཚད་མ་མེད་པའི་ཕྱིར། ཡང་ཁ་ཅིག །གསུང་རབ་ཐམས་ཅད་ཐར་པ་ཐོབ་པའི་ཐབས་སུ་མི་བསླུ་
བར་རྟོགས་པ་དེ་ཆོས་ལ་རྟོན་པའི་དོན་ཡིན་ཟེར་ན། དྲང་ངེས་ཕྱེ་མ་ཐག་པའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་དེ་ལྟར་རྟོགས་པར་ཐལ། ཁྱོད་ཆོས་ལ་རྟོན་པའི་ཕྱིར་ཏེ། རྟོན་པ་བཞིའི་སྒོ་ནས་དྲང་ངེས་ཕྱེ་བའི་ཕྱིར། འདོད་ན། གསུང་རབ་ཐམས་ཅད་ཐར་འདོད་ཀྱི་བསྒྲུབ་བྱའི་དོན་ལ་མི་བསླུ་བར་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། གསུང་རབ་ཐམས་ཅད་རང་གི་བསྟན་དོན་ལ་མི་བསླུ་བར་རྟོགས་པར་ཐལ་ལོ། །འདོད་ན། ཆོས་ཐམས་ཅད་རྟོགས་པར་ཐལ། གསུང་རབ་མཐའ་དག་རང་གི་བསྟན་དོན་ལ་མི་བསླུ་བར་རྟོགས་པའི་ཕྱིར། ཁྱབ་སྟེ། ཡིད་ཆེས་ཀྱི་རྟགས་སྦྱོར་ལ་བརྟེན་ནས་ལུང་དེ་རང་གི་བསྟན་དོན་ལ་མི་བསླུ་བར་རྟོགས་པ་ལ་དེའི་བསྟན་བྱའི་ཤིན་ལྐོག་གི་ཆོས་དེའང་རྟོགས་དགོས་པའི་ཕྱིར། དེར་ཐལ། ལས་འབྲས་ཀྱི་འབྲེལ་བ་ཕྲ་མོ་ཡིད་ཆེས་ཀྱི་རྟགས་སྦྱོར་ལ་བརྟེན་ནས་སྒྲུབ་ཚུལ་དང་རྟོགས་ཚད་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱུད་རྟོག་གསུམ་ལས། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང། །ཞེས་གསུངས་པས། གསུང་རབ་མཐའ་དག་ཚད་མར་བྱེད་དགོས་ཀྱི། དེའི་དོན་ལ་འཐད་མི་འཐད་ཀྱི་བརྟག་དཔྱད་བྱེད་མི་རུང་ཟེར་ན། བརྟག་དཔྱད་བྱས་པ་ཙམ་གྱིས་ཚད་མར་མ་བཟུང་པར་མི་འགྲོ་བར་ཐལ། ལུང་སོ་སོའི་དགོངས་པ་བཙལ་ཏེ་སྒྲས་ཟིན་མི་མཐུན་པའི་རྒྱུ་མཚན་ཤེས་ནས་འདོར་ལེན་བྱས་པ་དེ་ཉིད་གསུང་རབ་ཚད་མར་བྱེད་ལུགས་ཡིན་པའི་ཕྱིར། དེར་ཐལ། མདོ་སྡེ་རྒྱན་ལས། སྤོང་དང་ཇི་སྐད་བཤད་པ་དང། ཞེས་རྟོན་པ་དང་པོའི་ལྡོག་ཕྱོགས་ལུང་སོ་སོའི་སྒྲས་ཟིན་མི་མཐུན་པར་མཐོང་ནས་སྤོང་བ་
དང། རྟོན་པ་གཉིས་པའི་ལྡོག་ཕྱོགས་ཚིག་ཙམ་ལ་རྟོན་པས་ལུང་ཐམས་ཅད་ཀྱི་སྒྲས་ཟིན་ཇི་སྐད་བཤད་པ་བཞིན་དུ་འཛིན་པ་གཉི་ག་ཆོས་ལས་ཉམས་བྱེད་དང་མ་དད་པའི་རྒྱུར་འགྲོ་བའི་ཕྱིར། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོ་རྣམ་བཤད་རིགས་པར་དྲངས་པ་ལས། བཅོམ་ལྡན་འདས་ཀྱིས་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པས་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་ན་ཐེག་པ་ཆེན་པོ་ལ་དད་པའི་འབྱུང་གནས་སུ་མི་འགྱུར་རོ། །དགོངས་པ་ཅན་གྱི་དོན་ནི་སྒྲ་ཇི་བཞིན་མ་ཡིན་པ་ཚུལ་བཞིན་ཡིད་ལ་བྱེད་ན་ཐེག་པ་ཆེན་པོ་ལ་དད་པའི་འབྱུང་གནས་སུ་འགྱུར་རོ། །ཞེས་སོགས་ཀྱིས་སྒྲ་ཇི་བཞིན་པ་ཁོ་ནར་བཟུང་བ་ལ་བརྟེན་ནས་ཁས་མི་ལེན་པའི་ལྟ་བ་དང། ངན་གཡོའི་ལྟ་བ་སོགས་ལྟ་ངན་ཉེར་བརྒྱད་འབྱུང་ཚུལ་གསུངས་པའི་ཕྱིར། མདོ་རང་ཉིད་ཀྱི་འགྱུར་ལས། དད་པ་སྐྱེ་བའི་གནས་སུ་འགྱུར་རོ། །ཞེས་འབྱུང། གཞན་ཡང་གསུང་རབ་ཀྱི་དོན་ལ་ཡིད་ཆེས་ཀྱི་ངེས་པ་སྐྱེད་ཚུལ་མེད་པར་ཐལ། ལུང་ཙམ་གྱིས་གོ་མི་ཆོད་ཅིང་རིག་པས་དཔྱད་པ་བྱས་ན་གསུང་རབ་ལ་ཚད་མར་མ་བཟུང་བའི་སྐྱོན་དུ་འགྱུར་བའི་ཕྱིར། རྟགས་ཁས། དེས་ན་གསུང་རབ་ལ་ཚད་མར་བྱེད་དགོས་ཀྱང་བྱེད་ཚུལ་ཤེས་པ་གལ་ཆེ་སྟེ། མོས་བློ་ཙམ་གྱིས་གང་གསུང་སྒྲ་ཇི་བཞིན་དུ་བཟུང་ན་རྟོན་པ་དང་པོ་གཉིས་ཀྱི་ཟློག་ཟླར་འགྱུར་བས། རྒྱལ་བའི་བཀའ་ལས་འབྱུང་བའི་དྲི་མ་མེད་པའི་རིགས་པའི་ལམ་ནས་དོན་དངོས་པོའི་སྡོད་ལུགས་ལ་དཔྱོད་པའི་རིགས་པ་དྲི་མ་མེད་པ་ཞིག་གིས་དྲང་ངེས་འབྱེད་པ་དེ་གསུང་རབ་ལ་ཚད་མར་བྱེད་ལུགས་ཀྱི་མཆོག་ཡིན་པའི་ཕྱིར། སྔགས་རིམ་
དང་མཐའ་དཔྱོད་མྱུ་གུ་ལས། གཞུང་ལུགས་རྣམས་སུ་རིགས་པས་བསྒྲུབས་པ་ལྟར་རིགས་པས་གྲུབ་པ་དགོས་ཀྱི། དེ་དག་ཚུར་མཐོང་ལ་ཤིན་ཏུ་ལྐོག་གྱུར་ཡིན་པས་སྒྲུབ་བྱེད་ལུང་ཙམ་དུ་ཟད་དོ་ཞེས་སྨྲ་བ་ནི། བདག་ནི་སྟོན་པ་གཞན་སྤངས་ནས། བཅོམ་ལྡན་ཁྱོད་ལ་སྐྱབས་སུ་སོང་བ་འདི་ནི་བདག་རང་གི་འདོད་པ་ཙམ་དུ་ཟད་ཀྱི་སྒྲུབ་བྱེད་ཅི་ཡང་མེད་ཅེས་རང་གི་སྐྱབས་འགྲོའི་མཚང་སྒྲོགས་པར་ཟད་དོ། །ཞེས་དང། དེའི་ཚེ་ལུང་གཉིས་ནི་བདེན་པའི་དོན་ཅན་ཡིན་མིན་དཔྱོད་པའི་གཞི་ཡིན་པས་རྩོད་གཞི་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར། རིགས་པ་ཉིད་ཀྱིས་བདེན་པའི་དོན་ཅན་ཡིན་མིན་དབྱེ་བར་བྱའོ། །ཞེས་དང། འདི་ཉིད་ལས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་འབྱེད་དགོས། ཞེས་གསུངས་པའི་ཕྱིར། ཁ་ཅིག་དག་སྣང་སྦྱོང་བའི་ཁུལ་བྱས་ཏེ་གསུང་རབ་ལས་དགག་སྒྲུབ་སྤང་བླང་དང་ཡོད་མེད་ཡིན་མིན་སོགས་སྒྲས་ཟིན་མི་མཐུན་པར་གསུངས་པ་ཐམས་ཅད་སྒྲ་ཇི་བཞིན་པར་རང་ལུགས་སུ་ཁས་ལེན་པ་ནི་བླུན་པོའི་གཏམ་འགལ་འདུའི་ཕུང་པོ་ཡིན་ཏེ། སྡོམ་གསུམ་རབ་དབྱེ་ལས། ཁ་ཅིག་ཐེག་པ་རང་ས་ན། །བདེན་པ་ཡིན་ཞེས་ཀུན་ལ་སྒྲོགས། །འཇིག་རྟེན་ཕ་རོལ་མེད་པ་སོགས། །ལྟ་ལོག་ཐམས་ཅད་བདེན་པར་འགྱུར། །ཅི་སྟེ་སངས་རྒྱས་ཐེག་པ་ཀུན། །རང་ས་ན་ནི་བདེན་སྙམ་ན། །འདི་ཡང་ཅུང་ཟད་བརྟག་པར་བྱ། །སངས་རྒྱས་གསུང་ལ་དྲང་དོན་དང། །ངེས་དོན་རྣམ་པ་གཉིས་སུ་ཡོད། །ཅེས་སོགས་དང། ཐུབ་བསྟན་བྱི་དོར་ལས། དེ་ཙམ་གྱི་འགལ་འདུའི་ཕུང་པོའང་འགལ་འདུར་མི་རིག་པ་ལས་ཆེས་ཆེར་བླུན་པའི་སྐྱེས་བུ་གང་ཞིག་ཡོད། བླུན་པོའི་རྟགས་བླ་ན་མེད་པ་དེ་ཉིད་གང་ཟག་ངོ་མཚར་བའི་སྒྲུབ་བྱེད་དུ་
ཇི་ལྟར་རུང། ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ཤེར་མདོ་ཆོས་ཅན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་ལ་འཇོག་མི་རིགས་པར་ཐལ། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གམ་ཡི་གེ་ལ་འཇོག་པའི་ཕྱིར་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་དོན་ནི་གང། ཡི་གེ་ནི་གང་ཞེ་ན། མདོར་ན་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བསྟན་པ་འདི་ནི་ཡི་གེ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། གོང་དུ་མ་ཁྱབ་སྟེ། དཔེར་ན་སྐས་ཀྱི་ཐེམ་པ་བར་མ་དེ་འོག་མ་ནས་ཡར་བགྲོད་སའི་ཐེམ་པ་གོང་མ་དང། དེའི་སྟེང་མར་བགྲོད་པའི་ཚེ་འདོར་རྒྱུའི་ཐེམ་པ་འོག་མར་འཇོག་པ་མི་འགལ་བ་བཞིན་ཡིན་པའི་ཕྱིར། དེས་ན་གང་ཟག་ཡིན་ན་གང་ཟག་ལ་མི་རྟོན་ཞེས་པའི་སྐབས་ཀྱི་གང་ཟག་དང། དགོས་པ་ཅན་གྱི་ཚིག་ཡིན་ན་དེའི་སྐབས་ཀྱི་ཆོས་ཡིན་པས་ཁྱབ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཚིག་ལ་མི་རྟོན་ཞེས་པའི་ཚིག་དང། གཏན་ལ་དབབ་བྱའི་ཆོས་ཐམས་ཅད་དེའི་སྐབས་ཀྱི་དོན་ཡིན། སྟོང་ཉིད་ལས་གཞན་པའི་ཆོས་ཐམས་ཅད་དེའི་སྐབས་ཀྱི་དྲང་དོན་དང། ལམ་གྱི་བསྒོམ་བྱའི་རྣམ་པ་ཐམས་ཅད་དེའི་སྐབས་ཀྱི་ངེས་དོན་ཡིན། འཕགས་པའི་མི་རྟོག་ཡེཤེས་ལས་གཞན་པའི་བློ་ཐམས་ཅད་དེའི་སྐབས་ཀྱི་རྣམ་ཤེས་དང། ལམ་ཐམས་ཅད་དེའི་སྐབས་ཀྱི་ཡེ་ཤེས་ལ་འཇོག་དགོས་པའི་ཕྱིར། བྱས་པ་ལ། ཁོ་ན་རེ། དེ་མི་འཐད་པར་ཐལ། སྲོག་གཅོད་ཀྱི་ལས་དང་དམྱལ་བའི་སྡུག་བསྔལ་སོགས་དོན་ལ་རྟོན་ཞེས་པའི་དོན་དང། ངེས་དོན་ལ་རྟོན་ཞེས་པའི་ངེས་དོན་གཉི་གར་འགྲོ་ཚུལ་མེད་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། ངན་འགྲོའི་
སྡུག་བསྔལ་བསམ་པའི་ཚེ་ཚིག་བརྗོད་པ་ཙམ་གྱིས་མི་ཆོག་པར་དོན་གྱི་རྣམ་པ་བློ་ཡུལ་དུ་འཆར་བ་ཞིག་དགོས། མི་དགེ་བཅུ་སྤོང་བ་ལའང་སོ་སོའི་ངོ་བོ་སྒྲ་སྤྱི་ཙམ་མ་ཡིན་པར་དོན་ལེགས་པར་ངེས་ནས་སྤོང་དགོས་པའི་རྒྱུ་མཚན་གྱིས་དེའི་སྐབས་ཀྱི་དོན་ལ་བཞག་ཆོག་པའི་ཕྱིར། དེ་བཞིན་དུ་དེའི་སྐབས་ཀྱི་ངེས་དོན་ལའང་བཞག་ཆོག་སྟེ། དེ་གཉིས་སོ་སོར་སྟོན་པའི་མདོ་ཡོད་པ་གང་ཞིག །དེ་འདྲའི་མདོ་ལ་དྲང་ངེས་འབྱེད་པའི་ཚེ་རང་གི་བསྟན་བྱའི་གཙོ་བོ་དེ་ངེས་དོན་དུ་འཇོག་དགོས་པའི་ཕྱིར། དེར་ཐལ། དེ་འདྲའི་མདོ་ལ་རྟོན་པ་བཞིས་དྲང་ངེས་འབྱེད་ཚུལ་ཡོད་པའི་ཕྱིར། ཁ་ཅིག་ན་རེ། སྐབས་འདིར་བྱང་ས་ལས་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་ཞེས་གསུངས་པ་དེ་འཁོར་བའི་ཉེས་དམིགས་སྟོན་བྱེད་དང། ཞི་བའི་ཕན་ཡོན་སྟོན་བྱེད་ལ་སྦྱོར་ཟེར་ན། འོ་ན་དེ་གཉིས་ཀ་དོན་གཅིག་ཡིན་པར་ཐལ། ཁྱོད་ཀྱིས་སྦྱོར་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་འགལ་བ་ཡིན་པའི་ཕྱིར། དེར་ཐལ། འཁོར་བར་འཁྱམ་བྱེད་ཀྱི་རྒྱུ་ཁོ་ན་སྟོན་པ་དེ་ནག་པོ་བསྟན་པ་དང། འཁོར་བའི་འཆིང་བ་དགྲོལ་བྱེད་ཀྱི་གཉེན་པོ་སྟོན་པ་དེ་ཆེན་པོ་སྟོན་པར་འཇོག་དགོས་པའི་ཕྱིར། མདོ་སྡེ་རྒྱན་གྱི་ཆ་ཊཱིཀ་ལས། ནག་པོ་བསྟན་པ་ལ་གཉེན་པོའི་དམིགས་པ་སྟོན་པ་མེད་པས། གཉེན་པོའི་དམིགས་པ་སྟོན་པ་ལ་ཆེན་པོ་སྟོན་པས་ཁྱབ་བོ། །ཞེས་དང། བྱང་སའི་འགྲེལ་པ་ཡོན་ཏན་འོད་ཀྱིས་མཛད་པ་ལས། ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་བྱ་བ་ནི། མདོ་སྡེ་ལ་འཇུག་ཅིང། འདུལ་བ་ལ་སྣང་ལ། ཆོས་ཉིད་དང་
མི་འགལ་བ་དེ་ནི་ཆེན་པོ་བསྟན་པ་ཡིན་ལ། དེ་ལས་བཟློག་པ་ནི་ནག་པོ་བསྟན་པའོ། །ཞེས་གསུངས་ཤིང། རྣམ་བཤད་རིགས་པ་ལས་ཀྱང། མདོ་སྡེ་ལ་འཇུག འདུལ་བ་ལ་སྣང། ཆོས་ཉིད་དང་མི་མཐུན་པ་མེད་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་གསུང་ཡིན་ཏེ། ཆེན་པོ་སྟོན་པ་ཚད་མ་ཉིད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ལམ་ཐམས་ཅད་འདིའི་ཡེ་ཤེས་སུ་འགྲོ་ཚུལ་ཡོད་དེ། འཁོར་བའི་ཕུན་ཚོགས་ལ་ཞེན་པ་རྣམ་ཤེས་སུ་བྱས་པའི་ཚེ། འཁོར་བའི་ཕུན་ཚོགས་ལ་ཞེན་པ་ལོག་པའི་ངེས་འབྱུང་གི་བསམ་པ་ཡེ་ཤེས་སུ་བྱེད་དགོས་པའི་ཕྱིར། འཁོར་བའི་ཕྱོགས་ཀྱི་བློ་རྣམས་རྣམ་ཤེས་དང། མྱང་འདས་ཀྱི་ཕྱོགས་སུ་གཏོགས་པ་རྣམས་ཡེ་ཤེས་སུ་བློ་གྲོས་མི་ཟད་པར་གསུངས་ལ། བདེན་བཞི་ཤེས་པ་ཡེ་ཤེས་སུ་སའི་དངོས་གཞིར་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྟོན་པ་བཞིའི་སྒོ་ནས་དྲང་ངེས་འབྱེད་པ་མི་འཐད་པར་ཐལ། དེ་དབང་རྟུལ་ལ་སྦྱར་ན་མི་རུང་བ་གང་ཞིག །དབང་རྣོན་ལའང་མི་རུང་བའི་ཕྱིར། དང་པོ་གྲུབ་སྟེ། དབང་རྟུལ་གྱིས་ལུང་ལ་ཡིད་ཆེས་བྱས་ཏེ་ཐེ་ཚོམ་མེད་པར་འཇུག་པས་དད་པའི་རྗེས་འབྲང་དང་ལུང་གི་རྗེས་འབྲང་དུ་བཤད་པ་གང་ཞིག །དེ་ལྟར་ན་ཚིག་ལ་མི་རྟོན་དོན་ལ་རྟོན་པའི་དོན་མི་ཚང་བའི་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། དབང་རྣོན་གྱིས་དེ་ཁོ་ན་ཉིད་མ་རྟོགས་པའི་གོང་དུ་ངེས་དོན་གྱི་མདོ་སྡེ་ལ་རྟོན་པར་མི་བྱེད་པའི་ཕྱིར། དེར་ཐལ། རྟོན་པ་ནི་ཡིད་ཆེས་པའི་དོན་ཡིན་པའི་ཕྱིར་དང། དབང་རྣོན་དེས་ངེས་དོན་གྱི་མདོར་ཡིད་ཆེས་ཀྱི་དང་བ་སྐྱེ་བའི་སྔོན་དུ་བརྗོད་བྱ་དེ་ཁོ་ན་ཉིད་རྟོགས་དགོས་པའི་ཕྱིར།
འགྲེལ་པ་དོན་གསལ་ལས། གཞི་དང་ལམ་དང་རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པས་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཀྱི་ཡུམ་ལ་གནོད་པ་མ་མཐོང་ནས། ཞེས་པ་ནས། གདོན་མི་ཟ་བར་སྲིད་པ་ཉིད་དོ། །ཞེས་ངེས་པར་བཟུང་ནས་དེ་ལ་རབ་ཏུ་དང་བ་སྐྱེད་པར་བྱེད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་རྒྱུ་མཚན་ངེས་དོན་གྱི་མདོ་རྣམས་རྗོད་བྱེད་མི་བསླུ་པར་རྟོགས་པ་དེ་བརྗོད་བྱ་ངེས་དོན་ཚད་མས་གྲུབ་པ་ལ་བརྟེན་ནས་འབྱུང་དགོས་པའི་ཕྱིར།རྣམ་འགྲེལ་ཊཱིཀ་ཆེན་ལས། བརྗོད་བྱ་རྟོགས་པའི་བསྟན་པ་ཚད་མས་གྲུབ་པའི་སྒོ་ནས་རྗོད་བྱེད་ལུང་གི་བསྟན་པ་སྐྱོན་མེད་པར་གྲུབ་པ་ཡིན་ལ། དེ་སྐྱོན་མེད་པར་གྲུབ་པ་ན་དེའི་རྟགས་ཀྱིས་སྟོན་པ་ཚད་མའི་སྐྱེས་བུར་གྲུབ་པར་བྱེད་པ་ཡིན་ཅིང། ཞེས་གསུངས་པའི་ཕྱིར་ཟེར། དེ་ལ་ཁ་ཅིག་གིས། དེ་མི་འཐད་པར་ཐལ། ངེས་དོན་གྱི་མདོ་སྡེ་སྐྱོན་མེད་དུ་གྲུབ་པ་དང་ངེས་དོན་རྟོགས་པ་དུས་མཉམ་པའི་ཕྱིར། དེར་ཐལ། ཤིན་ལྐོག་སྟོན་པའི་ལུང་བསྟན་དོན་ལ་མི་བསླུ་བར་རྟོགས་པ་དང་དེའི་བསྟན་བྱའི་ཤིན་ལྐོག་རྟོགས་པ་དུས་མཉམ་པའི་ཕྱིར། ཟེར་རོ། །སྔ་མ་མི་འཐད་པར་ཐལ། དབང་རྣོན་ལའང་དེ་ཁོ་ན་ཉིད་རྟོགས་པའི་སྔོན་དུ་ངེས་དོན་གྱི་མདོར་ཡིད་ཆེས་འབྱུང་བའི་ཕྱིར། དེར་ཐལ། དེ་ཁོ་ན་ཉིད་རྟོགས་པའི་སྔོན་དུ་ངེས་དོན་གྱི་མདོར་ཐོས་སོགས་ཀྱིས་འཇུག་པ་ཡོད་པའི་ཕྱིར། ཁྱབ་སྟེ། ཡིད་ཆེས་ཅུང་ཟད་ཀྱང་མེད་པར་དེ་ལ་འཇུག་པ་བླུན་པོའི་སྤྱོད་ཚུལ་ཡིན་པའི་ཕྱིར་དང། འཐད་ལྡན་ལས། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་པ་དེ་གཙོ་བོར་དཔྱད་ནས་འཇུག་པའི་དབང་རྣོན་གྱི་འཇུག་
ཚུལ་བཤད་པ་ཡིན་པའི་ཕྱིར། དེར་ཐལ། དབང་རྣོན་གྱིས་མདོ་དེ་ལ་གནོད་བྱེད་མི་འཇུག་པར་མཐོང་ནས་མཐའ་གཅིག་ཏུ་མི་འཐད་པར་འཛིན་པའི་སྒྲོ་འདོགས་ཆོད་ལ། རྩེ་གཉིས་པའི་སྒྲོ་འདོགས་ཆོད་ཟིན་པ་མིན་ཡང། དོན་འགྱུར་ཙམ་ལས་ཆ་མཉམ་པའི་ཐེ་ཚོམ་ཡང་ཆེར་མི་འབྱུང་བས་དེ་ལ་ཡིད་ཆེས་རྙེད་པར་བཞག་ཆོག་པའི་ཕྱིར། དེར་ཐལ། དེ་དུས་ཡིད་ཆེས་རྙེད་ཀྱང་སླར་དེའི་དོན་ལ་ཚད་མས་ངེས་པ་རྙེད་དེ་སྒྲོ་འདོགས་ལྷག་མེད་དུ་ཆོད་པ་ན་ཡིད་ཆེས་ཤུགས་དྲག་ཏུ་སོང་སྟེ་མི་ལྡོག་པའི་དང་བ་སྐྱེ་བའི་ཕྱིར་ཏེ། འགྲེལ་ཆུང་གི་དོན་ཡང་དེ་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། དེ་ཁོ་ན་ཉིད་རྟོགས་པའི་སྔོན་དུ་དེ་སྟོན་པའི་བཤེས་གཉེན་བསྟེན་མི་དགོས་པར་ཐལ། དེ་འདྲའི་བཤེས་གཉེན་ངོས་ཟིན་པ་དང་དེ་ལ་ཡིད་ཆེས་སྐྱེས་ནས་བསྟེན་པ་ལ་དེ་ཁོ་ན་ཉིད་རྟོགས་དགོས་པའི་ཕྱིར་ཏེ། དེའི་གདམས་ངག་ལ་དེ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། རྒྱན་ལས། དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་ཐོག་མར་དེ་ཁོ་ན་ཉིད་རྟོགས་པའི་ཡོན་ཏན་དང་ལྡན་པར་ཚད་མས་རྟོགས་མི་ནུས་ཀྱང། སྟོང་ཉིད་རྟོགས་པའི་རྟགས་ཀྱིས་ལུས་ངག་གི་སྤྱོད་པ་སོགས་གསུང་རབ་ནས་འབྱུང་བ་དང་གཞུང་དོན་འཆད་ལུགས་སོགས་ལ་བལྟས་ནས་རང་གིས་དཔྱོད་ཅིང་གཞན་ལའང་དྲིས་ཏེ་ཡིད་ཆེས་ནས་བླ་མར་བསྟེན་དགོས་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། འོ་ན། དེ་ལྟར་དཔྱད་པའི་ཚེ་སྟོན་པར་འཛིན་པའི་སྔོན་དུ་དེ་ལ་བྱང་གྲོལ་གྱི་ལམ་མཁྱེན་པའི་ཡོན་ཏན་ཡོད་པར་ཤེས་སམ་མི་
ཤེས། ཤེས་ན་རང་ཉིད་ཀྱི་སྡུག་བསྔལ་ཞི་བའི་ཐབས་ཤེས་ཟིན་པའི་ཕྱིར་དེ་ཚོལ་བ་དོན་མེད་ལ། མི་ཤེས་པར་བསྟེན་ན་ནི་བསྟེན་པར་བྱ་བ་དང་བསྟེན་པར་བྱ་བ་མིན་པའི་རྣམ་དབྱེ་མི་ཕྱེད་པར་ཐོག་མར་གང་ཕྲད་པ་དེ་བསྟེན་པར་རིགས་སོ་ཞེ་ན། སྐྱོན་མེད་དེ། འདི་ནི་རྟོགས་ལྡན་གྱི་བཤེས་གཉེན་ཚོལ་བའི་ཚུལ་ཡིན་ལ། དེ་ལ་ནི་ཐོག་མར་དོན་རགས་པ་ཚད་མས་ཤེས་ཤིང་ཅུང་ཟད་ཕྲ་བའི་ཡོན་ཏན་ཡོད་པ་ཡིད་དཔྱོད་ཀྱིས་ཀྱང་ཤེས་པར་འགྱུར་ཞིང། གཞན་ལ་དྲིས་པ་དང་གྲགས་པ་སོགས་ལས་ཀྱང་ཕྱོགས་ཙམ་རྟོགས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་མ་ཡིན་ན་སྟོང་ཉིད་རྟོགས་པ་ནམ་ཡང་མི་སྲིད་པར་ཐལ། དེ་ལ་སྔོན་དུ་དེ་སྟོན་པའི་བཤེས་གཉེན་ཚད་ལྡན་ཞིག་མོས་གུས་ཀྱིས་ཚུལ་བཞིན་བསྟེན་པ་མེད་མི་རུང་ཡིན་པ་གང་ཞིག །དེའི་སྔོན་དུ་དེ་ངོས་ཟིན་པ་དང་ཡིད་ཆེས་ཀྱིས་མོས་གུས་སྐྱེ་བ་མི་སྲིད་པའི་ཕྱིར། རྟགས་ཁས། དེ་ལྟར་ན་སྟོང་ཉིད་ཀྱི་ལྟ་བ་རྙེད་པའི་སྔོན་དུ་དེ་སྟོན་པའི་བླ་མ་དང་གསུང་རབ་ལ་རྟོན་པའི་ཡིད་ཆེས་ཙམ་འབྱུང་བ་མི་འགལ་བར་ཐལ། ལམ་རིམ་ལས། དེའི་འདྲའི་ལྟ་བའང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་གཅིག་གིས་བཙལ་དགོས། ཞེས་གསུངས་པའི་ཕྱིར། ལུགས་ཕྱི་མ་ངེས་དོན་སྟོན་པའི་ལུང་གནོད་མེད་དུ་མཐོང་བ་དང་ངེས་དོན་རྟོགས་པ་དུས་མཉམ་པའང་མི་འཐད་པར་ཐལ། ཤིན་ལྐོག་སྟོན་པའི་ལུང་གནོད་མེད་དུ་མཐོང་ན་ཤིན་ལྐོག་གི་དོན་དེ་རྟོགས་པས་མ་ཁྱབ་པའི་ཕྱིར། དེར་ཐལ། ཤིན་ལྐོག་སྟོན་པའི་ལུང་དེ་སྒྲུབ་ཀྱི་ཆོས་ཅན་དང། དཔྱད་པ་གསུམ་གྱིས་གནོད་པ་མེད་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདིའི་འཁྲུལ་གཞི་ནི་ཤིན་ལྐོག་བསྟན་པ་ལ་
རང་ཚིག་འགལ་བ་སོགས་ཀྱི་གནོད་པ་མེད་པར་རྟོགས་པ་དེ་ཡིད་ཆེས་རྗེས་དཔག་ལ་ཐུག་སྙམ་པར་སྣང་ཡང། དེ་མ་ཡིན་ཏེ། ཐར་ལམ་གསལ་བྱེད་ལས། ཤིན་ཏུ་ལྐོག་གྱུར་སྟོན་པའི་སྐབས་སུ་སྔ་ཕྱི་དང་དངོས་ཤུགས་འགལ་བ་མེད་པ་ཡིད་ཆེས་རྗེས་དཔག་གིས་གྲུབ་པ་མི་འཐད་དེ། ད་དུང་དེ་མ་སྐྱེས་པའི་ཕྱིར། དངོས་སྟོབས་ཀྱི་ཚད་མས་ཀྱང་མ་གྲུབ་སྟེ། དེ་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་མི་འཇུག་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ནང་འགལ་མེད་པ་དངོས་སྟོབས་ཀྱིས་གྲུབ་ཀྱང། ཤིན་ཏུ་ལྐོག་གྱུར་གྱི་དོན་དེ་གྲུབ་མི་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱོད་ལྟར་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བའི་རྟགས་རྟོགས་ན་བསྒྲུབ་བྱ་རྟོགས་པས་ཁྱབ་པར་ཐལ། དེའི་རྟགས་དེའང་ཡིད་ཆེས་རྗེས་དཔག་གིས་འགྲུབ་དགོས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་ཡིད་ཆེས་རྗེས་དཔག་ཏུ་འགྲོ་སའི་ཡུལ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། དེས་མཚོན་ཏེ་ལུགས་སྔ་མ་ལ་སྦྱོར་བ་དེའི་ཤེས་འདོད་ཆོས་ཅན་རྟོགས་པ་ལ་བསྒྲུབ་བྱ་རྟོགས་པ་སྔོན་དུ་འགྲོ་དགོས་པར་ཐལ་བའང་འཕེན་ནོ། །ཁོ་ན་རེ། སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བར་བཤད་པ་ལ་གནོད་པ་མེད་པ་དེ་ཡིད་ཆེས་རྗེས་དཔག་ཁོ་ནས་བསྒྲུབ་དགོས་པར་ཐལ། དེ་དངོས་སྟོབས་ཀྱི་རིགས་པས་སྒྲུབ་ལུགས་མེད་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། གནས་སྐབས་ཀྱི་རྐྱེན་གང་ལ་བརྟེན་ནས་བདེ་བ་འབྱུང་བ་དང་མི་འབྱུང་བ་གཉིས་དངོས་འགལ་ཡིན་པ་སུས་ཀྱང་
མངོན་སུམ་གྱིས་གྲུབ་པ་བཞིན། སྦྱིན་པ་ལས་ལོངས་སྤྱོད་འབྱུང་མི་འབྱུང་གཉིས་ཀྱང་འགལ་དགོས་པ་ཤེས་སླ་ལ། གསུང་རབ་ལས་ཀྱང་དེ་འདྲའི་བཤད་པ་གོང་འོག་མི་མཚུངས་པ་བྱུང་ན་དོན་དེ་ལ་གནོད་པ་གྲུབ་ནའང། དེ་འདྲ་དངོས་དང་དོན་ཐོབ་གང་ལའང་སྟོན་རྒྱུ་མི་རྙེད་པས། གནོད་པ་མི་འཇུག་པར་དངོས་སྟོབས་ཀྱིས་གྲུབ་པ་ཡིན་པའི་ཕྱིར། དཔེར་ན་ཕྱི་རོལ་པ་ཁ་ཅིག་ཆགས་སོགས་འཁོར་བའི་རྩ་བར་འདོད་ཅིང། ཁྲུས་དང་གཙང་སྦྲ་སོགས་ཀྱིས་འཁོར་བ་ལས་གྲོལ་བར་བཤད་པ་དེར་གནོད་པ་སྟོན་པའི་ཚེ། ཁྲུས་ཀྱིས་འཁོར་བ་ལས་གྲོལ་བ་ལ་མངོན་སུམ་གྱི་གནོད་པ་སྟོན་མི་ཐུབ་ཀྱང། ཆགས་སེམས་མངོན་དུ་གྱུར་པ་ན་ཁྲུས་བྱས་པས་དེ་ལ་ཅུང་ཟད་ཀྱང་མི་གནོད་པ་མངོན་སུམ་གྱིས་གྲུབ་པས། དེ་ལ་དཔག་ན་དེའི་རྩ་བ་ཅན་གྱི་འཁོར་བ་ལའང་མི་གནོད་པར་གོ་ནུས་པའི་ཕྱིར། རྣམ་འགྲེལ་ལས། ཆགས་སོགས་ཆོས་མིན་རྩ་བ་དང། །ཁྲུས་ཀྱིས་ཆོས་མིན་དག་འགྱུར་བའོ། །ཞེས་དང། ཊཱིཀ་ཆེན་ལས། གང་ཞིག་གང་གི་རྒྱུ་ལ་མི་གནོད་པ་དེས་ནི་དེའི་འབྲས་བུ་འཇོམས་པར་ནུས་པ་མ་ཡིན་ཏེ། མངར་བ་དང་སྣུམ་པའི་རྫས་ཀྱིས་བད་ཀན་ལ་མི་གནོད་པ་བཞིན། ཆུའི་ཁྲུས་ཀྱིས་ཀྱང་སྡིག་པའི་རྒྱུ་ཆགས་སོགས་ལ་གནོད་པ་མ་ཡིན་ནོ། །ཞེས་བྱ་བ་འགལ་ཁྱབ་དམིགས་པའོ། །ཞེས་གསུངས་པའི་ཕྱིར། དེས་ན་རྟགས་ཡང་དག་གང་ཡིན་ཀྱང་ཚུལ་གསུམ་དངོས་སྟོབས་ཀྱིས་གྲུབ་པ་དང། དེའང་མཐར་མངོན་སུམ་ལ་ཐུག་པ་ཞིག་དགོས་ཏེ། སྤྱི་དོན་རིགས་རྒྱན་ལས། རྟགས་ཡང་དག་ཐམས་ཅད་ཀྱི་ཚུལ་གསུམ་མཐར་དངོས་པོ་སྟོབས་ཤུགས་ཀྱིས་གྲུབ་དགོས་པའི་ཕྱིར་རོ། །ཞེས་གསུངས་
པའི་ཕྱིར། ཁ་ཅིག་ན་རེ། དཔྱད་པ་གསུམ་གྱིས་དག་ཚུལ། མཐོང་བ་མངོན་གྱུར་སྟོན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ། མཐོང་བ་ལྐོག་གྱུར་སྟོན་པའི་ཆ་ལ་དངོས་སྟོབས་རྗེས་དཔག་གིས་གནོད་པ་མེད་པ། ཤིན་ཏུ་ལྐོག་གྱུར་སྟོན་པའི་ཆ་ལ་ཡིད་ཆེས་རྗེས་དཔག་གིས་གནོད་པ་མེད་པ་ཞེས་བཤད་རིགས་པར་ཐལ། ཁྱོད་ཀྱིས་བསྲེགས་བཅད་བརྡར་བའི་སྒོ་ནས་གསེར་གྱི་སྐྱོན་ཡོན་ཕྲ་རགས་ལ་རྟོག་ཚུལ་གསུམ་དང་དཔེ་དོན་སྦྱོར་ལུགས་འཐད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན་གཞལ་བྱའི་གནས་གསུམ་ཆར་སྟོན་པའི་ངེས་པ་མེད་པའི་ཕྱིར་ཏེ། ཤིན་ལྐོག་ཁོ་ན་སྟོན་པའི་ལུང་ཡོད་པའི་ཕྱིར། ཁྱབ་སྟེ། མཐོང་བ་མངོན་གྱུར་མི་སྟོན་ན་དེ་སྟོན་པའི་ཆ་ལ་གནོད་པ་ཡོད་མེད་དཔྱད་དོན་མེད་པའི་ཕྱིར། སྡེ་བདུན་རྒྱན་ལས། དེས་ན། མཐོང་དང་མ་མཐོང་དངོས་པོ་ཡི། །ཞེས་སོགས་ཀྱི་དོན་ཡང་མཐོང་བ་མངོན་གྱུར་སྟོན་པའི་ཆ་ལ་ཞེས་སོགས་སུ་སྦྱོར་རྒྱུ་མིན་གྱི། ཁྱོད་ཀྱི་བརྗོད་བྱ་ལ་མཐོང་བ་མངོན་གྱུར་དུ་འཇལ་བའི་མངོན་སུམ་གྱི་ཚད་མས་ཀྱང་གནོད་པ་མེད། མ་མཐོང་བ་ལྐོག་གྱུར་དུ་འཇལ་བའི་ཚད་མས་ཀྱང་གནོད་པ་མེད། རང་ཚིག་འགལ་བ་སོགས་ཀྱིས་ཀྱང་གནོད་པ་མེད་པའི་ལུང་ཡིན་པའི་ཕྱིར་ཞེས་སྦྱོར་རྒྱུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ནི་སྔ་མས་བཤད་ཚུལ་གྱི་རྣམ་གྲངས་ཙམ་ཡིན་གྱི། མཁས་གྲུབ་ཐམས་ཅད་མཁྱེན་པ་རང་གི་བཞེད་པ་མིན་ཏེ། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། འོ་ན་ཁྱད་པར་གསུམ་ལྡན་གྱི་ལུང་ཞིག་གཞིར་བྱས་ནས་དེ་རང་གི་བརྗོད་བྱ་ལ་མི་སླུ་བར་སྒྲུབ་པ་ཡིན་ན།
རྟགས་གང་གིས་བསྒྲུབ་པར་བྱ་ཞེ་ན། མཐོང་བ་མངོན་གྱུར་སྟོན་པ་ལ་མངོན་སུམ་གྱིས་གནོད་པ་མེད་པ། དཔེར་ན་སྔོན་པོ་མངོན་གྱུར་དུ་བསྟན་པ་ལ་མངོན་སུམ་གྱིས་གནོད་པ་མེད་ཅིང་གྲུབ་པ་དང། གཞན་དག་མངོན་གྱུར་དུ་འདོད་པའི་སྤྱི་དོན་གཞན་སོགས་མངོན་གྱུར་མིན་པར་བསྟན་པ་ལ་མངོན་སུམ་གྱིས་གནོད་པ་མེད་པ་ལྟ་བུ་དང། མཐོང་བ་ལྐོག་གྱུར་གྱི་དོན་སྟོན་པ་ལ་དངོས་པོ་སྟོབས་ཤུགས་ཀྱི་རྗེས་དཔག་ཉིད་ཀྱིས་གནོད་པ་མེད་པ། དཔེར་ན་འཕགས་པའི་བདེན་པ་བཞི་གཏན་ལ་ཕབ་པ་ལ་དངོས་པོ་སྟོབས་ཤུགས་རྗེས་དཔག་གིས་གནོད་པ་མེད་ཅིང་གྲུབ་ལ། གཞན་དག་ལྐོག་ཏུ་གྱུར་འདོད་པའི་བདག་དང་གཙོ་བོ་སོགས་བཀག་པ་ལ་རྗེས་དཔག་གིས་གནོད་པ་མེད་པ་ལྟ་བུ་དང། མ་མཐོང་བའི་དངོས་པོ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་དེ་དག་ལུང་དེ་ལས་ཇི་ལྟར་བསྟན་པ་ལྟར་ཁས་བླངས་པ་ལ་ལུང་ལ་བརྟེན་པའི་རྗེས་དཔག་གིས་ཀྱང་གནོད་པ་མེད་ཅིང། རང་ཚིག་སྔ་ཕྱི་འགལ་བ་དང་དངོས་ཤུགས་འགལ་བས་ཀྱང་གནོད་པ་མེད་པ། དཔེར་ན་ཆགས་སོགས་སྡིག་པའི་རྩ་བའང་ཡིན། ཁྲུས་དང་མར་མེར་ལྡུགས་པ་སོགས་ཀྱིས་སྡིག་པ་དག་པའང་ཡིན་པའི་གཞི་མཐུན་བཀག་པ་དང། སྦྱིན་པ་དང་མི་འཚེ་བ་སོགས་ཆོས་སུ་བཤད་པ་ལ་ནང་འགལ་མེད་པ་སྟེ། དེ་ལྟར་དཔྱད་པ་གསུམ་གྱིས་དག་པ་དེ་ཁྱད་པར་གསུམ་ལྡན་གྱི་ལུང་འདིའི་རང་གི་བརྗོད་བྱ་ལ་མི་སླུ་བའི་རྒྱུ་མཚན་ཡང་དག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉི་ག་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ཡིན་ཀྱང། ཊཱིཀ་ཆེན་ནི་དཔྱད་པ་རྫོགས་དུས་ཀྱི་ཕྱི་རྩོམ་ཡིན་པས་དབང་བཙན་དགོས་ལ་རྩ་བ་དང་མཐུན་ཚབས་ཆེ་བས་དེ་བཞིན་བྱེད་དགོས་
ཏེ། དེའི་ཐད་ཀྱི་རྣམ་འགྲེལ་ལེའུ་དང་པོར། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང། །རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང། །གནོད་མེད་འདི་ཡི་མི་སླུ་བའོ། །ཞེས་དང། ལེའུ་བཞི་པར་ཡང། མཐོང་དང་མ་མཐོང་བ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་དེ། །གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོན་དེ་དག་ལ། ཞེས་དང། མ་མཐོང་བ་དག་ལ། ཞེས་དོན་དེ་དང་དེ་བསྟན་པ་ལ་གནོད་པ་མེད་པར་གསུངས་ཀྱི། དོན་དེ་རྟོགས་པའི་མངོན་སུམ་སོགས་ཀྱིས་གནོད་པ་མེད་པའི་དོན་ཡིན་ན། དོན་དེ་རྟོགས་པའི་མངོན་སུམ་དང། །ཞེས་སོགས་དྲུག་སྒྲ་བྱེད་དགོས་ཀྱི། གནས་གཞིར་བྱེད་མི་རིགས་པའི་ཕྱིར། ཁོ་ན་རེ། ཤིན་ལྐོག་སྟོན་པ་ལ་ལུང་ལ་བརྟེན་པའི་ཡིད་ཆེས་རྗེས་དཔག་གིས་གནོད་པ་མེད་པར་རྟོགས་པ་མི་འཐད་པར་ཐལ། ཤིན་ལྐོག་དེ་བསྒྲུབ་བྱ་ཡིན་པས་དེ་རྟོགས་པའི་ཡིད་ཆེས་རྗེས་དཔག་དེ་དུས་མ་སྐྱེས་པར་ཁྱེད་ཀྱིས་སྔར་བསྒྲུབས་པ་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྗེས་དཔག་རྣམ་པ་གཉིས་ཞེས་པའི་གཉིས་པོ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར་ཟེར་ན། འདི་ལ་དཔྱད་གཞི་ཅུང་ཟད་སྣང་ངོ་། །གཞལ་བྱའི་གནས་གཉིས་པ་ལ་ཡིད་ཀྱི་མུན་སེལ་དུ་མ་མཐོང་བ་ལྐོག་གྱུར་ཅེས་འབྱུང་ཡང། ཊཱིཀ་ཆེན་དུ་མཐོང་བ་ལྐོག་གྱུར་ཅེས་གསུངས་པའང་ཕྱི་མ་ལྟར་བྱེད་དགོས་ཏེ། སློབ་དཔོན་ཆོས་མཆོག་གིས། རྟེན་མིག་མཐོང་བས་ཀྱང་མཐོང་བར་བརྗོད་དོ། །ཞེས་དབང་རྟེན་མཐོང་བའི་སྒོ་ནས་མིག་མཐོང་བར་འཇོག་པ་བཞིན། ཅུང་ཟད་ལྐོག་གྱུར་ནི་ཤིན་
ལྐོག་ལ་ལྟོས་ཏེ་མངོན་གྱུར་དང་ཉེ་བས་མཐོང་བར་འཇོག་པར་ཐར་ལམ་གསལ་བྱེད་ལས་གསུངས་པའི་ཕྱིར། ཁོ་ན་རེ། མི་རྟག་པ་རྟོགས་པའི་རྗེས་དཔག་གིས་མི་རྟག་པ་མཐོང་བར་ཐལ། དེ་མཐོང་བ་ལ་མངོན་སུམ་དུ་མཐོང་མི་དགོས་པའི་ཕྱིར། འདོད་མི་ནུས་ཏེ། བདེན་པ་མཐོང་བའི་སོ་སྐྱེ་མེད་པའི་ཕྱིར་ཏེ། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པའི་ཕྱིར་དང། མདོ་ལས་ཆོས་མཐོང་བ་ཆོས་ཐོབ་པ་སོགས་འཕགས་པ་ཁོ་ནར་སྦྱར་ཞིང། གཞི་འགྲེལ་ལས་ཀྱང། ཆོས་ཀྱི་མིག་ཅེས་བྱ་བ་འཕགས་པའི་བདེན་པ་བཞི་མཐོང་བས་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ། ཁྱོད་རང་ལ་དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང། །ཞེས་གཙོ་སེམས་དེ་རང་སྟོབས་ཀྱིས་དོན་གྱི་ངོ་བོ་ཙམ་མཐོང་བར་བཤད་པ་དང། རྣམ་འགྲེལ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པ་གོ་བཟློག་རིགས་པར་ཐལ། རྗེས་དཔག་ཡིན་ན་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ་མ་མཐོང་བས་ཁྱབ་པའི་ཕྱིར་ཏེ། དེ་མཐོང་ན་མངོན་སུམ་དུ་རྟོགས་དགོས་པའི་ཕྱིར། རྟགས་ཁས། ཡང་ཁོ་ན་རེ། དཔྱད་གསུམ་གྱིས་དག་པའི་ལུང་གིས་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བ་སྒྲུབ་མི་ནུས་པར་ཐལ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་འདིས་སྒྲུབ་མི་ནུས་པའི་ཕྱིར། དེར་ཐལ། དེ་འདྲའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར།
ཞེས་བཀོད་པའི་ཚེ། ལུང་དེས་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བར་སྒྲུབ་པ་མ་ཡིན་པ་གང་ཞིག །འགོད་ཚུལ་གཞན་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཊཱིཀ་ཆེན་ལས། འདིས་ནི་དཔྱད་གསུམ་གྱིས་དག་པའི་ལུང་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བའི་སྒྲུབ་བྱེད་དང། མི་འབྱུང་བ་ལ་གནོད་བྱེད་དུ་བསྟན་པ་ཡིན་གྱི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པ་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བའི་སྒྲུབ་བྱེད་དང། མི་འབྱུང་བ་ལ་གནོད་བྱེད་དུ་བསྟན་པ་མ་ཡིན་ཞིང། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། ལུང་དེ་རྟགས་སུ་བཀོད་ནས་སྒྲུབ་པ་མིན་ཞེས་པའི་དོན་ཡིན་པའི་ཕྱིར། གོད་དུ་འདོད་ན། ཤིན་ལྐོག་ཐམས་ཅད་སྒྲུབ་བྱེད་ལ་དཔྱད་གསུམ་གྱིས་དག་པའི་ལུང་རང་ལྡོག་དེ་མ་གཏོགས་མེད་པར་ཐལ། ལུང་བྱེ་བྲག་པ་ཡིན་ན་དེ་མ་ཡིན་དགོས་པའི་ཕྱིར། འདོད་ན། ཐམས་ཅད་སྒྲུབ་བྱེད་ཀྱི་ལུང་གཅིག་ཡིན་པར་ཐལ་ལོ། །ཡང་ཁ་ཅིག །མི་རྟག་པ་སྟོན་པའི་ལུང་རྩོད་གཞིར་བཟུང་ནས་དེ་ལྟར་བཀོད་ཆོག་ཟེར་ན། མི་འཐད་པར་ཐལ། མི་རྟག་པ་སྒྲུབ་པའི་ཚེ་བྱས་པའི་རྟགས་ལྟ་བུས་སྒྲུབ་ན་སླ་བས་དེ་ལྟར་བྱེད་པ་དགོས་པ་མེད་པའི་ཕྱིར། སྡེ་བདུན་རྒྱན་ལས། འོ་ན་སྒྲ་མི་རྟག་པར་སྒྲུབ་པ་ལའང་སྒྲ་མི་རྟག་པར་སྟོན་པའི་ལུང་ཆོས་ཅན། ཁྱོད་རང་གི་བསྟན་བྱའི་དོན་ལ་མི་སླུ་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་བཀོད་ན་སྐྱོན་ཅི་ཡོད་ཅེ་ན། དགོས་པ་མེད་པའི་སྐྱོན་ཡོད་དེ། ལུང་དེ་དཔྱད་པ་གསུམ་གྱིས་དག་པར་སྒྲུབ་པ་ལས་སྒྲ་མི་རྟག་པར་ཚད་མས་གྲུབ་པར་སྒྲུབ་དགོས་ལ། དེ་སྒྲུབ་པ་ལ་སྒྲ་མི་རྟག་པར་
སྒྲུབ་པའི་རྟགས་འགོད་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང། རྣམ་འགྲེལ་ལས། དཔྱོད་པ་ཀུན་ལ་བསྟན་བཅོས་ནི། །ཟུང་ཞེས་ལུགས་འདི་སུ་ཡིས་བྱས། །གནས་གསུམ་པར་ནི་འཕོས་པ་ན། །ལུང་འདྲེན་པ་ནི་མཁས་པའི་ལུགས། །ཞེས་གསུངས་པའི་ཕྱིར། རྟོན་བཞིའི་རྣམ་གཞག་འདི་རྣམས་སྤྱི་བཤད་ཀྱི་སྐབས་ཡིན་པས་ཐལ་འགྱུར་བའི་ལུགས་ལྟར་བྱེད་དགོས་ལ། བློ་གྲོས་མི་ཟད་པའི་མདོར་གསུངས་ཚུལ་དེ་དབུ་མ་པའི་ལུགས་ལས་གཞན་དུ་འདྲེན་པའི་ཐབས་མེད་པ་ལྟ་བུ་ཞིག་ཡིན་པས། བཤད་གཞིའི་དབང་གིས་བློ་བརྟན་གྱིས་ཀྱང་དེའི་དོན་ཀླུ་སྒྲུབ་ཀྱི་བཞེད་ཚུལ་གཙོ་བོར་བྱས་ནས་གསུངས་སོ། །དེ་ལྟར་རྟོན་བཞིའི་རྣམ་གཞག་ཅུང་ཟད་བཤད་པའང། ཀུན་མཁྱེན་བླ་མའི་མཐའ་དཔྱོད་དུ་གསུངས་ཟིན་པའི་དགག་གཞག་ལུང་རིགས་རྣམས་ཚུར་དྲངས་ན་མང་གིས་དོགས་ཏེ་མ་བཀོད་པར། དེར་ཁ་སྐོང་གི་ཚུལ་དུ་བྱས་པ་ཡིན་པས་དོན་གཉེར་ཅན་རྣམས་གཉི་ག་སྦྲགས་ནས་དཔྱོད་དགོས་ཏེ། སྐབས་འོག་མ་རྣམས་ལའང་དེ་བཞིན་དུ་བྱའོ། །སྟོན་པ་མཆོག་དེའི་ཐུགས་ཀྱི་བཅུད། །རྟེན་འབྲེལ་ཟབ་མོ་རྟོགས་པའི་ཐབས། །རྟོན་བཞིའི་རྣམ་གཞག་བཤད་པ་འདིར། །བརྟེན་ནས་བློ་མིག་འབྱེད་པར་མཛོད། །འཛམ་གླིང་ཁོར་ཡུག་ཡངས་པར་ཐུབ་བསྟན་ལ། །སྣ་ཚོགས་རི་མོར་བགྱིད་རྣམས་ཕྱག་གི་ཡུལ། །མི་མཉམ་ལས་འདིར་བརྩོན་པ་རང་གྲིབ་ཀྱི། །གྲོགས་ཅན་སྐྱོ་བའི་རྒྱང་གླུ་ཕྱོགས་བཅུར་ལེན། །༈ གཉིས་པ་དྲང་ངེས་ཇི་ལྟར་འབྱེད་པའི་ཚུལ་ལ་གཉིས། མདོ་སྡེ་དགོངས་འགྲེལ་ལ་བརྟེན་པའི་ཕྱོགས་དང། བློ་གྲོས་མི་ཟད་པའི་མདོ་ལ་བརྟེན་པའི་
ཕྱོགས་སོ། །དང་པོ་ལ་གཉིས། མདོ་སྡེ་ནས་ཇི་ལྟར་གསུངས་པའི་ཚུལ་དང། དེའི་དོན་ཐོགས་མེད་སྐུ་མཆེད་སོགས་ཀྱིས་བཀྲལ་ཚུལ་ལོ། །དང་པོ་ལའང། མདོ་སྡེ་ལ་འགལ་སྤོང་གི་དྲི་བ། འགལ་བ་དེ་སྤོང་བའི་ལན། ངོ་བོ་ཉིད་གསུམ་གྱི་ངོ་བོ་ངོས་བཟུང་བ། དེ་དག་གི་གྲུབ་པའི་དོན་ཞུས་ཚུལ་དང་བཞི། དང་པོ་ནི། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཅེས་པ་ནས། དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་དྲི་བའི་གཞུང་བཀོད་ཅིང། འདིས་ནི་མདོ་སྡེ་ཁ་ཅིག་ཏུ་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པ་དང། ཞེས་པ་ནས། མི་བསྐྱུད་པ་ནི་མི་བརྗེད་པའོ། །ཞེས་པའི་བར་གྱིས་དེའི་དོན་གོ་དཀའ་བ་རྣམས་བཀྲལ་བ་ཡིན་ནོ། །དེའང་དགོངས་འགྲེལ་ལ་དྲི་ལན་མི་འདྲ་བའི་ལེའུ་བཅུ་ཡོད་དེ། དང་པོ་རྣམ་རིག་ཙམ་གྱི་དེ་ཉིད་གཏན་ལ་འབེབས་པ་དགོངས་པ་ངེས་འགྲེལ་དང་ཚུལ་བཞིན་ཀུན་ཏུ་དྲི་བ་གཉིས་ཀྱི་དྲིན་ལན་གྱི་ལེའུ། གཉིས་པ་ཆོས་ཉིད་རྟོག་གེའི་སྤྱོད་ཡུལ་ལས་འདས་པར་སྟོན་པ་ཆོས་འཕགས་ཀྱི་ལེའུ། གསུམ་པ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་སྟོན་པ་བློ་གྲོས་རྣམ་དག་གི་ལེའུ། བཞི་པ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པར་སྟོན་པ་རབ་འབྱོར་གྱི་ལེའུ། ལྔ་པ་ཀུན་གཞི་གཙོ་བོར་སྟོན་པ་བློ་གྲོས་ཡངས་པའི་ལེའུ། དྲུག་པ་མཚན་ཉིད་གསུམ་སྟོན་པ་ཡོན་ཏན་འབྱུང་གནས་ཀྱི་ལེའུ། བདུན་པ་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པའི་དྲང་ངེས་སོ་སོར་འབྱེད་པ་དོན་དམ་ཡང་དག་འཕགས་
ཀྱི་ལེའུ། བརྒྱད་པ་ཞི་ལྷག་གི་རྣམ་གཞག་སྟོན་པ་བྱམས་པས་ཞུས་པའི་ལེའུ། དགུ་པ་ས་བཅུའི་རྣམ་གཞག་སྟོན་པ་སྤྱན་རས་གཟིགས་ཀྱིས་ཞུས་པའི་ལེའུ། བཅུ་པ་སངས་རྒྱས་ཀྱི་སའི་ཡོན་ཏན་སྟོན་པ་འཇམ་དཔལ་གྱིས་ཞུས་པའི་ལེའུ་རྣམས་སོ། །དཀའ་འགྲེལ་ལས་རབ་འབྱོར་གྱི་ལེའུ་མ་བགྲང་བ་ནི། ཁ་ཅིག །རྒྱ་ནག་འགྲེལ་ཆེན་དུ་གླེང་གཞིའི་ལེའུ་སྟེ་དང་པོའོ། །ཞེས་འབྱུང་བ་དང། འདི་ཉིད་ལས་ཀྱང་འོག་ཏུ་གླེང་གཞིའི་ལེའུ་ཞེས་འབྱུང་བས་དེ་ལྟར་ན་ལེའུ་བཅུ་གཅིག་ཏུ་འགྱུར་བས་མ་བགྲང་བ་ཡིན་ཟེར་ཡང། དེ་ནི་མདོ་གཞན་བཞིན་གླེང་གཞི་རྫོགས་མཚམས་ནས་ལེའུ་བྱས་ཀྱང་དོན་གྱིས་ཐོབ་པ་ལ་དགོངས་པ་ཡིན་གྱི། རབ་འབྱོར་གྱི་ལེའུ་གཞུང་རང་ན་ལེའུ་བྱས་ནས་ཡོད་ལ། གཏན་ལ་དབབ་པ་བསྡུ་བས་ཀྱང་དེ་བཞིན་དྲངས་པས་འདོར་ཐབས་མེད་དོ། །དེས་ན་དཀའ་འགྲེལ་གྱི་དགོངས་པ་ནི། རྣམ་བཤད་སྙིང་པོ་རྒྱན་ལས། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་བཅུས་སྟོན་པ་ལ་དྲི་བ་མི་འདྲ་བ་རེ་རེ་མཛད་པའི། ཞེས་གསུངས་པ་དང། མདོའི་གླེང་གཞིར་སེམས་དཔའ་བཅུའི་མཚན་སྨོས་ཀྱང་རབ་འབྱོར་མ་བྱུང་བས་ལེའུ་དེ་སེམས་དཔའ་བཅུའི་དྲིས་ལན་གྱི་གྲངས་མ་ཡིན་པ་ལ་དགོངས་སོ། །སེམས་དཔའ་བཅུ་ཡོད་ཀྱང་དང་པོ་གཉིས་ལ་དྲི་ལན་ལེའུ་གཅིག་ལས་མེད་པས་རབ་འབྱོར་གྱི་ལེའུ་སྟེ་བཅུ་ཡིན་ལ། དེ་དག་གིས་སེམས་ཙམ་པའི་ལུགས་ཀྱི་གཞི་ལམ་འབྲས་བུའི་རྣམ་གཞག་ཆ་ཚང་བར་སྟོན་ཏེ། ཐེག་བསྡུས་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང། །ཡེ་
ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་ཤེས་བྱའི་གནས་ཀུན་གཞི་དང། མཚན་ཉིད་ཅེས་པའི་མཚན་ཉིད་གསུམ་སྟེ། དེ་བཞིའི་སྒོ་ནས་གཞིའི་རྣམ་གཞག་གཏན་ལ་འབེབས། དེར་འཇུག་ཅེས་དྲོད་རྩེ་དང། བཟོད་མཆོག་དང། མཐོང་ལམ་གསུམ་ན་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་ལ་འཇུག་ཚུལ་དང། དེ་ཡི་རྒྱུ་འབྲས་ཞེས་ཕྱིན་དྲུག་དང། དེ་རབ་དབྱེ་ཞེས་ས་བཅུར་འབྱེད་ཚུལ་དང། བསླབ་པ་གསུམ་ཞེས་པས་བསླབ་པ་གསུམ་དུ་བསྡུ་ཚུལ་ཏེ་ལམ་གྱི་རྣམ་གཞག་གཏན་ལ་འབེབས། དེ་འབྲས་སྤངས་པ་དང་ཞེས་པས་མི་གནས་པའི་མྱང་འདས་དང། ཡེ་ཤེས་ཞེས་པས་ཡེ་ཤེས་ཆོས་སྐུ་སྟེ་གཉིས་ཀྱིས་འབྲས་བུའི་དོན་གཏན་ལ་འབེབས་པས་དགོངས་འགྲེལ་དང་ཁོག་མཐུན་ཀྱང་དོན་ཚན་རེ་རེ་དང་ལེའུ་རེ་རེ་སོ་སོར་སྦྱོར་དགོས་པ་མ་ཡིན་ཏེ། ལེའུ་བརྒྱད་པ་དང་དགུ་པས་ལམ་བསྟན། བཅུ་པའི་འབྲས་བུ་བསྟན་ལ། གཞན་བདུན་ཀས་གཞིའི་རྣམ་གཞག་གཏན་ལ་འབེབས་པའི་ཕྱིར། དེ་དག་ལས་འདིར་དོན་དམ་ཡང་དག་འཕགས་ཀྱིས་མདོ་སྡེ་ལ་འགལ་སྤོང་གི་དྲི་བ་ཞུས་ནས་དྲང་ངེས་ཕྱེ་བའི་ཚུལ་གཙོ་བོར་འཆད་པ་ཡིན་ནོ། །དེའང་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀལ་སྩལ། སྐྱེ་བའི་མཚན་ཉིད་དང། འཇིག་པའི་མཚན་ཉིད་དང་ཞེས་པ་ནི། རྒྱལ་བོ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། གཟུགས་ལ་སྐྱེ་བའང་ཡོད། འཇིག་པའང་ཡོད། དེའི་སྐྱེ་བ་དང་འཇིག་པའང་ཤེས་པར་བྱའོ། །རྒྱལ་པོ་ཆེན་པོ་ཚོར་བ་དང། ཞེས་སོགས་ཡིན། སྤངས་
པ་དང་ཡོངས་སུ་ཤེས་པའང་བཀའ་སྩལ་ཅེས་པ་ནི། མདོ་དེ་ཉིད་ལས། རྒྱལ་པོ་ཆེན་པོ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་མཐོང་བ་ནི་གཟུགས་ལའང་ཡིད་འབྱུང་བར་འགྱུར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་ལའང་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང་འབྲལ་ལོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་སྤངས་པ་དང། དེའི་འཕྲོར། རྣམ་པར་གྲོལ་ན་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །ཞེས་པས་ཡོངས་སུ་ཤེས་པ་བསྟན་པར་བྱས་ན་གོ་རིམ་དང་མཐུན་ལ། ཡོངས་སུ་ཤེས་པའི་དོན་ཕུང་པོ་ལྔའི་ངོ་བོ་བདག་ཏུ་མ་གྲུབ་པར་ཤེས་པ་ལ་སྦྱོར་ན་གོང་དུ། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་གཟུགས་གང་ཅི་ཡང་རུང། ཞེས་པ་ནས། དེ་དག་ཐམས་ཅད་ལ་འདི་ནི་བདག་མ་ཡིན་ནོ། །བདག་ནི་འདི་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ། །ཞེས་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །ཞེས་པའི་དོན་དུ་བྱེད་དགོས་སོ། །ཕུང་པོ་རྣམས་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་རྣམས་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང། ཟས་རྣམས་ཀྱི་ཡང་བཀའ་སྩལ་ཅེས་པ་ནི། མངོན་པར་འབྱུང་བའི་མདོ་ལས་གསུངས་པ་རལ་བ་ཅན་ལྔ་བརྒྱ་དང་འོད་སྲུང་ཆེན་པོ་སོགས་ལ་གདམས་པ་རྣམས་ཡིན་ནམ་སྙམ་ཡང་དཔྱད་དགོས་ལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཡོངས་སུ་ཤེས་པ་དང།
སྤངས་པ་དང། མངོན་དུ་བགྱི་བ་དང་བསྒོམ་པའང་བཀའ་སྩལ། ཅེས་པ་ནི་བདེན་བཞིའི་ཆོས་འཁོར་ཏེ། དེའང་ཆོས་ཀྱི་འཁོར་ལོའི་མདོ་ཞེས་ཆོས་འབྱུང་གསན་ཡིག་རྣམས་སུ་མདོ་ཟུར་བ་ཞིག་བྱས་འདུག་ནའང། མངོན་པར་འབྱུང་བའི་མདོར་སངས་རྒྱས་དང་པོ་བལྟམས་ཚུལ་ནས་བརྩམས་ཏེ་རིམ་པར་གསུངས་པའི་ནང་གི་ལྔ་སྡེ་ལ་ཆོས་འཁོར་བསྐོར་ཚུལ་གྱི་ཐད་དེ་ལོགས་སུ་བཀོལ་བ་ཡིན་པ་བལྟས་པས་ཤེས་སོ། །བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཁམས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཁམས་སྣ་ཚོགས་པ་ཉིད་དང། ཁམས་དུ་མ་བ་ཉིད་དང། སྤངས་པ་དང་ཡོངས་སུ་ཤེས་པའང་བཀའ་སྩལ། ཅེས་པའི་མདོ་ནི་སྤྱིར་མངོན་པ་སྡེ་བདུན་ནང་གི་ཁམས་ཀྱི་ཚོགས་ལྟ་བུ་བྱེ་སྨྲས་བཀར་འདོད་ཀྱང་མདོ་སྡེ་པ་ཁ་ཅིག་དགྲ་བཅོམ་པ་གང་པོས་བྱས་པ་དང། ལ་ལ་དེའི་མིང་ཅན་སོ་སོ་སྐྱེ་བོས་བརྩམས་པར་འདོད་པའི་རྩོད་པ་ཅན་ཡིན་ལ། འདིར་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་སྡེ་གཉིས་ལ་གསུངས་ཤིང། དེ་གཉི་གར་རྩོད་མེད་དུ་ཁུངས་བྱེད་པའི་མདོ་ཞིག་དགོས་པས་ཁམས་མང་པོའི་མདོ་བྱ་བ་འདི་ཡིན་པར་མངོན་ནོ། །བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་དྲན་པ་ཉེར་བར་བཞག་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཅེས་པ་ནས། འཕེལ་ཞིང་ཡང་བ་ཉིད་དུ་བཀའ་སྩལ་ལ། ཞེས་པ་ནི་དྲན་པ་ཉེར་བཞག་སོགས་ཀྱི་ནང་གི་ཡིན་ལ། དྲན་ཉེའང་ལོ་ཙཱ་བ་ཁ་ཅིག་ཐེག་ཆེན་གྱི་བཀར་བཞེད་ཀྱང་ཐེག་དམན་གྱི་ཡིན་པར་དཀར་ཆག་འཕང་ཐང་མ་སོགས་སུ་གསུངས་པ་ལྟར་ཡིན་ནོ། །དེ་དག་སོ་སོར་ཁྱད་པར་སྦྱོར་ཚུལ་རྣམས་ཀྱི་
ནང་ནས་ཅུང་རྟོགས་དཀའ་བ་ནི་ཕུང་པོ་ལྔ་ལ་རང་གི་མཚན་ཉིད་དང། སྐྱེ་བ་དང། འཇིག་པ་དང། སྤང་བ་དང། ཡོངས་སུ་ཤེས་པ་ལྔ་སྦྱར་བའི་དང་པོའི་དོན། རྒྱ་ནག་འགྲེལ་ཆེན་ལས། རང་གི་མཚན་ཉིད་ཅེས་བྱ་བ་ནི་བྱེ་བྲག་གི་མཚན་ཉིད་ཡིན་ཏེ། ཇི་སྐད་དུ་གཟུགས་ནི་ཐོགས་པ་དང་བཅས་པའོ། །ཞེས་བྱ་བ་ནས། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའོ། །ཞེས་བྱ་བའི་བར་དུ་བཤད་པ་ལྟ་བུའོ། །ཞེས་ཐུན་མོང་མ་ཡིན་པའི་འཇོག་བྱེད་དམ་མཚན་ཉིད་ལ་སྦྱར་ཡང། འདི་ཉིད་ལས། མདོ་ཉིད་ལས་ཀུན་བཏགས་ཀྱི་སྐབས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་གསལ་བར་གསུངས་པའི་ཕྱིར་དང། ཀུན་བཏགས་ལའང་ཐུན་མོང་མ་ཡིན་པའི་མཚོན་བྱེད་ཡོད་པས་མཚན་ཉིད་ངོ་བོ་ཉིད་མེད་པ་ཀུན་བཏགས་ལ་བཤད་དུ་མི་རུང་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ཡིན་པས་མི་འཐད་ལ། ཁྱད་པར་ཕྱི་མ་གཉིས་ཀྱི་དོན་འགྲེལ་ཆེན་དེ་ཉིད་ལས། ཀུན་ནས་ཉོན་མོངས་པའི་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་གཏན་སྤངས་པར་བྱའོ། །ཀུན་ནས་ཉོན་མོངས་པ་མ་ཡིན་པའི་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པར་བྱའོ། །ཡང་ན་ཀུན་འབྱུང་བའི་དོན་གྱི་མཐའ་གང་ཡིན་པ་དེ་ནི་གཏན་དུ་སྤངས་པར་བྱའོ། །སྡུག་བསྔལ་གྱི་བདེན་པའི་མཐའ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པར་བྱའོ། །ཞེས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་སྤང་བ་དང། ཟག་མེད་ཀྱི་ཕུང་པོ་ལྔ་ཡོངས་སུ་ཤེས་པ་ལ་སྦྱོར་ཚུལ་གཅིག་དང། ཟག་བཅས་ཀྱི་ཕུང་པོ་ལྔའི་རྒྱུ་ལས་དང་ཉོན་མོངས་པ་སྤོང་བ་དང། ཕུང་པོ་དེ་ལྔ་རང་གི་ངོ་བོ་ནད་དང་འདྲ་བར་ཡོངས་སུ་ཤེས་
པར་བྱ་བ་ལ་སྦྱོར་ཚུལ་གཅིག་སྟེ་གཉིས་གསུངས་པ་ལ་འདིར་དགག་པ་མ་མཛད་པས་འགལ་བ་མེད་པར་མངོན། བྱང་ཕྱོགས་སོ་བདུན་ལ་ཁྱད་པར་བརྒྱད་སྦྱར་བའི་ཕྱི་མ་གཉིས་ལ། ཕྱིར་ཞིང་འབྱུང་བ་དང། འཕེལ་ཞིང་རྒྱས་པ་ཞེས་ཀྱང་ཝེན་ཚེག་གིས་བཤད་པའི་དོན་ནི་གཉེན་པོ་སྐྱེས་པ་དེ་ཉིད་མི་བསྐྱུད་པ་སྟེ་མི་བརྗེད་པ་ཙམ་མ་ཡིན་པར་ཡང་དང་ཡང་དུ་མངོན་དུ་བྱས་ཏེ་གོམས་པར་བྱེད་པ་དང། དེ་ལྟར་གོམས་པའི་སྟོབས་ཀྱིས་གོང་ནས་གོང་དུ་འཕེལ་ཞིང། འཕེལ་བ་དེའང་མཆོང་དང་ཆུའི་དྲོད་བཞིན་མཐའི་ཚད་བཟུང་དུ་ཡོད་པ་དེ་འདྲ་མ་ཡིན་པར་མཐའ་མེད་དུ་རྒྱས་པའི་དོན་ནོ། །མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་ཝ་ར་ཎ་སིར། ཞེས་པ་ནས། འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པའི་ཆོས་ཀྱི་འཁོར་ལོ། ཞེས་གསུངས་པས། དྲི་ཞུས་ཀྱི་འཁོར་ལོ་དང་པོ་ལ་བརྗོད་བྱ་བདེན་བཞིར་བརྩམས་པས་ཁྱབ་ཟེར་ན། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་གཟུགས་ལ་སྐྱེ་བའང་ཡོད། འཇིག་པའང་ཡོད་ཅེས་སོགས་ཀྱི་མདོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཅེས་པའི་དངོས་བསྟན་གྱི་མདོ་ཡིན་པའི་ཕྱིར། ཁྱབ་སྟེ། བདེན་བཞི་ལ་བརྩམས་པ་ནི་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཅེས་སོ་སོར་ཕྱེ་སྟེ་གསུངས་པའི་ཕྱིར། དེར་ཐལ། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་སྟོན་པར་ཁྱད་མེད་ཀྱང་
གང་ལ་བརྩམས་པའི་གཞི་མི་འདྲ་བའི་མདོ་སོ་སོར་ཡོད་པའི་དབང་གིས་དང་པོའི་དྲི་བ་ཞུ་དུས་རྣམ་གྲངས་དུ་མར་ཞེས་ཡང་ཡང་སྨྲས་ལ། བར་བའི་སྐབས་འགྲེས་རྐང་ཕྱེས་མ་ཕྱེས་ཀྱི་ཁྱད་ཙམ་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་ངོ་བོ་ཉིད་མེད་མཉམ་དུ་གསུངས་ཚུལ་འདྲ་བས་དྲི་བ་འགོད་ཚུལ་ཚན་གཅིག་ཏུ་བསྡུས་ནས་ཞུས་པ་ཡིན་པའི་ཕྱིར། ཁོ་ན་རེ། འོ་ན་བདེན་པ་བཞིའི་རྣམ་པ་བསྟན་པས་ཞེས་དམིགས་ཀྱིས་བཀར་བ་ལ་དགོས་པ་མེད་པར་ཐལ། དེར་བདེན་བཞི་ལས་བརྩམས་མ་བརྩམས་ཅི་རིགས་ཡོད་པའི་ཕྱིར་ན། མ་ཁྱབ་སྟེ། ཉན་ཐོས་སྡེ་བའི་རིགས་ཅན་རྣམས་ཀྱི་བློ་དང་བསྟུན་པའི་གསུང་རབ་ཀྱི་དོན་གཏན་ལ་འབེབ་ཚུལ་གཙོ་བོའི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེར་ཐལ། བྱེ་མདོ་གཉིས་མངོན་པ་མཛོད་ཀྱི་གནས་དང་པོ་གསུམ་གས་སྡུག་བདེན། དེ་ནས་གཉིས་ཀྱིས་ཀུན་འབྱུང། དེ་ནས་གསུམ་གྱིས་འགོག་ལམ་བསྟན་པ་ལྟ་བུ་བདེན་བཞིའི་སྟེང་ནས་གཏན་ལ་འབེབ་པར་བྱེད། སེམས་ཙམ་པ་རྣམས་ཕྱི་དོན་མེད་པ་དང་རྣམ་རིག་ཙམ་དུ་བསྒྲུབ་པའི་ཆེད་མཚན་ཉིད་གསུམ་གྱི་སྒོ་ནས་གཏན་ལ་འབེབ་པ་གཙོ་བོར་བྱེད། དབུ་མ་པ་རྣམས་སྣང་སྟོང་ཟུང་འཇུག་དང་ཐབས་ཤེས་ཟུང་འཇུག་བསྒྲུབ་པའི་ཕྱིར་བདེན་པ་གཉིས་ཀྱི་སྒོ་ནས་གཙོ་བོར་གཏན་ལ་འབེབ་པའི་ཕྱིར། ཁ་ཅིག་གཟུགས་ལ་སྐྱེ་བ་ཡོད་ཅེས་སོགས་ཀྱི་མདོ་ཚིག་འདི་རྒྱལ་པོ་ལ་གདམས་པའི་མདོ་རྣམས་སུ་མེད་ཟེར་བ་མི་འཐད་དེ། ད་ལྟ་དཀར་ཆག་སོགས་སུ་རྒྱལ་པོ་ལ་གདམས་པའི་མདོའི་མིང་བཏགས་པ་རྣམས་ཀྱི་ནང་ན་མེད་ཀྱང་གཟུགས་ཅན་སྙིང་པོས་བསུ་བ་ཞེས་པའི་མདོ་
དེར་ཡོད་ལ། དེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པ་ཡིན་པའི་ཕྱིར། ཁ་ཅིག །བཟོ་སྦྱང་གཟུགས་ཅན་སྙིང་པོར་གསུངས་པ་ཡིན་ཞིང། དེའི་ནང་དུ་གཟུགས་སྐྱེ་བའང་མ་ཡིན། འཇིག་པའང་མ་ཡིན། དེའི་སྐྱེ་བ་དང་འཇིག་པའང་ཤེས་པར་བྱའོ། །ཞེས་འབྱུང་བས་དེ་ཡིན་ཟེར་བའང་མི་འཐད་དེ། མདོ་དེ་ཇི་ལྟ་བ་མངོན་པར་འབྱུང་བའི་མདོའི་ནང་དུ་ཡོད་ལ། དེར་གཟུགས་སྐྱེ་བའང་ཡོད་ཅེས་སོགས་འབྱུང་བས། འདི་འགྱུར་སྐྱོན་ནམ་རྒྱ་དཔེ་མ་དག་པ་ཡིན་པའི་ཕྱིར་མདོ་གཉིས་བསྡུར་ན་ཤེས་ལ། བཟོ་སྦྱང་གཟུགས་ཅན་སྙིང་པོ་དང་རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་པའང་མིང་འདོགས་ལུགས་ཙམ་ཡིན་པར་འདུལ་བ་ལུང་དང་གླེང་འབུམ་ལས་གསུངས་སོ། །ཁ་ཅིག་ན་རེ། རྒྱལ་པོ་ཆེན་པོ་ཞེས་སོགས་ཀྱི་མདོ་ཆོས་ཅན། ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཅེས་པའི་དངོས་བསྟན་གྱི་མདོ་མ་ཡིན་པར་ཐལ། དྲི་བ་ཞུས་པ་ལྟར་དོགས་པ་ཡོད་པའི་འཁོར་ལོ་དང་པོ་མ་ཡིན་པའི་ཕྱིར། དེར་ཐལ། དེའི་སྒྲས་ཟིན་ལ་དོགས་པ་མེད་པའི་ཕྱིར་ཏེ། གཟུགས་ལ་སྐྱེ་བ་ཡོད་པ་གང་ཞིག །འཇིག་པའང་ཡོད་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། དེའི་སྒྲས་ཟིན་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའི་སྐྱེ་བ་དང་འཇིག་པ་བསྟན་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མི་འཐད་པར་ཐལ། དེར་སྐྱེ་འཇིག་ཡོད་ཅེས་པ་ཙམ་ལས་གོང་འོག་གང་དུའང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་ཅེས་པའི་ཚིག་ཟུར་ཙམ་ཡང་མེད་པའི་ཕྱིར། ཁྱབ་སྟེ། གཞུང་རང་གི་ཚིག་ལ་མེད་ན་ནན་གྱིས་འདིས་དེ་སྟོན་དགོས་ཞེས་སྨྲ་བ་ནི།
རྣམ་འགྲེལ་ལས། ནན་གྱིས་ཁྱོད་འདི་འདོད་བྱས་པ། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །ཞེས་པ་དེ་ཁོ་ནར་སྣང་པའི་ཕྱིར་ཟེར་བ་ལ། གཞན་དག་ན་རེ། སྐྱོན་མེད་དེ། འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་སྡེ་བ་ཡིན་ཞིང་དེའི་ལུགས་ལ་སྐྱེ་འཇིག་ཡོད་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་དགོས་པའི་ཕྱིར་ཟེར། ཕྱི་མ་ལ་མངོན་པར་འབྱུང་བའི་མདོ་ལས། འོད་སྲུང། ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ། །ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །ཞེས་པ་དང་འདུལ་བའི་བསླབ་བྱ་སྟོན་པའི་འཁོར་ལོ་དང་པོ་རྣམས་ཆོས་ཅན། ཁྱོད་ཀྱི་སྒྲས་ཟིན་ལའང་དོན་དེ་དང་དེ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་བསྟན་པར་ཐལ། ཁྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་སྡེ་བའི་རིགས་ཅན་ཡིན་པ་གང་ཞིག །དེའི་ལུགས་ལ་སྟོན་པ་དང་ཉན་ཐོས་སོགས་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་དག་ལ་དགོངས་གཞི་གང་ལ་དགོངས་ཞེས་དྲིས་ནས་དོགས་པ་གཅོད་དགོས་པར་ཐལ། དེ་དག་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་བཞིན་དུ་གྲུབ་ཅེས་གསུངས་པ་གང་ཞིག །སྟོན་པ་ལ་འཁྲུལ་པ་མི་མངའ་བའི་ཕྱིར། འདོད་མི་ནུས་ཏེ། འདི་ཉིད་ལས། བསླབ་བྱ་གསུངས་པ་ལ་འདིར་དོགས་པ་གཅོད་མི་དགོས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རང་ལུགས་ལ་གོང་དུ་མ་ཁྱབ་སྟེ། གདུལ་བྱ་དེར་སྐྱེ་འཇིག་སོགས་ཡོད་པར་བསྟན་ཚད་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་མི་དགོས་ཀྱང། གོང་དུ་དྲངས་པའི་སྐྱེ་འཇིག་ཡོད་ཅེས་
པའི་ཚིག་གིས་དེ་སྟོན་དགོས་པའི་ཕྱིར། དེར་ཐལ། སྔར་གདུལ་བྱ་དེའི་བློ་ངོར་ཕུང་པོ་ལ་མ་ལྟོས་པའི་ཚུགས་ཐུབ་ཀྱིས་དབང་སྒྱུར་བ་པོའི་བདག་དང། དེས་དབང་བསྒྱུར་བྱའི་ཕུང་པོ་སོ་སོར་ཡོད་ཅིང། དེ་ལས་ལོགས་སུ་བདག་ཕུང་འཇོག་ཚུལ་མི་ཤེས་པས་དེ་ཕྱུགས་དང་ཕྱུགས་རྫི་ལྟར་ལྟོས་མེད་ཀྱི་སོ་སོ་བ་ཞིག་སྟོན་རྒྱུ་མེད་ཀྱང། རང་རང་འཛིན་པའི་རྟོག་པའི་ཞེན་གཞིར་ང་ཞེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་ཡོད་ལ། དེའི་ཞེན་གཞིར་ང་དེའི་བླང་བྱའི་ཕུང་པོ་ཞེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་ཀྱང་ཡོད། དེ་ཡོད་པས་ཕུང་པོ་དེ་ལེན་པའི་སྐྱེ་བ་དང། འདོར་བའི་འཇིག་པའང་སྒྲོ་བཏགས་ཙམ་མ་ཡིན་པར་ཞེན་གཞི་དེར་ཡུལ་ཁོ་རང་གི་ངོས་ནས་ཚུར་རང་མཚན་གྱིས་གྲུབ་རྒྱུ་ཞིག་ཡོད་ཅེས་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་གྱིས་ཚིག་ཟིན་ལ་སྐྱེ་འཇིག་ཙམ་གསུངས་ཀྱང། བརྗོད་དོན་ངོ་བོ་ལ་ཀུན་བཏགས་པ་གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དང། ཁྱད་པར་ལ་ཀུན་བཏགས་པ་སྟེ་གཟུགས་ཀྱི་སྐྱེ་བ་རང་འཛིན་རྟོག་པའི་ཞེན་གཞེར་རང་མཚན་གྱིས་གྲུབ་པ་སོགས་སུ་སོང་བ་ཡིན་པའི་ཕྱིར། དགོངས་འགྲེལ་ལས། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ། འགག་གོ་ཞེའམ། གཟུགས་ཀྱི་ཕུང་པོ་སྤང་བ་དང། ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བཏགས་པའི་མཚན་ཉིད་ལགས། ཞེས་གསུངས་པའི་ཕྱིར། དེའི་རྒྱུ་མཚན་
གྱིས་འདིའི་སྒྲས་ཟིན་ལྟར་སྐྱེ་བ་དང་འཇིག་པར་དམིགས་ཤིང་འཛིན་པ་ཐམས་ཅད་ཆོས་ཀྱི་བདག་མེད་པའི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་བའི་མངོན་པའི་ང་རྒྱལ་གྱིས་བསླད་པ་ཤ་སྟག་ཏུ་འགྲོ་བའི་ཕྱིར་ཏེ། རབ་འབྱོར་གྱི་ལེའུ་ལས། ཕུང་པོའི་སྐྱེ་བ་དམིགས་པ་དང་ཕུང་པོའི་འཇིག་པ་དམིགས་པ་དང། ཞེས་པ་ནས། ཚེ་དང་ལྡན་པ་འདི་དག་ནི་ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་ཅིང་འདི་ལྟར་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་མ་འཚལ་བས། ཚེ་དང་ལྡན་པ་འདི་དག་ཐམས་ཅད་ནི་མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད་པ་བགྱིད་པ་ཤ་སྟག་ལགས་སོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་གདུལ་བྱ་དེ་གནས་སྐབས་སུ་དེ་ལྟར་སྟོན་དགོས་ཏེ། དེ་ལྟར་མ་བསྟན་ན་རྣམ་སྨིན་མྱོང་བ་པོའི་བདག་དང། རྣམ་སྨིན་གྱི་ཕུང་པོ་སོགས་འཇོག་མི་ཤེས་པས་ལས་འབྲས་ལ་ཡིད་ཆེས་དང་འཁོར་བ་ལ་སྐྱོ་བ་སོགས་མི་འབྱུང་བ་གང་ཞིག །གང་ཟག་གི་བདག་མེད་ལ་ལྟོས་པའི་དབུ་མའི་ལམ་ཡང་སྒྲུབ་མི་ནུས་པའི་ཕྱིར། དང་པོ་གྲུབ་སྟེ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ལས། དེ་ལ་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ། སྒྲིབ་པ་ཡོངས་སུ་མ་དག་པ། རྒྱུད་ཡོངས་སུ་མ་སྨིན་པ། མོས་པ་མི་མང་བ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་པ་དེ་དག་ལ་ནི་ངས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། དེ་དག་གིས་ཆོས་དེ་ཐོས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་འདུ་བྱེད་རྣམས་ལ་མི་རྟག་པ་ཉིད་དུ་ངེས་ཤིང།
མི་བརྟན་པ་ཉིད་དང། ཡིད་བརྟན་དུ་མི་རུང་བ་ཉིད་དང། འགྱུར་བའི་ཆོས་ཉིད་དུ་ཤེས་ནས་འདུ་བྱེད་རྣམས་ལས་ཡིད་སྔང་བར་བྱེད་སྐྱོ་བར་བྱེད་དོ། །ཡིད་སྔང་བར་བྱས་སྐྱོ་བར་བྱས་ནས་སྡིག་པ་ལས་ཕྱིར་ཟློག་སྟེ། དེ་དག་གི་སྡིག་པ་གང་ཡིན་པ་དེ་མི་བྱེད་ཅིང་དགེ་བ་ལ་བརྟེན་པར་བྱེད་དོ། །ཞེས་སྔོན་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་སྟེ་གཞན་དབང་རྒྱུ་འབྲས་ཀྱི་བླང་དོར་ཙམ་ལ་འཇུག་ཐབས་དང། འོན་ཀྱང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དེ་ལ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བར་མི་འགྱུར། ཡང་དག་པར་འདོད་ཆགས་དང་བྲལ་བར་མི་འགྱུར། ཡང་དག་པར་གྲོལ་བར་མི་འགྱུར་ཞེས་ཆོས་བདག་མ་བཀག་པས་འཁོར་བ་ཕྲ་རགས་ཐམས་ཅད་ལས་གྲོལ་བྱེད་དུ་མི་འགྱུར་བར་གསུངས་ཏེ། བཞི་བརྒྱ་བར། བསོད་ནམས་མིན་པ་དང་པོར་བཟློག །ཅེས་པ་དང་གནད་གཅིག་གོ །རྟགས་གཉིས་པ་གྲུབ་སྟེ། གང་ཟག་གི་བདག་མེད་ལ་ལྟོས་པའི་དབུ་མ་སྒྲུབ་པ་ལ་བདག་མེད་རྟོགས་པའི་བློ་དེས་རྟག་མཐའ་འགོག་ཀྱང། གདུལ་བྱ་དམན་པའི་རིགས་ཅན་རྣམས་དེའི་སྔོན་དུ་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་རེ་ཞིག་འཛིན་དུ་མ་བཅུག་ན་ཆད་མཐར་ལྷུང་སྟེ་དབུ་མར་མི་འགྱུར་བའི་ཕྱིར། དེར་ཐལ། དོན་དམ་རྟོགས་པ་ལ་ཐ་སྙད་ཚད་གྲུབ་རྟོགས་པ་སྔོན་དུ་འགྲོ་དགོས་པས་ཐབས་དང་ཐབས་བྱུང་དུ་འཇུག་པ་ལས་གསུངས་པ་བཞིན་གང་ཟག་གི་བདག་མེད་སྒྲུབ་པ་ལའང་དེའི་སྔོན་དུ་སྟོང་གཞི་
ཆོས་ཅན་གྱི་བདག་དང་ཕུང་པོ་ཙམ་བཀག་པར་མི་འགྲོ་བ་ཞིག་བྱེད་དགོས་པ་གང་ཞིག །བདག་ལྟ་གོམས་ཆེས་པའི་གདུལ་བྱ་དམན་པའི་རིགས་ཅན་ལ་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའི་ལིང་ངེ་བ་ཞིག་ཡོད་པར་མ་བསྟན་ན་སེམས་ཀྱི་སྣང་ཆ་ཙམ་ཞིག་ཡོད་བྱས་ཀྱང་སྐྲ་ཤད་དང་སྨིག་རྒྱུའི་ཆུ་ལྟ་བུར་གོ་ནས་སྐུར་འདེབས་ཀྱི་མཐའ་སེལ་མི་ནུས་པའི་ཕྱིར། དང་པོ་གྲུབ་སྟེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་དཔྱོད་པ་འཇིག །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འཁོར་ལོ་དང་པོར་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་གསུངས་པའི་དགོངས་གཞིར་གང་ཟག་གི་བདག་མེད་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འོག་ཏུ་འཆད་དོ། །དེ་ལ་ཁོ་ན་རེ། དེའི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ཀྱི་དང་པོའི་སྒྲས་ཟིན་ལྟར་འཛིན་པའི་བློ་དེ་ཆོས་ཅན། ཚད་མ་ཡིན་པར་ཐལ། རང་ཡུལ་ལ་གསར་དུ་སྒྲོ་འདོགས་གཅོད་བྱེད་ཡིན་པའི་ཕྱིར། དེར་ཐལ། བདག་ཕུང་སོགས་མེད་པར་ལྟ་བའི་ལོག་རྟོག་གཅོད་བྱེད་ཡིན་པའི་ཕྱིར་ཏེ། དེ་སེལ་བའི་ཐབས་སུ་འགྲོ་བའི་ཕྱིར་ན། མ་ཁྱབ་སྟེ། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་ནས་སྐྲག་པའི་ཚེ། དེ་ཤིང་གི་ལྕུག་མ་ཡིན་ཞེས་བསྟན་ན་སྐྲག་པ་སེལ་བའི་ཐབས་སུ་འགྲོའང། ཤིང་གི་ལྕུག་མར་འཛིན་པའི་བློ་དེས་སྦྲུལ་འཛིན་གྱི་སྒྲོ་འདོགས་བཅད་པ་མ་ཡིན་པའི་ཕྱིར། དབུ་མ་སྙིང་པོ་ལས། ཐག་པ་ལ་ནི་སྦྲུལ་ཞེས་འཁྲུལ། །འཁྲི་ཤིང་བཟློག་པར་ཤེས་པ་ནི། །གཉེན་པོའི་ཕྱོགས་ཀྱིས་ཤེས་པར་འགྱུར། །ཞེས་སོ། །ཁྱོད་རང་ལ་ཐེག་ཆེན་ཚོགས་ལམ་
པའི་རྒྱུད་ཀྱི་སེམས་བསྐྱེད་ཆོས་ཅན། ཆོས་ཀྱི་བདག་ཏུ་འཛིན་པའི་སྒྲོ་འདོགས་གཅོད་བྱེད་ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་ས་བོན་དང་བཅས་པ་སྤོང་བའི་ཐབས་ཡིན་ཕྱིར་ཏེ། ངོ་བོ་ཉིད་སྐ྄ུ་ཐོབ་པའི་ཐབས་ཡིན་པའི་ཕྱིར། ཁྱབ་པ་འགྲིག །འདོད་ན། ཆོས་ཀྱི་བདག་མེད་ངེས་བྱེད་ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་གཅོད་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་དངོས་པོའི་ཕྱིར། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཁམས་སྣ་ཚོགས་དང་ཁམས་དུ་མ་ཞེས་པའི་དོན། ཁམས་བཅོ་བརྒྱད་པོ་དེ་དག་ལ་ནང་ཚན་མི་འདྲ་བའི་ཁྱད་པར་ཡོད་པ་དང། གདགས་གཞིའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ལྡོག་ཆ་ནས་མིང་གཉིས་བཏགས་པ་ཙམ་ལས་དོན་ལ་ཁྱད་མེད་པར་ཐལ། རྒྱ་ནག་འགྲེལ་ཆེན་ལས། ཁམས་བཅོ་བརྒྱད་པོ་དག་གཅིག་ལ་གཅིག་ཐ་དད་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཁམས་སྣ་ཚོགས་པ་ཞེས་བྱའོ། །ཁམས་བཅོ་བརྒྱད་པོ་དེ་དག་ཉིད་སེམས་ཅན་ཚད་མེད་པ་རྣམས་ཀྱི་བྱེ་བྲག་ཏུ་གྱུར་པ་ནི་ཁམས་དུ་མ་ཉིད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སློབ་དཔོན་ཝེན་ཚེག་གིས་དེ་ལྟར་གསུངས་ཀྱང་རང་ལུགས་ལ་དེ་མི་འཐད་པའི་ཕྱིར། དེར་ཐལ། འོག་ནས་ངོ་བོ་ཉིད་གསུམ་ངོས་འཛིན་གྱི་སྐབས་སུ། ཕུང་པོ་སྐྱེ་མཆེད་རྟེན་འབྲེལ་ཁམས་ཟས་རྣམས་དྲི་ཞུས་ཀྱི་རིམ་པ་བཞིན་གསུངས་པའི་ཁམས་ཀྱི་ཐད་དུ། ཁམས་དྲུག་དང་ཁམས་བཅོ་བརྒྱད་པོ་དག་གི་ཁམས་རེ་རེ་ལའང་དེ་བཞིན་ལགས་སོ། །ཞེས་གསུངས་པ་དང་འདི་གཉིས་
དོན་འདྲ་དགོས་པའི་ཕྱིར། འདི་ཉིད་ལས། ཁམས་སྣ་ཚོགས་དང་ཁམས་དུ་མ་ལ་འགྲེལ་པ་རྣམས་ཀྱིས་གཞན་དུ་བཤད་ཀྱང་འོག་ནས་འབྱུང་བའི་མདོ་དང་སྦྱར་ན་ཁམས་དྲུག་དང་ཁམས་བཅོ་བརྒྱད་ལ་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་གཉིས་ཀྱི་དོན་རྒྱ་ནག་འགྲེལ་ཆེན་ལྟར་འཐད་པར་ཐལ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང། ཁམས་སྣ་ཚོགས་པ་ཉིད་གང་ཞེ་ན། ཁམས་བཅོ་བརྒྱད་པོ་དག་ཕན་ཚུན་མཚན་ཉིད་ཐ་དད་པ་ཉིད་གང་ཡིན་པའོ། །ཁམས་དུ་མ་ཉིད་གང་ཞེ་ན་དེ་དག་ཉིད་སེམས་ཅན་སྣ་ཚོགས་དཔག་ཏུ་མེད་པའི་རབ་ཏུ་དབྱེ་བས་གནས་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་བ་རུ་རའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དཔེར་ན་བ་རུ་རའི་ཕུང་པོ་འཕང་དུ་དཔག་ཚད་ཙམ་རྒྱར་ཡང་དཔག་ཚད་ཙམ་ཞིག་ཡོད་པར་གྱུར་ལ་བ་རུ་རའི་ཕུང་པོ་དེ་ལས་འགའ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་བ་རུ་ར་རེ་རེ་ཞིག་བླངས་ཏེ། བ་རུ་ར་འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ། །བ་རུ་ར་འདི་ནི་ཁམས་ག་གེ་མོ་ཞིག་ཏུ་དོར་རོ་ཞེས་དེ་སྐད་ཟེར་ན། བ་རུ་རའི་ཕུང་པོ་དེ་ནི་ཉུང་བ་ཁོ་ནར་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་གྱི། ཁམས་ནི་དེ་ལྟར་ཡོངས་སུ་གཏུགས་པ་མ་ཡིན་ནོ། །ཞེས་དང། དེའི་དོན་བཞིན་མདོ་སྡེ་རྒྱན་ལས། ཁམས་རྣམས་དང་ནི་མོས་པ་དང། །ཞེས་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་པར་གསུངས་པ་དེ་དང་སྒོ་བསྟུན་པའི་བཤད་ཚུལ་ཡིན་གྱི། དགོངས་འགྲེལ་གྱི་ཁམས་སྣ་ཚོགས་དང་ཁམས་དུ་མ་ཞེས་པ་འདིའི་དབང་དུ་བྱས་པའི་བཤད་ཚུལ་མ་ཡིན་པའི་ཕྱིར། དེར་ཐལ། དགོངས་
འགྲེལ་ལས་ཁམས་ཀྱི་དྲི་བ་འགོད་པའི་མདོ་ནི་གཙོ་བོར་ཁམས་མང་པོའི་མདོ་ཡིན་པས། དེ་དང་རྒྱན་གྱི་རྟེན་སའི་མདོ་གཉིས་མི་འདྲ་བའི་ཕྱིར་ཏེ། ངོ་བོ་ཉིད་མེད་པའི་རྒྱན་གྱི་འགྲེལ་བཤད་ལས། ཇི་སྐད་དུ་བ་རུ་རའི་མདོ་ལས་བཤད་པ་ལྟ་བུའོ། །ཞེས་པ་ནས། གསུང་རབ་ལས་འབྱུང་བའི་ཁམས་ཀྱི་དོན་གང་ཡིན་ཞེ་ན། མིག་ལ་སོགས་པའི་ཁམས་ཀྱི་དབྱེ་བ་བསྟན་པ་དང། ཁམས་མང་པོའི་མདོ་དང་སྦྱར་ན་ནི་ཁམས་ཀྱི་དབྱེ་བ་རྣམ་པ་མང་པོ་ཞིག་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིར་བ་རུ་རའི་མདོ་ལས་བཤད་ཚུལ་བཀོད་ཟིན་པའི་རྗེས་སུ་གསུང་རབ་ལས་ཞེས་འབྱུང་བ་ནི་དགོངས་འགྲེལ་གྱི་བཤད་པ་འདི་ལ་སྙེགས་དགོས་པ་དང། དེ་ཁམས་མང་པོའི་མདོ་དང་སྦྱོར་དགོས་པའི་དོན་ཡིན་པའི་ཕྱིར། ཡང་ཁོ་ན་རེ། འདི་ཁམས་མང་པོའི་མདོ་དང་སྦྱར་ནའང་མི་འགྲིག་པར་ཐལ། དེར་ཁམས་བཅོ་བརྒྱད་ཀྱི་རྗེས་སུ་ཁམས་དྲུག་ཚན་དང་བཞི་ཚན་གསུམ་ཚན་དུ་མ་གསུངས་ལ། འདིར་ཁམས་དྲུག་ལས་མ་སྨོས་པའི་ཕྱིར་ན་མ་ཁྱབ་སྟེ། སྤྱིར་དེ་ནས་གསུངས་པའི་ཁམས་ལྷག་མ་རྣམས་ཁམས་བཅོ་བརྒྱད་དུ་འདུའང། བདག་མེད་གཏན་ལ་འབེབས་པ་ལ་སྐྱེས་བུ་གདགས་གཞི་ཁམས་དྲུག་ལ་བརྟེན་ཚུལ་ཤེས་དགོས་པས། དེ་དངོས་སུ་སྨོས་ན་ལྷག་མ་རྣམས་དེས་མཚོན་ནས་གོ་ནུས་པའི་ཕྱིར། དང་པོ་གྲུབ་སྟེ། གང་སྤེལ་ལས། ཁམས་བཅོ་བརྒྱད་པོ་དེ་དག་ནི་དྲུག་ཚན་གསུམ་དང། བཞི་ཚན་གཅིག་དང། སུམ་ཚན་དྲུག་དང། གཉིས་ཚན་གཉིས་སུ་སྟེ་བཞི་བཅུ་རྩ་བཞི་རུ་འགྱུར་རོ། །ཞེས་དང། དེ་ལྟར་ན་ཁམས་བཞི་བཅུ་
རྩ་བཞི་པོ་དེ་དག་ནི་ཁམས་བཅོ་བརྒྱད་པོ་དེ་དག་ཏུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རིན་ཆེན་འཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང། །སྐྱེས་བུ་ཁམས་དྲུག་འདུས་བའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །ཞེས་སོགས་གསུངས་པའི་ཕྱིར། དྲི་བ་ཞུས་ཚུལ་ལ་ཁ་ཅིག །འདིར་བསྟན་འཁོར་ལོ་དང་པོར་གཟུགས་ནས་རྣམ་མཁྱེན་བར་རང་གི་མཚན་ཉིད་ཀྱིས་གྲུབ་མཉམ་དང། བར་བས་དེ་མ་གྲུབ་མཉམ་དུ་གསུངས་པ་སྒྲས་ཟིན་འགལ་བས་དོགས་པ་ཞུས་ཟེར་བ་ནི། དང་པོར་སྟོང་ཉིད་ཉི་ཤུ་སོགས་འགྲེལ་རྐང་བརྒྱ་རྩ་བརྒྱད་ཁྱད་གཞིར་མ་བཟུང་བར་ཕུང་སོགས་ཉུང་ཤས་ཤིག་བཟུང་བར་གསུངས་པས་ཁེགས་ལ། ཁ་ཅིག །དེར་ཞིབ་ཆ་ཕྱེ་སྟེ་གཟུགས་ནས་བྱང་ཕྱོགས་བར་རང་གི་མཚན་ཉིད་ཀྱིས་གྲུབ་མཉམ་དུ་གསུངས་པ་ལ་ཟེར་བའང། ཕུང་སོགས་འདུས་བྱས་རང་མཚན་གྱིས་གྲུབ་པར་བསྟན་ན། དངོས་ཤུགས་ཀྱིས་བསྟན་དོན་ལ་དཔྱད་པ་གསུམ་གྱིས་དག་སྟེ་ངེས་དོན་དུ་འགྲོ་བས་དྲི་མི་དགོས་པ་དང། ལ་ལ་དང་པོར་ཕུང་སོགས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་མཉམ་དང། བར་བས་དེར་མེད་མཉམ་དུ་གསུངས་ཟེར་བའང། བར་པ་ངེས་དོན་དུ་ཐལ་བས་འགོག་ཚུལ་སོགས་ཀྱི་སྒྲུབ་བྱེད་རྣམས་ཀུན་མཁྱེན་བླ་མའི་ཡིག་ཆར་གསལ། དེ་ལ་ཁ་ཅིག་ན་རེ། འཁོར་ལོ་དང་པོ་གཉིས་ཀྱིས་ཕུང་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་མཉམ་དང་མ་གྲུབ་མཉམ་དུ་བསྟན་པ་མི་འཐད་གསུང་མི་
རིགས་པར་ཐལ། དེ་སྟོང་ཐུན་གྱི་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། སྟོང་ཐུན་ལས། དང་པོར་ཕུང་སོགས་རང་གི་མཚན་ཉིད་ཀྱིས་ཡོད་མཉམ་དང། བར་བ་ལས་ཐམས་ཅད་རང་བཞིན་མེད་མཉམ་དུ་གསུངས་ཀྱི། རང་བཞིན་ཡོད་མེད་དངོས་སུ་ཕྱེ་ནས་མ་གསུངས་པས་དྲང་དོན་དང་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཆོས་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཉིད་ཡོད་ཅེས་པའི་ཚིག་ཡོད་མཉམ་ཡིན་པ་ལ་དགོངས་པར་བསྟན་ཟིན་པ་དེ་ཡིན་པའི་ཕྱིར། ཡང་ཁ་ཅིག །ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཅེས་པའི་རང་གི་མཚན་ཉིད་དེ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་ལ་བྱེད་པར་གསུངས་པ་མི་འཐད་པར་ཐལ། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་བྱེད་པའི་ཕྱིར། དེར་ཐལ། དེའི་རང་མཚན་དེ་ཕུང་སོགས་ཀྱི་སྟེང་དུ་ཡོད་ཀྱང་ཀུན་བཏགས་ཀྱི་སྟེང་དུ་མེད་པ་ཞིག་ཡིན་པའི་ཕྱིར། དེར་ཐལ། དེ་རྒྱ་ནག་འགྲེལ་ཆེན་ལས་ཐུན་མོང་མ་ཡིན་པའི་མཚན་ཉིད་དུ་བཤད་པ་ལ། འདི་ཉིད་ལས་དེ་ལྟ་ན་ཀུན་བཏགས་ལའང་ཐུན་མོང་མ་ཡིན་པའི་འཇོག་བྱེད་ཡོད་པས་རང་མཚན་དེ་ཀུན་བཏགས་ཀྱི་སྟེང་དུའང་ཡོད་པར་ཐལ་བ་འཕེན་ཚུལ་ཡོད་པའི་ཕྱིར། ཁྱབ་སྟེ། དགག་བྱའི་རང་མཚན་ལ་བྱེད་ན་དགོངས་འགྲེལ་ལས་ཕུང་སོགས་ཐམས་ཅད་ཀྱི་སྟེང་དུ་འགོག་རྒྱུའི་གཙོ་བོ་ཡིན་པས་དེར་ཀུན་བཏགས་དམིགས་ཀྱིས་བསལ་དགོས་དོན་མེད་པའི་ཕྱིར། དེས་ན་འདིར། མདོ་ཉིད་ལས་ཀུན་བཏགས་ཀྱི་སྐབས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་གསལ་བར་གསུངས་ཞེས་པ་དེ་གཞན་དུ་སྐྱོག་མི་དགོས་པར་སྒྲ་སོར་བཞག་གི་རང་མཚན་ལ་བྱས་
ཆོག་ཅིང། མདོ་ཚིག་ཀྱང་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པ་དེ་མིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་པ་དེ་ལ་སྙེགས་དགོས་ཟེར་ན། འོ་ན། ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཅེས་པའི་དངོས་བསྟན་གྱི་འཁོར་ལོ་དང་པོའི་མདོ་དེ་ཉིད་ཀྱི་སྒྲས་ཟིན་སྒྲ་ཇི་བཞིན་པ་ཡོད་པར་ཐལ། དེའི་སྒྲས་ཟིན་ལ་ཕུང་པོ་རང་མཚན་གྱིས་གྲུབ་པ་འཇོག་པའི་ཕྱིར། དེར་ཐལ། དེའི་ཚིག་ཟིན་གྱི་རང་མཚན་དེ་རང་མཚན་དངོས་ལ་བྱེད་པའི་ཕྱིར། བྱས་པ་ལ། ཁོ་ན་རེ། དེ་ལ་ཁྱབ་པ་མེད་དེ། དེའི་ཚིག་ཟིན་གྱི་སྐྱེ་འཇིག་དང་ཡོངས་སུ་ཤེས་པ་སྤངས་པ་སོགས་ནས་འཕེལ་ཞིང་ཡང་བའི་བར་ཐམས་ཅད་དགག་བྱ་ལ་མི་བྱེད་པར། སྐྱེ་འཇིག་ལ་སོགས་པ་དེ་དང་དེ་དངོས་ལ་བྱེད་ཀྱང་བཀའ་སྩལ་ཚུལ་སྐྱེ་སོགས་དེ་དང་དེ་དངོས་བཀའ་སྩལ་པ་མ་ཡིན་པར། དེ་དག་རང་འཛིན་རྟོག་པའི་གཞིར་རང་མཚན་གྱིས་གྲུབ་པར་བཀའ་སྩལ་པ་ཡིན་པའི་ཕྱིར། འདིའང་དེ་དང་འདྲ་ཟེར་ན། འོ་ན། མདོ་ཚིག་དེས་ཕུང་པོ་རང་མཚན་གྱིས་གྲུབ་པ་དེ་ཉིད་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་བཀའ་སྩལ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་པ་འདིས་སྡུག་བདེན་རང་མཚན་གྱིས་གྲུབ་པ་དེ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་བསྟན་པ་ཡིན་པར་ཐལ། སྔ་མ་ལ་དེའི་ཕྱིར། འདོད་ན། དེས་སྡུག་བདེན་གྱི་སྟེང་གི་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་དེ་སྒྲས་ཟིན་ལ་བསྟན་པ་ཡིན་པར་ཐལ། སྡུག་བདེན་རང་མཚན་གྱིས་གྲུབ་པ་སྡུག་བདེན་གྱི་ཁྱད་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འདི་ངོ་བོ་ལ་བཟླས་པ་ཡིན་པའི་ཕྱིར་དང། ངོ་བོ་ལ་ཀུན་
བཏགས་པའི་ཀུན་བཏགས་སྟོན་བྱེད་ཅིག་ཡོད་དགོས་པའི་ཕྱིར་ཏེ། ཁྱད་གཞི་ངོ་བོ་མ་བཤད་པར་ཁྱད་ཆོས་ཁོ་ན་སྟོན་མི་རིགས་པའི་ཕྱིར། དེས་ན་འདི་ཉིད་ལས་རང་མཚན་གྱིས་གྲུབ་པ་ལ་བྱེད་གསུངས་པའང་དགག་བྱའི་རང་མཚན་གཞིར་བཞག་ཡིན་ཏེ། སྔ་ལོགས་དེ་མ་ཐག་ཏུ། རང་གི་མཚན་ཉིད་ཀྱིས་ཡོད་པར་གསུངས་པ་ཅི་ལ་དགོངས་ཞེས་གསུངས་ཡོད་པ་གང་ཞིག །དེའང་རང་མཚན་དངོས་ལ་བྱེད་ན་ཕུང་སོགས་དེར་གསུངས་པའི་དགོངས་གཞི་དྲི་མི་དགོས་པའི་ཕྱིར། འོན་ཀྱང་ཀུན་བཏགས་དམིགས་ཀྱིས་བསལ་བའི་དགོས་པ་ཡོད་དེ། དགོངས་འགྲེལ་ལས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་ནི་འཁོར་ལོ་དང་པོས་རང་གི་མཚན་ཉིད་གསུངས་པ་དེ་འགོག་ཆེད་ཡིན་པས་དེའི་རང་མཚན་དེ་ཡོད་ན། འདིའི་མཚན་ཉིད་ངོ་བོ་ཉིད་མེད་པ་འདི་འཇོག་མི་ཐུབ་པའི་ཕྱིར་རོ། །ཁ་ཅིག་ན་རེ། ཡིག་ཆར། རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཅེས་པའི་རང་མཚན་དེ། ཞེས་པ་ནས། མདོ་ལས་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་ནི་མིན་པས། ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འདི་ཉིད་ལས། མདོ་ཉིད་ལས་ཀུན་བཏགས་ཀྱི་སྐབས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་གསལ་བར་གསུངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཞེས་འཕངས་པ་འབྲེལ་མེད་པར་ཐལ། རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཅེས་པ་དང། ཀུན་བཏགས་ཀྱི་སྐབས་སུ་རང་མཚན་གྱིས་གྲུབ་པ་ལ་གསུངས་ཞེས་པའི་རང་མཚན་དེ་དགག་བྱའི་རང་མཚན་ལ་བྱེད། རང་གི་མཚན་ཉིད་
ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་པའི་རང་མཚན་དེ་རང་མཚན་དངོས་ལ་བྱེད་པའི་ཕྱིར་ན་མ་ཁྱབ། སྤྱིར་རང་མཚན་གྱིས་གྲུབ་པ་དང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་གཉིས་ཕྱོགས་མི་འདྲའང། ཀུན་བཏགས་རང་མཚན་གྱིས་གྲུབ་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་དགོས་པའི་ཕྱིར། དེར་ཐལ། དགོངས་འགྲེལ་འདིར་གཞན་དབང་ཀུན་བཏགས་ཀྱིས་སྟོང་པ་ཡོངས་གྲུབ་ཏུ་བྱས་པ་ཡིན་པས། ཀུན་བཏགས་ཀྱང་སྒྲོ་བཏགས་ཙམ་མ་ཡིན་པར་གཞན་དབང་བཞིན་དུ་བདེན་པར་གྲུབ་ན། གཞན་དབང་གི་སྟེང་དུ་ཀུན་བཏགས་པའི་མཚན་ཉིད་ངོ་བོ་ཉིད་དེ་ཡོད་དགོས་པའི་ཕྱིར། དེར་ཐལ། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་སྣང་ཚུལ་དང་སྡོད་ཚུལ་དེའང་རང་མཚན་གྱིས་གྲུབ་དགོས་པའི་ཕྱིར། འདི་ནི་རིགས་པའི་འཕུལ་དང་གོ་བ་ཤིན་ཏུ་ཟབ་པ་ཞིག་ཡིན་ནོ། །དྲི་བའི་ངོ་བོ་ལ་ཁ་ཅིག་ཚིག་གིས་ཁྱབ་ཟེར། གཞན་དག་ན་རེ། དོན་དམ་ཡང་དག་འཕགས་ཀྱི་རྒྱུད་ཀྱི་མདོ་གཉིས་སྒྲས་ཟིན་འགལ་བ་དེ་ཅི་ཡིན་སྙམ་པའི་དོགས་པ་དེ་འཇོག་དགོས་ཟེར། སྔ་མ་ལ། དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། །ཞེས་པའི་ཚིག་འདི་འཁོར་ལོ་དང་པོ་དང་བར་པ་གཉི་གའི་དྲི་བ་ཡིན་པར་ཐལ། དྲི་བ་ལ་ཚིག་གིས་ཁྱབ་པ་གང་ཞིག །ཚིག་དེ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར། འདོད་ན། འཁོར་ལོ་དང་པོའི་དྲི་བ་དངོས་སུ་ཞུས་པར་ཐལ། མདོ་དེ་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་བའི་ཕྱིར་དང། དང་པོའི་དྲི་བ་ཡིན་ན་དངོས་སུ་ཞུས་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་བར་པའི་དྲི་བ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས།
འདོད་མི་ནུས་ཏེ། དཀའ་འགྲེལ་ལས། འཁོར་ལོ་བར་པའི་དགོངས་གཞི་དངོས་སུ་དྲིས་ཤིང། ཤུགས་ལ་འཁོར་ལོ་དང་པོར་ཕུང་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པའི་དགོངས་གཞིའང་དོན་གྱིས་དྲིས་པ་ཡིན་པས། ཞེས་གསུངས་པའི་ཕྱིར། གཞན་ཡང་དྲི་བ་ལ་ཚིག་གིས་མ་ཁྱབ་པར་ཐལ། བརྒྱ་བྱིན་གྱིས་རབ་འབྱོར་ལ་ཡིད་ཀྱིས་དྲི་བ་བྱས་པར་ཤེར་མདོ་ལས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ཁྱབ་སྟེ། ངག་ཏུ་མ་ཐོན་པར་ཡིད་ཀྱིས་དྲི་བ་བྱས་པའི་དྲི་བ་དེའང་ཚིག་ཏུ་བཞག་ཆོག་པའི་ཕྱིར། དེར་ཐལ། རྗེ་བཙུན་གྱི་ངག་ཏུ་མ་ཐོན་གོང་གི་ཐུགས་ལ་བཞུགས་པའི་རྒྱན་དང། རྒྱན་གྱི་ཚིག་བཟུང་སྟེ་ཡིད་སྐྱོར་བྱེད་པའི་དུས་ཀྱི་རྒྱན་སོགས་སྒྲ་ཡིན་པར་གསུངས་པའི་ཕྱིར་ཟེར་ན། དེ་ལྟར་བྱས་ཚེ་གཟུགས་མེད་པ་སྤྲུལ་པའི་ལུས་བཟུང་ནས་ཆོས་ཉན་པར་གསུངས་པ་དེ་སྤྲུལ་པ་བསྡུས་མ་ཐག་ཆོས་དེ་བརྗེད་མི་འགྲོ་བས་ཡིད་སྐྱོར་བྱེད་པ་འཇོག་དགོས་ལ། དེའང་སྒྲ་སྤྱིའི་ཕྲེང་བ་རིམ་པར་ཤར་བ་ཙམ་ལ་མི་བྱེད་ན་འཇོག་དཀའ་ཞིང། སྔ་མ་རྣ་ཤེས་ཀྱིས་ཐོས་ཚུལ་དང་ཟིན་པའི་འབྱུང་བ་ལས་གྱུར་ཚུལ་ཡང་འཇོག་དཀའ་བས་དཔྱད་དགོས་ཏེ། རྣམ་འགྲེལ་ལས། བྱེད་པ་རྣམས་ཀྱི་སྦྱོར་བའམ། །ཡིད་ཀྱི་བཟླས་པ་དོན་མེད་འགྱུར། །སྒྲ་ནི་རྣ་བའི་སྤྱོད་ཡུལ་ཡིན། །ཞེས་དང། ཊཱིཀ་ཆེན་ལས། སྔགས་སྒྲ་རང་མཚན་པ་དང་ཡིད་ལ་ཤར་བའི་སྔགས་ཀྱི་སྤྱིའི་རང་བཞིན་རྣམས་སོ་སོར་མ་ཕྱེ་བར། ཞེས་སོགས་རིག་བྱེད་པ་དང་རྩོད་ཚུལ་ཡང་ཤེས་དགོས་སོ། །གོང་གི་ལུགས་ཕྱི་མ་དེའང་མི་འཐད་པར་ཐལ།
དོན་དམ་ཡང་དག་འཕགས་ཀྱིས་གདུལ་བྱ་གཞན་ལ་དོགས་པ་སྐྱེ་བ་སེལ་བའི་ཕྱིར་ཕན་སེམས་ཀྱིས་ཞུས་པ་ཡིན་གྱི། ཁོང་རང་ལ་མདོ་གཉིས་སྒྲས་ཟིན་འགལ་བ་ཅི་ཡིན་སྙམ་པའི་དོགས་པ་མེད་པའི་ཕྱིར་ཏེ། དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས་ཁྱོད་ཀྱིས་ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན་དང། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བར་སེམས་པ་དེ་ལེགས་སོ། །ཞེས་གསུངས་པའི་ཕྱིར་དང། དེ་འོད་ཟེར་ཆེན་པོའི་དབང་སྐུར་ཐོབ་པའི་གང་ཟག་ཡིན་པས་སྔར་མ་ཤེས་པ་གསར་དུ་ཤེས་རྒྱུ་མེད་པའི་ཕྱིར། རྣམ་བཤད་ལས་སོ། །རང་ལུགས་ལ་བར་བའི་དྲི་བ་དངོས་སུ་ཞུས་པའི་ཤུགས་ལ་དང་པོའི་དྲི་བ་ཞུས་པར་འགྲོ་ཚུལ་ཡོད་དེ། དང་པོར་ཆ་མ་ཕྱེ་བར་ཐམས་ཅད་རང་མཚན་གྱིས་གྲུབ་ཅེས་པའི་མདོ་ཚིག་བཀའ་སྩལ། བར་བས་ཆ་མ་ཕྱེ་བར་རང་མཚན་གྱིས་མ་གྲུབ་ཅེས་བཀའ་སྩལ་ཚུལ་གཉི་ག་བཀོད་དེ། བར་བས་ཆ་མ་ཕྱེ་བར་དེ་ལྟར་གསུངས་པ་དེ་ཅི་ལ་དགོངས་ཞེས་དངོས་སུ་དྲིས་པ་ན། ཚིག་གི་ནུས་པས་ཆ་མ་ཕྱེ་བར་གསུངས་པ་དེ་དང་དོན་དུ་འགྲོ་བའི་རྒྱུ་མཚན་ལྟ་བུར་སོང་བས་ཆ་འབྱེད་རྒྱུ་ཞིག་ཡོད་པར་གོ་ཞིང། དེ་ལྟར་ན་དང་པོར་ཡང་ཆ་མ་ཕྱེ་བར་གསུངས་ཚུལ་བཀོད་མ་ཐག་པ་ལྟར་ཡིན་པས་དེའང་དྲིས་པར་འགྲོ་བ་ཡིན་ནོ། །ཡིག་ཆ་རྙིང་པར་ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འཁོར་ལོ་དང་པོ་དང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་དངོས་སུ་སྟོན་པའི་འཁོར་ལོ་དང་པོ་གཉིས་མདོ་སོ་སོ་བར་གསུངས་ཏེ། རྒྱུ་མཚན་ཡང་འདི་ཉིད་དུ། འཁོར་ལོ་དང་པོ་ལས་ཕྱི་རོལ་གྱི་དབང་དུ་བྱས་པའི་
གཟུང་འཛིན་གཉིས་གསུངས་པ་དྲང་དོན་དུ་འགྲེལ་པའི་དགོངས་གཞི་ནི། ཞེས་པ་ནས། གནོད་བྱེད་ནི་ཕྱི་རོལ་འགོག་པའི་རིགས་པ་རྣམས་སོ། །ཞེས་པའི་བར་གྱི་གཞུང་འདིས་དང་པོ་དེ་དྲང་དོན་དུ་འགྲེལ་ཚུལ་བསྟན། ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ཀུན་བཏགས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་པས་དེ་གཉིས་ལ་མ་ཕྱེ་བར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པའང་དྲང་དོན་ནོ། །ཞེས་པའི་གཞུང་འདིས་ཕྱི་མ་དྲང་དོན་དུ་འགྲེལ་ཚུལ་བསྟན་པའི་ཕྱིར་གསུངས་པ་ལ་བརྟེན་ནས། ཁ་ཅིག །ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་པོ་དང། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་འཁོར་ལོ་དང་པོ་གཉིས་མདོ་སོ་སོ་བ་ཡིན་ཟེར་ན། མི་འཐད་པར་ཐལ། གཉི་ག་དངོས་བསྟན་ལ་མ་སྦྱར་ན་མདོ་དེ་གཉིས་དོན་གཅིག་པའི་ཕྱིར། མ་གྲུབ་ན། ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འཁོར་ལོ་དང་པོ་ཆོས་ཅན། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པའི་མདོ་ཡིན་པར་ཐལ། འདིར་བསྟན་འཁོར་ལོ་དང་པོ་ཡིན་པའི་ཕྱིར། འདི་ཉིད་ལས། འཁོར་ལོ་དང་པོ་ལས་ཕྱི་རོལ་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་གསུངས། ཞེས་འདིར་བསྟན་འཁོར་ལོ་དང་པོར་བསྟན་པའི་ཕྱིར་དང། རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཡང་དྲང་དོན་ནོ། །ཞེས་ཡང་སྒྲས་ཕྱི་དོན་བསྟན་པ་དྲང་དོན་དུ་འགྲེལ་པར་མ་ཟད། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་བསྟན་པའང་དྲང་དོན་དུ་འགྲེལ་ཅེས་པ་ཡིན་པའི་ཕྱིར། སྐྱེ་མཆེད་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཅེས་པའི་བཤད་བྱའི་མདོ་ལས། མིག་དང་
གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །ཞེས་པ་ལྟ་བུ་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་པོར་མི་འཇོག་ན། ཕྱི་དོན་སྟོན་པའི་འཁོར་ལོ་དང་པོའི་མཚན་གཞི་མི་རྙེད་པའི་ཕྱིར། དེས་ན་མདོ་གཅིག་ཡིན་ཀྱང་དྲང་དོན་དུ་འགྲེལ་པའི་སྒོ་གཉིས་སོ་སོར་ཡོད་པ་ཡིག་ཆའི་དགོངས་པ་ཡིན་ནོ། །ཟབ་བརླིང་དགོངས་པ་སྣ་ཚོགས་རྒྱལ་བའི་བཀའ། །གྱ་ཚོམ་མི་འབྱེད་དགོངས་པའི་ཕུགས་བཙལ་ཏེ། །ཕྲ་ཞིབ་རིགས་པའི་དཔྱད་པ་ལྷུར་ལེན་པ། །རྒྱལ་སྲས་དོན་དམ་ཡང་དག་འཕགས་བཞིན་བརྗོད། །དྲང་ངེས་གསུང་རབ་ནམ་མཁའི་མཐར། །དྲིས་ཞུས་འཁོར་ལོས་བགྲོད་པ་ན། །དྲན་དབང་ཆེན་པོ་རློམ་རྣམས་ཀྱང། །དྲེགས་པའི་རལ་པ་ས་ལ་བསྙིལ། །༈ གཉིས་པ་འགལ་བ་དེ་སྤོང་བའི་ལན་ལ། ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་བཤད་པ་དང། མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་པ་བཤད་པ་གཉིས། དང་པོ་ལ་མདོར་བསྟན། རྒྱས་བཤད། དེ་དག་གི་དཔེ་བསྟན་པ། དགོངས་གཞི་དེ་ལྟར་བཀྲལ་དགོས་པའི་རྒྱུ་མཚན་བཤད་པ་དང་བཞི། དང་པོ་ལ་བཤད་བྱའི་མདོ་འགོད་པ་ནི། དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྣམ་པ་གསུམ་པོ་འདི་ལྟ་སྟེ། ཞེས་པ་ནས། ངོ་བོ་ཉིད་མེད་པར་གསུངས་སོ། །ཞེས་པའི་བར་དང། དེའི་དོན་འཆད་པར། བསྡུ་བ་ལས་ཀྱང། ཞེས་པ་ནས། སེམས་དང་ལྡན་པ་སུ་ཞིག་སྨྲ། ཞེས་པའི་བར་བྱུང། གཉིས་པ་རྒྱས་བཤད་ལ་གསུམ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་སྟོན་པ་ནི། གལ་ཏེ་ངོ་བོ་ཉིད་མེད་པར་གསུངས་པའི་ཆོས་རྣམས། ཞེས་པ་ནས། ཕྱི་མ་ལྟར་
འཛིན་པ་ནི་ཡོད་དོ། །ཞེས་པའི་བར་བྱུང། སྐྱེ་བ་ངོ་བོ་ཉིད་མེད་པ་སྟོན་པར། ངོ་བོ་ཉིད་མེད་པ་གཉིས་པ་ནི་དགོངས་འགྲེལ་ལས། ཞེས་པ་ནས། ངོ་བོ་ཉིད་མེད་པར་གསུངས་པ་མིན་པའི་ལུགས་སོ། །ཞེས་པའི་བར་བྱུང། དོན་དམ་པ་ངོ་བོ་ཉིད་མེད་པ་སྟོན་པ་ལ། ངོ་བོ་ཉིད་མེད་པ་གསུམ་པ་ལ་འཇོག་ཚུལ་གཉིས་ལས། ཞེས་པ་ནས། དོན་དམ་གཞན་དུ་གྲུབ་མ་གྲུབ་ནི་འཆད་པར་འགྱུར་རོ། །ཞེས་པའི་བར་གྱིས་འཇོག་ཚུལ་དང་པོའི་དབང་དུ་བྱས་པའི་དོན་དམ་པ་ངོ་བོ་ཉིད་མེད་པ་དང། དོན་དམ་པ་ངོ་བོ་ཉིད་མེད་པའི་འཇོག་ཚུལ་གཉིས་པའང་དགོངས་འགྲེལ་ལས། ཞེས་པ་ནས། མི་བཞེད་པའི་ལུགས་སོ། །ཞེས་པའི་བར་བྱུང། གསུམ་པ་དེ་དག་གི་དཔེ་བསྟན་པ་ནི། ངོ་བོ་ཉིད་མེད་པ་གསུམ་པོ་དཔེ་ཇི་དང་འདྲ་བ་ནི་དགོངས་འགྲེལ་ལས། ཞེས་པ་ནས། དཀྱུས་ན་གསལ་ལོ། །ཞེས་པའི་བར་བྱུང། བཞི་པ་དགོངས་གཞི་དེ་ལྟར་བཀྲལ་དགོས་པའི་རྒྱུ་མཚན་ནི། ངོ་བོ་ཉིད་མེད་པར་གསུངས་པའི་ངོ་བོ་ཉིད་མེད་ཚུལ་ནི་དེ་ལྟར་བཤད་ཀྱི། ཞེས་པ་ནས། སྐྱེ་འགག་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་སྐྱེ་འགག་མེད་པར་འགྱུར་བའི་ལུགས་སོ། །ཞེས་པའི་བར་བྱུང། དེ་དག་གི་དོན་འཆད་པ་ལ་སྤྱི་དོན་དང་མཐའ་དཔྱད་པ་གཉིས། དང་པོ་ནི། འཁོར་ལོ་བར་པ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་ཡོད་དེ། མཚན་ཉིད་ངོ་བོ་ཉིད་མེད་པ། སྐྱེ་བ་ངོ་བོ་ཉིད་མེད་པ། དོན་དམ་པ་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་པའི་ཕྱིར་ཞེས་པ་མདོར་བསྟན་གྱི་དོན་སྦྱོར་ཡིན་ཞིང། དཀའ་འགྲེལ་ལས། ཀུན་བཏགས་མཚན་ཉིད་ངོ་བོ་
ཉིད་མེད་པ། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་སོགས་གསུངས་པ་ནི་གོ་བདེ་བའི་ཕྱིར་ཡིན་གྱི། མདོར་བསྟན་སྐབས་ནས་མཚན་ཉིད་གསུམ་ངོ་བོ་ཉིད་མེད་པ་གསུམ་དང་སྦྱར་ཟིན་ན་རྒྱས་བཤད་དུ་མཚན་གཞི་དྲི་མི་དགོས་པར་ཐལ་བ་ཡིག་ཆ་ལྟར་རོ། །བསྡུ་བ་ལས། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ངོ་བོ་ཉིད་མེད་པ་ཞེས་གསུངས་ཤེ་ན། སྨྲས་པ། འདུལ་བའི་དབང་གིས་དེ་དང་དེར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ལ་དགོངས་ནས་གསུངས་ཏེ། ཞེས་དང། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱིས། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་པའི་ལུང་གཉིས་དྲངས་པའི་དགོས་པ་ནི། ཇོ་ནང་པས་ཤེར་མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་དགོངས་ཀྱི་དོན་དམ་ལ་དགོངས་པ་མིན་ཞེས་ཟེར་བ་འགོག་ཆེད་ཡིན་ཏེ། ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་མཉམ་དུ་གསུངས་པའི་རྒྱུ་མཚན་གྱིས་དྲིས་ཞུས་ཀྱི་མདོར་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་ཞེས་དྲི་དགོས་བྱུང་ཞིང། ལན་དུའང། དོན་དམ་ཡང་དག་འཕགས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་གསལ་བར་གསུངས་པ་དང་འགལ་བའི་ཕྱིར། བྱས་པ་ལ། མདོའི་ཚིག་ཟིན་ཙམ་དུ་ཆོས་ཐམས་ཅད་ཅེས་གསུངས་ཀྱང་
ཀུན་རྫོབ་པའི་ཆོས་ཐམས་ཅད་ཅེས་པའི་དོན་དུ་དྲངས་དགོས་ཟེར་ན། མ་ཡིན་ཏེ། ཁྱོད་ཀྱིས་དབུ་མ་ཆེན་པོར་འདོད་པའི་ཐོགས་མེད་སྐུ་མཆེད་གཉིས་ཀྱིས་ཀྱང་དེ་ལྟར་དགོངས་པ་མ་དྲངས་པར། སྔ་མ་སྒྲ་སོར་བཞག་གི་འབྲུ་མནན་འདུག་པའི་ཕྱིར་ཞེས་དེ་གཉིས་དྲངས་པ་ཡིན་ནོ། །ཀླུ་སྒྲུབ་ཡས་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་ཚུལ་གསུངས་པ་ནི་སྟོང་ཉིད་བདེན་གྲུབ་ཏུ་འཛིན་པ་གསོར་མི་རུང་གི་ལྟ་བར་གསུངས་པ་སོགས་ཡིན་ལ། སེམས་ཙམ་པའི་སྐབས་འདིར་ཀླུ་སྒྲུབ་ཀྱི་བཞེད་པ་དང་མཐུན་མི་དགོས་ཀྱང། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཡིན་ཚེ་ཤིང་རྟ་ཆེན་པོ་གཉིས་གང་རུང་ཞིག་དང་མཐུན་དགོས་པ་དང། འདི་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་དང་མི་མཐུན་པར་བསྒྲུབས་ཟིན་པས། ཀླུ་སྒྲུབ་དང་མ་མཐུན་ཚེ་ཐེག་ཆེན་གྱི་གྲུབ་མཐའ་ལས་བརྒལ་བར་བསྟན་པ་ཡིན་ཅིང། ཕ་རོལ་པོས། ཐམས་ཅད་ཀྱི་དགོངས་པ་འདྲིལ་བའི་ལུགས་སུ་བྱས་ཀྱང་ཐམས་ཅད་ལས་རྒྱབ་ཀྱིས་ཕྱོགས་པར་གྱུར་ཚུལ་གསུངས་པ་ཡིན་ནོ། །དེ་ལྟར་ན་དགོངས་འགྲེལ་ལས་དྲིས་ལན་གྱི་སྐབས་བདེན་པ་གཉིས་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་གསུམ་དུ་བསྡུས་ནས་དགོངས་གཞི་བཀྲལ་ཅིང། རྩ་བ་ཤེར་མདོ་རང་ལས་འགྲེལ་རྐང་བརྒྱ་རྩ་བརྒྱད་སོ་སོ་ནས་ངོ་བོ་ཉིད་མེད་པ་དང་ཁྱད་པར་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ཐམས་ཅད་ནས་སྨོས་ཏེ་ངོ་བོ་ཉིད་མེད་པར་གསུངས་ཡོད་བཞིན་དུ། དེས་ངོ་བོ་ཉིད་མེད་པར་གསུངས་རྒྱུའི་ཆོས་ཀྱི་ནང་ན་དོན་དམ་མེད་ཅེས་ཟེར་བ་དོན་ལ་དཔྱོད་པའི་སེམས་ལྟ་ཅི། ཚིག་ཐོས་པའི་རྣ་བ་ཅན་ཞིག་གིས་ཀྱང་སྨྲ་མི་འོས་སོ། །༈ རྒྱས་བཤད་ལ་
ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཞེས་པས་མཚན་གཞི་དྲིས་ཤིང། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། །ཞེས་པས་ཀུན་བཏགས་དེའི་མཚན་གཞིར་བསྟན། དེ་ཅིའི་ཕྱིར་ཞེ་ན། ཞེས་པས་དེའི་རྒྱུ་མཚན་ནམ་སྒྲུབ་བྱེད་དྲིས་ཤིང། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པས་དགག་ཕྱོགས་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང། སྒྲུབ་ཕྱོགས་ནས་མིང་དང་བརྡས་བཞག་པ་ཙམ་ཡིན་པའི་ཕྱིར། ཞེས་རྒྱུ་མཚན་གསུངས་པ་ཡིན་ནོ། །འོན་ཀྱང་འདི་བའི་ལུགས་ཀྱི་མིང་བརྡས་བཞག་ཙམ་གྱི་དོན་དང། རང་མཚན་གྱིས་མ་གྲུབ་ཚུལ་དེ་ཐལ་འགྱུར་བའི་འཇོག་ཚུལ་དང་བསྟུན་ན་རགས་པས། ལུགས་འདིའི་རང་མཚན་དུ་འཛིན་པ་ལ་ཐལ་འགྱུར་ལུགས་ཀྱི་དེ་ཚང་ཡང། དེ་ལ་འདི་ཚང་མི་དགོས་སོ། །དེ་བཞིན་དུ་སྐྱེ་བ་ངོ་བོ་ཉིད་མེད་པའང་མཚན་གཞི་དང་རྒྱུ་མཚན་དྲིས་ལན་གཉིས་ཀྱི་སྒོ་ནས་བསྟན་ལ། སྒྲུབ་བྱེད་ནི་དགག་ཕྱོགས་ནས་རང་དབང་བའི་སྐྱེ་བའམ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་དང། སྒྲུབ་ཕྱོགས་ནས་རྒྱུ་རྐྱེན་གཞན་ལ་བརྟེན་པས་སོ། །དོན་དམ་པ་ངོ་བོ་ཉིད་མེད་པ་འཇོག་ཚུལ་གཉིས་ཀྱི་སྔ་མའི་དབང་དུ་བྱས་པ་ནི། ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིེད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་དོན་དམ་པ་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ། །ཞེས་གཞན་དབང་དེའི་མཚན་གཞིར་ངོས་བཟུང་སྟེ། རྒྱུ་མཚན་སྟོན་པ་ལ།
དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ། གཞན་གྱི་དབང་གི་མཚན་ཉིད་དེ་རྣམ་པར་དག་པའི་དམིགས་པ་མ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ལ་དོན་དམ་དུ་བྱས་པའི་དོན་དམ་དེར་མ་གྲུབ་པས་དོན་དམ་པ་ངོ་བོ་ཉིད་མེད་ཅེས་བཏགས་པར་གསུངས་སོ། །འཇོག་ཚུལ་གཉིས་པའི་དབང་དུ་བྱས་པའི་དོན་དམ་པ་ངོ་བོ་ཉིད་མེད་པ་ནི། གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེའང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི། དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེ་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པས་ན་དོན་དམ་པ་དང། ཆོས་བདག་བཀག་ཙམ་མམ་མེད་ཙམ་གྱིས་རབ་ཏུ་ཕྱེ་བའི་མེད་དགག་ཡིན་པས་ན་ངོ་བོ་ཉིད་མེད་པ་ཞེས་བཤད་དེ། འདི་དང་སྔ་མ་ལ་དོན་དམ་པར་གྲུབ་པའི་ངོ་བོ་ཉིད་མེད་པ་དང་དོན་དམ་པར་སྐྱེ་བ་མེད་པ་ཞེས་ཟེར་བ་ནི་ལུགས་གཞན་ཡིན་ནོ། །དེ་དག་གི་དཔེ་ནི། ཀུན་བཏགས་རྟོག་པས་བཏགས་ཙམ་དུ་གྲུབ་པ་ནམ་མཁའི་མེ་ཏོག་ལྟ་བུ་དང། གཞན་དབང་གི་གཙོ་བོ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལ་འཁྲུལ་བའི་བག་ཆགས་ཀྱི་དབང་
གིས་གཟུང་འཛིན་གཉིས་སུ་སྣང་བ་སྒྱུ་མ་ལྟ་བུ་དང། ཀུན་ལ་ཁྱབ་ཅིང་རང་གི་དགག་བྱ་དེ་མེད་པ་ཙམ་ལ་བཏགས་པས་ཡོངས་གྲུབ་ནི་ནམ་མཁའ་དང་ཆོས་མཚུངས་སོ། །དེ་ལྟར་དཔེ་དང་གཏན་ཚིགས་དུ་མའི་སྒོ་ནས་ངོ་བོ་ཉིད་མེད་པ་གསུམ་གཏན་ལ་ཕབ་སྟེ། ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་གསུངས་པའ་ིམེད་ལུགས་ནི་འདི་ལྟར་ཤེས་དགོས་ཀྱི། སྒྲ་ཇི་བཞིན་པར་བཟུང་ན་མཚན་ཉིད་གསུམ་ག་ལ་སྐུར་འདེབས་སུ་འགྱུར་ཏེ། གཞན་དབང་ཡོངས་གྲུབ་གཉིས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་དེ་གཉིས་གཏན་མེད་དུ་འགྱུར་ཞིང། ཀུན་བཏགས་ནི་རང་ཉིད་རང་མཚན་གྱིས་མ་གྲུབ་པས་ཡེ་མེད་དུ་མི་འགྱུར་ནའང་འདོགས་པའི་གཞི་གཏན་མེད་པའི་དབང་གིས་ཡེ་མེད་དུ་འགྲོ་བའི་ཕྱིར་ཏེ། ཐམས་ཅད་ཀྱི་རྩ་བ་གཞན་དབང་གི་སྐྱེ་འགག་སོགས་བློ་འཁྲུལ་བས་བཏགས་ཙམ་མ་ཡིན་པར་རང་མཚན་གྱིས་གྲུབ་པ་ཞིག་ཀུན་གྱི་གཞིར་དགོས་པར་བཤད་པ་ཡིན་ནོ། །མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། མདོར་བསྟན་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་ཡིན་ཟེར་ན། མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་ཞེས་པའི་མདོ་ཚིག་འདི་སྟོང་ཉིད་དངོས་སུ་སྟོན་པའི་མདོ་ཚིག་ཡིན་པར་ཐལ། དེའི་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་ཡིན་པའི་ཕྱིར། འདོད་ན། དོན་དམ་པ་ངོ་བོ་ཉིད་མེད་པ་དངོས་སུ་སྟོན་པའི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་མཇུག་ཐོགས་སུ་དོན་དམ་པ་ངོ་བོ་ཉིད་མེད་པ་སྨོས་མི་དགོས་པར་ཐལ་ལོ། །གཞན་ཡང་མདོར་བསྟན་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཆོས་ཅན། ཁྱོད་ཀྱི་དགག་
བྱ་ལ་རང་ཉིད་གང་གིས་སྟོང་པ་ཡོངས་གྲུབ་ཏུ་འཇོག་པའི་སྐབས་ཀྱི་དགག་བྱས་ཁྱབ་པར་ཐལ། ཁྱོད་འགོག་བདེན་ལས་གཞན་པའི་སྟོང་ཉིད་ཡིན་པའི་ཕྱིར། འདོད་ན། མདོར་བསྟན་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་དེ་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་ལ། དེའི་དངོས་བསྟན་གྱི་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་ཞེས་གོ་བཟློག་རིགས་པར་ཐལ། དང་པོ་ཁས་བླངས་ཤིང་ཕྱི་མའི་མེད་རྒྱུ་དེར་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ལ་དོན་དམ་དུ་བྱས་པའི་དོན་དམ་གཅིག་ཀྱང་བཤད་པའི་ཕྱིར་ཏེ། རྒྱས་བཤད་ཀྱི་སྐབས་སུ་དེ་ལ་འཇོག་ཚུལ་གཉིས་བྱས་ནས་དང་པོར་དེ་བཤད་པའི་ཕྱིར། གཞན་ཡང། མདོར་བསྟན་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཆོས་ཅན། ཁྱོད་རང་གི་སྟོང་གཞི་ཆོས་ཅན་ལ་ཁྱབ་ཅིང་དགག་བྱའི་བདག་བཀག་ཙམ་གྱི་རབ་ཏུ་ཕྱེ་བས་ནམ་མཁའ་དང་དཔེ་དོན་སྦྱོར་རིགས་པར་ཐལ། ཁྱོད་དེ་འདྲ་བའི་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་པས་བཏགས་པ་ཙམ་མ་གཏོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ནམ་མཁའི་མེ་ཏོག་དང་དཔེ་དོན་སྦྱོར་རིགས་པའི་ཕྱིར། དགོངས་འགྲེལ་ལས། ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །ཞེས་དང། འདི་ཉིད་ལས། ཀུན་བཏགས་ནམ་མཁའི་མེ་ཏོག་དང་འདྲ་བ་ནི་རྟོག་པས་བཏགས་ཙམ་གྱི་དཔེ་ཡིན་གྱི། ཤེས་བྱ་ལ་མི་སྲིད་པའི་དཔེ་མིན་ནོ། །ཞེས་གསུངས་པའི་ཕྱིར་ཏེ། རང་རྒྱུད་པ་རྣམས་ཤེས་བྱ་ལ་མི་སྲིད་པའི་དཔེར་འདོད་ཀྱང། སེམས་ཙམ་པ་དང་
ཐལ་འགྱུར་བ་གཉིས་ཀས་རྟོག་པས་བཏགས་ཙམ་གྱི་དཔེར་འདོད་པའི་ཕྱིར། བྱས་པ་ལ། ཁོ་ན་རེ། དེ་དཔེར་བྱེད་ཚུལ་ཐལ་རང་སེམས་ཙམ་པ་གསུམ་མཐུན་པར་ཐལ། རང་རྒྱུད་པའི་ཐད་ཀྱི་ལེགས་བཤད་སྙིང་པོ་ལས་ཀྱང། མཚན་ཉིད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པའི་ཀུན་བཏགས་ནི་ཞེན་ཡུལ་དེ་དོན་དམ་པར་ཀུན་བཏགས་པ་དེ་ཡིན་ལ། དེ་ཉིད་མིང་དང་བརྡས་བཞག་པར་གསུངས་པ་ནི་སྒྲ་རྟོག་གིས་བཏགས་པ་ཙམ་དུ་ཟད་པའི་དོན་ནོ། །ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། སེམས་ཙམ་པ་དང་ཐལ་འགྱུར་བ་གཉིས་ཀའི་ལུགས་ལ་རྟོག་པས་བཏགས་ཙམ་ཡིན་ན་ཤེས་བྱ་ལ་མི་སྲིད་མི་དགོས་ཀྱང། རང་རྒྱུད་པའི་ལུགས་ལ་དེ་དགོས་པའི་ཕྱིར། དེར་ཐལ། རང་རྒྱུད་པའི་ལུགས་ལ་ཀུན་བཏགས་ཀྱང་རང་མཚན་གྱིས་གྲུབ་པའི་ཕྱིར་ཏེ། ཤེས་རབ་སྒྲོན་མེ་ལས། ཀུན་བཏགས་པ་མེད་པ་མ་ཡིན་ཏེ། ཞེས་དང། དེའི་ཐད་ཀྱི་ལེགས་བཤད་སྙིང་པོ་ལས། འདིར་ཡོད་མེད་ནི་མཚན་ཉིད་ངོ་བོ་ཉིད་ཡོད་མེད་ཡིན་པས། ཞེས་གསུངས་ཤིང། རྗེའི་བྱང་ཆུབ་བླ་མའི་དྲིས་ལན་ལས་ཀྱང། རང་རྒྱུད་པ་རྣམས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པས་དོན་དམ་པར་རང་བཞིན་ཁེགས་ཀྱང་ཀུན་རྫོབ་ཏུ་རྟོག་པས་བཏགས་པ་ཙམ་མིན་པའི་རང་མཚན་འདོད་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྔ་མ་ཕལ་ཆེར་བདེན་གྲུབ་ཁས་མི་ལེན་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའང་ཁས་མི་ལེན་པ་གཞིར་བཞག་བྱས་ཀྱང། རང་རྒྱུད་པ་རྣམས་རང་མཚན་ཁས་ལེན་པའི་ཁུངས་གསལ་ཤོས་ཀུན་བཏགས་མཚན་ཉིད་
ངོ་བོ་ཉིད་མེད་པར་བཤད་ཚུལ་འདི་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་ཡིན་པར་ཐལ། ཡིག་ཆ་ལས། འདིར་དངོས་སུ་བསྟན་པའི་དེ་ཆོས་ཀྱི་བདག་མེད་ཕྲ་མོ་ལ་འཇོག །ཅེས་དང། སྔ་མའི་མེད་རྒྱུ་དེ་ཤེས་བྱ་ལ་མི་སྲིད། ཅེས་དང། དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་ཡིན་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དང། དེར་རང་ངོས་ནས་གྲུབ་པ་རྣམས་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ལུང་སྔ་མའི་གོང་འོག་གཉི་གར་མཚན་ཉིད་ངོ་བོ་ཉིད་མེད་པ་ཙམ་མ་གསུངས་པར་དེའི་དོན་ཞེས་གསུངས་ཤིང། དོན་སྟོང་ཉིད་དུ་འགྲོ་ཚུལ་འདིས་ངོ་བོ་ཉིད་ལ་བདག་ཏུ་སྒྲོ་བཏགས་པའང་ཡོད་པས་ཚིག་ལ་དེ་བཀག་པ་ལྟར་བརྗོད་ཀྱང། དོན་འཆད་པའི་ཚེ་དེས་སྒྲོ་བཏགས་པ་ལྟར་དུ་མེད་པ་ཞེས་བཤད་དགོས་ཤིང། དེ་ལྟར་བྱས་ན་སྟོང་ཉིད་དུ་འགྲོ་བའི་དོན་ཡིན་པའི་ཕྱིར། ལུང་ཕྱི་མ་གཉིས་ཀྱིས་ཀྱང་མི་གནོད་དེ། དེའང་ཀུན་མཁྱེན་ཆོས་འབྱུང་གི་གསུང་གཞིར་བཞག་ནས་ཚིག་སྣ་བསྡུས་པར་སྣང་ལ། དེ་ཉིད་ལས། སྔ་མ་ཤེས་བྱ་ལ་མི་སྲིད། ཕྱི་མ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གཞི་གྲུབ་ན་སྔ་མའི་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་པས་དངོས་སུ་བསྟན་པའི་མེད་རྒྱུའི་མཚན་ཉིད་ཀྱི་ངོ་བོ་ཉིད་དེར་མེད་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་ཁྱབ་པའི་ཕྱིར་དང། ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་ལྟར་དུའང་མ་གྲུབ་པས་ཁྱབ་པའི་ཕྱིར། ཞེས་དེར་རང་མཚན་གྱིས་གྲུབ་པ་དང། གྲུབ་པར་
སྒྲོ་བཏགས་པ་གཉི་ག་གསུངས་པ་ཡིག་ཆ་ཕྱི་མའི་དགོངས་པར་ཡང་གནས་པས་རང་ལུགས་དེའི་མཚན་ཉིད་ངོ་བོ་ཉིད་ལ་སྒྲོ་བཏགས་པའང་བཞག་ནས་དེ་ལྟར་གྲུབ་པ་ཤེས་བྱ་ལ་མི་སྲིད་པ་དང། དེ་ལྟར་གྲུབ་པ་ལ་ཆོས་བདག་གིས་ཁྱབ་པའི་དོན་ཡིན་པ་སོགས་སྔར་དང་འདྲ་བའི་ཕྱིར། དེ་ལ་ཁོ་ན་རེ། མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་དང། བརྟག་པ་མཐའ་བཟུང་གི་དེའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་གང་རུང་གིས་ཁྱབ་པར་ཐལ། དེ་ལ་རང་ཉིད་གང་གིས་སྟོང་པ་ཡོངས་གྲུབ་ཏུ་འཇོག་པའི་སྐབས་ཀྱི་ཀུན་བཏགས་ཀྱིས་མ་ཁྱབ་ཀྱང། དེའི་སྐབས་སུ་མཁོ་བའི་ཀུན་བཏགས་ཀྱིས་ཁྱབ་པའི་ཕྱིར་ཟེར་ན། མདོར་བསྟན་དངོས་བསྟན་གྱི་དེ་ལ་དེས་ཁྱབ་ཀྱང། མདོར་བསྟན་ཙམ་ལ་མ་ཁྱབ་སྟེ། གང་ཟག་གི་བདག་ཏུ་གྲུབ་པ་དང། གྲུབ་པར་སྒྲོ་བཏགས་པ་གཉིས་ཀྱང་མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་དེ་ཡིན་པའི་ཕྱིར། དེར་ཐལ། དེའི་ཤུགས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་ཡིན་པའི་ཕྱིར། དེར་ཐལ། མདོར་བསྟན་རྒྱས་བཤད་འདི་དག་གིས་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་བར་བའི་དགོངས་གཞིར་དངོས་སུ་བསྟན་ནས། གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་གསུམ་དང་པོའི་དགོངས་གཞིར་ཤུགས་ལ་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་ཐར་བར་བགྲོད་བྱེད་ཀྱི་རྣམ་དག་ལམ་དེས་གཞན་དབང་ཀུན་བཏགས་ཀྱིས་སྟོང་པར་སྒོམ་ཚུལ་གཅིག་ཀྱང་འདིའི་ཞར་ལ་སྟོན་དགོས་པའི་ཕྱིར་ཏེ།
དགོངས་འགྲེལ་ལས། དེ་ལ་སེམས་ཅན་ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང་སྒྲུབ་པ་འདི་ཉིད་ཀྱིས་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་ཆོས་ཅན། མདོར་བསྟན་གྱིས་དངོས་སུ་བསྟན་པར་ཐལ། མདོར་བསྟན་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་ཡིན་པའི་ཕྱིར་ན་འགལ་ཁྱབ། ཁྱོད་རང་ལ་ཕྱི་དོན་ཆོས་ཅན། སེམས་ཙམ་པའི་རང་ལུགས་ལ་ཁས་ལེན་པར་ཐལ། སེམས་ཙམ་པའི་རང་ལུགས་ཀྱི་དགག་བྱ་ཡིན་པའི་ཕྱིར། ཁྱབ་པ་འགྲིག །ཡང་ཁོ་ན་རེ། དེ་ཆོས་ཅན། མདོར་བསྟན་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མ་ཡིན་པར་ཐལ། དེའི་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་ན། མ་ཁྱབ། རྟགས་གྲུབ་སྟེ། དགོངས་འགྲེལ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའམ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་མཚན་གཞི་དྲིས་པ་ཡིན་པའི་ཕྱིར། ཚིག་ལ་ཞིབ་ཆ་དགོས། ཁ་ཅིག་ན་རེ། ཀུན་བཏགས་ཆོས་ཅན། ཁྱོད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཁྱོད་མིང་བརྡས་བཞག་པ་ཙམ་ཡིན་གྱི་རང་མཚན་གྱིས་མ་གྲུབ་པའི་ཕྱིར། ཞེས་པའི་སྦྱོར་བ་དེ་རྒྱས་བཤད་ཀྱི་དོན་སྦྱོར་དུ་དཀའ་འགྲེལ་ལས་བཀོད་པས་དེ་ལྟར་ཁས་ལེན་དགོས་ཟེར། ཁ་ཅིག །དོན་སྦྱོར་དེ་ལྟར་བཀོད་པ་ལ་ཡིག་ཆར། ཀུན་བཏགས་རང་མཚན་གྱིས་མ་གྲུབ་པ་དེ་སྐབས་
འདིར་དངོས་སུ་བསྟན་པའི་མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་ཡིན་པར་ཐལ། སྦྱོར་བ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་པས་དེ་ཚད་མས་གྲུབ་པའི་ཕྱིར། ཞེས་དགག་པ་མཛད་ལུགས་ཀྱིས་འདིའི་རང་མཚན་གྱིས་མེད་པ་དེར་མདོ་སྡེ་པས་མ་རྟོགས་པ་ཞིག་དགོས་པས། སྦྱོར་བ་འགོད་ཚེ་དགག་ཕྱོགས་ནས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པའི་ཕྱིར་ཞེས་འགོད་དགོས་ཟེར་བ་གཉི་ག་མི་འཐད་པར་ཐལ། དཀའ་འགྲེལ་གྱི་དགོངས་པ་སྐབས་ཐོབ་ཀྱི་ཀུན་བཏགས་འདི་གཞིར་བཞག་ཡིན་པས། སྔ་མས་ཀུན་བཏགས་སྤྱི་ཙམ་རྩོད་གཞིར་བཟུང་བ་མི་འཐད། ཡིག་ཆས་དགག་པ་མཛད་ཚུལ་ཡང་རྩོད་གཞིར་ཀུན་བཏགས་སྤྱི་ལྡོག་བཟུང་བ་ལ་ཡིན་གྱི། རྟགས་ཆོས་འགོད་ཚུལ་ལ་མ་ཡིན་པའི་ཕྱིར་ཏེ། རང་ལུགས་སྐབས་སུ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་རྩོད་གཞིར་བཟུང་བ་མ་གཏོགས། རྟགས་ཆོས་སྔར་བཞིན་བཀོད་པའི་ཕྱིར། དེ་ལྟར་འགོད་ཀྱང་དགོས་པར་ཐལ། མདོ་ཉིད་ལས། མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི། ཞེས་པས་སྒྲུབ་ཕྱོགས་ནས་མིང་བརྡས་བཞག་ཙམ་ཡིན་པ་དེ་བསྟན། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན། ཞེས་པས་དགག་ཕྱོགས་ནས་རང་མཚན་གྱིས་མ་གྲུབ་པ་དེ་བསྟན་པ་གང་ཞིག །འདིའི་མི་གནས་རྒྱུའི་རང་མཚན་དེ་དགག་བྱའི་རང་མཚན་ལ་མི་བྱེད་པར། རྟོག་བཏགས་ཙམ་མ་ཡིན་པའི་རང་མཚན་ནམ་བདེན་གྲུབ་ལ་བྱེད་པའི་ཕྱིར། འདི་ཉིད་ལས། ཀུན་བཏགས་ལ་མེད་རྒྱུའི་མཚན་ཉིད་ཀྱི་ངོ་བོ་ཉིད་ནི་རང་
གི་མཚན་ཉིད་ཀྱིས་གྲུབ་པའམ་གནས་པ་ལ་བྱའོ། །འདིར་རང་གི་མཚན་ཉིད་ཀྱིས་ཡོད་མེད་བསྟན་ཚོད་ནི་མིང་དང་བརྡ་ལ་ལྟོས་ནས་བཞག་མ་བཞག་ཡིན་ལ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་རྩོད་གཞིར་བཟུང་ཡང། རྟགས་ཆོས་སྔར་བཞིན་བྱས་ན་དེ་དངོས་མེད་དུ་མདོ་སྡེ་པས་རྟོགས་ཟིན་པས། དེ་ལ་གྲུབ་ཟིན་སྒྲུབ་པར་ཐལ་བའི་སྐྱོན་སོ་ན་གནས་པའི་ཕྱིར་ཟེར་ན། བཤད་པར་བྱ་སྟེ། ཀུན་བཏགས་སྤྱི་ལྡོག་དང་ནམ་མཁའ་ལྟ་བུ་རྩོད་གཞིར་བཟུང་སྟེ་རང་མཚན་གྱིས་མ་གྲུབ་པའི་ཕྱིར་ཞེས་འཕང་ན་ཚིག་གིས་བསྟན་ཚོད་དེ་ཙམ་ལས་གོ་རྒྱུ་གཞན་མེད་ལ། འདིར་དེ་ལྟར་སྒྲོ་བཏགས་པ་རྩོད་གཞིར་བཟུང་ནས་རང་མཚན་གྱིས་མ་གྲུབ་པའི་ཕྱིར་ཞེས་འཕང་བ་ན་དེའི་དོན་གོ་ཚུལ་ཁྱད་པར་བ་ཞིག་ཡོད་དེ། དེའང་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པའམ་སྣང་བ་དེ་རང་མཚན་གྱིས་གྲུབ་ན་རྟོག་པས་ཕར་བཏགས་ཙམ་མིན་པར་དོན་སྟེང་ནས་བདེན་པར་གྲུབ་དགོས། དེ་གྲུབ་ན་སྣང་ཚུལ་དེ་ལྟར་གྲུབ་བམ་མ་གྲུབ་དཔྱད་པའི་ཚེ་དཔྱད་བཟོད་ཀྱིས་རྙེད་དོན་མཐར་ཐུག་ཏུ་འགྲོ་ལ། ལུགས་འདིར་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་མ་གྲུབ་དཔྱད་པའི་མཐར་དཔྱད་བཟོད་དུ་གྲུབ་པ་ཆོས་བདག་དང། དེར་མ་གྲུབ་པ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག་པའི་ཕྱིར། དེས་ན་ཀུན་བཏགས་སྤྱི་ལྡོག་ཙམ་མ་ཡིན་པར་སྐབས་ཀྱི་ཀུན་བཏགས་འདི་ཉིད་གཞིར་
བྱས་པ་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཚིག་ཟིན་གྱིས་བསྟན་ཚོད་ཙམ་དེ་སྟོང་ཉིད་དུ་མི་འགྲོའང། དེའི་སྟེང་ནས་ངོ་བོ་ཉིད་མེད་ཚུལ་རིགས་པའི་འཕུལ་གྱིས་བསྒྲུབ་པའི་དོན་དེ་སྟོང་ཉིད་དུ་འགྲོ་བས། འདི་ཉིད་ལས། འདིར་རང་གི་མཚན་ཉིད་ཀྱིས་ཡོད་མེད་བསྟན་ཚོད་ནི། ཞེས་ཚིག་གིས་བསྟན་ཚོད་དང་དོན་གྱི་ཐོབ་ཚོད་གཉིས་ཡོད་པར་གསུངས་ཤིང། ཡིག་ཆར་མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་ཞེས་པ་ཡང་ཡང་གསུངས་པ་ཡིན་ནོ། །སྐབས་འདིར་མཚན་ཉིད་ངོ་བོ་ཉིད་མེད་ཚུལ་བཤད་པའི་ཀུན་བཏགས་ལ་ཀུན་བཏགས་སྤྱི་ཙམ་མ་ཡིན་པར། རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་དེ་འཛིན་པ་གོ་རྒྱུ་ཆེ་ཞིང་མདོའི་དགོངས་པ་མཐར་ཐུག་ཡིན་ཏེ། ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས། རབ་རིབ་ཅན་གྱི་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དེ་ལྟ་བུར་ནི་ཀུན་བཏགས་པའི་མཚན་ཉིད་བལྟ་བར་བྱའོ། །ཞེས་དང། ཤེལ་ཤིན་ཏུ་གསལ་བ་ལ་ནོར་བུ་རིན་པོ་ཆེ་ཨཎྜ་རྙིལ་དང། མཐོན་ཀ་ཆེན་པོ་དང། པདྨ་རཱ་ག་དང། མརྒད་དང། གསེར་དུ་ལོག་པར་འཛིན་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བཏགས་པའི་མཚན་ཉིད་དུ་འཛིན་པར་བལྟ་བར་བྱའོ། །ཞེས་བློ་འཁྲུལ་བས་ལོག་པར་སྒྲོ་བཏགས་པའི་སྣང་ཆ་དང་སྦྱར་ནས་ཀུན་བཏགས་ངོས་འཛིན་དགོས་པར་གསུངས་པའི་ཕྱིར། དེ་ལའང་ཁ་ཅིག་ན་རེ། རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་དེ་རང་མཚན་གྱིས་གྲུབ་ནའང། དེའི་དོན་རིགས་པའི་འཕུལ་གྱིས་ཆོས་བདག་ཏུ་མི་འགྲོ་བར་ཐལ། བུམ་པ་རང་མཚན་གྱིས་གྲུབ་ནའང་དེའི་དོན་རིགས་པའི་
འཕུལ་གྱིས་ཆོས་བདག་ཏུ་འགྲོ་དོན་མེད་པ་བཞིན་ཡིན་པའི་ཕྱིར། ཟེར་ན། དེ་གཉིས་མི་མཚུངས་ཏེ། འདི་རང་མཚན་གྱིས་གྲུབ་ན་ཆོས་བདག་ཏུ་འགྲོ་ཚུལ་སྔར་ལྟར་ཡིན་ཅིང། རང་མཚན་གྱིས་མ་གྲུབ་ན་གཏན་ནས་མེད་མི་དགོས་ལ། གཞན་དབང་རང་མཚན་གྱིས་མ་གྲུབ་ན་གཏན་ནས་མེད་དགོས་ཀྱང། རང་མཚན་གྱིས་གྲུབ་ན་ཆོས་བདག་ཏུ་ཐལ་མི་དགོས་པའི་ཕྱིར། དཔེར་ན་མི་ནམ་མཁར་འཕུར་ཐུབ་ན་ཡ་མཚན་ཡིན་ཀྱང་མི་ཐུབ་ན་སྐྱོན་ཡོད་མི་དགོས། བྱ་ནམ་མཁར་འཕུར་མི་ཐུབ་ན་སྐྱོན་ཡོད་པ་ཡིན་ཀྱང་ཐུབ་ན་ཡ་མཚན་མིན་པ་བཞིན་ཡིན་པའི་ཕྱིར། དེ་ལྟར་ཡང་འདི་ཉིད་ལས། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་དུ་འདོད་པའི་ཀུན་བཏགས་ནི། ཕུང་པོ་ལ་སོགས་པ་ལ་འདི་གཟུགས་སོ་ཞེས་ངོ་བོ་དང། འདི་གཟུགས་ཀྱི་སྐྱེ་བའོ་ཞེས་སོགས་ཁྱད་པར་དུ་མིང་དང་བརྡར་བཏགས་པའི་དངོས་པོའོ། །ཞེས་གང་ལ་རང་མཚན་གྱིས་གྲུབ་པར་བཟུང་ན་དོན་གྱིས་ཆོས་བདག་ཏུ་འགྲོ་བའི་ཀུན་བཏགས་དེ་ཀུན་བཏགས་བྱེ་བྲག་པ་ཞིག་དགོས་པར་གསུངས་སོ། །ཡིག་ཆ་ཁ་ཅིག་ཏུ་རྣམ་གྲངས་པའི་ཀུན་བཏགས་རྣམས་རྟོག་པས་བཏགས་ཙམ་ཡིན་ཀྱང། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་རྣམས་རྟོག་པས་བཏགས་ཙམ་མ་ཡིན་ཏེ། དེ་དག་རྟོག་པས་མ་བཞག་པའི་ཕྱིར། དེར་ཐལ། བློས་མ་བཞག་པའི་ཕྱིར་ཏེ། བློའི་ཡུལ་དུ་བྱར་མི་རུང་བའི་ཕྱིར་ཟེར། གཞན་དག་ན་རེ། ནམ་མཁའ་དང་སྒྲ་རྟག་སྟོང་སོགས་ཀྱང་མིང་བརྡས་བཞག་ཙམ་མིན་ཏེ། ནམ་མཁའ་མིང་བརྡས་འཇོག་མི་དགོས་ཤིང། སྒྲ་རྟག་
སྟོང་མིང་བརྡས་འཇོག་མི་ནུས་པའི་ཕྱིར། དེར་ཐལ། ནམ་མཁའ་བརྡ་མི་ཤེས་པའི་བ་ལང་ལྟ་བུའང་གཡང་ས་མཐོན་པོར་ཕྱིན་པའི་ཚེ་ཐོགས་རེག་བཀག་པའི་སྟོང་སང་གི་སྤྱི་ཤར་ཏེ་འཇིགས་སྐྲག་སྐྱེ་བས་དེའི་རྣམ་པ་འཆར་བ་མིང་བརྡ་ལ་ལྟོས་མི་དགོས་པའི་ཕྱིར་དང། སྒྲ་རྟག་སྟོང་ནི་དངོས་པོའི་སྟོབས་ཤུགས་ཀྱི་རིགས་པས་བསྒྲུབ་དགོས་ཀྱི། བརྡ་དང་གྲགས་པ་ཙམ་གྱིས་འཇོག་མི་ཐུབ་པའི་ཕྱིར་ཏེ། འདི་ཉིད་ལས་ཀྱང། དེ་དག་གི་མང་པོ་ཞིག་མིང་དང་བརྡས་འཇོག་མི་ནུས་པའི་ཡོད་པ་ཡིན་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མིན་ཏེ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར། སྔ་མ་མི་འཐད་པར་ཐལ། རྟོག་པས་བཏགས་ཙམ་ལ་ཡོད་པས་ཁྱབ་པ་དབུ་སེམས་གང་གི་སྐབས་སུའང་མི་རུང་བའི་ཕྱིར། རྩ་ཤེ་ཊཱིཀ་ཆེན་ལས། མིང་གི་ཐ་སྙད་ཀྱི་དབང་གིས་མ་བཞག་པའི་ཡོད་པ་མི་སྲིད་ཀྱང་མིང་གི་ཐ་སྙད་ཀྱི་དབང་གིས་གང་བཞག་ཐམས་ཅད་ཡོད་པར་སྟོན་པ་མིན་པར་བཤད་ཟིན་ཏོ། །ཞེས་དང། འདི་ཉིད་ལས་ཀྱང། འདིར་རང་གི་མཚན་ཉིད་ཀྱིས་ཡོད་མེད་བསྟན་ཚོད་ནི་མིང་དང་བརྡ་ལ་ལྟོས་ནས་བཞག་མ་བཞག་ཡིན་ལ། བཞག་པ་ལའང་ཡོད་པས་མ་ཁྱབ་ཅིང། ཞེས་གསུངས་པའི་ཕྱིར། གཉིས་པ་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་ཆོས་ཅན། མིང་བརྡས་བཞག་ཙམ་མ་ཡིན་པར་ཐལ། བརྡ་མི་ཤེས་པའི་གང་ཟག་ལའང་ཁྱོད་ཀྱི་རྣམ་པ་འཆར་བའི་ཕྱིར་ཏེ། དགག་བྱའི་བདེན་སྣང་འབྱུང་བ་བརྡ་ལ་མི་ལྟོས་པའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་དགོངས་འགྲེལ་གྱི་དེ་སྐབས་འདིའི་ཀུན་བཏགས་ཀྱི་མཚན་གཞིར་
དངོས་སུ་བསྟན་ནས་དེའི་རྒྱུ་མཚན་སྟོན་པ་ན། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི། ཞེས་མིང་བརྡས་བཞག་ཙམ་དུ་གསལ་བར་གསུངས་པའི་ཕྱིར། གསུམ་པ་ལ་ཁྱབ་པ་མེད་དེ། སྒྲ་རྟག་སྟོང་མིང་བརྡས་བཞག་ཙམ་ཡིན་ཀྱང། དེ་མིང་བརྡ་ཙམ་གྱིས་འཇོག་མི་ནུས་པ་འགལ་བ་མེད་པའི་ཕྱིར། དེར་ཐལ། དེ་མིང་བརྡས་བཞག་ཙམ་ཡིན་ཞེས་པའི་ཙམ་གྱི་སྒྲས་རང་མཚན་གྲུབ་པ་གཅོད་ལ། རང་མཚན་གྱིས་མ་གྲུབ་པར་ཁས་ལེན་ཡང་དགོས། མིང་བརྡ་ཙམ་གྱིས་བཞག་པ་ཡིན་ཞེས་པའི་ཙམ་སྒྲས་དེ་འཇོག་བྱེད་སྒྲ་རྟག་སྟོང་ངོ་ཞེས་པའི་སྒྲ་ཙམ་དང། དེ་ལྟར་ཞེན་པའི་འདོད་དབང་ཙམ་གྱིས་བཞག་པ་ལས་དངོས་པོའི་སྟོབས་ཤུགས་ཀྱི་རིགས་པས་འཇོག་བྱེད་ཡོད་པ་གཅོད་ལ། དེ་ལྟར་ཁས་ལེན་མི་རུང་བའི་ཕྱིར། ཕྱི་མ་གྲུབ་སྟེ། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ལྟ་བུ་འདོད་པ་ཙམ་གྱིས་འགྲུབ་པས་གྲགས་པའི་རྗེས་སུ་དཔག་བྱ་དང། སྒྲ་རྟག་སྟོང་ལྟ་བུ་དངོས་སྟོབས་ཀྱི་རིགས་པས་འགྲུབ་དགོས་པས་དངོས་སྟོབས་ཀྱི་རྗེས་སུ་དཔག་བྱར་འཇོག་པའི་ཕྱིར། རྣམ་འགྲེལ་ལེའུ་བཞི་པ་ལས། སྒྲ་ནི་བརྡ་ལ་བརྟེན་པ་ཅན། །དེ་ཡང་འདོད་ཙམ་བརྟེན་པ་ཡིན། །སྒྲ་ཡིས་གྲུབ་པ་མ་གྲུབ་མིན། །དེ་ལྟར་སྒྲ་བྱུང་གྲགས་པ་གསུངས། །ཞེས་དང། གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །བརྡ་འགོག་མེད་ལས་སྐྱེས་པ་ཡི། །གྲགས་པ་ཞེན་བྱའི་རྗེས་སུ་དཔག །ཅེས་སོགས་གསུངས་ལ། ཐར་ལམ་གསལ་བྱེད་ལས་ཀྱང། དོན་གང་ལའང་འདོད་པས་བརྡ་སྦྱོར་བ་འགོག་པ་མེད་པའི་སྟོབས་ལས་སྐྱེས་པའི་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པ།
ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་དག་གིས་སྒྲ་རྟག་སྟོང་མིང་བརྡས་བཞག་ཙམ་མ་ཡིན་པར་འདོད་པ་དང། རྟོག་པས་ཕར་བཏགས་ཙམ་དུ་འདོད་པ་ནང་འགལ་ཡིན་ཏེ། མིང་བརྡ་ཞེས་པའི་བརྡ་ནི་རྟོག་པ་ལ་བྱེད་པའི་ཕྱིར་དང། ཁྱོད་ལྟར་ན་དེ་ཆོས་ཅན། རྟོག་པ་ཙམ་གྱིས་བཞག་པ་ཡིན་པར་ཐལ། རྟོག་པས་བཞག་ཙམ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དངོས་སྟོབས་ཀྱི་རིགས་པས་སྒྲུབ་མི་དགོས་པར་ཐལ། རྟག་པས་སྟོང་ངོ་སྙམ་དུ་ཞེན་པའི་རྟོག་པ་ཙམ་གྱིས་འཇོག་ཐུབ་པའི་ཕྱིར། འདོད་མི་ནུས་ཏེ། བྱས་པ་ཁྱོད་སྒྲུབ་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། འདིའི་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་དེ་རང་བཞིན་གྱིས་གྲུབ་པ་ལ་བྱེད་པར་ཐལ། ལྷག་མཐོང་ཆེན་མོ་ལས། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པའི་མཚན་ཉིད་ནི་རང་གི་མཚན་ཉིད་དམ་རང་བཞིན་ཡིན་ལ། སེམས་ཙམ་པས་དེ་མེད་པ་ཀུན་བཏགས་ལ་འདོད་ཀྱང་གཞན་དབང་ལ་མཚན་ཉིད་དེ་ཡོད་པས་རང་བཞིན་ཡོད་ལ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་རང་མཚན་གྱིས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པ་ལ་ཁྱད་མི་འབྱེད་པའི་ཐལ་འགྱུར་བའི་ལུགས་བཤད་སྐབས་ཡིན་པ་དེའི་དབང་དུ་བྱས་པའི་ཕྱིར། དེ་བཞིན་དུ་གྲུབ་མཐའ་ཆེན་མོར། འཁོར་ལོ་ཐ་མས་ཀུན་བཏགས་རང་བཞིན་མེད་པ་དང་གཞན་དབང་ཡོངས་གྲུབ་རང་བཞིན་གྱིས་ཡོད་པ་དང་དོན་དམ་པར་ཡོད་ཚུལ་བཤད་པའི་མདོ་གཉིས་དྲང་དོན་དང། ཞེས་གསུངས་པའང་དགོངས་པ་དེ་ལྟར་འགྲེལ་དགོས་ཀྱི། དགོངས་འགྲེལ་ལས་ཀུན་བཏགས་རང་བཞིན་མེད་པར་བསྟན་
པའི་དོན་དུ་མི་རུང་སྟེ། ཐལ་འགྱུར་བའི་ལུགས་ལ་སྟོང་ཉིད་བསྟན་པར་ཐལ་བ་དང། སེམས་ཙམ་པའི་ལུགས་ལ་ཀུན་བཏགས་ཡེ་མེད་དུ་བསྟན་པར་ཐལ་པའི་སྐྱོན་གཉིས་སུ་འགྱུར་བའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། སེམས་ཙམ་པའི་ལུགས་ལའང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་དང། རང་ངོས་ནས་གྲུབ་པའི་དོན་ཁྱད་འབྱེད་མི་རིགས་པར་ཐལ། སྔ་མའི་དོན་ཡང་རང་གི་གདགས་གཞིའི་ངོས་ནས་བཙལ་ན་རྙེད་རྒྱུ་ཡོད་པ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་འདོད་པ་རང་རྒྱུད་པ་མན་ཆད་ཐམས་ཅད་འདྲ་བའི་ཕྱིར། ཐལ་འགྱུར་བའི་ཐད་ཀྱི་ལེགས་བཤད་སྙིང་པོ་ལས། གང་ཟག་གི་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར་དེའི་ཐ་སྙད་གང་ལ་བཏགས་པའི་གདགས་གཞི་དེ་ཇི་ལྟར་ཡིན་དཔྱད་ཅིང་བཙལ་ནས་འཇོག་ན་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཇོག་པ་ཡིན་ཏེ། རང་སྡེ་བྱེ་བྲག་ཏུ་སྨྲ་བ་ནས་དབུ་མ་རང་རྒྱུད་པའི་བར་ཐམས་ཅད་ཀྱིས་དེ་བཞིན་དུ་འདོད་དོ། །ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེ་དག་གིས་ཆོས་གང་ཡང་བཏགས་དོན་བཙལ་ནས་རྙེད་དགོས་པར་འདོད་པས། དོན་གྱིས་ཐལ་འགྱུར་བའི་ལུགས་ཀྱི་རང་མཚན་དེར་ཁས་བླངས་སོང་བའི་དོན་ཡིན་པའི་ཕྱིར། དེར་ཐལ། སེམས་ཙམ་པས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་པ་ནི་མིང་བརྡས་བཞག་ཙམ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། དེའང་གདགས་གཞིའི་ངོས་ནས་བཙལ་ན་རྙེད་རྒྱུ་ཞིག་ཡོད་པར་འདོད་པས། ཐལ་འགྱུར་བས་གཞལ་ཚེ་ཀུན་བཏགས་རང་མཚན་གྱིས་གྲུབ་པ་ལས་མ་འདས་པའི་དོན་ཡིན་པའི་ཕྱིར། དེ་ཉིད་ལས། འོ་ན་སྔར་རྣལ་འབྱོར་
སྤྱོད་པ་པས་གཟུགས་སོགས་ཀྱི་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ཀུན་བཏགས་ཡོད་པར་འདོད་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་ནས་མིང་དང་བརྡས་བཞག་པར་བཤད་པ་དང་འགལ་ལོ་སྙམ་ན། སྐྱོན་མེད་དེ་དེ་ནི་མིང་དང་བརྡས་འཇོག་ནུས་པས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅེས་སྨྲ་བ་ཡིན་གྱི། དེ་ལ་རང་གི་མིང་བཏགས་པའི་བཏགས་གཞི་བཙལ་ན་མ་རྙེད་པར་མི་འདོད་པས་འདི་པས་བཤད་པའི་རང་མཚན་གྱིས་གྲུབ་པར་འཛིན་པ་ཡོད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་ཁ་ཅིག་མཚན་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡོད་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་མཉམ་ཡིན་ཟེར་བ་དང། ལ་ལ་རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་པའི་དོན་དུ་བསམ་ནས་གཞལ་བྱ་ལ་རང་མཚན་གྱིས་ཁྱབ་པར་སྨྲ་བ་རྣམས་ཤིན་ཏུ་མི་འཐད་དེ། གཞལ་བྱ་ལ་རང་མཚན་གྱིས་ཁྱབ་ན་སྤྱི་མཚན་མེད་དགོས། ཡུལ་ལ་རང་སྤྱི་གཉིས་མེད་ན་ཡུལ་ཅན་ཚད་མ་གཉིས་ཀྱང་མེད་དགོས་པའི་ཕྱིར། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། སྤྱི་མཚན་གཞལ་བྱ་མ་ཡིན་པར་སྨྲ་བ་ནི་རྗེས་སུ་དཔག་པ་ཚད་མ་མ་ཡིན་པར་སྨྲ་བ་རྒྱང་འཕེན་པའི་རང་ལུགས་འཛིན་པ་སྟེ། ཞེས་སོ། །ཡང་ཁོ་ན་རེ། ཉན་ཐོས་སྡེ་པའི་ལུགས་ལ་ཀུན་བཏགས་རང་མཚན་གྱིས་གྲུབ་པར་ཐལ། དེ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། དེ་དག་གི་ལུགས་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་ན་ཡོད་པར་འཇོག་མི་ཐུབ་པའི་ཕྱིར། འདི་ཉིད་ལས། དོན་སྨྲ་གཉིས་ཀྱིས་གཟུགས་སོགས་རྟོག་པའི་ཞེན་
གཞི་དང་བརྡ་འདོགས་པའི་གནས་སུ་རང་མཚན་གྱིས་གྲུབ་པ་ཁེགས་ན་ཡོད་པར་འཇོག་མི་ཤེས་ཏེ། ཚད་མ་པ་ལ་གྲགས་པའི་རང་མཚན་ནི་མིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། ལུང་དེ་ཁྱོད་ཀྱི་ལུགས་ལ་གནོད་བྱེད་ཡིན་གྱི་སྒྲུབ་བྱེད་མིན་ཏེ། ལུང་དེས་དོན་སྨྲ་གཉིས་ཀྱི་ལུགས་ལ་ཆོས་གང་ཡང་མིང་བརྡ་འཇུག་པའི་གཞིར་གནས་ཚོད་ཀྱི་དབང་གིས་གྲུབ་པ་ཁེགས་ན་ཡོད་པར་འཇོག་མི་ཤེས་ཀྱང། ཚད་མ་པ་རང་ལ་གྲགས་པའི་རང་མཚན་དེ་ཁེགས་ནའང་ཡོད་པར་བཞག་ཆོག་ཅེས་པའི་དོན་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར། སྟོང་ཐུན་ལས། འདིར་མདོ་སྡེ་པ་སོགས་ཀྱིས་བརྡ་འདོགས་པའི་གནས་སུ་རང་མཚན་གྱིས་གྲུབ་པ་ཁེགས་ན་ཡོད་པར་འཇོག་མི་ཤེས་ཞེས་པ་ནི་གཞལ་བྱ་གཉིས་ཕྱིར་སོགས་ཀྱི་སྐབས་དེར་མདོ་སྡེ་པ་རང་ལ་གྲགས་པའི་རང་མཚན་དེ་ལ་མི་བྱེད་དེ། མདོ་སྡེ་པས་ནམ་མཁའ་ནམ་མཁའི་མིང་འཇུག་པའི་གཞི་ཡིན་པ་དངོས་པོར་མི་འདོད་པས་དེ་གཞལ་བྱ་གཉིས་ཕྱིར་སོགས་ཀྱི་སྐབས་ཀྱི་རང་མཚན་མིན་ཀྱང་ཡོད་པར་འཇོག་ལ། འོན་ཀྱང་ནམ་མཁའ་ནམ་མཁའི་མིང་འཇུག་པའི་གཞིར་ནམ་མཁའ་རང་གི་གནས་ཚོད་ཀྱི་དབང་གིས་གྲུབ་པར་འདོད་ཅིང། དེ་ལྟར་མ་གྲུབ་ན་ནམ་མཁའ་ཡོད་པར་འཇོག་མི་ཤེས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ཀུན་བཏགས་ཀྱི་ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་ཅེས་དངོས་སུ་ཁས་མི་ལེན་ཡང། རིགས་པའི་འཕུལ་གྱིས་དོན་ཐོབ་ལ་ཁས་བླང་སོང་ཡོད་ཅེས་པ་ཡིན་ཏེ། དངོས་སུ་ཁས་བླངས་པ་དང་རིགས་པའི་
འཕུལ་གྱིས་ཁས་བླང་སོང་བ་གཉིས་བསྲེ་མི་རུང་བའི་ཕྱིར། སྟོང་ཐུན་ལས། ནམ་མཁའ་དང་མྱང་འདས་སོགས་ནམ་མཁའ་དང་ཟག་པ་ཟད་པ་སོགས་ཀྱི་མིང་གང་ལ་འཇུག་པའི་གནས་སུ་རང་གི་གནས་ཚོད་ཀྱི་དབང་གིས་གྲུབ་པར་མདོ་སྡེ་པ་འདོད་པ་དེ་ལ་མདོ་སྡེ་པ་རང་གིས་རང་མཚན་གྱི་མིང་མ་བཏགས་ཀྱང་སེམས་ཙམ་པ་ལྟར་ན་མདོ་སྡེ་པས་དེ་ལ་རང་མཚན་གྱི་དོན་ཁས་བླངས་པར་སོང་བའི་དོན་ཏེ་འདི་རྟོགས་པ་ཤིན་ཏུ་གནད་ཆེ་བར་ཡོད་དོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ། འདིའི་ཚད་མ་པ་ལ་གྲགས་པའི་རང་མཚན་བདེན་གྲུབ་ལ་བྱས་ནས་བདེན་གྲུབ་བཀག་ཀྱང་ཡོད་པར་འཇོག་མི་ཤེས་ཞེས་པའི་དོན་ཡིན་ཟེར་ན། སྔ་མའི་ཉེས་པ་སོ་ན་གནས་ཏེ། མདོ་སྡེ་པ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་རང་མཚན་གྱིས་གྲུབ་མ་གྲུབ་ཅེས་པ་དེ་བདེན་པར་གྲུབ་མ་གྲུབ་ཀྱི་དོན་དུ་གྲགས་ཤིང་དོན་ལའང་གནས་པར་ཐལ། ཁྱོད་ལ་གྲགས་པའི་རང་མཚན་དེ་བདེན་གྲུབ་ལ་བྱེད་རིགས་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་ཀྱི་ལུགས་ལ་བདེན་པར་མེད་ན་རང་མཚན་གྱིས་མེད་པས་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་པའི་ཕྱིར། འདོད་ན། ཀུན་བཏགས་ཆོས་ཅན། དེར་ཐལ། དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན་དོན་སྨྲ་གཉིས་ཀྱི་ཞེས་དམིགས་ཀྱིས་བཀར་བ་ལ་དགོས་པ་མེད་པར་ཐལ། སེམས་ཙམ་པས་ཀྱང་གཟུགས་སོགས་མིང་བརྡ་འཇུག་པའི་གནས་སུ་རང་གི་གནས་ཚོད་ཀྱིས་དབང་གིས་གྲུབ་པའམ་རང་ངོས་ནས་གྲུབ་པ་ཁེགས་ན་ཡོད་པར་འཇོག་མི་ཤེས་པའི་ཕྱིར། དེར་ཐལ། དེས་ཡོད་ན་རང་ངོས་ནས་གྲུབ་
པས་ཁྱབ་པར་འདོད་པའི་ཕྱིར་ཏེ། རྟགས་ཡང་དག་ཡིན་ན་རང་རྒྱུད་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ་པར་འདོད་པའི་ཕྱིར་ཟེར་ན། གོང་དུ་མ་ཁྱབ་སྟེ། སྤྱིར་སེམས་ཙམ་པའི་ལུགས་ལ་རང་ངོས་ནས་གྲུབ་པ་དང་ཡོད་པ་ཙམ་དོན་གཅིག་ཡིན་གྱི། དེ་དང་རང་མཚན་གྱིས་གྲུབ་པ་དོན་མི་གཅིག་ལ། འོན་ཀྱང་མིང་བརྡ་འཇུག་པའི་གཞིར་རང་ངོས་ནས་གྲུབ་པ་དང། དེར་རང་མཚན་གྱིས་གྲུབ་པ་དོན་འདྲ་ཡི། དེར་ཡོད་པ་ཙམ་ལ་དེར་རང་ངོས་ནས་གྲུབ་པས་མ་ཁྱབ་པའི་ཕྱིར། དེར་ཐལ། མིང་བརྡ་འཇུག་པའི་གནས་སུ་ཞེས་པའི་རྣམ་དབྱེ་བདུན་པའི་ཚིག་གི་ནུས་པས་དེར་རང་ངོས་ནས་ཚུར་གྲུབ་ན་མིང་བརྡས་ཕར་བཏགས་པ་ལ་མི་ལྟོས་དགོས་པའི་ཕྱིར། དེའི་རྒྱུ་མཚན་གྱིས་སྟོང་ཐུན་ལས། མིང་གང་ལ་འཇུག་པའི་གནས་སུ་ནམ་མཁའ་དང་མྱང་འདས་སོགས་རང་གི་གནས་ཚོད་ཀྱི་དབང་གིས་གྲུབ་པར་མདོ་སྡེ་པ་འདོད། ཅེས་དམིགས་ཀྱིས་བཀར་ནས་གསུངས་པ་ཡིན་པའི་ཕྱིར། ཡང་ལ་ལ་ན་རེ། མདོ་སྡེ་པས་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་ཁས་ལེན་ཀྱང་དེ་ལྟར་རྟོགས་པ་མ་ཡིན་པར་ཐལ། ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་རྟོགས་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པར་རྟོགས་དགོས་པའི་ཕྱིར། དེར་ཐལ། ཐར་ལམ་གསལ་བྱེད་ལས། སྤྱིས་སྟོང་པར་ངེས་ན་བྱེ་བྲག་གིས་སྟོང་པར་ངེས་པའི་ཁྱབ་པ་གྲུབ་བོ། །ཞེས་གསུངས་པའི་ཕྱིར་དང། དེ་ཐ་སྙད་ཙམ་དུའང་རང་མཚན་གྱིས་མ་གྲུབ་པར་རྟོགས་ནས་རང་འཛིན་
རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་མ་གྲུབ་ཐེ་ཚོམ་ཟ་བ་མི་སྲིད་པའི་ཕྱིར། ཟེར་ན། ལུང་དོན་དེ་ལྟར་མ་ཡིན་པར་ཐལ། སྤྱིས་སྟོང་པར་ངེས་ན་བྱེ་བྲག་གིས་སྟོང་པས་ཁྱབ་པ་འགྲུབ་ཚུལ་སྒྲས་སྟོང་པར་ངེས་ན་དུང་སྒྲས་སྟོང་པས་ཁྱབ་པ་གྲུབ་པ་དང། གཞི་དེར་མེ་མེད་པར་རྟོགས་ན་ཙན་དན་གྱི་མེ་མེད་པར་རྟོགས་དགོས་པ་ལྟ་བུ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཙམ་ལས་རང་གི་ངོ་བོས་སྟོང་ཚུལ་ལ་ཁྱད་མེད་པ་རྣམས་ཡིན་གྱི། རང་མཚན་གྱིས་གྲུབ་པ་དང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་གཉིས་ནི་ཚིག་ལ་རང་མཚན་ཞེས་པ་ཙམ་འདྲའང་དོན་གྱི་སྤྱི་བློ་ངོར་འཆར་ཚུལ་ཤིན་ཏུ་མི་འདྲ་བའི་ཕྱིར། ཁྱོད་རང་ལ་གཞི་བུམ་པ་ལྟ་བུ་ཆ་བཅས་དང་མི་རྟག་པ་གང་རུང་དུ་ངེས་ན་རྟག་གཅིག་རང་དབང་ཅན་དུ་གྲུབ་པས་སྟོང་པར་ངེས་དགོས་པར་ཐལ། དེ་མི་རྟག་པར་རྟོགས་ནས་མི་འཇིག་པའི་རྟག་པ་ཡིན་མིན་དང། ཆ་བཅས་སུ་རྟོགས་ནས་ཆ་མེད་ཀྱི་གཅིག་པུ་ཡིན་མིན་ཐེ་ཚོམ་ཟ་ཚུལ་མེད་པའི་ཕྱིར་དང། སྤྱིར་ཆ་མེད་ཀྱིས་སྟོང་པ་རྟོགས་ན་བྱེ་བྲག་ཆ་མེད་སོགས་ཁྱད་པར་གསུམ་ལྡན་གྱིས་སྟོང་པའང་རྟོགས་དགོས་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་ཁ་ཞབས་སོགས་ཀྱི་ཆ་དང་བཅས་པར་རྟོགས་ན་བུམ་པ་རྟག་གཅིག་རང་དབང་ཅན་དུ་གྲུབ་པས་སྟོང་པ་རྟོགས་དགོས་པ་དང། སེམས་ཅན་ཡིན་ན་རྟག་གཅིག་རང་དབང་ཅན་གྱི་སྟོང་པ་རྟོགས་པས་ཁྱབ་པར་ཐལ་ལོ། །གཞན་ཡང་མདོ་སྡེ་པས་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པ་རྟོགས་ཀྱང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པ་རྟོགས་མི་
དགོས་པར་ཐལ། དེས་ཀུན་བཏགས་དངོས་མེད་དུ་རྟོགས་པ་གང་ཞིག །དེ་ལྟར་ན་སྤྱི་མཚན་དུ་རྟོགས་དགོས་ལ། སྤྱི་མཚན་དུ་རྟོགས་ན་རང་མཚན་གྱིས་མ་གྲུབ་པ་རྟོགས་དགོས་པའི་ཕྱིར། འདི་ཉིད་ལས། ཞེན་ཡུལ་གྱི་རང་ལྡོག་རང་མཚན་གྱིས་གྲུབ་པ་འགོག་ན་རྗེས་དཔག་ཚད་མའི་གཞལ་བྱ་སྤྱི་མཚན་དངོས་པོར་མེད་པ་མདོ་སྡེ་པས་གྲུབ་ཟིན་པས་མི་འཐད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་ཞེན་ཡུལ་གྱི་རང་ལྡོག་རང་མཚན་གྱིས་མ་གྲུབ་པ་རྟོགས་ཟིན་པའི་སྒྲུབ་བྱེད་དུ་དེ་སྤྱི་མཚན་དང་དངོས་མེད་དུ་རྟོགས་ཟིན་པ་བཀོད་པ་དེ་ཆོས་ཅན་ཀུན་བཏགས་ལའང་འདྲ་བའི་ཕྱིར་དང། དེར་མ་ཟད་ཁྱོད་ལྟར་ན་མདོ་སྡེ་པས་རྟོག་པའི་ཞེན་ཡུལ་གྱི་རང་ལྡོག་ཀྱང་རང་མཚན་གྱིས་མ་གྲུབ་པ་མ་རྟོགས་པར་ཐལ། རང་མཚན་གྱིས་མ་གྲུབ་པ་རྟོགས་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པ་རྟོགས་དགོས་པ་གང་ཞིག །དེ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། འདོད་ན། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པའི་དོན་ཞེན་ཡུལ་གྱི་རང་ལྡོག་རང་མཚན་གྱིས་མ་གྲུབ་པ་ལ་བྱས་ཆོག་པར་ཐལ། དེ་ལ་མདོ་སྡེ་པས་གྲུབ་ཟིན་གྲུབ་པར་ཐལ་བའི་སྐྱོན་མི་འོང་བའི་ཕྱིར་ཏེ། མདོ་སྡེ་པས་དེ་གྲུབ་མ་ཟིན་པའི་ཕྱིར། དེས་ཞེན་ཡུལ་གྱི་རང་ལྡོག་བདེན་པར་མ་གྲུབ་པའི་དོན་དུ་དགོངས་པ་འགྲེལ་པའང་ཁེགས་སོ། །བྱས་པ་ལ་ཁོ་ན་རེ། མདོ་སྡེ་པའི་དེའི་ཞེན་ཡུལ་གྱི་རང་ལྡོག་རང་མཚན་གྱིས་གྲུབ་པར་འདོད་པར་ཐལ། དེའི་ཞེན་ཡུལ་ཡིན་པའི་ཆ་དེ་རང་མཚན་གྱིས་གྲུབ་པར་འདོད་པའི་ཕྱིར། འདི་ཉིད་ལས། གཟུགས་ལ་སོགས་པ་བརྡ་འདོགས་པའི་གནས་དང་རྟོག་
པའི་ཞེན་གཞི་ཡིན་པ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་སྐྱོན་དེར་མི་འགྱུར་རོ། །ཞེས་ཉན་ཐོས་སྡེ་པ་དག་སྨྲ་མོད་ཀྱང་འདྲའོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རྟོག་པའི་དངོས་ཡུལ་སྒྲ་དོན་གྱི་སྤྱིའི་སྣང་བ ་དེ་ཉིད་དོན་དེའི་ངོ་བོར་རང་མཚན་གྱིས་གྲུབ་ན་བརྡ་འབྲེལ་ལ་མི་ལྟོས་པའི་སྐྱོན་ཡོད་ཀྱང། གཟུགས་རང་ཉིད་གཟུགས་འཛིན་རྟོག་པའི་ཞེན་གཞི་ཡིན་པར་རང་མཚན་གྱིས་གྲུབ་པ་ལ་སྐྱོན་དེར་མི་འགྱུར་ཞེས་པའི་དོན་ཡིན་པའི་ཕྱིར། གཞན་ཡང་མདོ་སྡེ་པས་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་རྟོགས་པར་ཐལ། དེས་ཀུན་བཏགས་རྟོགས་པའི་ཕྱིར། ཁྱབ་སྟེ། རྟོག་པས་བཏགས་ཙམ་ཀུན་བཏགས་ཀྱི་མཚན་ཉིད་ཡིན་པ་གང་ཞིག །དེ་རྟོགས་ན་ཙམ་སྒྲའི་དོན་རང་མཚན་གྱིས་གྲུབ་པ་བཀག་ནས་རྟོགས་དགོས་པའི་ཕྱིར། དེ་ལ་ཁོ་ན་རེ། རང་རྒྱུད་པས་ཀྱང་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པ་རྟོགས་པར་ཐལ། དེས་ཀུན་བཏགས་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་བཏགས་རང་མཚན་གྱིས་གྲུབ་པར་དམ་བཅའ་བའི་གྲུབ་མཐའ་སྨྲ་བ་ཡིན་པའི་ཕྱིར་ཟེར་ན། རང་རྒྱུད་པ་རྣམས་ཀུན་བཏགས་ཀྱང་ཐལ་འགྱུར་བའི་ལུགས་ཀྱི་རང་མཚན་དེར་འཛིན་པ་སྨོས་མི་དགོས་ལ། སེམས་ཙམ་པ་ལྟར་གྱི་རང་མཚན་དེར་འཛིན་མི་འཛིན་དཔྱད་པར་བྱ་བ་ཅུང་ཞིག་ཡོད་དེ་རང་རྒྱུད་པའི་སྐབས་སུ་བཤད་པར་བྱའོ། །དེས་ན་ཐལ་འགྱུར་བ་དང་སེམས་ཙམ་པ་གཉིས་ཀུན་བཏགས་རང་མཚན་གྱིས་མ་གྲུབ་ཅེས་ཟེར་བ་དང། རྟོག་པས་བཏགས་ཙམ་ཡིན་ཞེས་ཟེར་བ་འདྲའང་ཙམ་སྒྲས་གཅོད་ཚུལ་དང་རང་མཚན་གྱིས་མ་གྲུབ་ཚུལ་ཁྱད་ཆེ་སྟེ། མདོ་སེམས་གཉི་གས་ཀུན་བཏགས་སེམས་ཙམ་པའི་ལུགས་ཀྱི་
རང་མཚན་དེར་མ་གྲུབ་པར་འདོད་ཀྱང། ཐལ་འགྱུར་བའི་ལུགས་ཀྱི་རང་མཚན་དེར་གྲུབ་པར་འདོད་པའི་ཕྱིར། དེར་ཐལ། དེ་མིང་བརྡ་ལ་མ་ལྟོས་པར་རང་ངོས་ནས་མ་གྲུབ་པར་འདོད་ཀྱང་སྤྱིར་རང་ངོས་ནས་གྲུབ་པར་འདོད་པའི་ཕྱིར། འདི་ཉིད་ལས། ཐལ་འགྱུར་བས་ཡོད་པ་རྣམས་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་དང་ཆེས་མི་མཐུན་པས་རང་གི་མཚན་ཉིད་ཀྱིས་ཡོད་མེད་ཀྱི་དོན་ཡང་མི་མཐུན་ནོ། །འོན་ཀྱང་འདིའི་རང་མཚན་གྱིས་གྲུབ་པར་འཛིན་པ་ཡོད་ན་ཐལ་འགྱུར་བའི་རང་མཚན་གྱིས་གྲུབ་པར་འཛིན་པའང་ཡོད་ལ། གཞི་འགའ་ཞིག་སྔ་མ་ལྟར་མི་འཛིན་ཀྱང་ཕྱི་མ་ལྟར་འཛིན་པ་ནི་ཡོད་དོ། །ཞེས་དང། ཐལ་འགྱུར་བའི་ཐད་ལས་ཀྱང། བཏགས་གཞི་བཙལ་ན་མི་རྙེད་པར་མི་འདོད་པས་འདི་པས་བཤད་པའི་རང་མཚན་གྱིས་གྲུབ་པར་འཛིན་པ་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་དོགས་པ་གཅོད་པ་ཀུན་བཏགས་ལ་བྱེད་དགོས་པའི་ཕྱིར། ལུང་སྔ་མའི་དོན་ལའང་ཁ་ཅིག །གཞི་དེ་སེམས་ཙམ་པའི་ལུགས་ཀྱི་རང་མཚན་གྱིས་གྲུབ་པར་འཛིན་པའི་བློ་ཡིན་ན་ཐལ་འགྱུར་བའི་ལུགས་ཀྱི་རང་མཚན་གྱིས་གྲུབ་པར་འཛིན་པའི་བློ་ཡིན་པས་ཁྱབ་ཀྱང། ཐལ་འགྱུར་བའི་ལུགས་ཀྱི་རང་མཚན་གྱིས་གྲུབ་པར་འཛིན་པའི་བློ་ཡིན་ན་སེམས་ཙམ་པའི་ལུགས་ཀྱི་རང་མཚན་དེར་གྲུབ་པར་འཛིན་པའི་བློ་ཡིན་པས་མ་ཁྱབ་ཅེས་པའི་དོན་ཡིན་ཟེར་བ་མི་འཐད་དེ། ཀུན་བཏགས་སེམས་ཙམ་པའི་ལུགས་ཀྱི་རང་མཚན་གྱིས་གྲུབ་པར་འཛིན་པའི་བློ་དེ་ལོག་ཤེས་དང། ཐལ་འགྱུར་བའི་ལུགས་ཀྱི་རང་མཚན་གྱིས་གྲུབ་པར་འཛིན་པའི་
བློ་དེ་དོན་མཐུན་ཡིན་པས་དེ་གཉིས་གཞི་མཐུན་དུ་འགྲོ་ཚུལ་མེད་པའི་ཕྱིར། དེས་ན་སེམས་ཙམ་པའི་ལུགས་ཀྱི་དེ་ལ་ཐལ་འགྱུར་བའི་ལུགས་ཀྱི་དེའི་འཛིན་ཚུལ་ཚང་དགོས་ལ། ཐལ་འགྱུར་བའི་ལུགས་ཀྱི་དེ་ལ་སེམས་ཙམ་པའི་ལུགས་ཀྱི་དེའི་འཛིན་ཚུལ་ཚང་མི་དགོས་པའི་དོན་ཡིན་པ་སོགས་ཡིག་ཆར་གསལ་བ་ལྟར་ཡིན་ནོ། །བྱས་པ་ལ། འོ་ན། ཀུན་བཏགས་མིང་བརྡས་བཞག་པ་ལ་མ་ལྟོས་པར་རང་ངོས་ནས་གྲུབ་པར་འཛིན་པའི་བློ་དེ་ལ་ཀུན་བཏགས་རང་ངོས་ནས་གྲུབ་པར་འཛིན་པའི་འཛིན་ཚུལ་ཚང་བར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་ཀུན་བཏགས་རང་ངོས་ནས་གྲུབ་པར་འཛིན་པར་ཐལ། འདོད་པའི་ཕྱིར་ན། མ་ཁྱབ་སྟེ། ཀུན་བཏགས་རང་ངོས་ནས་གྲུབ་པ་དེའི་འཛིན་སྟངས་ཀྱི་ཡུལ་མ་ཡིན་པའི་ཕྱིར། དེར་ཐལ། དེའི་འཛིན་སྟངས་ཀྱི་ཡུལ་མེད་པའི་ཕྱིར་ཏེ། ལོག་ཤེས་ཡིན་པའི་ཕྱིར། ཁྱོད་རང་ལ་གཟུགས་གཟུགས་འཛིན་ཚད་མ་ལས་རྫས་གཞན་དུ་ཡོད་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱིས་གཟུགས་ཡོད་པར་འཛིན་པར་ཐལ། ཁྱོད་ལ་ཡོད་པའི་འཛིན་ཚུལ་ཚང་བའི་ཕྱིར། དེར་ཐལ། ཡོད་པའི་འཛིན་ཚུལ་གྱི་སྟེང་དུ་ལྷག་པར་སྒྲོ་བཏགས་ནས་འཛིན་པས་ཡོད་མཐར་ལྟ་བ་དང་དེར་ལྷུང་བ་སོགས་སུ་བཤད་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཡོད་པ་དེའི་ཡུལ་གང་ཡང་མ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། དེ་ཆོས་ཅན། བློ་དོན་མི་མཐུན་མ་ཡིན་པར་ཐལ། ཁྱོད་ལ་དོན་མཐུན་གྱི་འཛིན་ཚུལ་ཚང་བའི་ཕྱིར། དེར་ཐལ། ཡོད་པའི་འཛིན་ཚུལ་ཚང་བའི་ཕྱིར་ན། མ་ཁྱབ། དེའི་འཛིན་ཚུལ་ལ་ཕྱིན་ཅི་ལོག་གིས་མ་བསླད་པའི་དོན་མཐུན་
གྱི་ཆ་ཅུང་ཟད་ཀྱང་མེད་པའི་ཕྱིར། དེར་ཐལ། རྒྱལ་དབང་བློས། སེར་པོ་ལ་འཁྲུལ་ཞིང་དབྱིབས་ལ་མ་འཁྲུལ་པའི་འདོད་པའི་དོན་ཐོབ་པའི་ཕྱིར་མངོན་སུམ་ཉིད་དུ་རྣམ་པར་བཞག་གོ །ཞེས་ལོག་ཤེས་ཡིན་ཀྱང་འཛིན་ཚུལ་ལ་དོན་དང་མཐུན་པའི་ཆ་གཅིག་ཡོད་པར་བཞེད་པ་དང། ཆོས་མཆོག་གི་འཐད་ལྡན་ཆུང་བ་ལས། ལོག་ཤེས་ཡིན་ན་ཤིང་དང་ཇི་ལྟར་ཕྲད་ཅེ་ན། ཅུང་ཟད་ཀྱང་ཕྲད་པ་མེད་དེ། ཞེས་དང། དེ་བས་ན་ལོག་པའི་ཤེས་པ་གང་ཡིན་པ་དེ་ལས་ནི་དོན་གྲུབ་པ་མ་ཡིན་ལ། ཞེས་དེའི་འཛིན་ཚུལ་ལ་དོན་དང་ཕྲད་པའམ་མཐུན་པའི་ཆ་ཅུང་ཟད་ཀྱང་མེད་པར་བཞེད་པའི་ལུགས་གཉིས་བྱུང་ཡང་ཕྱི་མ་འཐད་པ་རྗེ་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར། ཚད་མ་མདོའི་དར་ཊཱིཀ་ལས། བདག་ཉིད་ཆེན་པོ་རྣམས་ཀྱི་བསམ་པ་རིག་པར་དཀའ་མོད། འདྲེན་པ་དམ་པ་རྣམས་ཕྱི་མ་འཐད་པར་བཞེད་པས་ཕྱི་མ་ལྟར་ཁས་བླང་བར་བྱའོ། །ཞེས་གསུངས་པའི་ཕྱིར། འདི་མདོ་སྡེ་པ་དང་ཐུན་མོང་བའི་ལུགས་གཙོ་བོར་བྱས་པ་ཡིན་ལ། སེམས་ཙམ་པ་པའི་ལུགས་ལ་རྒྱལ་དབང་བློའི་བཞེད་ཚུལ་དེའང་མི་རུང་བ་ཆེར་མེད་པར་ལེའུ་གཉིས་པའི་མཐའ་དཔྱོད་དུ་གསུངས་སོ། །ཁ་ཅིག་ན་རེ། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པའི་དོན། གཞན་དབང་གཞན་དབང་ལས་མི་སྐྱེ་བ་ལ་བཤད་པ་ཡིག་ཆར་བཀག་པ་མི་འཐད་པར་ཐལ། དེའི་དོན་དེ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། དགོངས་འགྲེལ་ལས། བདག་ཉིད་ཀྱིས་མ་ཡིན་པས། དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་དང། བསྡུ་བ་ལས། རང་མི་
སྐྱེ་བ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ། ཞེས་གསུངས་ལ། འདི་ཉིད་ལས་ཀྱང། བདག་ཉིད་ཀྱིས་མ་ཡིན་པས་ཞེས་བྱ་བ་ནི་བདག་ཉིད་ཀྱི་སྐྱེ་བའོ། ཞེས་གསུངས་པའི་ཕྱིར་ན། ཤིན་ཏུ་མ་ཁྱབ་སྟེ། ལུང་དེ་རྣམས་སུ་བདག་ཉིད་ཀྱིས་མ་ཡིན་ཞེས་དང། རང་མི་སྐྱེ་བ་ཞེས་གསུང་གི བདག་ཉིད་ལས་མི་སྐྱེ་བ་དང། རང་ལས་མི་སྐྱེ་བ་ཞེས་མ་གསུངས་པའི་ཕྱིར། དཔེར་ན་རྒྱལ་པོའི་ཕོ་བྲང་ལྟ་བུར་གཞན་གྱིས་འཁྲིད་དགོས་པ་ལ་གཞན་སུས་ཀྱང་མ་ཁྲིད་པར་ཞུགས་ན་རང་དབང་དུ་ཞུགས་པའམ་རང་ཉིད་ཞུགས་ཞེས་ཟེར་བ་བཞིན། རྒྱུ་རྐྱེན་ཡོད་མེད་གང་ལ་མ་ལྟོས་པར་རང་ཉིད་རང་དབང་དུ་སྐྱེ་བ་ལ་འདོད་རྒྱལ་གྱིས་སྐྱེ་བའམ་ངོ་བོ་ཉིད་ཀྱིས་སྐྱེ་བ་ཞེས་ཟེར་ཞིང། དེ་རྒྱུ་མེད་ལས་སྐྱེ་ཚུལ་རྒྱང་འཕེན་གྱི་འདོད་པ་ལྟ་བུ་ཡིན། མཐའ་བཞིའི་ནང་གི་བདག་སྐྱེ་ནི་རྒྱུ་རྐྱེན་ཞིག་ལ་ལྟོས་པ་གཞིར་བཞག་སྟེ། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེའམ་ངོ་བོ་ཐ་དད་པའི་རྒྱུ་ལས་སྐྱེ་དཔྱད་དེ་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བར་བཞག་པ་གྲངས་ཅན་པའི་ལུགས་ལྟ་བུ་ཡིན་པས་ཆེས་མི་འདྲ་བའི་ཕྱིར། དེས་ན་སྐྱེ་བ་ངོ་བོ་ཉིད་ཅེས་པ་གཞན་དབང་གཞན་དབང་ལས་སྐྱེ་བ་ལྟ་བུར་འདོད་མཁན་དེས་ངོ་བོ་ཉིད་ཀྱི་སྐྱེ་བ་ཞེས་པ་བདག་སྐྱེ་ལ་བྱེད་འདོད་པར་སྣང་མོད། བདག་སྐྱེའང་བུམ་པ་བུམ་པ་ལས་སྐྱེ་བ་ལ་མི་ཟེར་གྱི། རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེ་བ་ལ་ཟེར་རོ། །འོན་ཀྱང་བྱེ་སྨྲས་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེ་བ་ཁས་ལེན་པ་ནི་དུས་མཉམ་ལ་བསམ་གྱི། ས་བོན་གྱི་དུས་ན་མྱུ་གུའང་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པ་དེ་འདྲ་མི་འདོད་པས་བདག་སྐྱེའི་དོན་མེད་དོ། །རྒྱུ་འབྲས་གཅིག་གཅིག་གི་
དུས་ན་དེ་དང་དེའི་ངོ་བོར་མེད་ན་སེམས་ཅན་སུའང་སངས་རྒྱས་ཀྱི་ངོ་བོར་གྲུབ་དུས་མེད་དགོས་པས། དེ་ལྟར་ཡོད་ཀྱང་གྲངས་ཅན་དང་མི་མཚུངས་ཏེ། འདིར་དེའི་ཚེ་དེ་ཡིན་པ་ཙམ་ལ་བསམ་ཞིང། གྲངས་ཅན་གྱིས་མྱུ་གུའི་དུས་ན་ཡོད་པའི་མྱུ་གུའི་རང་བཞིན་དེ་ག་མྱུ་གུའི་རྒྱུ་དུས་ནའང་ཡོད་དགོས་ཀྱི། གཞན་དུ་འབྲེལ་མེད་པ་ལས་འབྱུང་བས་བྱེ་མ་ལས་ཀྱང་སྣུམ་འབྱུང་བར་ཐལ་བ་འཕེན་པ་སོགས་རྣམ་འགྲེལ་ལེའུ་དང་པོར། གལ་ཏེ་ལྡོག་པ་སྤངས་པ་ཡི། །ཞེས་སོགས་ལྟར་ཡིན་པས་འདི་དང་ཆེས་མི་མཚུངས་སོ། །འདིར་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་འབྱུང་བས་འདུས་མ་བྱས་རྣམས་ཀྱང་ཆོས་རྣམས་ཞེས་པའི་དངོས་བསྟན་ཙམ་ཡིན་ལ། སྐྱེ་བ་ངོ་བོ་ཉིད་མེད་པའི་དོན་ཚང་མི་དགོས་ཞེས་ཡིག་ཆའི་སྒྲས་ཟིན་ལ་གསུངས་ཀྱང། འོག་ཏུ་འདུས་མ་བྱས་ལ་གཞན་དབང་དང་སྐྱེ་བ་ངོ་བོ་ཉིད་མེད་པ་བཏགས་པ་ཙམ་འཇོག་ཚུལ་རིགས་འགྲེ་སྦྱོར་དགོས་སམ་དཔྱད་པར་བྱའོ། །ཞེས་ཁ་ཚོན་མ་བཅད་པའི་དགོངས་པ་བཙལ་དགོས་སོ། །ཡང་ཁ་ཅིག་ན་རེ། ཡིག་ཆར་སྐྱེ་བ་ངོ་བོ་ཉིད་མེད་པའི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་མེད་པ་ལ་བྱེད་པར་ཐལ། ངོ་བོ་ཉིད་མེད་པར་སྨྲ་བ་ཐལ་རང་གཉིས་ཀྱིས་དེ་ལྟར་བཤད་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པ་མི་འཐད་པར་ཐལ། ཐལ་རང་གཉིས་ཀྱིས་དེ་ལྟར་མི་འདོད་པའི་ཕྱིར། དེར་ཐལ། ཐལ་འགྱུར་བའི་དེའི་དོན་སེམས་ཙམ་པས་བཞག་པ་ལྟར་ཡིན་པར་འདོད་པ་གང་ཞིག །རང་རྒྱུད་པ་ལྟར་ན་བདེན་གྲུབ་ཀྱི་སྐྱེ་བ་མེད་པ་ལ་བྱེད་དགོས་ཀྱི། རང་མཚན་གྱིས་གྲུབ་པའི་སྐྱེ་བ་མེད་ན་སྐྱེ་བ་གཏན་མེད་
ཡིན་དགོས་པའི་ཕྱིར་ཟེར་ན། སྔ་མ་མ་གྲུབ་ཅིང་ཕྱི་མ་མ་ཁྱབ་བོ། །བྱས་པ་ལ། དང་པོ་གྲུབ་སྟེ། ཐལ་འགྱུར་བ་རྣམས་དགོངས་འགྲེལ་ལས་གསུངས་པའི་ངོ་བོ་ཉིད་མེད་པ་གསུམ་གྱི་དོན་སེམས་ཙམ་པས་བཤད་པ་ལྟར་ཡིན་པར་བཞེད་པའི་ཕྱིར་ན། མ་ཁྱབ་སྟེ། དེས་དགོངས་འགྲེལ་སེམས་ཙམ་པའི་རང་གཞུང་དུ་བཞེད་པས། དེ་ལས་གསུངས་པའི་མཚན་ཉིད་གསུམ་དང་ངོ་བོ་ཉིད་མེད་པ་གསུམ་གྱི་འཇོག་ཚུལ་སེམས་ཙམ་པ་རྣམས་ཀྱིས་འདོད་པ་ལྟར་ཡིན་ཀྱང། རང་ལུགས་དེ་དང་སྒོ་མི་བསྟུན་པར་འཇོག་དགོས་པའི་ཕྱིར། འཇུག་པ་རང་འགྲེལ་ལས། འཕགས་པ་བློ་གྲོས་མི་ཟད་པ་ལ་སོགས་པའི་མདོ་སྡེ་དག་ལས་རྒྱ་ཆེར་བསྟན་པའང་རྟོགས་པར་བྱའོ། །ཕྱོགས་ཙམ་ཞིག་ནི་བརྗོད་པར་བྱ་སྟེ། ཞེས་སོགས་དང། དགོངས་པ་རབ་གསལ་ལས། དགོངས་འགྲེལ་ལས་ངོ་བོ་ཉིད་གསུམ་བཤད་པ་དྲང་དོན་དུ་འགྲེལ་ན་རང་ལུགས་ཀྱིས་དེ་གསུམ་འཇོག་ཚུལ་ཇི་ལྟར་ཡིན་སྙམ་པ་ལ་དེའི་ཕྱོགས་ཙམ་སྟོན་པའོ། །ཞེས་གསུངས་ཤིང། འདི་ཉིད་ལས་ཀྱང། དགོངས་འགྲེལ་གྱི་མཚན་ཉིད་གསུམ་གྱི་རྣམ་གཞག་རྣལ་འབྱོར་སྤྱོད་པའི་ལུགས་སུ་འཆད་ན། ཞེས་དང། དགོངས་འགྲེལ་གྱིས་བཞག་པ་དང་མི་མཐུན་ཡང་ཏིང་ངེ་འཛིན་རྒྱལ་པོ་དང་བློ་གྲོས་མི་ཟད་པས་བསྟན་པ་དང་མཐུན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་དགོངས་འགྲེལ་ལས་གསུངས་པའི་སྐྱེ་བ་ངོ་བོ་ཉིད་མེད་པའི་དོན་རང་དབང་དུ་མི་སྐྱེ་བ་ལ་སེམས་ཙམ་པས་འདོད་པ་ལྟར་ཡིན་ཀྱང། ཐལ་འགྱུར་བ་རང་ལུགས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པའི་དོན་ནི། མ་དྲོས་པས་ཞུས་པ་ལས།
གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཞེས་དང། ལང་གཤེགས་ལས། བློ་གྲོས་ཆེན་པོ། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པར་གསུངས་སོ། །ཞེས་དང། ཤེར་ཕྱིན་བརྒྱ་ལྔ་བཅུ་པར་ཡང། ཆོས་རྣམས་ཐམས་ཅད་སྟོང་པ་སྟེ། །རང་བཞིན་མེད་པའི་ཚུལ་གྱིས་སོ། །ཞེས་སོགས་ལ་བརྟེན་ནས་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་བྱེད་པས་འདིར་ཡང་དེ་ཉིད་གསུངས་པ་ཡིན་ནོ། །དེ་ལྟར་མིན་ན་ཐལ་འགྱུར་བའི་ལུགས་ལ་དགོངས་འགྲེལ་ངེས་དོན་གྱི་མདོ་ཡིན་པར་ཐལ། དེས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཉིད་མེད་པ་དང། རང་བཞིན་གྱིས་སྐྱེ་བ་མེད་པ་ལ་སོགས་གཙོ་བོར་དངོས་སུ་སྟོན་པའི་ཕྱིར། འདོད་མི་ནུས་ཏེ། གྲུབ་མཐའ་རྩ་བར། ཐོག་མཐའ་དྲང་དོན་བར་བ་ངེས་པའི་དོན། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་ཟུར་གཉིས་པའང་མི་འཐད་དེ། རང་རྒྱུད་པ་རྣམས་མདོ་སྡེ་དགོངས་འགྲེལ་རང་གཞུང་དུ་བྱེད་པས་དེའི་སྐྱེ་བ་ངོ་བོ་ཉིད་མེད་པའི་དོན་ཡང་སེམས་ཙམ་པ་དང་མི་འདྲ་བར་བདེན་གྲུབ་ཀྱི་སྐྱེ་བ་མེད་པ་ལ་བྱེད་ཅིང། རང་རྒྱུད་པའི་གཞུང་རྣམས་སུ་བདེན་གྲུབ་ལ་རང་བཞིན་གྱིས་གྲུབ་པའི་མིང་གིས་བཤད་པའང་མང་བས་དེ་དང་བསྟུན་ནས་བཏགས་པ་ཙམ་ཡིན་པའི་ཕྱིར། མདོ་སྡེ་སྤྱོད་པའི་ཐད་ཀྱི་ལེགས་བཤད་སྙིང་པོ་ལས། གཞན་དབང་བདེན་པར་གྲུབ་ན་ཇི་ལྟར་སྣང་བ་ལྟར་གྲུབ་དགོས་པས་སྒྱུ་མ་བཞིན་དུ་མདོ་ལས་གསུངས་པ་མི་འཐད་པར་བཞེད་པས་དེ་རང་བཞིན་གྱིས་སྟོང་པ་དགོངས་འགྲེལ་གྱི་དོན་དུ་འཆད་པའོ། །ཞེས་དང། རྣལ་འབྱོར་སྤྱོད་པའི་ཐད་ལས་
ཀྱང། སྐྱེ་བ་ངོ་བོ་ཉིད་མེད་པར་བཤད་པ་ནི་མཁས་པ་རྣམས་བརྟེན་ནས་འབྱུང་བ་གང་ཡིན་པ་དེ་རང་བཞིན་སྟོང་པ་ཉིད་དོ་ཞེས་འདོད་པས། ཞེས་གསུངས་པའི་ཕྱིར། དེས་ན་རང་བཞིན་གྱིས་མེད་པ་ཞེས་བཤད་ཚད་ཐལ་འགྱུར་བ་ལྟར་གྱི་དགག་བྱ་ཕྲ་མོ་དེར་བྱེད་མི་དགོས་ཏེ། འདི་ཉིད་ལས། ཐ་སྙད་དུ་ཡོད་པ་ལའང་དེའི་ངོ་བོ་ཉིད་དང་རང་བཞིན་དང་དེའི་རང་གི་མཚན་ཉིད་སོགས་སུ་ཐལ་འགྱུར་བའི་གཞུང་ནས་བཤད་པའང་མང་ལ། རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དང་རྫས་སུ་མ་གྲུབ་པ་ལ་སོགས་པ་སློབ་དཔོན་འདིའི་གཞུང་ནའང་མང་བས་དབྱེ་དཀའ་བར་སྣང། ཞེས་གསུངས་པའི་ཕྱིར། སྐབས་འདིར་རྗེ་བདག་ཉིད་ཆེན་པོ་དང་ཀུན་མཁྱེན་བླ་མས་རང་བཞིན་མེད་པ་ཞེས་གསུངས་པ་ནི་གཞན་གྱི་ཤན་ཤོར་བ་མིན་གྱི། རང་རྒྱུད་པའི་རང་གཞུང་མང་པོར་དེ་ལྟར་གསུངས་པ་ལ་བརྟེན་པ་ཡིན་ཅིང། དེ་དག་གིས་དེ་ལྟར་གསུངས་པ་ནི་མདོ་ལས་རང་བཞིན་གྱིས་སྐྱེ་བ་མེད་པར་གསུངས་པ་རྣམས་བདེན་གྲུབ་ཀྱི་སྐྱེ་བ་མེད་པའི་དོན་དུ་དྲངས་པའི་ཆེད་ཡིན་པའི་ཕྱིར། འདི་ཉིད་ལས། མདོ་གཞན་ལས་ངོ་བོ་ཉིད་ལས་སྐྱེ་བ་དང་རང་བཞིན་གྱིས་སྐྱེ་བ་མེད་པར་གསུངས་པ་དང་དོན་གཅིག་ཏུ་སློབ་དཔོན་འདི་བཞེད་ལ། དེ་ཉིད་དོན་དམ་པར་སྐྱེ་བ་མེད་པའི་དོན་དུ་བཞེད་དོ། ཞེས་གསུངས་པའི་ཕྱིར། དེས་ན་བདག་ཉིད་ཆེན་པོ་རྣམས་ཀྱིས་དོན་དམ་པར་སྐྱེ་བ་མེད་པ་ལ་རང་བཞིན་གྱིས་སྐྱེ་བ་མེད་པའི་སྒྲས་བསྟན་པ་ནི། མདོའི་སྒྲས་ཟིན་གྱི་དོན་གཞན་དུ་འགྲེལ་པའི་ཚུལ་རྟོགས་པའི་ཕྱིར་ཡིན་པར་ཤེས་པར་བྱའོ། །དོན་དམ་པ་ངོ་བོ་ཉིད་མེད་པ་ལ་འཇོག་ཚུལ་གཉིས་གསུངས་པའི་དོན་དམ་དངོས་ནི་ཕྱི་མ་ཡིན་ལ། སྔ་མ་ནི་
དོགས་པ་གཅོད་པའི་ཡན་ལག་ཙམ་ཡིན་ནོ་བྱས་པ་ལ། ཁ་ཅིག་ན་རེ། འཇོག་ཚུལ་དང་པོའི་དོན་དམ་པ་ངོ་བོ་ཉིད་མེད་པའང་སྟོང་ཉིད་ཡིན་པར་ཐལ། གཞན་དབང་བར་ཆད་མེད་ལམ་གྱི་གཟིགས་ངོར་མ་གྲུབ་པ་སྟོང་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། དམིགས་པ་མཐར་ཐུག་ཏུ་མ་གྲུབ་པ་དེའི་དོན་ཡིན་པའི་ཕྱིར་ནའང་མ་ཁྱབ། འོ་ན་གཞན་དབང་དོན་དམ་བདེན་པར་མ་གྲུབ་པ་སྟོང་ཉིད་ཡིན་པར་ཐལ། ཡེ་ཤེས་དམ་པའི་དོན་ཞེས་པ་དེ་ཡིན་ཕྱིར། ཁྱབ་པ་འགྲིག །འདོད་མི་ནུས་ཏེ། གཞན་དབང་དོན་དམ་བདེན་པ་དང་སྟོང་ཉིད་དུ་འཛིན་པའི་བདག་འཛིན་མི་སྲིད་ཅིང། དེ་མ་ཡིན་པར་རྟོགས་པ་ལ་སྟོང་ཉིད་རྟོགས་མི་དགོས་ལ། གཞན་དབང་ཕྱི་རོལ་དོན་དུ་གྲུབ་མ་གྲུབ་དཔྱད་བཟོད་དུ་མདོ་སྡེ་པས་ཀྱང་འཛིན་ཅིང། དེའི་སྟོང་པ་རྟོགས་པའང་སྟོང་ཉིད་རྟོགས་དགོས་པས་མི་མཚུངས་པའི་ཕྱིར། གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་ལུགས་ཀྱང་ཀུན་མཁྱེན་ཆོས་འབྱུང་གི་གསུང་ལྟར་ན་འདིའི་དོགས་པ་ཐལ་རང་གཉིས་ལ་འབྱུང་བ་སྟེ། དེའང་སེམས་ཙམ་པར་གཞན་དབང་རྣམ་དག་ལམ་གྱི་དམིགས་པར་ཁས་བླངས་པའི་སྟེང་ནས་བདེན་གྲུབ་ཀྱི་ཁས་ལེན་ཡོད་པས། དེའི་དམིགས་པར་བདེན་པར་གྲུབ་ན་དེའི་དམིགས་པར་གྲུབ་པའི་གྲུབ་ལུགས་དེ་དོན་གྱི་སྡོད་ལུགས་མཐར་ཐུག་ཏུ་འགྲོ་དགོས་པས་དམིགས་པ་མཐར་ཐུག་ལས་འོས་མེད་ཅིང། ཀུན་བཏགས་དམིགས་པ་ཙམ་ཡིན་ཀྱང་རྫུན་པར་གྲུབ་པས་སྐྱོན་མེད་སྙམ་པ་ཡིན་ལ། ལན་དུ་དེ་གཉིས་བདེན་གྲུབ་ཏུ་མཚུངས་ཀྱང་བསྒོམས་ན་
བདག་འཛིན་དང་འཛིན་སྟངས་འགལ་བའི་སྒོ་ནས་སྤོང་མི་སྤོང་གི་ཁྱད་ཡོད་དེ། སྒྲ་དང་སྒྲ་མི་རྟག་པ་སྒྲ་འཛིན་མངོན་སུམ་གྱི་སྣང་ཡུལ་དུ་མཚུངས་ཀྱང་རང་ལ་དམིགས་ན་རྟག་འཛིན་ལྡོག་མི་ལྡོག་གི་ཁྱད་ཡོད་པ་དང་འདྲ་བར་གསུངས་ཏེ་ལེགས་པར་བཤད་པའོ། །སྣང་ཡུལ་ལ་ཞིབ་ཆ་དགོས། འདི་ཉིད་ལས་སྒྲ་མི་རྟག་པ་ལ་དམིགས་པས་སྒྲ་རྟག་འཛིན་ལྡོག་ཀྱང་སྒྲ་ལ་དམིགས་པས་དེ་མི་ལྡོག་པ་དཔེར་བཀོད་པའང་སྒྲ་དང་སྒྲ་མི་རྟག་པ་གཉི་ག་དེའི་ཡུལ་ཡིན་པའང་མཚུངས། བདེན་པར་གྲུབ་པའང་མཚུངས་ཀྱང། བསྒོམས་པས་རྟག་འཛིན་ལྡོག་ནུས་མི་ནུས་ཀྱི་ཁྱད་ཡོད་པ་དཔེར་བྱས་པ་ཡིན་ནོ། །ཁ་ཅིག །དེའི་རྒྱུ་མཚན་ཡོད་དེ། ཆུ་ནང་དུ་ཉི་ཟེར་ཕོག་པའི་འོད་རྩིག་ངོས་སུ་ཐོལ་གྱིས་བྱུང་བ་ན་དེ་ནས་ཤར་བའི་ཉམས་འབྱུང་ཡང་དོན་ལ་ཆུའི་རང་མདངས་ཡིན་པ་ལྟར། དོན་དམ་གཏན་ལ་འབེབ་པ་ན་ཕྱི་རོལ་གྱི་ཡུལ་སྣང་རགས་པ་ལོག་པའི་ཚེ་སེམས་ལས་ལོགས་སུ་མཐོང་རྒྱུ་གཞན་མེད་པས་སེམས་དོན་དམ་དཔྱོད་པའི་རྙེད་དོན་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་ལ། སེམས་ཙམ་པའི་གཞུང་རྣམས་སུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་པ་ལྟ་བུ་གཞན་དབང་ངོས་འཛིན་པའི་ཚེ་སེམས་གཙོ་བོར་བྱས་པ་མང་བས་གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་ཞེས་པའི་གཞན་དབང་ཡང་སེམས་ལ་བྱེད་ཟེར་རོ། །མི་འཐད་དེ། སྤྱིར་སེམས་ཀྱི་ངོ་བོ་ཙམ་མཐོང་བ་དེ་ལ་སེམས་ཙམ་གྱི་ལྟ་བ་རྙེད་པར་འདོད་མཁན་དང། དེར་མ་ཟད་དབུ་མའི་ལྟ་བ་མཐར་ཐུག་དང་འོད་གསལ་ཕྱག་རྒྱ་ཆེན་པོའི་ལྟ་བའང་དེ་
ལ་ངོ་སྤྲོད་བྱེད་པའི་བོད་སྔ་ཕྱི་མང་པོ་བྱུང་མོད་ཀྱང། སེམས་ཙམ་པ་ལ་དེ་ལྟ་བུའི་ཁས་ལེན་མེད་པས། དེའི་ལུགས་ལ་འབྲེལ་མེད་ཀྱི་དོགས་གཅོད་དེ་ལྟ་བུ་མདོ་ལས་གསུངས་པའི་གནས་མེད་པའི་ཕྱིར། དེར་ཐལ། དགོངས་འགྲེལ་ལས། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས། ཞེས་དགག་བྱ་བཅད་ཙམ་གྱི་ཆོས་ཉིད་ཁོ་ན་རྣམ་དག་ལམ་གྱི་དམིགས་པར་གསུངས་པའི་ཕྱིར་དང། ཐེག་བསྡུས་ལས། མི་ཞིག་མིག་ནི་བཙུམས་པ་ལྟར། །རྣམ་རྟོག་མེད་པའི་ཤེས་དེ་འདྲ། །ཞེས་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་དགག་བྱའི་སྟོང་པ་ཙམ་ལས་མི་འཆར་བས་སྣང་མེད་དུ་བཤད་པའི་ཕྱིར། ཉན་ས་ལས་ཀྱང། དེའི་ཚེ་སེམས་དགག་པ་ལྟ་བུ་སྣང་མོད་ཀྱི། ཞེས་སྦྱོར་ལམ་ལ་བཤད་ན་མཐོང་ལམ་ལྟ་ཅི་སྨོས་པའི་ཕྱིར་ཏེ། ཐེག་བསྡུས་ཀྱི། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང། །ཞེས་པའི་འཇུག་ཚུལ་ལ། དྲོད་རྩེ་གཉིས། བཟོད་མཆོག་གཉིས། མཐོང་ལམ་རྣམས་སུ་འཇུག་ཚུལ་མི་འདྲ་བ་གསུམ་སོ་སོར་བཤད་པ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། རིན་ཆེན་དོན་གྲུབ་ཀྱི་དྲང་ངེས་རྣམ་འབྱེད་ལས། ཆོས་ཐམས་ཅད་ཀྱི་སྟེང་གི་གཞན་དབང་ཆོས་ཅན། ཁྱོད་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་རྣམས་ཀྱི་སྟེང་གི་སྒྲིབ་པ་ཟད་པར་བྱེད་པའི་དམིགས་པ་མཐར་ཐུག་པ་དེ་དོན་དམ་ཡིན་ལ། ཁྱོད་དམིགས་པ་དེར་མ་གྲུབ་པའི་རྒྱུ་
མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཞེས་བཤད་དོ། །སྔ་མ་མང་པོས་ཆོས་ཐམས་ཅད་ཀྱི་སྟེང་གི་གཞན་དབང་ལ་རང་རང་འཛིན་པའི་ཚད་མ་ལྟ་བུ་གཞན་དབང་དངོས་གནས་རེ་དགོས་པར་འདོད་པ་དེའི་དབང་དུ་བྱས་པ་ཡིན་ན་མི་འཐད་པར་སླར་འཆད་པར་འགྱུར་ལ། ཆོས་རང་རང་དེར་བཞག་ནས་དེའི་གནས་ལུགས་གཏན་ལ་འབེབས་པའི་ཚེ་སྟོང་གཞི་རང་ཉིད་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་བ་དང། ཀུན་བཏགས་ལ་དོགས་པ་ཆུང་ཞེས་པའང་ཀུན་བཏགས་སྤྱི་ཙམ་མ་ཡིན་པར་ཆོས་དེ་དང་དེའི་སྟེང་གི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ལ་བྱས་ན་བཤད་རུང་ཙམ་ཡིན་ཀྱང་དགོངས་པ་རྣལ་མར་མི་འགྲོ་སྟེ། དམིགས་པ་མཐར་ཐུག་ཅེས་པ་འཛིན་སྟངས་ལ་བྱེད་པས་དེའི་དམིགས་ཡུལ་ཡིན་ན་དེའི་འཛིན་སྟངས་ཀྱི་ཡུལ་དུ་འགྱུར་སྙམ་པའི་དོགས་པ་མི་ཆེ་བའི་ཕྱིར་དང། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ནི་རིགས་པས་དགག་བྱའི་གཙོ་བོར་བཤད་པ་ལ་དེའི་བསྒྲུབ་བྱ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆུང་ངུ་ཙམ་ཡང་སྐྱེ་བའི་གནས་མེད་པའི་ཕྱིར་རོ། །ཁ་ཅིག་དེ་ལ་སྐྱོན་འཕེན་པ་ན། ཀུན་རྫོབ་རྣམས་རང་གི་སྟེང་གི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་རམ་སྙམ་པའི་དོགས་པ་སེལ་དགོས་ཀྱང་ཆོས་ཉིད་ལ་དེ་མི་དགོས་ཏེ། དེ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར། ཞེས་ཟེར་རོ། །དེའང་མི་འཐད་པར་ཐལ། བུམ་པའི་གནས་ལུགས་བཙལ་བའི་ཚེ་བུམ་པའི་སྟོང་ཉིད་དེའི་
དམིགས་པ་མཐར་ཐུག་ཏུ་འགྲོའང། བུམ་པའི་སྟོང་ཉིད་ཀྱི་གནས་ལུགས་བཙལ་བའི་ཚེ་བུམ་པའི་སྟོང་ཉིད་དེའི་དམིགས་པ་མཐར་ཐུག་ཏུ་མི་འགྲོ་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྟོང་པ་ཉིད་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཆོས་ཅན། སྟོང་ཉིད་ཁྱོད་ཀྱི་རྙེད་དོན་ཡིན་པར་ཐལ། ཁྱོད་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར་ན་འདིར་མ་ཁྱབ། འདོད་མི་ནུས་ཏེ། སྟོང་ཉིད་སྟོང་ཉིད་ཀྱི་སྟེང་གི་དམ་པའི་དོན་ནམ་དོན་དམ་པ་མ་ཡིན་པའི་ཕྱིར། དེར་ཐལ། དེའི་སྟེང་གི་ཡོངས་གྲུབ་མ་ཡིན་པའི་ཕྱིར་ཏེ། དེའི་སྟེང་གི་གཞན་དབང་ཡིན་པའི་ཕྱིར། སྒོམ་བདེའི་ཡིག་ཆ་སོགས་སུ་ཀུན་བཏགས་ལ་དོགས་པ་ཆུང་ཞིང་གཞན་དབང་ལ་དོགས་པ་ཆེ་བའི་རྒྱུ་མཚན་ཡོད་དེ། དགོངས་འགྲེལ་ལས་གཞན་དབང་སྟོང་གཞིར་བཟུང་ཡང་ཀུན་བཏགས་སོགས་འདུས་མ་བྱས་རྣམས་སྟོང་གཞིར་མ་བཟུང་བའི་ཕྱིར། ཞེས་འབྱུང་ངོ་། །འདུས་མ་བྱས་རྣམས་སྟོང་གཞིར་མ་བཟུང་བ་མི་འཐད་པར་ཐལ། དགོངས་འགྲེལ་ལས། ཁམས་བཅོ་བརྒྱད་པོ་དག་གི་ཁམས་རེ་རེ་ལའང་དེ་བཞིན་ལགས་སོ། །ཞེས་ཆོས་ཁམས་སོགས་སྟོང་གཞིར་བཟུང་སྟེ་དེ་ལ་སྒྲོ་བཏགས་པའི་ཀུན་བཏགས་དང། དེ་བཀག་པའི་སྟོང་པ་ཡོངས་གྲུབ་ཏུ་བཤད་པ་ལས་ལྷག་པའི་སྟོང་གཞིར་འཛིན་ལུགས་མེད་པའི་ཕྱིར། ཁོ་ན་རེ། དེའི་གཞན་དབང་སྟོང་གཞིར་བཟུང་བ་ཡིན་གྱི། ཁོ་རང་སྟོང་གཞིར་བཟུང་བ་མིན་ཟེར། འོ་ན། ཁམས་བཅོ་བརྒྱད་པོ་གང་ཡང་སྟོང་གཞིར་བཟུང་བར་མི་འགྲོ་བར་ཐལ། ཆོས་ཁམས་ལ་དེ་ལྟར་བསྟན་པས་ཁོ་རང་སྟོང་གཞིར་བཟུང་བར་མི་འགྲོ་བ་གང་ཞིག །དེ་དང་གཞན་རྣམས་སྟོན་ལུགས་ཁྱད་མེད་པའི་ཕྱིར། འདོད་ན། སྐབས་དོན་སྟོར་བར་འགྱུར་རོ། །ཡང་ཁ་ཅིག །གཞན་དབང་ལ་དོགས་པ་ཆེ་ལ།
ཀུན་བཏགས་ལ་ཆུང་བའི་རྒྱུ་མཚན་གཞན་དབང་གི་ཆོས་ཉིད་སྟོང་ཉིད་ཡིན་ལ། ཀུན་བཏགས་ཀྱི་ཆོས་ཉིད་སྟོང་ཉིད་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཟེར་བ་ནི། སྟོང་ཉིད་བཅུ་དྲུག་མེད་པར་ཐལ་བ་སོགས་ཀྱིས་འགོག་ཚུལ་དང། འདི་ལས་འཕྲོས་ཏེ་ཡིག་ཆ་རྙིང་བར། རང་རྒྱལ་གྱི་མཐོང་ལམ་བར་ཆད་མེད་ལམ་འགོག་པ་ཆོས་བཟོད་དུ་སོང་བའི་ཡུལ་ལ་འགོག་བདེན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་པ་འཇོག་པ་དང། འགོག་བདེན་ཕྱི་རོལ་དོན་འཛིན་གྱི་བློ་ལྷན་སྐྱེས་མེད་པ་དང། འགོག་བདེན་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་ཆོས་བཟོད་དུ་སོང་བའི་ཡུལ་ལ་མི་འཇོག་པར་བཤད་པ་གསུམ་ག་ཁས་བླངས་མི་རུང་བའི་ཚུལ་སོགས་ཡིག་ཆ་ལྟར་རོ། །འཇོག་ཚུལ་གཉིས་པའི་དོན་དམ་པ་ངོ་བོ་ཉིད་མེད་པའི་དོན་འཇོག་ཚུལ་ཡང་མི་འདྲ་སྟེ། གོང་དུ་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་མཚན་ཉིད་མི་འདྲ་བ་དང། སྐྱེ་བ་ངོ་བོ་ཉིད་མེད་པའི་མེད་རྒྱུའི་སྐྱེ་བའང་རྒྱུ་མེད་ལས་སྐྱེ་བ་དང་ཆོས་བདག་གི་སྐྱེ་བ་ལ་བྱེད་ཚུལ་གྱི་ལུགས་མི་འདྲ་བ་རེ་རེ་བཀོད་པ་བཞིན། ངོ་བོ་ཉིད་མེད་པ་གསུམ་པའི་སྐབས་སུ་དོན་དམ་པའང་ཡིན་ལ། དགག་བྱའི་བདག་གི་ངོ་བོ་ཉིད་བཀག་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པས་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བཤད་པ་སེམས་ཙམ་པའི་ལུགས་དང། ཆོས་ཅན་གཞན་གྱི་སྟེང་གི་དགག་བྱ་བཀག་ཙམ་གྱི་དོན་དམ་ཡིན་པར་མ་ཟད། ཆོས་ཉིད་རང་གི་ངོ་བོའང་དོན་དམ་པར་གྲུབ་པ་མེད་པས་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བཤད་པ་དབུ་མ་པའི་ལུགས་གཉིས་མི་མཚུངས་པའི་ཕྱིར། འདི་ཉིད་ལས། ཡོངས་གྲུབ་འདི་ནི་ཆོས་རྣམས་ཀྱི་བདག་གི་ངོ་བོ་རྣམ་པར་བཅད་པ་ཙམ་ཡིན་པས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་
མེད་པ་ཞེས་གསུངས་ཀྱི། དགག་པའི་རང་གི་ངོ་བོ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པས་ངོ་བོ་ཉིད་མེད་པར་མི་བཞེད་པའི་ལུགས་སོ། །ཞེས་གསུངས་པའི་ཕྱིར། ཡིག་ཆར། ཐལ་རང་གཉིས་ཀྱིས་དེ་ལྟར་བཤད་ཀྱང་སྐབས་འདིར་སེམས་ཙམ་པའི་ལུགས་ཡིན་པས། ཞེས་བྱུང་བ་ལྟར། དོན་དམ་པ་ངོ་བོ་ཉིད་མེད་པའི་སྒྲ་བཤད་ཚུལ་ཕྱི་མ་འདི་ཐལ་རང་གཉི་གས་བཞེད་ཀྱང་གཙོ་བོར་ཐལ་འགྱུར་བའི་ལུགས་ཡིན་ལ། རང་རྒྱུད་པ་རྣམས་དགོངས་འགྲེལ་དང་སྒོ་བསྟུན་ནས་སྒྲ་བཤད་ཚུལ་སྔ་མའང་རང་ལུགས་སུ་ཁས་ལེན་པའི་ཕྱིར། དབུ་མ་སྣང་བ་ལས། དེའང་ཚད་མས་ཡང་དག་པར་གྲུབ་པའི་བདག་ཉིད་ཀྱིས་དོན་དམ་པ་ཞེས་ཀྱང་བྱ་ལ། ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་ནོ། །དེའི་ཕྱིར་འདི་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དགོངས་འགྲེལ་ལས་དོན་དམ་པ་ངོ་བོ་ཉིད་མེད་པའི་དོན་དགག་བྱ་བཅད་ཙམ་གྱི་མེད་དགག་ལ་གསལ་བར་གསུངས་ཀྱང། ཇོ་ནང་པས་དེ་ལས་བཟློག་ནས་སྒྲུབ་པ་རང་དབང་པའི་ངོ་བོ་རྟག་བརྟན་ཐེར་ཟུག་རྒྱུ་རྐྱེན་གྱིས་འདུ་མ་བྱས་པ། སྟོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ལྡན་ཞིང་འཁོར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པའི་ཟག་མེད་ཡེ་ཤེས་ཤིག་ཏུ་འདོད་དེ། ངེས་དོན་རྒྱ་མཚོར། དག་པ་ཡེ་ཤེས་ཀྱི་ཀུན་གཞི་འཁོར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པས་གཞན་སྟོང་རྟག་བརྟན་གཡུང་དྲུང་ཐེར་ཟུག་དང། ཞེས་དང། ཡང་དེས་བརྩམས་པའི་བཀའ་བསྡུ་བཞི་པར། ཆོས་འཁོར་གསུམ་པར་གསུངས་པའི་ཟབ་མོ་ཀུན། །ཀུན་རྫོབ་མ་ཡིན་དོན་དམ་བདེན་པ་ཡིན། །མི་རྟག་མ་ཡིན་རྟག་བརྟན་
ཐེར་ཟུག་ཡིན། །ཀུན་བཏགས་མ་ཡིན་ཡོངས་གྲུབ་ཡེ་ཤེས་ཡིན། །དངོས་སྨྲ་མ་ཡིན་དབུ་མ་ཆེན་པོ་ཡིན། །ཞེས་དང། རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་དང། །རྟག་པ་འདུས་མ་བྱས་ཀྱི་རྒྱལ་བ་ལྔ། །རྟག་བརྟན་ཐེར་ཟུག་གཡུང་དྲུང་རིག་མ་ལྔ། །ཞེས་དང། ཡང་ངེས་དོན་རྒྱ་མཚོར། གང་གིས་དག་པ་ནི་ཀུན་བཏགས་གཞན་དབང་གང་ཡིན་པ་ཀུན་རྫོབ་ཀྱི་གཟུགས་ལ་སོགས་པས་དག་པ་སྟེ། ཞེས་སྙིང་པོའི་མདོ་བཅུར་གྲགས་པ་རྣམས་ཀྱི་ཚིག་རིས་ལ་འཁྲུལ་ནས་བདེ་གཤེགས་སྙིང་པོ་དེ་ཉིད་ཟག་མེད་ཡེ་ཤེས་དང། ཡོངས་གྲུབ་རྟག་བརྟན་ཐེར་ཟུག་པ་མཚན་དཔེ་སོགས་སངས་རྒྱས་ཀྱི་ཆོས་རྣམས་དང་ཡང་རང་ཆས་སུ་ལྡན་པར་འདོད་དེ། རྒྱུད་བླ་མར། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་པ་ཟག་མེད་ཡེ་ཤེས་དངོས་སུ་འཁྲུལ་པ་ཡིན་ཞིང། དེ་ཉིད་གཟུགས་སྐུ་རྒྱལ་བ་ལྔ་སོགས་ཀྱི་བདག་ཉིད་དུ་སྨྲ་བ་ནི། འདིས་དག་པའི་བདག་ཅེས་བཏགས་པ་སྔར་གྱི་ཡེ་ཤེས་དེའི་སྟེང་དུ་ཀུན་རྫོབ་རྣམས་བཀག་པ་ན་མེད་དགག་ཙམ་མ་ཡིན་པར་ཡེ་ཤེས་དེ་ཉིད་ཡིན་པ་ལ་མཚན་དཔེས་བཀྲ་བའི་སྟོང་གཟུགས་ཀྱི་སྐུ་ཞིག་འཛིན་སྟངས་སུ་འདོད་པས། དུས་འཁོར་གྱི་ཆོས་སྐད་ཅུང་ཞིག་བསྲེས་པ་ཡིན་ཏེ། འདི་ལ་བསམ་ནས་རིན་ཆེན་ཏོག་གི་དབང་པོ་རྡོ་རྗེར། མཚན་ཉིད་ཐེག་པར་ཐུན་མོང་མ་ཡིན་པའི་སྔགས་སྦྱར་ནས་བཤད་པ་དེ་འདྲ་དོལ་པོ་པ་མ་ཡིན་པ་སྔོན་ཆད་མ་བྱུང་ཞེས་བཤད་དོ། །ཁོ་ན་རེ། དེས་ཡོངས་གྲུབ་དངོས་པོར་ཁས་ལེན་པ་མི་འཐད་པར་ཐལ། དངོས་མེད་དུ་ཁས་ལེན་པའི་ཕྱིར། དེར་ཐལ། སྟོང་ཐུན་ལས། སྟོང་གཞི་བདེ་གཤེགས་སྙིང་པོ་དངོས་མེད་དེ་ཉིད་གཞན་དབང་དངོས་པོ་འདུས་བྱས་ཀྱི་ཚོགས་ཀྱིས་སྟོང་པའི་གཞན་སྟོང་གཞུང་དེ་དག་གིས་
བསྟན་ནོ་སྙམ་དུ་བཟུང་ནས། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། སྤྱིར་བདེ་གཤེགས་སྙིང་པོ་དངོས་མེད་ཡིན་པ་ལ་དགོངས་པའམ། དེ་དག་གིས་དངོས་པོར་ཁས་བླངས་ཀྱང་རྒྱུ་རྐྱེན་གྱིས་འདུ་མ་བྱས་པར་འདོད་པས་དངོས་པོའི་དོན་མེད་པ་ལ་དགོངས་པའི་ཕྱིར། ཡེ་ཤེས་ཡིན་ཀྱང་རྒྱུ་རྐྱེན་གྱིས་འདུ་མ་བྱས་པར་འདོད་པའི་རྒྱུ་མཚན་ངེས་དོན་རྒྱ་མཚོར་མདོ་དྲངས་པ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །ཞེས་ཆོས་སྐུའི་ཡོན་ཏན་ཐམས་ཅད་ཐོག་མེད་ནས་རང་ཆས་སུ་ཡོད་པས་སྔར་མེད་པ་གསར་དུ་སྐྱེ་རྒྱུ་མེད་ལ། འོན་ཀྱང་སེམས་ཅན་གྱི་དུས་ན་དྲི་མས་བསྒྲིབས་པ་དང། སངས་རྒྱས་ཚེ་སྒྲིབ་བྱེད་དང་བྲལ་བ་ཙམ་གྱི་ཁྱད་པར་ཡིན་པར་འདོད་པའི་ཕྱིར། འདི་དག་གིས་གཞི་འབྲས་ངོ་བོ་དབྱེར་མེད་དང། མཐར་ཐུག་གི་ཡོན་ཏན་འཆད་པའི་ཚེ་བྲལ་བ་དང་བསྐྱེད་པའི་འབྲས་བུ་ཞེས་བརྡ་སྦྱོར་ཚུལ་མི་འདྲ་བར་བྱེད་པའི་རྒྱུ་མཚན་ཡང་འདི་ལ་ཐུག་པ་ཡིན་ནོ། །གོང་དུ་འདོད་མི་ནུས་ཏེ། དེས་དངོས་པོར་ཁས་ལེན་པར་མ་ཟད་རྟག་དངོས་གཉི་གའི་གཞི་མཐུན་དུ་ཁས་ལེན་པའི་ཕྱིར། དེར་ཐལ། རྟག་པ་རང་བྱུང་དང་ཟག་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་གཉི་གར་ཁས་བླངས་པས་ནང་པ་སངས་རྒྱས་པའི་ལུགས་ལས་བརྒལ་ཞིང། རང་གིས་ཚད་མར་བྱེད་རྒྱུའི་གཞུང་ཐམས་ཅད་དང་རྒྱབ་འགལ་དུ་སོང་བ་ཡིན་པའི་ཕྱིར། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱི་
བདེ་གཤེགས་སྙིང་པོའི་མཛེས་རྒྱན་ལས། ཡེ་ཤེས་ཀྱི་ངོ་བོ་རྟག་པ་ཡིན་ཀྱང་རྐྱེན་ལ་ལྟོས་ནས་དོན་བྱེད་ན། འདི་ནི་གྲངས་ཅན་པ་དང་དཔྱོད་པ་པ་གཉིས་ཀྱི་གཞུང་བཙུགས་པ་ཡིན་པས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱིས་རྒྱས་པར་བཀག་ཟིན་ཏོ། །ཞེས་དང། སྡོམ་གསུམ་རབ་དབྱེར། ཁ་ཅིག་གྲངས་ཅན་ལུགས་བཞིན་དུ། །ཡོད་པའི་དགེ་བ་ཞེས་བྱ་བ། །རང་བྱུང་དུ་ནི་གྲུབ་པར་འདོད། །དེ་ལ་བདེ་གཤེགས་སྙིང་པོ་ཟེར། །ཞེས་དང། ཀར་ལན་ཀླུ་སྒྲུབ་དགོངས་རྒྱན་ལས། རྣམ་འགྲེལ་ལས་བཤད་པའི་ལྟ་བ་དེ་ཐོགས་མེད་སྐུ་མཆེད་བཞེད་པའི་དབུ་མ་ཆེན་པོའི་ལྟ་བ་ཡིན་ན། རྣམ་འགྲེལ་དབུ་མ་ཆེན་པོའི་བསྟན་བཅོས་སུ་བཞེད་དགོས་ཤིང་དེ་ལྟར་བཞེད་པའང་འདུག་པས། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རྟག་དངོས་སུ་བཞེད་པ་ནང་འགལ་ཏེ། ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་ཇོ་ནང་པས་སྟོང་ཉིད་བདེན་གྲུབ་དང་སྒྲུབ་པ་རང་དབང་བར་འདོད་པར་ཐལ། དེས་བདེན་གྲུབ་བཅད་ཙམ་གྱི་མེད་དགག་ནི་སྟོང་ཉིད་དངོས་མ་ཡིན་ཆད་སྟོང་དུ་འདོད་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་གྱིས་འཁོར་ལོ་བར་བ་ཆད་སྟོང་དེ་ཙམ་ཞིག་བསྟན་པས་སྒྲ་ཇི་བཞིན་པ་མིན་ལ། འཁོར་ལོ་ཐ་མས་གཞན་སྟོང་བདེན་གྲུབ་བསྟན་པས་ངེས་དོན་དུ་འདོད་པའི་ཕྱིར། ཀར་ལན་ལས། ཡུམ་རྒྱས་འབྲིང་བསྡུས་གསུམ་ལས་ཆད་སྟོང་མེད་དགག་ཙམ་ཞིག་བསྟན་གྱི། སྔར་བཤད་པའི་གཞན་སྟོང་ཆེན་མོ་བདེན་གྲུབ་དེ་མ་བསྟན་པར་བཞེད་པ་དང། ཞེས་གསུངས་པའི་ཕྱིར། དེའི་རྒྱུ་མཚན་གྱིས་འཁོར་ལོ་བར་བར་བདེན་མེད་དུ་གསུང་རྒྱུའི་ཆོས་ཀྱི་ནང་ན་དོན་དམ་བདེན་པ་ཞིག་མེད་པར་འདོད་དེ། སྟོང་ཐུན་ལས། དོན་
དམ་མ་ཆུད་པར་ཀུན་རྫོབ་འབའ་ཞིག་རང་བཞིན་མེད་པར་བསྟན་པའོ་ཞེས་སྨྲ་བ་ནི། ཞེས་གསུངས་པའི་ཕྱིར། འདོད་ཚུལ་དེ་ནི་འདི་ཉིད་ལས། སྟོང་པ་ཉིད་དང་ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་ལ་སོགས་པ་དོན་དམ་པའི་རྣམ་གྲངས་ཐམས་ཅད་སྨོས་ནས་དེ་དག་ལ་ངོ་བོ་ཉིད་མེད་པར་གསུངས་པས། མདོ་སྡེ་དེ་དག་ལས་ཆོས་རྣམས་ངོ་བོ་ཉིད་མེད་པར་གསུངས་པའི་ཆོས་ཀྱི་ནང་ན་དོན་དམ་མེད་དོ་ཞེས་སེམས་དང་ལྡན་པ་སུ་ཞིག་སྨྲ། ཞེས་གསུངས་པ་བཞིན་མངོན་སུམ་ལ་བསྙོན་གདེང་བ་ཁོ་ན་ཡིན་ནོ། །འདི་ལ་ཇོ་ནང་པ་ན་རེ། དེར་ཆོས་ཀྱི་དབྱིངས་སོགས་རྣམ་གྲངས་དུ་མའི་སྒོ་ནས་སྨོས་པ་དང། སྟོང་ཉིད་བཅུ་དྲུག་དང་ཉི་ཤུ་སོགས་ཀྱི་དབྱེ་བ་བྱས་ཏེ་དེ་ཐམས་ཅད་རང་བཞིན་མེད་པར་གསུངས་པ་ནི་རང་སྟོང་མེད་དགག་དེ་ཉིད་ལ་རྣམ་གྲངས་དང་དབྱེ་བ་དུ་མ་བྱས་ཏེ་བདེན་མེད་དུ་བསྟན་པ་ཡིན་གྱི། གཞན་སྟོང་ཆེན་མོ་ལ་དེ་འདྲའི་དབྱེ་བ་བྱས་ནས་རང་བཞིན་མེད་པར་བསྟན་པ་མིན་པས་ཀླན་ཀ་དེ་ཁོ་རང་ལ་མི་འཇུག་ཅེས་ཟེར་རོ། །འོན་ཀྱང་དེས་སྐྱོན་སྤོང་མི་ནུས་པར་ཐལ། དགོངས་འགྲེལ་དང་ཐོགས་མེད་སྐུ་མཆེད་ཀྱི་གསུང་སྒྲ་ཇི་བཞིན་པར་ཁས་ལེན་ཀྱང། ཤེར་མདོ་ལས་སྟོང་ཉིད་བདེན་མེད་དུ་མ་བསྟན་པར་འདོད་པ་ནང་འགལ་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། དགོངས་འགྲེལ་སོགས་ནས་གསུངས་པའི་དོན་དམ་པ་ངོ་བོ་ཉིད་མེད་པ་དང་ཡོངས་གྲུབ་དེ་ཁོ་རང་ལུགས་ཀྱི་གཞན་སྟོང་ཆེན་མོ་ལ་བྱེད་ན། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་
ཉིད་དང། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་པའི་སྐབས་ཀྱི་དེ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་འཁོར་ལོ་བར་བ་ལས་འོས་མེད་པའི་ཕྱིར། གལ་ཏེ་གཞན་སྟོང་ཆེན་མོ་འདིར་བསྟན་འཁོར་ལོ་བར་བའི་དགོངས་གཞི་ཡིན་ཀྱང། འཁོར་ལོ་བར་བས་དེ་རང་བཞིན་མེད་པར་སྟོན་མི་དགོས་སྙམ་ན། གཞན་སྟོང་ཆོས་ཅན། འཁོར་ལོ་བར་བས་ཁྱོད་བདེན་མེད་དུ་གསུངས་པར་ཐལ། འཁོར་ལོ་བར་བ་ལས་ཁྱོད་བདེན་མེད་དུ་གསུངས་པའི་དགོངས་གཞི་ཐུན་མོང་མ་ཡིན་པ་འཇོག་རྒྱུ་ཡོད་པའི་ཕྱིར། དེར་ཐལ། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ཡིན་པའི་ཕྱིར། དེར་ཐལ། ཀུན་བཏགས་རྣམས་རང་བཞིན་མེད་པར་གསུངས་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ལ་དགོངས་པ་དང། གཞན་དབང་ངོ་བོ་ཉིད་མེད་པར་གསུངས་པ་དེ་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་དགོངས་པ་དང། ཡོངས་གྲུབ་ངོ་བོ་ཉིད་མེད་པར་གསུངས་པ་དེ་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དགོངས་ཞེས་མཚན་ཉིད་གསུམ་སོ་སོའི་སྟེང་ནས་ངོ་བོ་ཉིད་མེད་ལུགས་ཐུན་མོང་མ་ཡིན་པ་རེ་སྦྱར་ནས་དེའི་དགོངས་གཞིར་འཇོག་དགོས་པ་གང་ཞིག །གཞན་སྟོང་ཆེན་མོ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་དང་སྦྱོར་རྒྱུའི་ཡོངས་གྲུབ་དེ་ཡིན་པར་ཁྱོད་རང་གིས་ཁས་བླངས་པའི་ཕྱིར། རྟགས་ཟུར་སྔ་མ་གྲུབ་སྟེ། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ཞེས་པ་མཚན་ཉིད་ངོ་བོ་ཉིད་ལ་སོགས་པ་གསུམ་གྱི་ངོ་བོར་མ་གྲུབ་པའི་ངོ་བོ་ཉིད་
མེད་པ་གསུམ་ཞེས་ཁ་ཅིག་ཟེར་ཡང། དེ་ལྟར་མ་ཡིན་པར་གཞན་དབང་ལ་སོགས་པའི་མཚན་ཉིད་གསུམ་གྱི་ངོ་བོ་ཉིད་དེ་རང་རང་ལ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་མེད་ལུགས་རེ་ཡོད་པ་དེ་གསུམ་དང་སྦྱར་ནས་དགོངས་པ་ལེན་དགོས་ཀྱི། ཁྱད་མ་ཕྱེ་བར་རང་བཞིན་གྱིས་གྲུབ་པའི་ངོ་བོ་ཉིད་མེད་མཉམ་དུ་འཁོར་ལོ་བར་བས་གསུངས་པ་ལྟར་ཁས་ལེན་མི་རུང་ཞེས་པའི་དོན་ཡིན་པའི་ཕྱིར། སུམ་ཅུ་པའི་འགྲེལ་པ་བློ་བརྟན་གྱིས་མཛད་པ་ལས། རང་རང་གི་མཚན་ཉིད་ཀྱིས་ཡོད་པ་ལྟར་གྱུར་པའི་ངོ་བོ་ཉིད་དོ། །ངོ་བོ་ཉིད་མེད་པར་རྣམ་པ་གསུམ་སྟེ། ཞེས་དང། དུལ་བ་ལྷས་མཛད་པའི་འགྲེལ་བཤད་ལས། གཞན་གྱི་དབང་ལ་སོགས་པའི་ངོ་བོ་ཉིད་རྣམ་པ་གསུམ་གྱིས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིས་སྒྲུབ་ཕྱོགས་ནས་གཞན་དབང་སོགས་ངོ་བོ་ཉིད་གསུམ་གྱི་སྒྲས་བསྟན་པ་དེ་དགག་ཕྱོགས་ནས་ངོ་བོ་ཉིད་མེད་པ་གསུམ་དུ་འཇོག་དགོས་ཤིང། དེའི་དགོས་པའང་འཁོར་ལོ་བར་བའི་དགོངས་པ་འགྲེལ་པའི་ཆེད་ཡིན་པའི་ཕྱིར། དེས་ན་ཡིག་ཆར་སྔ་མའི་ངོ་བོ་ཉིད་གསུམ་ཕྱི་མའི་ངོ་བོ་ཉིད་མེད་པ་གསུམ་གྱི་མཚན་གཞིར་བསྟན་པར་གསུངས་པའི་དགོངས་པའང་དེ་ཡིན་ནོ། །དེ་ལའང་ཁོ་ན་རེ། ཇོ་ནང་པའི་ལུགས་ལ་འདིར་བསྟན་འཁོར་ལོ་བར་བའི་དགོངས་གཞི་འགྲེལ་མི་དགོས་པར་ཐལ། དེའི་ལུགས་ལ་འདིར་བསྟན་འཁོར་ལོ་བར་བ་སྒྲས་ཟིན་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར། དེར་ཐལ། བར་བས་བདེན་མེད་དུ་གསུངས་རྒྱུའི་ཆོས་ཀྱི་ནང་ན་དོན་དམ་མེད་པ་གང་
ཞིག །ཀུན་རྫོབ་ཐམས་ཅད་བདེན་མེད་དུ་ཇོ་ནང་པ་རང་གིས་ཀྱང་ཁས་ལེན་པའི་ཕྱིར་ཏེ། སྟོང་ཐུན་གྱི་ལུང་སྔར་དྲངས་པ་དེའི་ཕྱིར་ཟེར་ན། མ་ཁྱབ་སྟེ། དེར་གཟུགས་སོགས་བདེན་གྲུབ་བཀག་ཙམ་དོན་དམ་དུ་བཤད་པའི་ཆ་ནས་ཀྱང་དྲང་དོན་དུ་འགྲོ་ལ། ཆོས་ལ་བདེན་པར་གྲུབ་མ་གྲུབ་ཀྱི་དབྱེ་བ་འབྱེད་རྒྱུ་མེད་པར་མ་གྲུབ་མཉམ་དུ་བཤད་པས་ཆ་ནས་ཀྱང་དྲང་དོན་དུ་འགྲོ་བར་བསམ་པ་ཡིན་པའི་ཕྱིར། ཇོ་ནང་པས་ཆོས་ཉིད་སྒྲུབ་པ་རང་དབང་བར་བཞག་པ་ནི། དགོངས་འགྲེལ་ལས། འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་ངོ་བོ་ཉིད་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར། ཞེས་དང། ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས། ཞེས་སོགས་རང་གིས་ཁུངས་གཏུགས་སའི་མདོ་རྣམས་ལས་དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་ཏུ་འཇོག་པར་གསལ་བར་གསུངས་པ་དང་རྒྱབ་འགལ་དུ་གྱུར་ཚུལ་ཡིག་ཆར་འབྱུང་བ་བཞིན་ནོ། ཁ་ཅིག་ན་རེ། འཇོག་ཚུལ་གཉིས་པའི་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་ཆོས་ཀྱི་བདག་མེད་ཕྲ་མོས་ཁྱབ་ཟེར་ན། མི་འཐད་པར་ཐལ། དངོས་བསྟན་གྱི་དེ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་དགོས་ཀྱང་ཤུགས་བསྟན་ལ་གང་ཟག་གི་བདག་མེད་ཕྲ་མོ་ཡོད་པའི་ཕྱིར། དེར་ཐལ། འཁོར་ལོ་དང་པོའི་དགོངས་གཞི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་དོན་དམ་པ་ངོ་བོ་ཉིད་མེད་པ་རྒྱས་པར་བཤད་པའི་གཞུང་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འཇོག་ཚུལ་གཉིས་པའི་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་གང་ཟག་གི་བདག་མེད་ཕྲ་མོ་མི་ཡོང་བར་
ཐལ། དེ་ལ་ཡོངས་གྲུབ་དགོས་ཤིང་གང་ཟག་གི་བདག་མེད་ཕྲ་མོ་ཡོངས་གྲུབ་མ་ཡིན་པའི་ཕྱིར། དེར་ཐལ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་འཛིན་སྟངས་ཀྱི་བདག་མེད་དེ་ལ་གཉིས་ཡོད་ཀྱང་ཡོངས་གྲུབ་ནི་དེའི་ནང་གི་ཆོས་ཀྱི་བདག་མེད་གཅིག་པུ་ཡིན་པའི་ཕྱིར། དབུས་མཐའ་ལས། རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར་ན། ཤིན་ཏུ་མ་ཁྱབ་སྟེ། ལུང་དོན་དེ་ལྟར་གཏན་མ་ཡིན་པའི་ཕྱིར། དེར་ཐལ། རྣམ་དག་ལམ་གྱི་སྤྱོད་ཡུལ་ལ་དགག་བྱ་མི་འདྲ་བའི་བདག་མེད་གཉིས་ཡོད་ཀྱང། དེ་གཉིས་ཀ་མཚན་ཉིད་གསུམ་གྱི་ནང་ནས་ཡོངས་གྲུབ་གཅིག་པུར་འཇོག་དགོས་ཞེས་པའི་དོན་ཡིན་པའི་ཕྱིར། བློ་བརྟན་གྱི་དབུས་མཐའི་འགྲེལ་བཤད་ལས། རྣམ་པར་དག་པའི་སྤྱོད་ཡུལ་འདི་རྣམ་པ་གཉིས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུས་བརྗོད་དེ། ཞེས་གསུངས་པའི་ཕྱིར། ཁ་ཅིག་སྤྱོད་ཡུལ་ཞེས་པ་དམིགས་ཡུལ་ལ་བྱས་ནས་རྣམ་དག་ལམ་གྱི་སྤྱོད་ཡུལ་ལ་གཞན་དབང་ཀུན་བཏགས་གཉིས་ཡོད་ཀྱང་འཛིན་སྟངས་ཀྱི་ཡུལ་ཡོངས་གྲུབ་ཁོ་ན་ཡིན་ཟེར་བའང་གཞུང་གི་དོན་མིན་པར་འདིས་ཤེས་སོ། །གཞན་ཡང་བདག་མེད་གཉིས་ཀ་ཡོངས་གྲུབ་དང་ཆོས་དབྱིངས་སྟོང་ཉིད་སོགས་སུ་འཇོག་པ་འདྲ་བར་ཐལ། དབུས་མཐའ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་དང། འགྲེལ་བཤད་ལས། ཡེ་ཤེས་རྣམ་པ་ཉིད་ཀྱི་ཡུལ་ནི་ཆོས་ཉིད་ཡིན་པས། ཞེས་གསུངས་པའི་ཕྱིར། གཞན་ཡང་ཁྱོད་རང་ལ་གང་ཟག་གི་བདག་མེད་ཕྲ་མོ་ཀུན་བཏགས་ཡིན་པར་ཐལ། ཡོད་པ་གང་ཞིག །
གཞན་དབང་ཡོངས་གྲུབ་གཉིས་གང་ཡང་མ་ཡིན་པའི་ཕྱིར། འདོད་ན། བདེན་པར་མ་གྲུབ་པར་ཐལ། ཀུན་བཏགས་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་མྱང་འདས་བདེན་པར་མ་གྲུབ་པར་ཐལ། གང་ཟག་གི་བདག་མེད་བདེན་པར་མ་གྲུབ་པའི་ཕྱིར། ཁྱབ་སྟེ། ཉན་རང་གིས་ཆོས་ཀྱི་བདག་མེད་མི་སྒོམ་པས་དེའི་ངོ་བོར་སྒྲིབ་པ་ཟད་དོན་མེད་ཅིང། ཉན་རང་གི་མཐོང་ལམ་བར་ཆད་མེད་ལམ་ཆོས་བཟོད་དུ་སོང་བའི་ཡུལ་གྱི་བདག་མེད་དེ་བདེན་པར་མ་གྲུབ་པས་དེའི་ངོ་བོར་སྒྲིབ་པ་ཟད་པའི་འགོག་བདེན་དེའང་བདེན་པར་གྲུབ་ཚུལ་མེད་པའི་ཕྱིར། གོང་དུ་འདོད་ན། གཞན་དབང་བདེན་པར་མ་གྲུབ་པར་ཐལ། འཁོར་བ་བདེན་པར་མ་གྲུབ་པའི་ཕྱིར། དེར་ཐལ། མྱང་འདས་བདེན་པར་མ་གྲུབ་པའི་ཕྱིར། ཁྱབ་སྟེ། གཞན་དབང་ཡོངས་གྲུབ་གཉིས་བདེན་པར་གྲུབ་མཉམ་ཡིན་དགོས་པའི་རྩ་བའང་འདི་ལ་ཐུག་པའི་ཕྱིར། རྩ་ཤེ་ཊཱིཀ་ཆེན་ལས། འཕགས་པའི་ཡུལ་གྱི་རང་སྡེ་དངོས་པོར་སྨྲ་བས་ཀྱང་འཁོར་འདས་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་མི་འབྱེད། ཅེས་གསུངས་པའི་ཕྱིར་དང། འཁོར་འདས་གཉིས་གཅིག་བདེན་པར་མེད་ན་གཅིག་ཤོས་ཀྱང་བདེན་པར་མེད་དགོས་པའི་རྒྱུ་མཚན། འཁོར་མཁན་དང་གྲོལ་མཁན་གཉིས་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་འབྱེད་ཚུལ་མེད་པའི་དབང་གིས་ཡིན་པའི་ཕྱིར། ཆོས་ཡང་དག་པར་སྡུད་པ་ལས། སྡུག་བསྔལ་ནི་འདུ་བྱས་ཏེ། རྫུན་པ་བསླུ་བའི་ཆོས་སོ་ཞེས་མ་སྨྲས་སམ། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་སྨྲས་སོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར། ཆོས་གང་རྫུན་
པ་ཡང་དག་པ་མ་ཡིན་པ་དེ་ལ་ནི་འགོག་པ་མེད་ན། ཁྱོད་སྡུག་བསྔལ་དེ་འགོག་པར་ག་ལ་འགྱུར། །ཞེས་སོ། །བྱས་པ་ལ་ཁོ་ན་རེ། སེམས་ཙམ་པས་གང་ཟག་གི་བདག་མེད་དོན་དམ་བདེན་པར་མི་འདོད་པར་ཐལ། སྟོང་ཐུན་ལས། སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་དག་གང་ཟག་གི་བདག་མེད་དོན་དམ་བདེན་པར་མི་འདོད་ཅིང། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེ་གྲུབ་མཐའ་བཞི་པོ་གང་རུང་གིས་བདག་བཀག་པའི་སྟོང་པར་འདོད་རྒྱུའི་ཕྱག་རྒྱ་བཞིའི་ཡ་གྱལ་གྱི་བདག་མེད་ཙམ་ལ་བྱེད་པའི་ཕྱིར། ཡིག་ཆར། གང་ཟག་གི་བདག་མེད་དོན་དམ་བདེན་པའང་ཡིན་མོད། སྟོང་ཐུན་ལས་དེ་དོན་དམ་མ་ཡིན་ལ་གང་ཟག་གི་བདག་འགོག་པའི་རིགས་པ་ཀུན་རྫོབ་དཔྱོད་བྱེད་དུ་གསུངས་པ་གང་ཟག་གི་བདག་མེད་སྤྱི་ལྡོག་ལ་དགོངས་གསུངས་པའི་སྤྱི་ལྡོག་གི་དོན་ཡང་དེ་ལ་བྱེད་དགོས་སོ། །སྤྱི་ལྡོག་ཅེས་པའི་དོན་ལ་ཁ་ཅིག་རང་ལྡོག་ཟེར་བ་དང། ལ་ལ་ཕྲ་རགས་གཉིས་སུ་མ་ཕྱེ་བའི་གང་ཟག་གི་བདག་མེད་ཙམ་ལ་བྱེད་ཟེར་བ་མི་འཐད་དེ། བདག་མེད་དོན་དམ་ཡིན་ན་བདག་མེད་རང་ཉིད་དོན་དམ་ཡིན་དགོས་པའི་ཕྱིར་དང། དེ་གཉིས་སུ་མ་ཕྱེ་བའི་བདག་ཁེགས་ན་བདག་ཁེགས་དགོས་པའི་ཕྱིར་རོ། །སྒོམ་བདེའི་ཡིག་ཆ་སོགས་སུ། སྟོང་ཐུན་ལས། ཡོངས་གྲུབ་ནི་གཞན་དབང་གི་སྟེང་དུ་བདག་འཛིན་གཉིས་ཀྱིས་ཀུན་བཏགས་པ་ལྟར་གྲུབ་པས་སྟོང་པའི་དེ་བཞིན་ཉིད་དེ། ཞེས་པ་ལ་བརྟེན་ནས་གང་ཟག་གི་བདག་མེད་ཡོངས་གྲུབ་ཡིན་པ་སྟོང་ཐུན་གྱི་དགོངས་པར་བྱེད་ཅིང། ཡང་ལུགས་སྔ་མ་ལ་བརྟེན་ནས་དོན་དམ་བདེན་པ་མ་ཡིན་པར་
འདོད་པས། དེར་དེ་བཞིན་ཉིད་དུ་གསུངས་པའང་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་བཞིན་ཉིད་ཙམ་ཡིན་པར་བཤད་དོ། །དེ་ལ་འོ་ན། གང་ཟག་གི་བདག་མེད་ཆོས་ཅན། སྟོང་ཉིད་ཡིན་པར་ཐལ། འདུས་མ་བྱས་གང་ཞིག །བདེན་པར་གྲུབ་པའི་ཕྱིར། ཁྱབ་སྟེ། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །ཅེས་བདེན་གྲུབ་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་སྟེ་གཞན་དབང་དང་སྟོང་ཉིད་གཉིས་སུ་ཁ་ཚོན་ཆོད་པར་གསུངས་པའི་ཕྱིར། གལ་ཏེ་སྟོང་ཉིད་ཡིན་ཀྱང་དོན་དམ་ཡིན་མི་དགོས་ཟེར་ན། མི་འཐད་པར་ཐལ། དེ་ཉིད་ལས། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང། །ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། །ཞེས་དེ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སུ་གསུངས་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། དོན་དམ་ཡིན་པར་ཐལ། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པའི་ཕྱིར། དེར་ཐལ། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར། དེར་ཐལ། ཡོངས་གྲུབ་ཡིན་པའི་ཕྱིར། ཁྱབ་སྟེ། དགོངས་འགྲེལ་ལས། རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་དེ། ཞེས་གསུངས་པའི་ཕྱིེར། གཞན་ཡང་གང་ཟག་གི་བདག་མེད་ཆོས་ཅན། དེ་བཞིན་ཉིད་ཡིན་པར་ཐལ། གང་ལ་དམིགས་ནས་ཉོན་སྒྲིབ་ཟད་པའི་འགོག་བདེན་ཐོབ་བྱེད་ཀྱི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས། དེ་བཞིན་ཉིད་ལ་དམིགས་
ནས་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགག་པ་དེ་འགོག་པའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཉན་རང་གི་གཙོ་བོར་བསྒོམ་བྱའི་བདག་མེད་དེ་ཡོངས་གྲུབ་མ་ཡིན་པར་ཐལ། དེ་གཞན་དབང་ཡིན་པའི་ཕྱིར། སྟོང་ཐུན་ལས། སེམས་ཙམ་པས་གཞན་དབང་དང་ཀུན་རྫོབ་བདེན་པ་ཡིན་ན་གང་ལ་དམིགས་ནས་ཀུན་ནས་ཉོན་མོངས་པ་འཕེལ་བར་འགྱུར་བའི་དམིགས་པ་ཡིན་པས་ཁྱབ་པ་དང། གང་ལ་དམིགས་ནས་སྒྲིབ་པ་རྣམ་པར་དག་པར་འགྱུར་བའི་དམིགས་པ་ཡོངས་གྲུབ་ཁོ་ན་ཡིན་པར་ཁས་བླངས་ནས། ཉན་རང་རྣམས་ཀྱིས་ཉན་མོངས་པ་མ་ལུས་པར་སྤོང་བའི་ཡེ་ཤེས་ཀྱི་དམིགས་པ་གཞན་དབང་ཡིན་པས་ཁྱབ་ཅིང། ཡོངས་གྲུབ་ལ་དམིགས་པ་མི་སྲིད་དོ་ཞེས་སྨྲ་བ་ནི་གྲུབ་པའི་མཐའི་ནང་འགལ་བ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར་ན། མ་ཁྱབ། དེ་དབུ་མ་པའི་ལུགས་འཆད་པའི་སྐབས་ཡིན་པས་དབུ་མ་པས་གཞལ་ན་གང་ཟག་གི་བདག་མེད་དེ་ཙམ་ཞིག་དོན་སྨྲས་ཀྱང་རྟོགས་པས་དེ་གནས་ལུགས་མཐར་ཐུག་པའི་ཡོངས་གྲུབ་ཏུ་སེམས་ཙམ་པས་ཀྱང་ཁས་ལེན་འོས་མེད་ལ་ཡོངས་གྲུབ་ཏུ་མི་རིགས་ཤིང་བདེན་པར་གྲུབ་ན་གཞན་དབང་ལས་འོས་མེད་པའི་རིགས་པའི་འཕུལ་གྱིས་ནང་འགལ་བསྟན་པ་ཡིན་པའི་ཕྱིར། འོན་ཀྱང་སེམས་ཙམ་པ་རང་ལུགས་ལ་རང་ལ་ནང་འགལ་མེད་དགོས་པས་དེ་རྣམ་དག་ལམ་གྱི་དམིགས་པ་དང་ཡོངས་གྲུབ་གཉི་གར་ཁས་ལེན་པ་ཡིན་ནོ། །དེ་ལྟར་མ་ཡིན་ན། ཉན་རང་གིས་གང་ལ་དམིགས་ནས་སྒྲིབ་པ་དག་པར་འགྱུར་བའི་དམིགས་
པ་མེད་པར་ཐལ། དེ་ལ་ཡོངས་གྲུབ་དགོས་པ་གང་ཞིག །གང་ཟག་གི་བདག་མེད་ཡོངས་གྲུབ་མ་ཡིན། གང་ཟག་གི་བདག་མེད་ལས་གཞན་དུ་དེའི་དམིགས་པ་མཐར་ཐུག་འཇོག་རྒྱུ་མེད་པའི་ཕྱིར། རྟགས་ཟུར་རེ་རེ་ནས་སྟོང་ཐུན་གྱི་ལུང་དེས་འགྲུབ་བོ། །ཁ་ཅིག་ན་རེ། གང་ཟག་གི་བདག་མེད་དོན་དམ་བདེན་པ་ཡིན་ན་གྲུབ་མཐའ་བཞི་གང་རུང་གི་ཕྱག་རྒྱའི་ཡ་གྱལ་ལ་འདོད་རྒྱུའི་བདག་མེད་དེའང་དོན་དམ་ཡིན་དགོས་པར་ཐལ། མང་བཀུར་སྡེ་ལྔས་ཀྱང་དེའི་ཡ་གྱལ་གྱི་བདག་མེད་དེ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གིས་སྟོང་པར་འཇོག་པའི་ཕྱིར། དེར་ཐལ། དེས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གིས་སྟོང་པ་བདག་མེད་ཕྲ་མོར་ཁས་ལེན་པའི་ཕྱིར། དེར་ཐལ། དེས་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་བདག་མེད་རགས་པ་དང། དེ་ལྟར་འཛིན་པ་བདག་འཛིན་ཀུན་བཏགས་སུ་འདོད་པའི་ཕྱིར། དབུ་མའི་མཐའ་དཔྱོད་ལས། འདི་པའི་ལྷན་སྐྱེས་རྫས་ཡོད་དང། རང་སྡེ་གཞན་གྱི་ལྷན་སྐྱེས་རྫས་ཡོད་དང། རང་སྡེ་ཀུན་གྱིས་ཀུན་བཏགས་སུ་འདོད་པའི་ཁྱད་པར་གསུམ་ཡོད་དེ། ཞེས་པ་ནས། མི་འཇིག་པའི་རྟག་པ་དང་ཆ་མེད་པའི་རིལ་བོར་འཛིན་པ་དེ་གསུམ་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། ཕལ་ཆེ་བ་ལ་དགོངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། དེས་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་འཛིན་པ་དེ་བདག་འཛིན་ལྷན་སྐྱེས་སུ་འདོད་པའི་ཕྱིར། སྟོང་ཐུན་ལས། རང་སྡེ་ཁ་ཅིག་རྟག་གཅིག་རང་དབང་ཅན་གྱི་གང་ཟག་ཏུ་འཛིན་པ་བདག་ལྟ་ལྷན་སྐྱེས་སུ་འདོད། ཅེས་གསུངས་པའི་ཕྱིར། བྱས་པ་ལ་
ཁོ་ན་རེ། མང་བཀུར་སྡེ་ལྔས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་པར་ཐལ། དེས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གིས་སྟོང་པ་ཁས་མི་ལེན་པའི་ཕྱིར་ན། མ་ཁྱབ། བདག་རང་རྐྱ་བའི་རྫས་སུ་ཡོད་ན་ཕུང་པོ་ལས་ངོ་བོ་ཐ་དད་པར་བརྗོད་དུ་མེད་ཟེར་དོན་མེད་ལ། རྫས་ཡོད་ཀྱི་བདག་གིས་སྟོང་པར་ཁས་ལེན་ནའང་བརྗོད་དུ་མེད་ཟེར་དོན་མེད་པས་རྫས་ཡོད་དང་རྫས་ཡོད་ཀྱིས་སྟོང་པ་གང་དུའང་ཁས་མ་བླངས་པར་བརྗོད་དུ་མེད་བྱས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ་དབུ་མའི་ལྟ་བ་ཡིན་པར་ཐལ། གང་ཟག་གི་བདག་མེད་དེ་དབུ་མ་ཡིན་པའི་ཕྱིར་ན། མ་ཁྱབ། ཡང་དེ་ཆོས་ཅན། དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་རྟོགས་པའི་རིགས་ཤེས་དེ་དོན་དམ་དཔྱོད་པའི་རིགས་ཤེས་ཡིན་པར་ཐལ། འདོད་ན། ཉན་ཐོས་སྡེ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རིགས་ཤེས་ཆོས་ཅན། དོན་དམ་དཔྱད་ནས་རྙེད་པའི་རིགས་ཤེས་ཡིན་པར་ཐལ། ཁྱོད་གང་ལ་རིགས་ཤེས་སུ་སོང་བའི་ཡུལ་དེ་ཁྱོད་ཀྱིས་རྙེད་པ་གང་ཞིག །ཡུལ་དེ་དོན་དམ་ཡིན་པའི་ཕྱིར་ན། རྣམ་པ་གཅིག་ཏུ་མ་ཁྱབ། འདོད་མི་ནུས་ཏེ། ཉན་ཐོས་སྡེ་པས་དོན་དམ་མ་རྙེད་པའི་ཕྱིར། དེར་ཐལ། དེས་དབུ་མའི་ལྟ་བ་མ་རྙེད་པའི་ཕྱིར་ཏེ། དེ་རྟག་ཆད་ཀྱི་མཐར་ལྷུང་བའི་གྲུབ་མཐའ་སྨྲ་བ་ཡིན་པའི་ཕྱིར། འདི་དག་བློར་བདེ་བ་མི་འདུག་ཀྱང་གྲུབ་མཐའི་ནང་འགལ་ཡིན་པས་ཁས་ལེན་དེ་ཙམ་གྱིས་
འགྲིག་པར་བྱ་དགོས་ཏེ། སྟོང་ཐུན་ལས། འགོག་བདེན་ཡིན་ན་དེ་བཞིན་ཉིད་ཡིན་པས་ཁྱབ་པར་འདོད་པ་ལ་དབུ་སེམས་ཀྱི་མཁས་པ་སུའང་མི་མཐུན་པ་མེད་དོ། །དེ་ལྟར་ན། ཉན་ཐོས་འཕགས་པ་ཆོས་ཅན། ཁྱོད་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐལ། ཁྱོད་ཀྱིས་འགོག་བདེན་མངོན་སུམ་དུ་རྟོགས་པའི་ཕྱིར། རྟགས་གསལ་དངོས་སུ་ཁས་བླངས་ཤིང། ཁྱབ་པའང་དོན་གྱིས་ཁས་ལེན་པས་མཆོག་ཏུ་ལྕི་བའི་ནང་འགལ་གྱི་ཁུར་ཆེན་པོའོ། །ཞེས་གསུངས་པའི་ཕྱིར། དེའང་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་འཇོག་ཚུལ་གཉིས་མཛད་པའི་འཇོག་ཚུལ་དང་པོ་ནི་འཇོག་ཚུལ་གཉིས་པའི་དོན་དམ་གཏན་ལ་འབེབ་དགོས་པའི་རྒྱུ་མཚན་གོ་བའི་ཕྱིར་ཡིན་ཏེ། ཐོག་མེད་ནས་འཁོར་བར་འཁྱམས་པ་ནི་རང་གི་སྣང་ཚུལ་འདི་ཙམ་ལ་བདེན་པར་ཞེན་ཏེ་དེའི་རྗེས་སུ་འབྲངས་ནས་ཆགས་སྡང་གིས་ལས་སྣ་ཚོགས་བསགས་པའི་དབང་གིས་ཡིན་པས། འཁོར་བའི་རྩ་བ་གཅོད་པ་ལ་སྣང་ཤས་འདི་ཉིད་འགོག་དགོས། དེའང་མིག་བཙུམ་པ་བཞིན་མིསྣང་བར་བྱེད་པ་མིན་གྱི། ད་ལྟའི་སྣང་ཚུལ་འདི་ཙམ་ལ་གནས་ལུགས་སུ་མི་ཞེན་པར། གནས་ལུགས་སྟོང་པ་ཉིད་ཀྱི་དོན་གཟོད་བཙལ་དགོས་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་ད་ལྟ་སེམས་ཅན་རང་དགའ་བ་རྣམས་མཐོང་ཐོས་རྣམ་པར་ཤེས་རྒྱུའི་འདུ་བྱེད་ཀྱི་མཚན་མ་སྟོང་གཞི་གཞན་དབང་གི་སྣང་ཚུལ་འདི་ཙམ་ལས་ལྷག་པ་གནས་ལུགས་ཀྱི་དོན་ལྐོག་གྱུར་ཅིག་བཙལ་རྒྱུ་མེད་ན་སོ་སྐྱེ་ཐམས་ཅད་ཀྱིས་ཀྱང་བདེན་པ་མཐོང་ཟིན་པར་ཐལ་བ་དང། རྣལ་འབྱོར་པ་རྣམས་དོན་དམ་པའི་གནས་ལུགས་ཚོལ་བ་དོན་མེད་པར་ཐལ་བ་སོགས་སུ་
འགྱུར་བའི་ཕྱིར། བློ་གྲོས་རྣམ་དག་གི་ལེའུ་ལས། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི། དེས་ན་བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་བདེན་པ་མཐོང་བ་ཡིན་པར་ཡང་འགྱུར། ཞེས་དང། རྣལ་འབྱོར་པ་དག་འདུ་བྱེད་རྣམས་ལ་ཇི་ལྟར་མཐོང་བ་དང། ཇི་ལྟར་ཐོས་པ་དང། ཇི་ལྟར་བྱེ་བྲག་ཕྱེད་པ་དང། ཇི་ལྟར་རྣམ་པར་ཤེས་པ་ལས་གོང་དུ་དོན་དམ་པ་ཡོངས་སུ་ཚོལ་བར་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དབུ་སེམས་གཉིས་ཅི་ཙམ་གྱིས་གནས་ལུགས་མཐར་ཐུག་ཏུ་འགྲོ་བའི་དོན་དམ་གྱི་འཇོག་མཚམས་མི་འདྲའང། ད་ལྟའི་སྣང་ཚོད་འདི་ཙམ་ལ་ཞེན་ན་འཁོར་བར་འཆིང་བ་དང། འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་དུ་འགྲོ་བ་སྣང་ཚོད་དེ་ཙམ་ཞིག་གནས་ལུགས་སུ་ཞེན་པ་དེ་འགོག་དགོས་པར་བཞེད་པ་འདྲ་བའི་ཕྱིར། རྣམ་བཤད་དགོངས་པ་རབ་གསལ་ལས། སྣང་གཞི་དེ་ཉིད་ཀུན་བྱང་གི་འཆིང་གྲོལ་གཉི་གའི་རྒྱུ་ཡིན་པའི་ཕྱིར་རོ། །དབུ་སེམས་གང་གི་ལུགས་ཀྱིས་ཀྱང་ད་ལྟ་སེམས་ཅན་ལ་སྣང་ཞིང། སྣང་བ་ལྟར་དུ་བདེན་པར་ཞེན་པའི་ཞེན་གཞི་དེ་ཞེན་ཡུལ་དེས་སྟོང་པར་བསྟན་པ་གཅིག་ཡོད་ན་སྟོང་ཉིད་རྟོགས་པ་ལམ་དུ་འགྲོ་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། ངོ་བོ་ཉིད་མེད་པ་གསུམ་པོ་དེ་དཔེའི་སྒོ་ནས་སྟོན་པ་ལ་བཤད་བྱའི་མདོ་ནི། དགོངས་འགྲེལ་ལས། དེ་ལ་འདི་ལྟ་སྟེ་དཔེར་ན་ནམ་མཁའི་མེ་ཏོག་ཇི་ལྟ་བུར་དེ་ལྟ་བ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་
ཉིད་མེད་པ་ཉིད་བལྟ་བར་བྱའོ། །དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དེ་ལས་ཀྱང་གཅིག་ཀྱང་བལྟ་བར་བྱའོ། །དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་གཅིག་བལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལའང་ཁ་ཅིག་ན་རེ། ཀུན་བཏགས་ཀྱི་དཔེར་ནམ་མཁའི་མེ་ཏོག་བཀོད་པ་དེ་གཏན་མེད་ཀྱི་དཔེར་འདོད་མཁན་མེད་པར་ཐལ། ལེགས་བཤད་སྙིང་པོར། རྟོག་པས་བརྟགས་པ་ཙམ་གྱི་དཔེ་ཡིན་གྱི། ཤེས་བྱ་ལ་མི་སྲིད་པའི་དཔེ་མིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། སེམས་ཙམ་པ་དང་ཐལ་འགྱུར་བའི་ལུགས་ལ་གཏན་མེད་ཀྱི་དཔེ་མིན་ཡང་རང་རྒྱུད་པའི་ལུགས་ལ་དེ་ཡིན་པའི་ཕྱིར། གོང་དུ་བཤད་ཟིན། ཡང་ཁ་ཅིག་ན་རེ། གཞན་དབང་སྒྱུ་མ་དང་འདྲ་བ་མི་འཐད་པར་ཐལ། དེ་བདེན་པར་གྲུབ་པའི་ཕྱིར་ན། མ་ཁྱབ་སྟེ། སྒྱུ་མ་དཔེར་བྱེད་ཀྱང་བདེན་པར་མ་གྲུབ་པའི་དཔེར་བྱེད་མི་དགོས་པའི་ཕྱིར། འདི་ཉིད་ལས། གལ་ཏེ་དགོངས་འགྲེལ་ལས་གཞན་དབང་སྒྱུ་མ་བཞིན་དུ་གསུངས་ཤིང། རྒྱན་ལས་ཀྱང་འདུས་བྱས་ཐམས་ཅད་སྒྱུ་མ་བཞིན་དུ་གསུངས་པས་བདེན་པར་གྲུབ་པ་དེ་དག་གི་དོན་མིན་ནོ་ཞེ་ན། སྒྱུ་མ་ལ་སོགས་པ་བཞིན་དུ་བཤད་པས་བདེན་པར་མི་སྟོན་པའི་ངེས་པ་མེད་དེ་སྒྱུ་མ་ལ་སོགས་པ་དཔེར་བྱེད་ལུགས་ལ་རག་ལས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་འདིར་སྒྱུ་མ་དཔེར་བཀོད་པ་ནི། མདོ་སྡེ་རྒྱན་ལས། ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་
རྟོག་འདོད། །སྒྱུ་མའི་རྣམ་པ་ཇི་ལྟ་བར། །དེ་བཞིན་གཉིས་སུ་འཁྲུལ་བ་བརྗོད། །ཅེས་སྔགས་རྫས་ཀྱིས་མིག་བསླད་པ་བཞིན་དུ་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱིས་བསླད་པ་ལ་བརྟེན་ནས་ཕྱི་རོལ་དོན་དུ་སྣང་ཡང་ཕྱི་རོལ་དོན་གྱིས་སྟོང་པའི་དཔེར་བཀོད་པ་ཡིན་པའི་ཕྱིར། ཡོངས་གྲུབ་ནམ་མཁའ་དང་དཔེ་སྦྱར་བ་ནི། ནམ་མཁས་གཟུགས་ཅན་ཐམས་ཅད་ལ་ཁྱབ་ཅིང་རང་གི་ངོ་བོ་ཐོགས་རེག་བཀག་ཙམ་ལ་འཇོག་པ་ལྟར། ཡོངས་གྲུབ་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་ཅིང་རང་གི་ངོ་བོ་དགག་བྱ་བཀག་ཙམ་གྱི་མེད་དགག་ལ་འཇོག་པའི་དོན་དུ་ཆེས་གསལ་བས། འདིས་ཀྱང་ཇོ་ནང་པས་ཡོངས་གྲུབ་སྒྲུབ་པ་རང་དབང་བར་འདོད་པ་ལེགས་པར་བསལ་བ་ཡིན་ནོ། །དེ་ལྟར་མཚན་ཉིད་གསུམ་རང་རང་གི་སྟེང་གི་ངོ་བོ་ཉིད་མེད་ཚུལ་དང་མ་སྦྱར་བར། འཁོར་ལོ་བར་བའི་སྒྲས་ཟིན་ལྟར་དུ་རང་བཞིན་གྱིས་གྲུབ་པའི་ངོ་བོ་ཉིད་མེད་མཉམ་དུ་ཁས་བླངས་ན་སྐུར་འདེབས་སུ་འགྱུར་བའི་ཚུལ་དགོངས་འགྲེལ་ལས། ངའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ་ཆོས་དེ་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ། །མ་འགགས་པ་ཁོ་ནའོ། །གཟོད་མ་ནས་ཞི་བ་ཁོ་ནའོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་ཆོས་ཀྱི་དོན་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་དོ། །དེ་དག་གཞི་དེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང་མཚན་ཉིད་མེད་པར་ལྟ་བ་ཐོབ་ནས་ཀྱང་ཆོས་ཐམས་ཅད་ལ་མཚན་ཉིད་ཐམས་
ཅད་ཀྱིས་སྐུར་བ་འདེབས་ཏེ། ཆོས་རྣམས་ཀྱི་ཀུན་བཏགས་པའི་མཚན་ཉིད་ལའང་སྐུར་བ་འདེབས། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལའང་སྐུར་བ་འདེབས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། འདི་ལྟར་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི་ཀུན་བཏགས་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་པར་འགྱུར་ན། དེ་ལ་གང་དག་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཚན་ཉིད་མེད་པར་མཐོང་བ་དེ་དག་གིས་ནི་ཀུན་བཏགས་པའི་མཚན་ཉིད་ལའང་སྐུར་པ་བཏབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་གི་མཚན་ཉིད་རྣམ་པ་གསུམ་ཆར་ལའང་སྐུར་བ་འདེབས་པ་ཞེས་བྱའོ། །ཞེས་གསུངས། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་མན་ཆད་ཀྱིས་མཚན་ཉིད་གསུམ་ག་ལ་སྐུར་འདེབས་སུ་འགྲོ་བའི་རྒྱུ་མཚན་བསྟན་པ་ཡིན་ལ། འོན་ཀྱང་གཞན་དབང་ཡོངས་གྲུབ་གཉིས་ལ་སྐུར་འདེབས་སུ་འགྲོ་བའི་རྒྱུ་མཚན་དངོས་སུ་མ་གསུངས་པར། ཀུན་བཏགས་ལ་སྐུར་འདེབས་སུ་འགྲོ་བའི་རྒྱུ་མཚན་གསུངས་པ་ནི་དོགས་པ་ཆེ་ཆུང་གི་དབང་གིས་ཡིན་ཏེ། སྔ་མ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པས་དེ་རང་མཚན་གྱིས་མ་གྲུབ་པར་བཟུང་ན་སྐུར་འདེབས་སུ་འགྱུར་བ་རྟོགས་སླ་ལ། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་དེ་ལ་སྐུར་འདེབས་སུ་འགྱུར་ཚུལ་ཤེས་དཀའ་བའི་དབང་གིས་ཡིན་པའི་ཕྱིར། སེམས་ཙམ་པའི་ལུགས་ལ་གཞན་དབང་ཡོངས་གྲུབ་བདེན་པར་གྲུབ་ཅིང། ཀུན་བཏགས་བདེན་པར་མ་གྲུབ་པ་ནི་མདོས་དོགས་པ་གཅོད་ཚུལ་འདིས་ཀྱང་ལེགས་པར་འགྲུབ་མོད། འོན་ཀྱང་མདོས་དམིགས་
འབྱེད་ཚུལ་རྗེ་བླ་མས་གསལ་བར་མཛད་པའི་བཀའ་དྲིན་ལས་ད་ལྟ་ཀུན་ལ་རླུང་ལྟར་གྲགས་པ་ཡིན་གྱི། དེའི་སྔར་ཇི་བཞིན་ཤེས་པ་དཀོན་པར་བྱུང་སྣང་ངོ་། །གཞན་དབང་ཡོངས་གྲུབ་གཉིས་བདེན་པར་མེད་ན་གཏན་མེད་དགོས་ལ། ཀུན་བཏགས་བདེན་པར་མེད་ཀྱང་གཏན་ནས་མེད་མི་དགོས་པའི་ཚུལ་ནི། དཔེར་ན་ཐག་པ་སྦྲུལ་དུ་གྲུབ་པ་མེད་ཀྱང་ཐག་ཁྲ་སྦྲུལ་སྣང་མེད་མི་དགོས་ལ། རྩ་བའི་ཐག་ཁྲ་མེད་ན་ཐག་ཁྲ་སྦྲུལ་སྣང་ཡང་གཏན་མེད་དགོས་པ་བཞིན་ཏེ། སྔ་མ་ནི་བློ་འཁྲུལ་པའི་སྣང་ཆ་ཙམ་ཡིན་པས་འཇོག་བྱེད་གཞན་མེད་ཀྱི་བློ་ལ་སྣང་ཙམ་མམ་རྟོག་པས་བཏགས་ཙམ་གྱིས་འཇོག་ནུས་པ་ལྟར། ཀུན་བཏགས་རྟོག་པས་བཏགས་ཙམ་གྱིས་འཇོག་ནུས་ལ། ཐག་ཁྲ་ནི་དོན་རང་གི་ངོས་ནས་ཐག་ཁྲར་གྲུབ་པ་བློའི་སྣང་ཙམ་གྱི་དབང་གིས་བཞག་པ་མིན་པ་ཞིག་དགོས་པ་ལྟར། གཞན་དབང་ངེས་པར་རང་མཚན་གྱིས་གྲུབ་པ་ཞིག་དགོས་པའི་ཕྱིར། དེར་ཐལ། ཐག་ཁྲ་སྦྲུལ་དུ་རློམ་པ་དང་འདྲ་བར་བློས་རློམ་ཙམ་ཡིན་ན་ཐག་པའི་སྦྲུལ་དེར་གཞན་ལ་འཚེ་བ་སོགས་ཀྱི་ནུས་པ་མེད་པ་ལྟར། གཞན་དབང་ལའང་འབྲས་བུ་སྐྱེད་པ་སོགས་ཀྱི་ནུས་པ་མེད་དགོས་པའི་ཕྱིར། རྣམ་འགྲེལ་ལས། གལ་ཏེ་ཀུན་ལ་ནུས་མེད་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཅི་སྟེ་དེ་ལྟར་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་དོན་ངོ་བོ་ཉིད་མེད་པར་སྨྲ་བས་འདུས་བྱས་ཐམས་ཅད་དོན་དམ་པར་མེད་པར་སྨྲ་བ་ནི་དོན་གྱིས་འབྲས་བུ་སྐྱེད་པའི་ནུས་པ་མེད་པར་ཁས་བླངས་སོང་བས། ས་བོན་གྱིས་མྱུ་གུ་བསྐྱེད་པ་ལྟ་
བུ་འཇིག་རྟེན་གྱིས་མཐོང་བ་དང་འགལ་ལ། དེ་བསྐྱེད་ཀྱང་སྐྱེད་པ་ཀུན་རྫོབ་ཏུ་ཡིན་ནོ་ཞེས་སྨྲ་བ་ནི། ངས་མི་དེ་མཐོང་ཡང་མཐོང་བ་རྫུན་ཡིན་ཟེར་བ་ལྟར་འབྲེལ་མེད་དངོས་འགལ་གྱི་ཚིག་ཡིན་པའི་ཕྱིར། དེར་མ་ཟད་སྐྱེ་བ་མེད་ན་སྐྱེ་བ་སྔོན་དུ་འགྲོ་བའི་འགག་པའང་མེད་དགོས་ལ། དེ་གཉིས་ཀ་མེད་ན་ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བའི་ལས་འབྲས་དང། ལས་ཉོན་འགག་པའི་ཐར་པ་ཐམས་ཅད་ལ་སྐུར་འདེབས་སུ་འགྲོ་བའི་ཕྱིར། དེས་ན་སེམས་ཙམ་པས་གཞན་དབང་བདེན་གྲུབ་ཏུ་སྒྲུབ་པའི་དགོས་པའི་གཙོ་བོ་ལས་འབྲས་ཀྱི་རྣམ་གཞག་འགྲུབ་པའི་ཆེད་ཡིན་པས། སྟོང་ཐུན་ལས། གཞན་དབང་གི་ངོ་བོ་བདེན་པར་མེད་ན་འབྲས་བུ་སྐྱེད་ནུས་ཀྱི་རྫས་སུ་མེད་དགོས་ལ། ཞེས་གསུངས་ཏེ་འདིར་རྫས་ནི་རང་ངོས་ནས་འབྲས་བུ་སྐྱེད་པའི་མཐུ་དང་ལྡན་པ་ཞིག་ལ་འདོད་པས་རྒྱུ་འབྲས་འཇོག་པ་ལ་དེ་ངེས་པར་དགོས་པར་འདོད་པའི་ཕྱིར། དེ་སྐད་དུ་འཇུག་པར་ཡང། གཞན་གྱི་ལྟར་ན་རྫས་ལ་ཆགས་པ་ཡི། །འཇིག་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག །ཅེས་གསུངས་ཏེ། ཐལ་འགྱུར་བས་རྫས་ཡོད་བཀག་པའང་འདི་ཡིན་གྱི། རྫས་གཅིག་ཐ་དད་ཀྱི་རྫས་ཉེར་ལེན་སོགས་ལ་བྱེད་པས་མི་འགོག་གོ །དེའི་ཕྱིར་རྫས་གཅིག་ཡོད་ཀྱང་རྫས་གྲུབ་ཡོད་མི་དགོས་ཏེ། བདེན་པའི་གཅིག་ཡོད་ཀྱང་བདེན་གྲུབ་ཡོད་མི་དགོས་པ་བཞིན་ནོ། །དེ་ལྟར་མ་ཕྱེ་ན་རྣམ་བཤད་དགོངས་པ་རབ་གསལ་ལས། བུམ་པ་ནི་རྫས་མིན་ཏེ་གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་བུམ་པ་བཞིན་ནོ། །ཞེས་སུན་འབྱིན་པ་དེ་ལྟ་བུ་ལ་སོགས་པའི་ཡུལ་ལ་འཇིག་རྟེན་གྱིས་གནོད་ཀྱི། ཞེས་འཇིག་རྟེན་གྱི་དངོས་པོ་འཇིག་རྟེན་ན་གྲགས་པས་སེལ་བ་ཡིན་པས་མི་རུང་བར་གསུངས་པའི་ཕྱིར་
དང། རྫས་རིན་ཐང་ཚང་བ་མེད་ན་ཕམ་པ་གཉིས་པའང་མེད་པར་འགྱུར་བའི་ཕྱིར། འདི་བའི་ལུགས་ལ་རང་བཞིན་གྱིས་མེད་ན་དེ་ལས་ལྷག་པའི་འགག་རྒྱུ་ཞིག་མེད་པར་འདོད་ཀྱང། དབུ་མ་པ་རྣམས་ནི་འགྲེལ་པ་དོན་གསལ་ལས། དངོས་པོ་ཐམས་ཅད་བྱུང་བ་ཉིད་ནས་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ལ་ཀུན་རྫོབ་ཏུའང་འགག་གོ་ཞེས་བྱ་བ་འགག་པ་དང། ཞེས་པ་ལྟར་རང་དུས་ནས་བདེན་པར་གྲུབ་པའི་རང་བཞིན་ཞིག་མེད་ཀྱང་བློ་ལ་སྣང་བའི་དབང་ཙམ་གྱིས་སླར་འགག་པའང་བསྙོན་མེད་དུ་བཞག་ཆོག་པ་ནི་ཟབ་པ་བརྒྱད་ཀྱི་ནང་ནས་དགག་པ་ཟབ་པ་ཡིན་པས་དངོས་སྨྲའི་བློར་མ་ཤོང་བར་འཆད་དོ། །གཞན་དབང་བདེན་པར་གྲུབ་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་དུ་ཆུག་ཀྱང་ཀུན་བཏགས་ཡོངས་གྲུབ་འདུས་མ་བྱས་སུ་འདྲ་བ་ལ་བདེན་པར་ཡོད་མེད་གང་གིས་དབྱེ་ཞེ་ན། སྔར་གྱི་དཔེ་དེས་འགྲུབ་སྟེ་ཐག་ཁྲའི་སྦྲུལ་སྣང་དེ་འཁྲུལ་པ་ཙམ་གྱིས་བཞག་པ་ཡིན་ཀྱང། སྦྲུལ་གྱིས་སྟོང་པ་དེ་རློམ་པ་ཙམ་གྱིས་མི་འགྲུབ་པར་དོན་སྟེང་དུ་གནས་པ་ཞིག་དགོས་ཏེ་རློམ་པ་ཙམ་གྱིས་འགྲུབ་ན་ཐག་ཁྲས་ཀྱང་སྟོང་པར་རློམ་པས། དེས་སྟོང་པར་འགྱུར་དགོས་པ་ལ་མི་འགྱུར་བ་ནི་སྔ་མ་དངོས་པོའི་གཤིས་སུ་གྲུབ་པའི་རྟགས་ཡིན་པས། འདིར་ཡང་ཡོངས་གྲུབ་དེ་ཉིད་དངོས་པོའི་གཤིས་སུ་འགྱུར་བ་ལ་རློམ་ཙམ་མིན་པ་ཞིག་དགོས་པར་གསུངས་སོ། །གཞན་དག་ན་རེ། དེ་ལྟ་ན་ཐག་པ་སྦྲུལ་གྱིས་སྟོང་པ་དང། ཤེས་བྱ་དང་ནམ་མཁའ་སོགས་དོན་དམ་དུ་འགྱུར་རོ་ཞེ་ན། རློམ་པ་ཙམ་གྱིས་འཇོག་མི་ནུས་ཀྱང་རློམ་པས་བཞག་ཙམ་ཡིན་པ་མི་འགལ་ཚུལ་གོང་དུ་བཤད་ཟིན་ཅིང། དེ་ཆོས་ཉིད་ལ་མི་མཚུངས་
ཏེ་དེ་འཇོག་བྱེད་གཙོ་བོ་འཕགས་པའི་མཉམ་གཞག་སོ་སོ་རང་རིག་པའི་ཡེ་ཤེས་ཡིན་ལ། ཐག་ཁྲ་སྦྲུལ་གྱིས་སྟོང་པ་སོགས་འཇོག་བྱེད་གཙོ་བོ་ཚུར་མཐོང་གི་གཉིས་སྣང་འཁྲུལ་པའི་རྟོག་པ་ཡིན་པ་ངོ་བོ་ཉིད་མེད་པར་སྨྲ་བ་ཁྱོད་ཀྱང་འདོད་པའི་ཕྱིར། ཁྱབ་སྟེ། སྔ་མ་གང་གི་ངོར་འཇོག་པ་དེའི་ངོར་གཞི་དེ་ཁེགས་དགོས་ལ། ཕྱི་མའི་སྦྲུལ་གྱིས་སྟོང་པའི་ཐག་ཁྲ་ངེས་པའི་ཤུགས་ཀྱིས་སྟོང་པ་དེའང་ངེས་དགོས་ཤིང། དེའི་སྣང་ཆ་ཙམ་ལས་ཟུར་ན་སྟོང་པ་གཏན་ལ་དབབ་ཏུ་མེད་པའི་ཕྱིར། སྟོང་ཉིད་ལ་སྤྲོས་བྲལ་ཞེས་བཤད་ཀྱང་མེད་དགག་ཐམས་ཅད་ལ་མ་བཤད་པའི་ཕྱིར། དེས་ན་མདོ་སྡེ་རྒྱན་ལས། ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཆོས་འདིས་སྐྲག་མི་འགྱུར། །ཞེས་པ་ལྟར། ཤེར་མདོར་རང་བཞིན་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་ཞེན་མི་རུང་བའི་ལུགས་ཡིན་པས། ལུགས་འདིར་དེ་ལྟར་ཞེན་ན་མེད་པར་ལྟ་བ་དང་མཚན་ཉིད་མེད་པར་ལྟ་བ་ཅན་དུ་འགྱུར་བར་གསུངས་སོ། །དེ་གཉིས་ཀྱི་དོན་ཡང་རྒྱ་ནག་འགྲེལ་ཆེན་ལས། མེད་པར་ལྟ་བ་དང་མཚན་ཉིད་མེད་པར་ལྟ་བའོ། །ལྟ་བ་གཉིས་སོགས་འདི་ལའང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ། མེད་པར་ལྟ་བ་ཞེས་བྱ་བ་ནི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་མེད་པར་སྐུར་བའོ། །མཚན་ཉིད་མེད་པར་ལྟ་བ་ཞེས་བྱ་བ་ནི་ཀུན་བཏགས་མེད་པར་སྐུར་བའོ། །ཞེའོ། །ཞེས་སོགས་ཀྱིས་མཚན་ཉིད་གསུམ་ལ་ཆ་ཕྱེ་ནས་སྦྱོར་ཚུལ་གསུངས་པའང། འདི་ལྟར་གཞན་གྱི་དབང་གི་མཚན་ཉིད་དང། ཞེས་སོགས་ལ་འགྲིག་པ་ལྟར་སྣང་ཡང། མེད་པར་ལྟ་བ་ཞེས་པ་མདོར་བསྟན་དང།
མཚན་ཉིད་མེད་པར་ལྟ་བ་ཞེས་པ་རྒྱས་བཤད་དུ་བྱེད་དགོས་ཏེ། ཀུན་བཏུས་ལེའུ་གསུམ་པར། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པས། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རྣམས་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོ་དག་གང་ཞེ་ན། མཚན་མར་ལྟ་བ་དང། བཏགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང། ཀུན་རྟོག་ལ་སྐུར་བ་འདེབས་པའི་ལྟ་བ་དང། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་དང། ཞེས་སོགས་དྲངས་ཤིང། དེའི་དོན་ཀུན་བཏུས་དར་ཊཱིཀ་ལས། མེད་ལྟ་རང་གི་ངོ་བོའི་སྒོ་ནས་བསྟན་པ་གཅིག དེ་ལ་ཡུལ་གྱི་སྒོ་ནས་ཕྱེ་བ་གསུམ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མེད་ལྟ་རང་གི་ངོ་བོའི་སྒོ་ནས་མདོར་བསྟན། དེ་ལ་ཡུལ་གྱི་སྒོ་ནས་ཕྱེ་ན། བཏགས་པ་སྟེ་ཀུན་བཏགས་དང། ཡང་དག་པ་མ་ཡིན་པའི་ཀུན་རྟོག་གཞན་དབང་དང། དེ་ཁོ་ན་ཡོངས་གྲུབ་ཡིན་པས་མཚན་ཉིད་གསུམ་ལ་སྐུར་པ་འདེབས་པ་གསུམ་དུ་ཕྱེ་སྟེ་མཚན་ཉིད་མེད་པར་ལྟ་བ་དང་སྦྱར་ན། གོང་དུ། ཆོས་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱི་ཞེས་སོགས་དང་ཆེས་འགྲིག་པའི་ཕྱིར། ཁ་ཅིག་ན་རེ། གཞན་དབང་དེ་ལྟར་ཡིན་ཀྱང་ཀུན་བཏགས་ལུགས་འདིར་ཡང་འཁོར་ལོ་བར་བས་རང་མཚན་གྱིས་མེད་པར་གསུངས་པ་ལྟར་འཛིན་རུང་བར་ཐལ། དེ་རང་མཚན་གྱིས་མ་གྲུབ་པའི་ཕྱིར་ན། མ་ཁྱབ། འཁོར་ལོ་བར་བར་གསུངས་པ་ལྟར་གྱི་རང་མཚན་གྱིས་མ་གྲུབ་པ་དང། ཐལ་འགྱུར་བའི་འདོད་པ་ལྟར་གྱི་རང་མཚན་གྱིས་མ་གྲུབ་པ་གཉིས་ཁྱད་པར་མེད་པས།
ཀུན་བཏགས་དེ་གཉིས་གང་དུའང་འཛིན་མི་རུང་བའི་ཕྱིར་ཏེ། ཡོད་ན་རང་ངོས་ནས་ཡོད་དགོས་པ་གང་ཞིག །དེ་གཉིས་ཀས་རང་ངོས་ནས་མེད་པར་གཟུང་བའི་ཕྱིར། ཡང་ཁོ་ན་རེ། ཤེར་མདོས་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་མ་བསྟན་པར་ཐལ། དེས་བསྟན་པ་ལྟར་གྱི་ཀུན་བཏགས་རང་མཚན་གྱིས་གྲུབ་པར་འཛིན་པ་དེ་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པར་འཛིན་པ་མ་ཡིན་པའི་ཕྱིར་ན། མ་ཁྱབ་སྟེ། རང་ངོས་ནས་མ་གྲུབ་པར་བསྟན་ན་རྟོག་པས་ཕར་བཏགས་ཙམ་དུ་སྟོན་དགོས་ལ། དེ་བསྟན་ན་རྟོག་བཏགས་ཙམ་མ་ཡིན་པར་གྲུབ་པ་ཁེགས་དགོས་པའི་རྒྱུ་མཚན་གྱིས་འདིའི་ཞར་ལ་བསྟན་པར་བཤད་པ་ཡིན་པའི་ཕྱིར། ཁོ་ན་རེ། དེ་དེའི་སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར་ཞེ་ན་འདོད་པ་ཁོ་ན་སྟེ། དེའི་སྒྲས་ཟིན་ཚད་མས་བསལ་བ་གང་ཞིག །འདི་ཚད་མས་གྲུབ་པའི་ཕྱིར། ཁོ་ན་རེ། གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་རང་མཚན་གྱིས་མེད་པ་འདིའི་སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པར་ཐལ། དེའི་ཕྱིར་ན། མ་ཁྱབ་སྟེ། ཆོས་ཐམས་ཅད་ལ་ཆ་མ་ཕྱེ་བར་གསུངས་པའི་གནད་ཀྱིས་སྒྲ་ཇི་བཞིན་པར་མི་འགྱུར་བའི་ཕྱིར། ཁ་ཅིག་གོང་དུ་འདོད་རིགས་ཏེ། ཆོས་ཐམས་ཅད་རང་མཚན་གྱིས་མ་གྲུབ་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཀུན་བཏགས་ཡིན་པའི་ཕྱིར་ཟེར་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བདེན་མེད་དུ་བཤད་པའི་བཤད་སྲོལ་ཆེན་པོ་དེ་ངོ་བོ་ཉིད་མེད་པར་སྨྲ་བའི་ཤིང་རྟའི་སྲོལ་མ་ཡིན་པར་ཐལ་བ་དང། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་རུང་བར་ཐལ་བ་དང། སེམས་ཙམ་པའང་ངོ་བོ་ཉིད་མེད་པར་སྨྲ་བ་ཡིན་པར་ཐལ་བ་སོགས་སྤྲོ་
སླའོ། །གཉིས་པ་མ་སྐྱེས་པ་སོགས་སུ་བཤད་པའི་དགོངས་གཞི་འཆད་པ་ལ། ངོ་བོ་ཉིད་མེད་པའི་ཚུལ་དེ་ལྟར་ཡིན་ན། སྐྱེ་བ་མེད་པ་སོགས་གང་ལ་དགོངས་ནས་གསུངས་ཤེ་ན། ཞེས་པ་ནས། ཀུན་ལས་བཏུས་ལས་དེ་ལྟར་བཤད་དོ། །ཞེས་བྱུང། དེ་ལ་བཤད་བྱའི་མདོ་ནི་དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན། མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན། མ་སྐྱེས་པ་དང་མ་འགགས་པ་གང་ཡིན་པ་དེ་ནི་གཟོད་མ་ནས་ཞི་བ་ཡིན། གཟོད་མ་ནས་ཞི་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བ་ཅུང་ཟད་ཀྱང་མེད་དེ། དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དོན་དམ་ཡང་དག་འཕགས། ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལ་དགོངས་ནས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པ་ངོ་བོ་ཉིད་མེད་པ་
ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ནི་རྟག་པ་རྟག་པའི་དུས་དང། ཐེར་ཟུག་ཐེར་ཟུག་གི་དུས་སུ་རྣམ་པར་གནས་པ་ཁོ་ན་ཡིན་ལ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ་རྟག་པ་རྟག་པའི་དུས་དང། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་ཉིད་དེ་ཉིད་ཀྱིས་རྣམ་པར་གནས་པ་འདུས་མ་བྱས་པ་གང་ཡིན་པ་དེ་ནི་འདུས་མ་བྱས་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པ་ཡིན་ལ། དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །ཞེས་པའོ། །འདི་ལའང་སྤྱི་དོན་དང་མཐའ་དཔྱད་པ་གཉིས། དང་པོའི་ཤེར་མདོ་ལས་སྐྱེ་འགག་སོགས་རང་བཞིན་མེད་པར་གསུངས་པ་སྒྲ་ཇི་བཞིན་པར་བཟུང་ན་ལས་འབྲས་དང་རྟེན་འབྱུང་གི་རྣམ་གཞག་ཐམས་ཅད་ལ་སྐུར་འདེབས་སུ་འགྲོ་བས་དགོངས་པ་གཞན་དུ་འགྲེལ་དགོས་ལ། འགྲེལ་ཚུལ་སྐྱེ་སོགས་རང་བཞིན་མེད་ཅེས་པ་དེ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པ་མིན་གྱི། དགག་བྱའི་རང་བཞིན་དང་གནས་ལུགས་ལ་རང་བཞིན་དུ་བྱས་པའི་རང་བཞིན་དེ་གཉིས་ཀྱི་དབང་དུ་བྱས་པ་ཡིན་ནོ། །དེའི་ཚུལ་ཡང་དང་པོ་མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པའི་མཚན་གཞིར་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དང་གྲུབ་པར་སྒྲོ་བཏགས་སོགས་ནི་སྐབས་འདིའི་མཚན་ཉིད་ངོ་བོ་ཉིད་མེད་པའང་ཡིན་པས། དེ་ནི་སྒྲོ་བཏགས་པ་ཙམ་
ལས་རང་གི་མཚན་ཉིད་ཀྱིས་མ་གྲུབ་གོང་དུ་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་འཆད་པའི་སྐབས་སུ་སོང་ཟིན་པ་དེའི་དབང་དུ་བྱས་ཏེ། དེས་རིགས་འགྲོས་སྦྱར་ནས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའི་སྐྱེ་སོགས་མེད་པའང་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་བསྟན་པ་ཡིན་ཏེ། འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་མ་སྐྱེས་པ་ཡིན་ཞེས་མ་སྐྱེས་པའི་རྒྱུ་མཚན་ལ་རང་མཚན་གྱིས་མེད་པ་བཀོད་ཀྱང། རང་མཚན་གྱིས་མེད་པའི་རྒྱུ་མཚན་མ་བཀོད་པ་ཡིན་ནོ། །གཉིས་པ་དོན་དམ་པ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་སྟོན་ཚུལ་ཡང། སྟོང་གཞི་གཞན་དབང་གི་རང་བཞིན་ནམ་གནས་ལུགས་མཐར་ཐུག་ནི་དོན་དམ་པ་ངོ་བོ་ཉིད་མེད་པའི་མཚན་གཞི་ཡོངས་གྲུབ་ཡིན་ལ། རང་བཞིན་མཐར་ཐུག་དེ་ནི་སྔོན་དང་ཕྱི་མའི་གནས་སྐབས་ནམ་གྱི་ཚེའང་སྐྱེ་འཇིག་དང་ཉོན་མོངས་ཀྱིས་བསླད་པ་སོགས་མེད་པར་རང་བཞིན་རྣམ་དག་ཅིག་ཏུ་གནས་པ་འགྱུར་མེད་ཡོངས་གྲུབ་ཅེས་བཤད་པ་ཡིན་པས། དེའི་དབང་དུ་བྱས་ནས་མ་སྐྱེས། མ་འགགས། གཟོད་མ་ནས་ཞི་བ་སོགས་སུ་གསུངས་པ་ཡིན་ནོ། །སྐབས་འདིར་སྐྱེ་བ་ངོ་བོ་ཉིད་མེད་པ་དངོས་སུ་མ་གསུངས་པ་ནི་དེའི་རང་ལྡོག་གཙོ་བོར་བཀར་བ་མིན་གྱི། དེའི་མཚན་གཞི་གཞན་དབང་ལོགས་སུ་བཀར་བ་ཡིན་ཏེ། རྒྱ་ནག་འགྲེལ་ཆེན་ལས། གཞན་དབང་སྐྱེ་བ་མེད་པ་སོགས་ཀྱི་དགོངས་གཞིར་མ་གསུངས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་མེད་པ་མ་ཡིན་པར་བསྟན་པའི་ཕྱིར་ཡིན། ཞེས་རྒྱུ་འབྲས་ཀྱི་རྣམ་གཞག་འཇོག་པའི་ཆེད་ཡིན་
པར་གསུངས་ལ། གོང་དུའང་རང་མཚན་གྱིས་མ་གྲུབ་པའི་རྒྱུ་མཚན་གྱིས་མ་སྐྱེས་པར་བསྒྲུབས་པས་ལུགས་འདིར་སྐྱེ་ན་རང་མཚན་གྱིས་སྐྱེ་དགོས་པའི་ཁུངས་གསལ་ཤོས་ཡིན་ནོ། །འདི་ཉིད་ལས། རྟག་པ་རྟག་པའི་དུས་ནི་སྔ་མ་སྔ་མའི་དུས་དང། ཐེར་ཟུག་ཐེར་ཟུག་གི་དུས་ནི་ཕྱི་མ་ཕྱི་མའི་དུས་ལ་རྒྱ་ནག་འགྲེལ་ཆེན་ལས་བཤད་དོ། །ཞེས་བཤད་པ་བཀོད་ནས་དགག་པ་མ་མཛད་པས་རང་ལུགས་སུ་ཁས་ལེན་རུང་ལ། སའི་དངོས་གཞིར། རྟག་པའི་དུས་དང་ཐེར་ཟུག་གི་དུས་སུ་རྒྱུ་ལ་འབྲས་བུ་ཡོད་པ་ཁོ་ནར་མི་རུང་སྟེ། ཞེས་གཉི་ག་སྔ་མའི་དུས་ཀྱི་རྣམ་གྲངས་སུ་གསུངས་པ་ལྟར་བྱས་ཀྱང་ཆོག་སྟེ། སྔོན་ཐོག་མ་མེད་པའི་དུས་ཞེས་འབྱུང་བ་བཞིན་ནོ། །རྣམ་བཤད་རིགས་པར། གཟུགས་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་རྟག་པ་ནི་མི་རྟག་པ་ཉིད་མེད་པའི་ཕྱིར་རོ། །བརྟན་པ་ནི་སྐད་ཅིག་མར་འཇིག་པ་མེད་པའི་ཕྱིར་ཏེ་དུས་གཞན་དུ་གནས་པ་ཉིད་ཀྱིས་སོ། །ཐེར་ཟུག་ནི་རྒྱུད་འཇིག་པ་མེད་པའི་ཕྱིར་རོ། །ཞེས་གསུམ་ག་ཕྱི་མའི་དུས་ལ་སྦྱར་ཏེ། དངོས་པོ་རྣམས་སླར་འཇིག་པ་དང། དེའང་སྐད་ཅིག་གིས་འཇིག་པ་དང། དེར་མ་ཟད་རྒྱུན་དང་བཅས་པ་འཇིག་པ་གསུམ་ལས་བཟློག་སྟེ་བཤད་པ་ལྟ་བུ་སྣ་ཚོགས་ཡོད་པས་གཅིག་ཏུ་ངེས་གཟུང་མི་དགོས་སོ། །གཞན་དབང་གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གསུངས་པ་གཉིས་ཀྱི་དགོངས་གཞིར་མ་བསྟན་པ་ནི། མདོ་སྡེ་རྣམས་སུ་འཁོར་བ་དང་ཀུན་ཉོན་གྱི་ཕྱོགས་རྣམས་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་དང། ཆོས་སྐུ་མྱང་འདས་སོགས་རྣམ་བྱང་གི་ཕྱོགས་རྣམས་འདུས་མ་བྱས་
ཀྱིས་རབ་ཏུ་ཕྱེ་བར་གསུངས་པ་མང་ལ། ཁྱད་པར་དུ་སེམས་ཙམ་པའི་སྐབས་འདིར་གཞན་དབང་གི་གཙོ་བོ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལ་བཤད་པ་མང་ཞིང། བློ་གྲོས་རྣམ་དག་གི་ལེའུ་ལས་ཀྱང། དོན་དམ་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་མ་ཡིན། ཞེས་དང། འདུ་བྱེད་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ། ཞེས་འབྱུང་བས། དེ་མ་ཞི་བ་འཁོར་བའི་ཕྱོགས་དང་ཀུན་ཉོན་གྱི་ཕྱོགས་ཤས་ཆེ་བ་ལ་དགོངས་ནས་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པར་གསུངས་པ་གཉིས་ཀྱི་དགོངས་གཞིར་མ་བསྟན་པ་ཡིན་ནོ། །མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། སྐྱེ་བ་ངོ་བོ་ཉིད་མེད་པ་དེ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་མ་ཡིན་པར་ཐལ། འདི་ཉིད་ལས། སྐྱེ་བ་མེད་པ་སོགས་གང་ལ་དགོངས་ནས་གསུངས་ཤེ་ན། འདི་ནི་ངོ་བོ་ཉིད་མེད་པ་དང་པོ་དང་ཐ་མ་ལ་དགོངས་ནས་གསུངས་ཏེ། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ། མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་དྲིས་པའི་ལན་དུ་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་དགོངས་ཚུལ་མ་གསུངས་པའི་དོན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་དགོངས་གཞིར་འཕགས་པ་ཐོགས་མེད་ཀྱིས་བཞེད་པའི་ཕྱིར། ཀུན་བཏུས་ལས ཀུན་བརྟགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང་གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང་ཡོངས་སུ་གྲུབ་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་འབྱུང་བའི་དགོངས་པ་གང་ཡིན་ཞེ་ན། ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་སོ། །ཇི་ལྟར་མ་སྐྱེས་པ་དེ་
ལྟར་མ་འགགས་སོ། །ཇི་ལྟར་མ་སྐྱེས་པ་དང་མ་འགགས་པ་དེ་ལྟར་གཟོད་མ་ནས་ཞིའོ། །དེ་ལྟར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་དང། འདི་ཉིད་ལས། ངོ་བོ་ཉིད་གསུམ་གྱི་རང་རང་གི་སྐབས་ཀྱི་ངོ་བོ་མེད་རྒྱུ་དེའི་དབང་དུ་བྱས་ནས་ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་པ་དང་མ་འགགས་ལ་གཟོད་མ་ནས་ཞི་བ་དང། གདོད་ནས་མྱ་ངན་ལས་འདས་པའང་ཡིན་པ་ལ་དགོངས་ནས་ཀུན་བཏུས་ལས་དེ་ལྟར་བཤད། ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བྱེད་པ་རྗེ་བཙུན་གྱི་དགོངས་པ་ཡིན་པའི་ཕྱིར་ཏེ། རྒྱན་ལས། ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡིན། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་གྲུབ། །ཅེས་གསུངས་ཤིང། གོང་དུ། རང་དང་རང་གི་མཚན་ཉིད་དུ། །ཅེས་སོགས་གཙོ་བོ་གཞན་དབང་ལ་སྦྱར་ཏེ་དུས་གསུམ་དུ་སྐྱེ་བ་ངོ་བོ་ཉིད་མེད་ཚུལ་གསུངས་པ་ནི་མདོའི་དགོངས་པ་ཁ་བསྐངས་ཏེ་མདོ་སྡེའི་རྒྱན་དུ་འགྱུར་ཚུལ་གྱི་མན་ངག་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྐྱེ་བ་ངོ་བོ་ཉིད་མེད་པ་དེ་སྤྱིར་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་ཡིན་ཀྱང། དགོངས་འགྲེལ་ལས་དེ་དེའི་དགོངས་གཞིར་མ་གསུངས་པར་ཐལ། འདི་ཉིད་ལས། སྐྱེ་བ་སོགས་མེད་པའི་གཞི་ངོ་བོ་ཉིད་མེད་པ་བར་པ་ལ་མི་མཛད་པ་དང། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དགོངས་འགྲེལ་ལས་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་མ་གསུངས་ཞེས་པ་སྐྱེ་བ་ངོ་བོ་ཉིད་མེད་པའི་རང་ལྡོག་མིན་གྱི། དེའི་གཞི་ལྡོག་གཞན་དབང་དེ་ལྟར་དངོས་སུ་མ་གསུངས་པ་ཡིན་པའི་ཕྱིར། འདི་ཉིད་ལས། སྐྱེ་འགག་མེད་པར་གསུངས་པ་གཞན་དབང་ལ་དགོངས་པ་མིན་ལ། ཞེས་ལུང་གི་དོན་འགྲེལ་པའི་ཚེ་གཞན་དབང་གི་མིང་གིས་
སྨོས་ལ། ཡིག་ཆར་ཡང། མདོ་འདིར་གཞན་དབང་སྐྱེ་འགག་མེད་པ་སོགས་ཀྱི་དགོངས་གཞིར་དངོས་སུ་མ་བསྟན་པ། ཞེས་གསལ་བར་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། དགོངས་འགྲེལ་ལས་སྐྱེ་བ་ངོ་བོ་ཉིད་མེད་པ་དེ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པའི་ཕྱིར། དེར་ཐལ། མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་དྲིས་པའི་ལན་གྱི་སྐབས་ནས་དངོས་སུ་མ་བསྟན་ཀྱང། འོག་ཏུ་མདོའི་དོན་གདུལ་བྱས་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་སུ་གསལ་བར་གསུངས་པའི་ཕྱིར། དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས། འདི་ལ་དེ་བཞིན་གཤེགས་པ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དག་ཉིད་ལ་དགོངས་ནས། དྲང་བའི་དོན་གྱི་མདོ་བརྗོད་པའི་རྣམ་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་སྟོན་ནོ། །ཞེས་གསུངས་པའི་ཕྱིར། འདི་ལ་ཡིག་ཆར་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་མ་བསྟན་ན་ཇོ་ནང་པ་ལ་སྐྱོན་བསྟན་པ་དག་གིས་ཀྱང་གནོད་པར་གསུངས་པའི་ཚུལ་ནི། དོན་དམ་པ་ངོ་བོ་ཉིད་མེད་པ་བར་བའི་དགོངས་གཞིར་དངོས་སུ་མ་བསྟན་ན་བར་བས་ཡོངས་གྲུབ་རང་མཚན་གྱིས་མེད་པར་གསུངས་པའི་དགོངས་གཞི་དངོས་སུ་མ་བསྟན་པར་འགྱུར་བས། འདིར་དྲང་དོན་དུ་དངོས་སུ་བཀྲལ་བའི་འཁོར་ལོ་བར་བ་དེར་ཡོངས་གྲུབ་རང་མཚན་གྱིས་མེད་པར་མ་བསྟན་པར་འགྱུར་ཞེས་བཀག་པ་ཡིན་པ་ལ། རང་ལུགས་ལའང་
སྐྱེ་བ་ངོ་བོ་ཉིད་མེད་པ་གཞན་དབང་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་མ་བསྟན་ན། གཞན་དབང་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་དངོས་སུ་མ་བསྟན་པར་འགྱུར་ཏེ། ཀུན་བཏགས་རང་མཚན་གྱིས་མེད་པ་ལ་དགོངས་ནས་གཞན་དབང་མ་སྐྱེས་པ་སོགས་སུ་གསུངས་ཟེར་དོན་མེད་ཅིང་གཞན་དབང་རང་སྟེང་ན་དེའི་དགོངས་གཞི་དངོས་སུ་བསྟན་པའི་སྐྱེ་མེད་ཅིག་མེད་པའི་ཕྱིར། འདིར་དངོས་སུ་དྲང་དོན་དུ་བཀྲལ་བའི་འཁོར་ལོ་བར་བ་དེར་མ་སྐྱེས་པ་སོགས་སུ་གསུངས་པའི་ཆོས་ཀྱི་ནང་ན་གཞན་དབང་མེད་ཅེས་སྨྲ་དགོས་པར་འགྱུར་བའི་དོན་ནོ། །འདི་དག་ལ་དཔག་ནའང་སྐྱེ་བ་ངོ་བོ་ཉིད་མེད་པ་དེ་མཚན་ཉིད་གསུམ་དུ་ཕྱེ་བའི་ཚེ་གཞན་དབང་ཁོ་ན་རང་ངོས་ནས་མ་གྲུབ་པར་གསུངས་པའི་དགོངས་གཞི་དང། དོན་དམ་པ་ངོ་བོ་ཉིད་མེད་པ་ཡོངས་གྲུབ་ཁོ་ན་རང་ངོས་ནས་མ་གྲུབ་པར་གསུངས་པའི་དགོངས་གཞི་ཡིན་ཚོད་དུ་སྣང་སྟེ། དེ་མིན་ན་སྐྱེ་བ་ངོ་བོ་ཉིད་མེད་པ་གཞན་དབང་མ་སྐྱེས་པར་གསུངས་པའི་དགོངས་གཞིར་དངོས་སུ་མ་བསྟན་ཀྱང་དོན་དམ་པ་ངོ་བོ་ཉིད་མེད་པ་དེར་དངོས་སུ་བསྟན་བྱས་ཆོག་པས་ཇོ་ནང་པར་བརྗོད་པའི་སྐྱོན་འཇུག་དོན་མེད་པའི་ཕྱིར། གོང་དུ་ཡིག་ཆའི་གསུང་ཟིན་དགོངས་པ་ཡིན་མིན་བརྟག་དགོས་ཞེས་པའི་རྒྱུ་མཚན་འདི་ཡིན་ནོ། །དེ་ལ་ཁོ་ན་རེ། དོན་དམ་པ་ངོ་བོ་ཉིད་མེད་པ་དེ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་མ་ཡིན་པར་ཐལ། དེ་གཞན་དབང་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་མ་ཡིན་པ་གང་ཞིག །ཡོངས་གྲུབ་དོན་ལའང་སྐྱེ་བ་མེད་པའི་ཕྱིར། རྟགས་དང་པོ་ཁས་ཟེར་ན། མ་ཁྱབ་སྟེ། མདོ་ལས་ཆོས་ཐམས་ཅད་སྐྱེ་བ་མེད་
མཉམ་དུ་གསུངས་པ་དེ་མཚན་ཉིད་གསུམ་གའི་སྟེང་ན་གོ་རྒྱུ་ཐུན་མོང་མ་ཡིན་པ་རེ་ཡོད་པས་དེའི་དགོངས་གཞིར་བཀྲལ་བ་ཡིན་པའི་ཕྱིར། ཁྱོད་ལྟར་ན་བུམ་པ་རང་མཚན་གྱིས་སྐྱེ་བ་མེད་པར་གསུངས་པ་དེ་ཆོས་སྐུའི་ངོ་བོ་གོང་འཕེལ་དུ་འགྲོ་རྒྱུ་མེད་པ་ལ་དགོངས་པར་ཐལ། སྐྱེ་མེད་བརྒྱད་ཀ་ཁྱད་མེད་དུ་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་པའི་དགོངས་གཞིར་འཇོག་རིགས་པའི་ཕྱིར། ཁ་ཅིག་ན་རེ། འདིར་བསྟན་འཁོར་ལོ་བར་བས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མ་སྐྱེས་པར་གསུངས་པར་ཐལ། མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་འཆད་རིགས་པའི་ཕྱིར་ན། མ་ཁྱབ་སྟེ། རང་གི་མཚན་ཉིད་ཀྱིས་མ་སྐྱེས་པར་གསུངས་པའི་དགོངས་གཞི་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་གཟུགས་སོགས་མ་སྐྱེས་པར་མ་གསུངས་པའི་ཕྱིར་ཏེ། ཐལ་འགྱུར་བ་ལ་གཟུགས་སྐྱེ་བ་མེད་པར་སྟོན་མི་དགོས་པའི་ཕྱིར། མ་གྲུབ་ན། དེས་ཐལ་འགྱུར་བ་ལ་ལས་འབྲས་དང་ཐར་པ་སོགས་མེད་པར་བསྟན་པར་ཐལ། ལས་དགེ་བའི་འབྲས་བུ་བདེ་བ་སོགས་སྐྱེ་བ་མེད་པར་བསྟན་པ་གང་ཞིག །ལས་དང་ཉོན་མོངས་སོགས་འགག་པ་མེད་པར་བསྟན་པའི་ཕྱིར། ཡང་ཁོ་ན་རེ། དགོངས་འགྲེལ་ལས་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པར་ཐལ། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་དངོས་སུ་བསྟན་པའི་ཕྱིར་ན། མ་ཁྱབ། རྟགས་གྲུབ་སྟེ། གཞན་དབང་དོན་དམ་པར་སྐྱེ་བ་མེད་པར་གསུངས་པའི་དགོངས་གཞི་དངོས་སུ་བསྟན་པ་གང་ཞིག །གཞན་དབང་གི་སྐྱེ་བ་དོན་དམ་པར་མེད་པར་གསུངས་པའི་
དགོངས་གཞིའང་དངོས་སུ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། གཞན་དབང་གི་སྟེང་གི་ངོ་བོ་ཉིད་མེད་པ་ཐོག་མཐའ་གཉི་ག་དེ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། གཞན་དབང་སྐྱེ་བའི་སྟེང་གི་མཚན་ཉིད་གསུམ་ག་དེ་ཡིན་པའི་ཕྱིར། ཁ་ཅིག་འདིར་མྱ་ངན་ཞེས་པ་ཀུན་ཉོན་དུ་གསུངས་པ་སེམས་ཙམ་པའི་ལུགས་སུ་བྱས་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལ་དགག་བྱ་བདེན་གྲུབ་ཏུ་འདོད་ཅེས་ཁྱད་འབྱེད་པ་མི་རིགས་ཏེ། གཉི་གའི་ལུགས་ལ་ཀུན་ཉོན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དབུ་མ་པའི་ལུགས་ལ་མྱ་ངན་དེར་ཀུན་ཉོན་མི་ཡོང་བར་ཐལ། རང་བཞིན་གྱི་མྱང་འདས་དེ་སྟོང་ཉིད་ཡིན་པའི་ཕྱིར་ན། མ་ཁྱབ། རྟགས་གྲུབ་སྟེ། བཞི་བརྒྱ་བར། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སྟོང་ཉིད་མྱ་ངན་འདས་པར་ཏེ། །འདིར་ནི་དེ་གཉིས་འབའ་ཞིག་གོ །ཞེས་དང། དེའི་དར་ཊཱིཀ་ལས། དེས་ན་མཐོ་རིས་ཐོབ་བྱེད་ཀྱི་ཆོས་ནི་མི་འཚེ་བར་དེ་བཞིན་གཤེགས་པས་གསུངས་སོ། །ཐར་པ་ཐོབ་པར་བྱེད་པའི་ཆོས་ནི་ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་རང་བཞིན་གྱི་མྱང་འདས་དང། ཞེས་གསུངས་པའི་ཕྱིར། ཀུན་ཉོན་གྱི་ཆོས་རྣམས་སྟོང་ཉིད་ཀྱི་དགག་བྱར་མི་རིགས་པས་དེ་སྐབས་འདིའི་མྱ་ངན་ལ་བཞག་ནས་རང་བཞིན་གྱི་མྱང་འདས་སྟོང་ཉིད་དུ་བྱ་ཚུལ་ཇི་ལྟར་ཡིན་སྙམ་ན། རྩ་ཤེ་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགགས་པར་འགྱུར། །ཞེས་དང། ཟླ་བའི་འགྲེལ་པ་ཚིག་གསལ་ལས། ལས་དང་ཉོན་མོངས་པ་ལོག་པས་སྐྱེ་བ་ལོག་པ་དེའི་ཕྱིར་སྟོང་པ་ཉིད་ཁོ་ན་སྤྲོས་པ་ཐམས་ཅད་ལོག་པའི་མཚན་ཉིད་ཅན་
ཡིན་པས། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་བྱའོ། །ཞེས་པ་ལྟར་ཡིན་ཏེ། དཔེར་ན་ནམ་མཁའ་གཟུགས་ཅན་གཞན་གྱིས་བསྒྲིབས་པའི་ཚེ་དེའི་བདག་ཉིད་དུ་སོང་ན་ནམ་མཁའང་གདོས་བཅས་སུ་འགྲོ་བ་ལ། དེར་མ་སོང་བར་ཐོགས་རེག་བཅད་ཙམ་དུ་གནས་པ་དེ་ག་ནམ་མཁའ་ཡིན་པ་ལྟར། སེམས་ཀྱི་ངོ་བོ་དྲི་མས་བསྒྲིབས་ཀྱང་རང་བཞིན་ལ་མ་ཞུགས་པར་རང་བཞིན་ལས་ཉོན་གྱི་སྤྲོས་པ་དེ་དག་གིས་དབེན་ཞིང་རྣམ་པར་དག་པའི་ཆ་དེ་རང་བཞིན་གྱི་མྱང་འདས་ཡིན་ཏེ། སློབ་པའི་ཚེ་མྱ་ངན་དེ་རང་བཞིན་ལ་མ་ཞུགས་པའི་ཆ་ནས་རང་བཞིན་གྱི་མྱང་འདས་ཞེས་བྱ་ལ། མི་སློབ་པའི་ཚེ་མྱ་ངན་དེས་རང་གི་ངོ་བོ་ཙམ་ཡང་བསྒྲིབ་མི་ནུས་པས་མྱང་འདས་དངོས་ཀྱི་སྒྲ་ཐོབ་པའི་ཕྱིར། དེས་ན་རང་བཞིན་གྱི་མྱ་ངན་དང་དེའི་ཚིག་ཟུར་གྱི་མྱ་ངན་དོན་མི་གཅིག་སྟེ། རང་བཞིན་སྨོས་པའི་དགོས་པ་ཡོད་པའི་ཕྱིར་དང། དཔེར་ན་གསེར་གྱི་རང་བཞིན་ལ་ཞུགས་པའི་བཙའ་མེད་ཅེས་པས་དེའི་རང་བཞིན་ལ་ཞུགས་པའི་བཙའ་ཡོད་པ་བཀག་ཀྱང་སྤྱིར་བཙའ་ཡོད་པ་མི་འགོག་པ་ལྟར། རང་བཞིན་ལ་ཞུགས་པའི་མྱ་ངན་དེ་སྟོང་ཉིད་ཀྱི་དགག་བྱ་ཡིན་ཀྱང་དེའི་ཚིག་ཟུར་གྱི་མྱ་ངན་ཙམ་ལ་སྟོང་ཉིད་ཀྱི་དགག་བྱ་དང་མེད་པ་མི་དགོས་པའི་ཕྱིར། སེམས་ཙམ་པའང་ཐེག་བསྡུས་སོགས་ནས་འབྱུང་བ་ལྟར་སེམས་ཀྱི་རང་བཞིན་དྲི་མས་མ་བསླད་པའི་འོད་གསལ་བར་ཁས་ལེན་ཀྱང་ངོ་བོ་དྲི་མས་བསྒྲིབ་ཚུལ་རྟོག་བཏགས་ཙམ་མ་ཡིན་པར་དྲི་མ་ཁོ་རང་གི་ངོས་ནས་དེ་སྒྲིབ་བྱེད་དུ་སྐྱེས་པར་འདོད་པ་དེ་དབུ་མ་པས་གཞལ་ན་རང་བཞིན་བསླད་པའི་དོན་དུ་འགྱུར་ཏེ། དེ་ལྟར་བསྒྲིབས་པ་ཡིན་ན་འབྲལ་མི་རུང་བར་འདོད་པའི་ཕྱིར།
སེམས་ཙམ་པས་དེ་ངོ་བོ་སྒྲིབ་པ་ཙམ་དུ་འདོད་དེ། དེ་འདྲ་ཞིག་མ་བྱུང་ན་སྒྲིབ་པར་རློམ་ཙམ་ཡིན་པས་སྒྲིབ་པ་དངོས་སུ་མི་འགྱུར་ལ། དེའི་ཕྱིར་གང་ཟག་ཐམས་ཅད་སངས་རྒྱས་སུ་འགྱུར་ཞིང་ཀུན་ཉོན་གྱི་ཆོས་རྣམས་ཡེ་མེད་དུ་འགྲོ་བར་འདོད་དོ། །གནད་འདི་མ་གོ་བར་རང་བཞིན་ཞེས་པའི་ཚིག་ཙམ་ལ་རེ་བས་གྲུབ་མཐའི་གཏིང་དཔོག་ག་ལ་ནུས་ཏེ། མཐར་ཐུག་ཐེག་གཅིག་དང་ཐེག་གསུམ་འདོད་པའི་རྩ་བའང་འདིས་བྱས་སོ། །དེ་ལ་ཁ་ཅིག་ན་རེ། སེམས་ཀྱི་རང་བཞིན་དྲི་མས་བསླད་པ་དང་བྲལ་བ་དེ་སྐབས་འདིའི་མྱང་འདས་ཀྱི་དོན་ཡིན་པར་ཐལ། གོང་འོག་གི་འཆད་ཚུལ་འཐད་པའི་ཕྱིར། འདོད་ན། དེ་སྟོང་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཉིད་གཞན་དབང་གིས་སྟོང་པ་སྟོང་ཉིད་དུ་འཆད་པ་དོལ་པོ་པ་སོགས་ཀྱི་ལུགས་ཡིན་པའི་ཕྱིར་ཟེར་ན། བློའི་ཤེད་མ་ཕྱེ་བ་རྣམས་ལ་དོགས་པ་འདི་སྐྱེ་བ་ཤིན་ཏུ་བདེན་པས་བཤད་པར་བྱ་སྟེ། ཕ་རོལ་པོས་ཡོངས་གྲུབ་གཞན་དབང་གིས་སྟོང་པར་བཤད་པ་ནི་ལང་གཤེགས་ལས་སྟོང་ཚུལ་བདུན་གསུངས་པའི་ཐ་མ་ས་ཕྱོགས་བུམ་པས་སྟོང་པ་ལྟ་བུ་དོན་གཞན་གྱི་རྟེན་བརྟེན་པའི་ཚུལ་དུ་གྲུབ་པས་སྟོང་པ་ཡིན་ལ། སྟོང་གཞིའང་ཡོངས་གྲུབ་རང་ལ་བྱེད་དགོས། འདིར་བཤད་པ་ནི་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་ན་རང་བཞིན་དང་དེ་གཉིས་ཡུལ་དུས་གནས་སྐབས་གང་ལ་ལྟོས་ཏེ་དབྱེ་མི་རུང་ཡིན་དགོས་པས། སེམས་ཀྱི་རང་བཞིན་མཐོང་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངོ་བོར་ཡང་དྲི་མ་ལས་ཉོན་བག་ཆགས་དང་བཅས་པ་དེ་དག་གི་སྤྲོས་པ་ཁེགས་མི་ནུས་པས། ཡེ་ཤེས་དེའི་ངོར་ལས་ཉོན་གྱི་དྲི་མ་ཡོད་པ་རང་བཞིན་གྱི་མྱ་ངན་དང་ཆོས་ཉིད་ཀྱི་དགག་བྱར་བཤད་པ་ཡིན་པ་གང་ཞིག །རིག་
ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཡོད་པ་རིག་ངོའི་དགག་བྱར་དོལ་པོ་པ་མ་ཡིན་པ་དག་གིས་ཀྱང་འདོད་དགོས་པའི་ཕྱིར། དེས་ན་འདིའི་སྟོང་གཞིར་སེམས་དེ་ཉིད་ཡོང་སྟེ། སེམས་སྟེང་དུ་ཆོས་བདག་བཙལ་མཐར་སྒྲུབ་ཕྱོགས་ནས་རྙེད་རྒྱུ་ཞིག་བྱུང་ན་སེམས་སྟེང་གི་ཆོས་བདག་ཡིན་དགོས་པའི་ཕྱིར། དེ་ལྟ་མ་ཡིན་ན་གནས་ལུགས་ཀྱི་ངོ་བོ་བསྒྲིབས་པའི་དྲི་མ་ལམ་གྱི་སྟོབས་ཀྱིས་ཟད་ཆའི་འགོག་བདེན་དེ་སྟོང་ཉིད་མ་ཡིན་པར་ཐལ། གནས་ལུགས་ཁོ་རང་གི་བདག་ཉིད་སློད་བྱེད་ཀྱི་དྲི་མ་གདོད་ནས་ཟད་པ་དེ་ཆོས་ཉིད་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་གཉིས་ལས་ཕྱི་མ་ཆོས་ཉིད་དུ་འཇོག་པ་ལ་དོགས་པའང་ཆེར་མེད་ལ། སྔ་མ་ནི་ལམ་གྱི་སྟོབས་ཀྱིས་ཡིན་ཞིང། ཆོས་ཉིད་ནི་བཅོས་མ་མ་ཡིན་པ་ཞིག་དགོས་སྙམ་ནས་རང་རྒྱུད་པ་སོགས་འགོག་བདེན་ཆོས་ཉིད་མ་ཡིན་པར་བཞེད་པ་དང། སེམས་ཙམ་པས་དྲི་མ་ཟད་པ་ལམ་གྱི་སྟོབས་ཀྱིས་ཡིན་ཀྱང་གང་གི་ངོ་བོར་ཟད་པའི་ཆོས་དབྱིངས་ནི་ནམ་ཡང་འགྱུར་ལྡོག་མེད་པས་སེམས་ཀྱི་རང་བཞིན་གདོད་ནས་གནས་པ་དེ་ཡིན་པའི་སྐྱོན་མེད་པར་སྨྲ་སྟེ། འདིར་ཡང་རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་རྣམ་པར་གནས་པའི་རྒྱུ་མཚན་གྱིས་སྐྱེ་འགག་མེད་ཅིང་ཀུན་ཉོན་དང་བྲལ་བས་རང་བཞིན་གྱི་མྱང་འདས་སུ་གསུངས་པའང། རྒྱུད་བླ་མར་རྣམ་གཞག་རྣམ་པ་བཅུའི་ནང་ནས་གནས་སྐབས་ཀྱི་དོན་ངོ་བོ་སྒྲིབ་བྱེད་ཡོད་མེད་ཀྱི་མིང་འདོགས་སོ་སོ་བར་བྱས་ཀྱང་རང་བཞིན་ནམ་ཡང་དྲི་མས་བསླད་པ་མེད་པས་སྔ་ཕྱིའི་དུས་ཀུན་ཏུ་མི་འགྱུར་བར་གནས་པ་འགྱུར་བ་མེད་པའི་དོན་དུ་བཤད་ལ། ཐེག་བསྡུས་ལས། གཞན་དུ་མི་
འགྱུར་བའི་ཕྱིར་ཡོངས་གྲུབ་བོ། །ཞེས་ཡོངས་གྲུབ་ཀྱི་སྒྲ་དོན་ཡང་དེ་ལྟར་གསུངས་པ་དང། རྒྱན་ལས་ཕྱི་མ་ཕྱི་མའི་རྟེན་ཡིན་པས་ཞེས་པ་ལྟར་དཀྱུས་གཅིག་ཏུ་སོང་བ་དགོས་ཀྱི། སྐྱེ་འགག་མེད་པ་ཙམ་གྱི་རྒྱུ་མཚན་དུ་སྔ་ཕྱིའི་དུས་ཀུན་ཏུ་རྣམ་པར་གནས་པའི་ཕྱིར་ཞེས་བཀོད་པས་མདོའི་དོན་མི་རྫོགས་སོ། །གཞན་ཡང་སེམས་ཀྱི་རང་བཞིན་ལ་དྲི་མའི་སླད་པ་མ་ཞུགས་པ་ཆོས་ཉིད་ཡིན་པར་ཐལ། སེམས་ཀྱི་རང་བཞིན་འོད་གསལ་བ་ཆོས་ཉིད་ཡིན་པའི་ཕྱིར། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་རང་བཞིན་འདི་གསལ་བ་དེ་ཆོས་ཉིད་ལ་བྱས་ནས་ནམ་མཁའ་དང་དཔེ་སྦྱར། དྲི་མ་གློ་བུར་བ་སྤྲིན་དང་དཔེ་སྦྱར་ནས་དེ་ནམ་མཁའི་ངོ་བོར་ཟད་པ་ལྟར་དྲི་མ་ཆོས་དབྱིངས་སུ་ཟད་པར་འདོད་པའི་ཕྱིར། ཕར་ཕྱིན་མཐའ་དཔྱོད་དུ་རང་བཞིན་དྲི་མས་མ་བསླད་པའི་ཤེས་བྱེད་ལ་ཐེག་བསྡུས་ཀྱི། ཆུ་ཁམས་གསེར་དང་ནམ་མཁའ་ཞེས་སོགས་དྲངས་པ་ལེའུ་དང་པོའི་ཆོས་ཉིད་རྒྱས་བཤད་ཀྱི་སྐབས་ཡིན་པ་གང་ཞིག །ལེའུ་བཞི་པར་ཡང། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན། །གཉིས་ནི་གློ་བུར་བྱུང་བ་སྟེ། །ཞེས་གསུངས་པའི་ཕྱིར། འདིའི་གཉིས་ཞེས་པ་དག་མ་དག་གཉིས་ཡིན་ལ། ཞིབ་ཆ་འགྲེལ་བཤད་དུ་གསལ། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པའི་ཆོས་ཉིད་དུ་འཆད་ཚུལ་གཞན་ཡང་ཡོད་དེ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སེམས་ལ་བདག་འཛིན་གྱི་མུན་པ་བབ་པ་དེས་རང་བཞིན་ལ་མ་ཞུགས་པའི་དོན་ཏེ། ཞུགས་ན་བདག་འཛིན་གྱི་འཛིན་སྟངས་སེམས་ཀྱི་གནས་ལུགས་ལ་ཇི་ལྟར་
ཡོད་པ་དེ་དང་མཐུན་པར་འགྱུར་ལ། དེ་ལྟ་ན་བདག་མེད་མེད་ཅིང་བདག་ཡོད་པར་འགྱུར་རོ། །ཞེས་བདག་འཛིན་དེའི་ཞེན་ཚུལ་དོན་གྱི་སྡོད་ལུགས་སུ་སོང་མ་སོང་ལ་གསུངས་པས། དེས་བཟུང་བ་ལྟར་མ་གྲུབ་པ་དྲི་མ་རང་བཞིན་ལ་མ་ཞུགས་པའི་དོན་དུ་གསལ་བར་བསྟན་པའི་ཕྱིར། དེ་ལྟར་མ་གོ་བར་ཆོས་ཉིད་དྲི་མས་བསླད་མ་བསླད་ཀྱི་དོགས་པ་འབྲེལ་མེད་སྙམ་ནས་རང་བཞིན་དེ་ལྡན་མིན་ཞིག་ཏུ་སྨྲ་བ་སོགས་མཐོང་རྒྱ་ཆུང་བས་བློ་གུ་དོག་པར་ཟད་དོ། །མདོ་ཡི་དགོངས་པ་འགྲེལ་པའི་ཚུལ། །མདོ་རྒྱས་གཉིས་སུ་གསུངས་པ་རྣམས། །མདོ་དང་བསྟན་བཅོས་གུང་བསྒྲིགས་ཏེ། །མདོ་ཙམ་གཏམ་དུ་བསྙད་པ་ཡིན། །ཆོས་དཀར་འོད་ཀྱིས་འཁྱུད་པ་པདྨའི་སྤྱན། །དབང་འབྱོར་རྒྱ་མཚོས་མི་ངོམས་རྒོད་མ་ཁ། །བཀོལ་བའི་བསྟན་འཛིན་མཁས་པ་ཀུནྡའི་ཚལ། །ཀུན་ལ་བདུད་རྩིའི་མཆོད་ཡོན་སྦྲེངས་སམ་སྙམ། །༈ གསུམ་པ་ངོ་བོ་ཉིད་གསུམ་གྱི་ངོ་བོ་ངོས་བཟུང་བ་ལ། ཀུན་བཏགས་ཀྱི་ངོ་བོ་ཉིད། གཞན་དབང་གི་ངོ་བོ་ཉིད། ཡོངས་གྲུབ་ཀྱི་ངོ་བོ་ཉིད་གསུམ་དུ་ཡོད་པས། དེ་གསུམ་རེ་རེ་བཞིན་དྲི་བས་མཚམས་སྦྱར། བཤད་བྱའི་མདོ་བཀོད། མདོའི་དོན་བཤད་པ་གསུམ་གསུམ་གྱིས་གཏན་ལ་འབེབས་པར། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་ཀུན་བཏགས་ཉིད་གང་ཡིན་སྙམ་ན། ཞེས་པ་ནས། ཀུན་བཏགས་ཁོ་ནས་ངོ་བོ་ཉིད་མེད་པ་ལ་ཡོངས་གྲུབ་ཏུ་བྱེད་ཅེས་པའི་དོན་ནོ། །ཞེས་པའི་བར་དང། ངོ་བོ་ཉིད་ཕྱི་མའི་དོན་ལས་འཕྲོས་ཏེ་ཇོ་ནང་པ་ལ་འགལ་བ་སྟོན་ཚུལ། འདུས་བྱས་འདུས་མ་བྱས་ཀུན་རྫོབ་དོན་དམ་
ཐམས་ཅད་ཀྱི་སྟེང་ནས་མཚན་ཉིད་གསུམ་འཇོག་ལུགས་འདྲ་ཚུལ་དང་བཅས་པ་སྟོན་པར། དེ་ཉིད་གོང་མས། ཞེས་པ་ནས། དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་གསོལ་བའོ། །ཞེས་པའི་བར་བྱུང། བཤད་བྱའི་མདོ་གསུམ་ནི་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་པ་དང། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ། འགག་གོ་ཞེའམ། གཟུགས་ཀྱི་ཕུང་པོ་སྤང་བ་དང་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མཛད་ལགས་སོ། །ཞེས་དང། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་དོན་དམ་པའི་ངོ་བོ་ཉིད་མ་མཆིས་པ་དེ་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ། །ཞེས་དང། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་
མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ལས་གཅིག་འདོགས་པར་མཛད་ལགས་སོ། །ཞེས་དང་པོར་གཟུགས་ཕུང་གི་སྟེང་ནས་ཚན་གསུམ་གསུངས་ལ། དེ་ནས། གཟུགས་ཀྱི་ཕུང་པོ་ལ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །ཕུང་པོ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་པོ་དག་གི་སྐྱེ་མཆེད་རེ་རེ་ལའང་དེ་བཞིན་ལགས་སོ། །སྲིད་པའི་ཡན་ལག་བཅུ་གཉིས་པོ་དག་གི་སྲིད་པའི་ཡན་ལག་རེ་རེ་ལའང་དེ་བཞིན་ལགས་སོ། །ཟས་བཞི་པོ་དག་གི་ཟས་རེ་རེ་ལའང་དེ་བཞིན་ལགས་སོ། །ཁམས་དྲུག་དང་ཁམས་བཅོ་བརྒྱད་པོ་དག་གི་ཁམས་རེ་རེ་ལའང་དེ་བཞིན་ལགས་སོ། །ཞེས་དང། སྡུག་བདེན་ལ་གཟུགས་ཕུང་གི་སྐབས་བཞིན་རྒྱས་པར་གསུངས་པའི་མཇུག་ཏུ། སྡུག་བསྔལ་འཕགས་པའི་བདེན་པ་ལ་ཇི་ལྟ་བ་བཞིན་དུ་བདེན་པ་ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །བདེན་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་དྲན་པ་ཉེ་བར་བཞག་པ་རྣམས་དང། ཡང་དག་པའི་སྤོང་བ་རྣམས་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་རྣམས་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་དང། ལམ་གྱི་ཡན་ལག་རྣམས་ཀྱི་ཡན་ལག་རེ་རེ་ལའང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །ཞེས་གསུངས་ནས་མཐར་ཡང་དག་པའི་ཏིང་ངེ་འཛིན་ལ་སྦྱར་ཏེ་ཡང་གོང་བཞིན་རྒྱས་པར་གསུངས་སོ། །འདི་ལ་སྤྱི་དོན་དང་མཐའ་དཔྱད་པ་
གཉིས། དང་པོ་ནི། ངོ་བོ་ཉིད་མེད་པ་གསུམ་པོ་དེའང་ངོ་བོ་ཉིད་དམ་མཚན་ཉིད་གསུམ་ལས་ལོགས་སུ་མེད་ཀྱང། བར་བའི་དགོངས་གཞིར་སྟོན་པ་ན་སྒྲུབ་ཕྱོགས་ནས་མཚན་ཉིད་གསུམ་གྱི་སྒྲས་མ་བསྟན་པར་དགག་ཕྱོགས་ནས་ངོ་བོ་ཉིད་མེད་པའི་མིང་གིས་བཏགས་ཏེ་བསྟན་པ་ནི། བར་བས་ངོ་བོ་ཉིད་མེད་པར་གསུངས་པ་དེ་རང་བཞིན་གྱིས་གྲུབ་པའི་ངོ་བོ་ཡེ་ནས་མེད་པ་མིན་གྱི། མེད་ཚུལ་འདི་དང་འདི་འདྲ་བ་རེ་ལ་དགོངས་པ་ཡིན་ནོ་ཞེས་གདུལ་བྱས་གོ་བདེ་བའི་ཕྱིར་དེ་ལྟར་བཏགས་པ་ཡིན་ནོ། །དེས་ན་བཏགས་ཆོས་ངོ་བོ་ཉིད་མེད་པ་གསུམ་ངེས་པ་ལ་གདགས་གཞི་ངོ་བོ་ཉིད་གསུམ་ངེས་དགོས་པས་འདིར་དེ་ངོས་འཛིན་ཚུལ་གསུངས་སོ། །དེའང་སྒྲ་རྟོག་གིས་སྒྲ་བཏགས་པ་ཙམ་གྱི་ཆ་ནི་ཀུན་བཏགས་ཀྱི་ངོ་བོ་ཡིན་ལ། རི་བོང་རྭ་ལྟ་བུ་མེད་རྒྱུའི་ཀུན་བཏགས་སམ་མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་དང། སྤྱི་མཚན་དང་ནམ་མཁའ་ལྟ་བུ་རྣམ་གྲངས་པའི་ཀུན་བཏགས་གཉིས་སུ་ཡོད་ཀྱང། འདིའི་དངོས་བསྟན་ནི་གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའམ་གྲུབ་པར་སྒྲོ་བཏགས་པ་ལྟ་བུ་ངོ་བོ་ལ་ཀུན་བཏགས་པ་དང། གཟུགས་ཀྱི་སྐྱེ་བ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དང་གྲུབ་པར་སྒྲོ་བཏགས་པ་ལྟ་བུ་ཁྱད་པར་ལ་ཀུན་བཏགས་པ་གཉིས་སུ་མཛད་པས། ཤུགས་བསྟན་གང་ཟག་གི་བདག་ལ་སྦྱར་ཏེ་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པ་གཉིས་ཀྱང་ཡོད་དོ། །སྒྲ་དོན་ཡང་སྤྱིའི་དབང་དུ་བྱས་ན་རང་གི་ངོ་བོ་སྒྲ་རྟོག་གིས་ཀུན་ཏུ་བཏགས་པ་ཙམ་ཡིན་པ་ལ་བྱེད་ཅིང། འདིར་བསྟན་གྱི་དབང་དུ་བྱས་ན་རབ་རིབ་ཅན་གྱི་མིག་ལ་སྐྱོན་ཆགས་
པའི་དབང་གིས་ཟས་ལ་སྐྲ་ཤད་མཐོང་བ་བཞིན་གཞི་གཞན་དབང་གི་སྟེང་དུ་ལོག་པར་སྒྲོ་བཏགས་པའི་ཆ་ཙམ་ལ་བྱེད་དེ། དང་པོ་ནི་ཐེག་བསྡུས་ལས། ཀུན་ཏུ་རྟོག་པས་ཇི་ལྟར་ཀུན་ཏུ་རྟོག་ཅིང་དམིགས་པ་གང་དང་མཚན་མར་འཛིན་པ་དང། མངོན་པར་ཞེན་པ་གང་དང། ངག་ཀུན་ནས་སློང་བ་གང་དང། ཐ་སྙད་གང་དང། སྒྲོ་འདོགས་པ་གང་གིས་ཀུན་ཏུ་རྟོག །ཅེས་སོ། །གཉིས་པའང་དེ་ཉིད་ལས། རྣམ་པ་གང་གིས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་ཏུ་བརྟགས་པ་དེ་ནི་དེ་ལ་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་དོ། །ཞེས་དང། ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས། རབ་རིབ་ཅན་གྱི་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དེ་ལྟ་བུར་ནི་ཀུན་བཏགས་པའི་མཚན་ཉིད་བལྟ་བར་བྱའོ། །ཞེས་གསུངས་ཤིང། ཁྱད་པར་དུ་འདིར་ཁྱད་ཆོས་གསུམ་ལྡན་གྱི་གཞན་དབང་གཞིར་བཟུང་ནས་དེར་སྒྲོ་འདོགས་ཚུལ་དང་བཅས་གསལ་བར་གསུངས་པ་ཡིན་ནོ། །རྒྱུ་རྐྱེན་ལ་ལྟོས་ནས་བྱུང་བ་གཞན་དབང་གི་ངོ་བོ། དེ་ལ་འཁོར་བའི་གནས་ལུས་རྒྱུ་བཅས་ལྟ་བུ་མ་དག་པའི་གཞན་དབང། འཕགས་པའི་མཉམ་རྗེས་ཀྱི་ཡེ་ཤེས་སངས་རྒྱས་ཀྱི་གཟུགས་སྐུ་ལྟ་བུ་དག་པའི་གཞན་དབང་གཉིས་ཡོད། སྒྲ་དོན་ནི་གོང་དུ་དྲངས་པའི་མདོར། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས། ཞེས་པ་ལྟར་རྒྱུ་གཞན་ལ་ལྟོས་དགོས་པས་ན་གཞན་དབང་ཞེས་བཤད་པ་ཡིན་ལ། ཡང་ཐེག་བསྡུས་སུ། སྐད་ཅིག་ལས་ལྷག་པར་བདག་ཉིད་གནས་པར་མི་ནུས་པས་ན་གཞན་གྱི་དབང་ཞེས་བྱའོ། །ཞེས་སྐད་ཅིག་གཉིས་པར་སྡོད་པའི་དབང་མེད་པར་འཇིག་དགོས་པའི་ཆ་ནས་
ཀྱང་གཞན་དབང་དུ་གསུངས་སོ། །སྒྲིབ་གཉིས་ཅི་རིགས་ཀྱི་གཉེན་པོའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་གང་ཞིག །རང་གི་དགག་བྱ་བཅད་ཙམ་གྱི་དེ་བཞིན་ཉིད་ནི་ཡོངས་གྲུབ་ཀྱི་ངོ་བོ། དེ་ལ་གང་ཟག་གི་བདག་བཀག་ཙམ་གྱི་ཡོངས་གྲུབ་དང། ཆོས་བདག་བཀག་ཙམ་གྱི་ཡོངས་གྲུབ་གཉིས། དེ་རེ་རེ་ལའང་ནང་སྟོང་ཉིད་སོགས་ཉི་ཤུ་ཡོད། སྒྲས་བརྗོད་ཀྱིས་ཕྱེ་ན། བསྒོམ་བྱའི་དོན་སྟོང་པ་ཉིད་ནི་དོན་དོན་དམ་དང། དེ་སྒོམ་བྱེད་ཀྱི་ལམ་ནི་སྒྲུབ་པ་དོན་དམ་དང། དེ་ལ་བརྟེན་ནས་དེ་བཞིན་ཉིད་མངོན་དུ་བྱས་པའི་ཐོབ་པ་དོན་དམ་སྟེ་གཞི་ལམ་འབྲས་བུ་ལ་སྦྱར་ བ་གསུམ། ཡུལ་དང་ཡུལ་ཅན་ལ་སྦྱར་ཏེ་འཕགས་པའི་མི་རྟོག ་ཡེ་ཤེས་ལྟ་བུ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང། ཆོས་རྣམས་ཀྱི་གནས་ལུགས་འགྱུར་བ་མེད་པའི་ཡོངས་གྲུབ་གཉིས་སུའང་མཛད་དོ། །སྒྲ་དོན་ཡང་དཔེར་ན། རབ་རིབ་དང་བྲལ་བའི་མིག་གིས་ནམ་བལྟས་ཀྱང་དོན་དངོས་གནས་པ་དེ་ཉིད་ཇི་ལྟ་བར་སྣང་བ་བཞིན། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཇི་ལྟར་གཟིགས་པ་བཞིན་དག་མ་དག་སྔོན་དང་ཕྱི་མའི་དུས་གང་གི་ཚེའང་འགྱུར་ལྡོག་མེད་པར་ཡུལ་གྱི་གནས་ལུགས་མཐར་ཐུག་ཏུ་གདོད་ནས་གྲུབ་པས་ཡོངས་གྲུབ་ཅེས་བྱ་སྟེ། ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས། མིག་ཡོངས་སུ་དག་ཅིང་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དང་བྲལ་བར་གྱུར་པ་མིག་དེ་ཉིད་ཀྱི་རང་བཞིན་གྱི་སྤྱོད་ཡུལ་མ་ནོར་བའི་སྤྱོད་ཡུལ་དེ་ལྟ་བུར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར། ཡོངས་གྲུབ་ཀྱི་རྣམ་གྲངས་སོ་སོའི་སྒྲ་དོན་རྒྱས་པར་ཕྱེ་སྟེ། དབུས་མཐའ་ལས། དེ་བཞིན་ཉིད་
དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང། །ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། །ཞེས་དང། གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགོག་འཕགས་པའི་སྤྱོད་ཡུལ་དང། །འཕགས་པའི་ཆོས་ཀྱི་རྒྱུ་ཡིན་ཕྱིར། །རྣམ་གྲངས་དོན་ཏེ་གོ་རིམ་བཞིན། །ཞེས་རིམ་པ་ལྟར། གནས་ཚུལ་དེ་ལས་གཞན་མིན་པས་དེ་བཞིན་ཉིད། ཕྱིན་ཅི་མ་ལོག་པས་ཡང་དག་པའི་མཐའ། དགག་བྱའི་མཚན་མ་འགོག་པས་མཚན་མེད། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་ཡིན་པས་དོན་དམ་པ། གང་ལ་དམིགས་ཏེ་བསྒོམས་ན་འཕགས་པའི་ཆོས་ཀྱི་རྒྱུར་འགྲོ་བས་ཆོས་ཀྱི་དབྱིངས་ཏེ། དབྱིངས་ཀྱི་སྐད་དོད་དྷ་ཏུ་ཞེས་པ་སྐབས་འདིར་རྒྱུ་ལ་བྱེད་པར་འགྲེལ་པ་ལས་གསུངས་སོ། །སྟོང་ཉིད་ཀྱི་སྒྲ་དོན་འདིར་མི་གསལ་ཡང། ཀུན་བཏུས་ལས། ཅིའི་ཕྱིར་སྟོང་པ་ཉིད་ཅེས་བྱ་ཞེ་ན། ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར་རོ། །ཞེས་གསུངས་སོ། །ཡོངས་གྲུབ་ཀྱི་མཚན་ཉིད་ལ་སྟོང་ཐུན་ལས་བདག་འཛིན་གཉིས་ཀྱིས་ཀུན་བཏགས་པ་ལྟར་གྱིས་སྟོང་པའི་དེ་བཞིན་ཉིད། ཅེས་གསུངས་ལ། དཀའ་འགྲེལ་ལས། དེ་ལྟར་སྟོང་ཐུན་དུ་གསུངས་ཀྱང་ཆོས་ཀྱི་བདག་མེད་མ་གཏོགས་གང་ཟག་གི་བདག་མེད་ཡོངས་གྲུབ་མཚན་ཉིད་པ་མ་ཡིན། ཞེས་གསུངས་ནའང། ཡིག་ཆར་སྒྲས་ཟིན་དེ་ཉིད་རྩོམ་པ་པོའི་བཞེད་པ་དངོས་མིན་པར་གསུངས་ཤིང། གྲུབ་མཐའ་རྩ་བར། བདག་གཉིས་བརྟག་པས་སྟོང་པ་ཡོངས་གྲུབ་སྟེ། །ཞེས་པ་རྩ་འགྲེལ་གྱིས་ཀྱང་སྟོང་ཐུན་བཞིན་གསུངས་པས། རང་ལུགས་བདག་མེད་གཉིས་ཀ་ཡོངས་གྲུབ་ཏུ་བྱེད་དགོས་ཏེ། གོང་
དུ་དབུས་མཐའ་རྩ་འགྲེལ་སོགས་ཀྱི་ཤེས་བྱེད་རྒྱས་པར་བཀོད་པ་བཞིན་ཡིན་ལ། དེར་མ་ཟད་མདོ་འདིར་ལན་གྱི་སྐབས་ནས་གསུངས་པའི་ངོ་བོ་ཉིད་མེད་པ་གསུམ་ལ་འཁོར་ལོ་དང་པོའི་དགོངས་གཞི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་གསུམ་དང། བར་བའི་དགོངས་གཞི་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་གསུམ་སྟེ་ཚན་གཉིས་འབྱེད་དགོས། དེ་ལྟ་ན་སྐབས་འདིར་གསུངས་པའི་ངོ་བོ་ཉིད་གསུམ་ཡང་དེའི་མཚན་གཞིར་གསུངས་པ་ཡིན་པས། བདག་མེད་གཉི་གའི་དབང་དུ་བྱས་པའི་མཚན་ཉིད་གསུམ་གསུམ་འབྱེད་དགོས་པར་འགྲུབ་ཅིང། དེ་འདོད་ན། གཞན་དབང་གང་གིས་སྟོང་པར་བསྒྲུབ་རྒྱུའི་ཀུན་བཏགས་ལ་གང་ཟག་གི་བདག་དང་ཆོས་བདག་གཉིས་ཡོད་ཅིང། བདག་དེ་གཉིས་རྣམ་པར་བཅད་ཙམ་གྱིས་སྟོང་པ་གཉི་ག་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དང་ཡོངས་གྲུབ་ཏུ་འཇོག་དགོས་པ་མདོ་ཚན་གསུམ་གའི་འབྲེལ་གྱིས་ཤེས་པའི་ཕྱིར། དེར་མ་ཟད་ཐེག་དམན་རྣམས་ཀྱི་ཉོན་སྒྲིབ་རྣམ་པར་དག་བྱེད་ཀྱི་དམིགས་པ་གང་ཟག་གི་བདག་མེད་ཕྲ་མོ་དང་པོའི་དགོངས་གཞི་དང། ཐེག་ཆེན་པ་རྣམས་ཤེས་སྒྲིབ་རྣམ་པར་དག་བྱེད་ཀྱི་དམིགས་པ་ཆོས་ཀྱི་བདག་མེད་བར་བའི་དགོངས་གཞིར་བྱས་ཏེ་གཉི་ག་མདོ་འདིར་དངོས་ཤུགས་ཀྱི་ཚུལ་དུ་བསྟན་པས། འདིར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་གསུངས་པ་དང། ཡང་ཐེག་པ་ཆེ་ཆུང་གཉི་གའི་བསྒོམ་བྱའི་ཡོངས་གྲུབ་མི་འདྲའང་གཉི་ག་འདི་ནས་བཤད་པའི་གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་ཏུ་རིགས་འདྲ་བའི་
དབང་གིས་མདོ་ཉིད་ལས། ཀུན་གྱི་རྣམ་དག་ལམ་ནི་གཅིག་པུ་འདི་ཡིན་ཏེ། །རྣམ་པར་དག་པའང་གཅིག་སྟེ་གཉིས་པ་གང་ཡང་མེད། །དེ་ཕྱིར་ཐེག་པ་གཅིག་པ་འདི་ནི་འདོགས་བྱེད་ཀྱང། །སེམས་ཅན་རིགས་ནི་རྣམ་པ་སྣ་ཚོགས་མེད་པ་མིན། །ཞེས་ཐེག་པ་གསུམ་གའི་རྣམ་དག་གི་ལམ་དང་རྣམ་དག་གཅིག་པར་གསུངས་པ་ཡིན་པའི་ཕྱིར་དང། ལང་གཤེགས་ལས་ཀྱང། ཤེས་བྱའི་སྒྲིབ་པ་ནི་ཆོས་ལ་བདག་མེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ནི་གང་ཟག་ལ་བདག་མེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཞེས་གསུངས་པས་ཀྱང་ཐེག་པ་ཆེ་ཆུང་གཉི་གའི་བར་ཆད་མེད་ལམ་ཡང་རྣམ་དག་ལམ་མཚན་ཉིད་པར་འགྲུབ་པའི་ཕྱིར་བདག་མེད་གཉིས་ཀྱང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྲུབ་བོ། །དེས་ན་རྗེ་བཙུན་གྱིས། རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཞེས་གསུངས་པའང་བདག་མེད་གཉིས་ཀྱི་དབང་དུ་བྱས་པའི་ཐར་ལམ་འཛིན་སྟངས་མི་འདྲ་བ་གཉིས་མདོ་དེ་དག་ཏུ་གསུངས་པ་དེའི་དགོངས་པ་འགྲེལ་པའི་ཕྱིར་ཡིན་ཏེ། ཐེག་དམན་ལ་རྣམ་དག་ལམ་མཚན་ཉིད་པ་མེད་ན་རྣམ་དག་ཐར་པ་མཚན་ཉིད་པའང་མེད་པར་འགྱུར་བའི་ཕྱིར་རོ། །དེའང་འདི་ཉིད་ལས། ཚིག་དང་པོ་གསུམ་གྱིས་ཀུན་བཏགས་འདོགས་པའི་གཞི་བསྟན་ལ། ཞེས་པ་ལྟར། རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་དང། ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་ཞེས་དང། འདུ་བྱེད་ཀྱི་མཚན་མ་ཞེས་པ་གསུམ་གྱིས་གཞན་དབང་དེ་ཉིད་ཀུན་བཏགས་འདོགས་པའི་གཞིར་གྱུར་
ཚུལ་ཁྱད་པར་གསུམ་གྱི་སྒོ་ནས་གསུངས་སོ། །དེ་ལ་སྤྱོད་ཡུལ་ནི་མཛོད་གནས་བདུན་པར། རྣམ་པ་རྣམ་པ་སྤྱོད་ཡུལ་དང། །ཞེས་པ་ལྟ་བུ་དམིགས་ཡུལ་གྱི་མིང་ལ་སྤྱོད་ཡུལ་དུ་བཏགས་པ་སྐབས་དུ་མར་འབྱུང་ཞིང། འདིར་ཡང་རྒྱ་ནག་འགྲེལ་ཆེན་ལས། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ནི་རྣམ་པར་རྟོག་པ་དེའི་དམིགས་པའི་རྐྱེན་ཡིན་པའི་ཕྱིར་དེའི་སྤྱོད་ཡུལ་ཞེས་བྱའོ། །ཞེས་གསུངས་ཏེ། འདིའི་དམིགས་རྐྱེན་ཞེས་པ་སྣང་བའི་དམིགས་རྐྱེན་ནམ། དམིགས་རྐྱེན་བཏགས་པ་པ་ལ་འཆད་དགོས་སོ། །ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་ཞེས་པ་ཀུན་བཏགས་འདོགས་གཞི་ཡིན་པས་གོ་སླ་ལ། འདུ་བྱེད་ཀྱི་མཚན་མ་ནི་རྒྱ་ནག་འགྲེལ་ཆེན་ལས། འདུ་བྱེད་ནི་ལྟ་བའི་རྣམ་པ་སྟེ་འདུ་བྱེད་ལ་བྱེ་བྲག་ཏུ་དམིགས་པའི་ཤེས་པའོ། །མཚན་མ་ནི་རྒྱུ་མཚན་གྱི་རྣམ་པ་སྟེ་དམིགས་པར་བྱ་བའི་མཚན་མའོ། །ཞེས་དང། འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ནི་འདུས་བྱས་ཀྱི་རྣམ་པ་སྟེ། ཐམས་ཅད་ཀྱང་གཞན་གྱི་དབང་གི་རྣམ་པའི་མཚན་ཉིད་དོ་ཞེའོ། །ཞེས་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་སྒོ་ནས་ངེས་དགོས་པ་ལ་འཆད་ཚུལ་གཅིག་དང། མཚན་མ་ཞེས་པ་མཚན་ཉིད་ལ་བྱས་ནས་འདུས་བྱས་ཀྱི་མཚན་ཉིད་དམ་འདུས་བྱས་ཀྱི་ངོ་བོར་གྲུབ་པ་ཙམ་ལ་བྱ་ཚུལ་གཅིག་སྟེ་གཉིས་བཀོད་ནས་ཕྱི་མ་བཟང་བར་བཤད་ཀྱང་སྔ་མ་གནད་ཆེ་སྟེ། འདུས་བྱས་ཀྱི་ཆོས་རྣམས་བློ་ཡུལ་དུ་བྱེད་པའི་ཚེ་རང་རང་གི་ཐུན་མོང་མ་ཡིན་པའི་མཚན་མ་སྟེ་མི་འདྲ་བའི་ཁྱད་པར་གྱི་རྒྱུ་མཚན་རེ་རེ་ཤར་བའི་སྒོ་ནས་ངེས་དགོས་ལ། འདུས་མ་བྱས་རྣམས་སྤྱིའི་རྣམ་པ་ཡིད་ལ་བྱ་དགོས་པ་ནི་མྱོང་བས་
གྲུབ་པས། ལུགས་འདིར་ཡང་དེ་རང་སྤྱིའི་དོན་དུ་མི་འདོད་ཀྱང་སྣང་ཚུལ་དེ་ལྟར་འདོད་དགོས་པའི་ཕྱིར། འདྲ་དང་མི་འདྲ་ཉིད་ཕྱིར་དང། །ཞེས་པའི་ཐད་ཀྱི་རྣམ་འགྲེལ་ཊཱིཀ་ཆེན་ལས། འདྲ་བ་སྟེ་རང་སྣང་ཡུལ་དུ་བྱེད་པའི་ཤེས་པ་ལ་ཐུན་མོང་བར་སྣང་བ་དང། མི་འདྲ་བ་སྟེ་རང་སྣང་ཡུལ་དུ་བྱེད་པའི་ཤེས་པ་ལ་ཐུན་མོང་མ་ཡིན་པར་སྣང་བ་གཉིས་སུ་ངེས་པའི་ཕྱིར། ཞེས་སོགས་དང། རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་མེད་ཕྱིར་རོ། །ཞེས་སོགས་རྩ་འགྲེལ་རྣམས་ཀྱིས་ཀྱང་འགྲུབ་པའི་ཕྱིར་རོ། །དགོངས་པ་རབ་གསལ་ལས། གཞན་དབང་ལ་ཁྱད་པར་གསུམ་ཡོད་དེ། ཕྱི་རོལ་མེད་པར་འབྱུང་བ་དང་རང་བཞིན་གྱིས་ཡོད་པ་དང། དོན་དམ་པར་སྤྲོས་པ་ཡིན་ནོ་ཅོག་གི་ཡུལ་མ་ཡིན་པའོ། །ཞེས་པ་ལྟར། སེམས་ཙམ་པས་གཞན་དབང་གི་ངོ་བོ་འདོད་ཚུལ་བརྗོད་པའི་སྐབས་སུ་འཇུག་པ་ལས། ཕྱི་རོལ་གཟུང་བ་མེད་པར་འབྱུང་འགྱུར་ལ། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་ཁྱད་པར་གསུམ་སྦྱར་བ་དང་ཅུང་ཟད་མི་འདྲ་བའང་གནད་མཚུངས་ཏེ། ཕྱི་རོལ་མེད་ཀྱང་རྨི་ལམ་གྱི་གླང་པོ་ལྟར་རྣམ་རྟོག་གི་སྣང་ཆ་ཙམ་དུ་ཡོད་པ་ནི་ཕྱི་རོལ་མེད་པར་འབྱུང་ཚུལ་དང་རྣམ་པར་རྟོག་པའི་སྤྱོད་ཡུལ་གྱི་དོན་གཉིས་ཀར་འབྲེལ་ལོ། །རང་ངོས་ནས་ཐུན་མོང་མ་ཡིན་པའི་རྣམ་པ་གཏོད་པའི་མཐུ་དང་ལྡན་པ་ནི་རང་བཞིན་གྱིས་གྲུབ་ལུགས་དང་འདུ་བྱེད་ཀྱི་མཚན་མར་འཇོག་ཚུལ་གཉི་ག་ཡིན་ཏེ། འདི་ཉིད་ལས། དང་པོས་གང་གི་ཡུལ་ཡིན་པ་དང། གཉིས་པས་ཀུན་བཏགས་ཀྱི་གདགས་གཞི་དང། གསུམ་
པས་རང་གི་ངོ་བོ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། དོན་དམ་པར་སྒྲ་རྟོག་གི་ཡུལ་མ་ཡིན་པ་ནི་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་སུ་གྱུར་པ་དང་གནད་གཅིག་སྟེ། བདག་ཏུ་འཛིན་པས་ཕྱིན་ཅི་ལོག་ཏུ་བཟུང་བ་ནི་ཀུན་ཏུ་སྒྲོ་བཏགས་པའི་རྫུན་པ་ཡིན་གྱི། དོན་དམ་པ་མ་ནོར་ བ་དེ་དེའི་ཡུལ་དུ་བྱེད་མི་ནུས་པའི་ཕྱིར། དགོངས་པ་རབ་གསལ་ལས། དོན་དམ་པར་སྒྲ་རྟོག ་གི་སྤྲོས་པ་ཀུན་ཏེ་ཐམས་ཅད་ཀྱི་ཡུལ་མིན་པའི་རང་བཞིན་ཅན་དུ་ཡོད་དེ། ཕྱི་ནང་གི་མངོན་པར་བརྗོད་པ་ནི་དངོས་སུ་ན་བརྟག་པའི་རྣམ་པ་འཛིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། གང་ཟག་གི་བདག་མེད་ལ་སྟོང་ཉིད་བཅུ་དྲུག་དང་ཉི་ཤུར་དབྱེ་བ་མི་འཐད་པར་ཐལ། གང་ཟག་གི་བདག་མེད་གཙོ་བོར་ཉན་ཐོས་ཀྱི་བསྒོམ་བྱ་ཡིན་ལ། སྟོང་ཉིད་བཅུ་དྲུག་ཏུ་ཕྱེ་བ་ཐེག་ཆེན་གྱི་ལམ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེར་ཐལ། དེ་སྲིད་ཞི་གཉི་གའི་མཐའ་འགོག་པ་དང་ཆོས་གཟུགས་ཀྱི་སྐུ་གཉིས་སྒྲུབ་པ་སོགས་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེར་ཐལ། དབུས་མཐའ་ལས། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ནི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་གཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་ལོངས་སྤྱོད་བྱེད་སྤྱད་བྱ་སྤྱོད་པའི་
རྟེན་དེའི་ཞིང་རྣམས་ལ་ནང་ཕྱི་གཉི་ག་ཆེན་པོ་སྟོང་པ་ཉིད་བཞི་དང། གཟུང་བ་དང་འཛིན་པར་ཞེན་པ་བཀག་པའི་སྟོང་པ་ཉིད་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་གཉིས་ལམ་དང་འབྲས་བུའི་དགེ་བ་གཉིས་སྒྲུབ་པའི་འདུས་བྱས་དང་འདུས་མ་བྱས་སྟོང་པ་ཉིད་གཉིས་རྣམས་ཐེག་པ་ཆེ་ཆུང་ཐུན་མོང་དུ་སྦྱར་རུང་ཡང། མཐའ་ལས་འདས་པས་རྟག་ཏུ་སེམས་ཅན་གྱི་དོན་སྒྲུབ་པ། ཐོག་མ་དང་ཐ་མ་མེད་པས་འཁོར་བ་མི་འདོར་བའི་རང་བཞིན། དོར་བ་མེད་པས་ལྷག་མེད་ཀྱི་ཚེའང་གཞན་ཡལ་བར་མི་འདོར་བ། རང་བཞིན་སྟོང་པ་ཉིད་ཀྱིས་རང་བཞིན་གནས་རིགས་སྦྱོང་བ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་མཚན་དཔེ་སྒྲུབ་པ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོབས་དང་མི་འཇིགས་པ་སོགས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པ་རྣམས་བྱང་སེམས་མ་གཏོགས་པ་ལ་མི་འབྲེལ་ཞིང། འདིའི་མཇུག་ཏུའང། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་གསུངས་པའི་ཕྱིར་ན། མ་ཁྱབ། དང་པོ་ནས་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་བླངས་ན་རྗེས་སུ་བདག་མེད་བསྒོམ་པའི་ལག་རྗེས་ལ་དེ་ལྟ་བུ་འབྱུང་ཡང་དང་པོ་ནས་ཐབས་ཁྱད་པར་ཅན་གྱིས་མ་ཟིན་ན་བདག་མེད་བསྒོམས་ཀྱང་དེ་འདྲ་འོང་དོན་མེད་པའི་ཕྱིར། དེར་ཐལ། བྱང་སེམས་ཀྱིས་མི་རྟག་སྡུག་བསྔལ་སོགས་བསྒོམས་པས་སྲིད་མཐའ་ཁེགས་བྱེད་དུ་འགྲོའང། ཉན་རང་གིས་དེ་བསྒོམས་པ་སྲིད་མཐའ་ཁེགས་བྱེད་དུ་མི་འགྲོ་བ་བཞིན་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བར་བཅུ་བཞི་པོ་དེ་དབྱེ་ཆོས་སུ་བྱས་ནས་དེའི་དབྱེ་གཞི་ལ་བདག་མེད་གཉི་ག་འཇོག་དགོས་པ་གང་ཞིག །
དངོས་པོ་མེད་པ་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཉིས་སྤྱིར་དབྱེ་ཆོས་སྟོང་ཉིད་བཅུ་དྲུག་གི་གྲངས་ཡིན་ཀྱང། འདིར་ཐམས་ཅད་ཀྱི་མཐར་ཟུར་དུ་གསུངས་པ་དགོས་དབང་གིས་ཡིན་པའི་ཕྱིར། དབུས་མཐའ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང། འགྲེལ་བཤད་ལས། ཟ་བ་པོ་ལ་སོགས་པ་འདི་ལ་སྟོང་པ་ཉིད་གང་ཡིན་ངོ་བོ་ཉིད་ནི་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། གང་ཟག་དང་ནི་ཆོས་རྣམས་ཀྱི། །ཞེས་སོགས་གསུངས་པའི་ཕྱིར། ཟུར་ཕྱི་མ་གྲུབ་སྟེ། དབྱེ་གཞི་བདག་མེད་གཉིས་དང་དབྱེ་ཆོས་སྟོང་ཉིད་བཅུ་བཞི་པོ་དེ་ཐམས་ཅད་ཀྱང་རང་གི་ངོ་བོ་དགག་བྱ་བཀག་ཙམ་དུ་འཇོག་དགོས་པར་ཤེས་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དང། ཡང་དེ་དགག་བྱའི་དངོས་པོ་མེད་ཙམ་ལ་བཞག་པ་ན་གཏན་མེད་དུ་འགྱུར་རམ་སྙམ་པ་ལ་དགག་བྱ་བཅད་ཙམ་དེ་ཉིད་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་ཡོད་པར་གོ་བའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཞག་པ་ཡིན་པའི་ཕྱིར། འགྲེལ་བཤད་ལས། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་བསལ་བའི་དོན་དུ་དངོས་པོ་མེད་པ་སྟོང་པ་ཉིད་རྣམ་པར་བཞག་གོ །སྟོང་པ་ཉིད་ལ་སྐུར་བ་འདེབས་པ་བསལ་བའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། བོད་སྔ་མ་མང་པོས་དབུ་མ་པའི་ལུགས་ཀྱི་སྟོང་པ་ཉིད་བཅུ་དྲུག་དང། སེམས་ཙམ་པའི་ལུགས་ཀྱི་སྟོང་པ་ཉིད་བཅུ་བཞིའམ་བཅུ་བདུན་དུ་གྲངས་ངེས་པར་འདོད་པའང་མི་འཐད་དེ། སྔ་མ་དབུས་མཐའི་ཚིག་
ཟིན་ཙམ་ལ་འཁྲུལ་བར་སྣང་ཡང་དེ་བཅུ་བཞིའི་སྟེང་དུ་ཐ་མ་གཉིས་བསྣན་པས་སྟོང་ཉིད་བཅུ་དྲུག་ཏུ་འགྱུར་བ་དབུས་མཐའ་རང་ལས་གསལ་བའི་ཕྱིར་དང། དབྱིག་འགྲེལ་གྱིས་ཀྱང། སྟོང་པ་ཉིད་རྣམ་པ་བཅུ་དྲུག་པོ་འདི་ལྟ་སྟེ། ཞེས་གསུངས་པའི་ཕྱིར། ཕྱི་མའི་བློ་རྩེ་དགོངས་འགྲེལ་བྱམས་ཞུས་ཀྱི་ལེའུ་ལས་མཚན་མ་བཅུའི་གཉེན་པོ་སྟོང་པ་ཉིད་བཅུ་བདུན་དུ་གསུངས་པ་དེ་ལ་བསམ་པར་སྣང་ཡང་ཤེར་མདོ་ལྟར་སྟོང་ཉིད་བཅུ་དྲུག་གི་གྲངས་ངེས་ཀྱང་མི་འདོད་པ་མ་ཡིན་པའི་ཕྱིར། བློ་བརྟན་གྱི་འགྲེལ་བཤད་ལས། ནང་སྟོང་པ་ཉིད་ཅེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་བར་དུ་སྟོང་པ་ཉིད་རྣམ་པ་བཅུ་དྲུག་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་ངོ་། །ཞེས་གསུངས་པའི་ཕྱིར། འདི་དག་གིས་ཀྱང་ལུགས་འདིར་བདག་མེད་གཉི་ག་སྟོང་ཉིད་ཡིན་པར་གོ་ནུས་ལ། དེའི་སྒྲུབ་བྱེད་འགའ་ཞིག་གོང་དུ་བཤད་ཟིན་ཅིང་ད་དུང་ཡང་འཆད་པར་འགྱུར་རོ། །ཕྱིས་ཀྱི་ཊཱིཀ་བྱེད་ཕལ་མོ་ཆེ་ན་རེ། སྐབས་འདིར་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟེང་དུ་ཁྱད་པར་མེད་པར་མཚན་ཉིད་གསུམ་གསུམ་སྦྱོར་དགོས་པ་དང། དེའི་ནང་གི་ཆོས་ཉིད་གཏན་ལ་འབེབས་པའི་གཞི་གཞན་དབང་ལ་ཁྱད་པར་གསུམ་ལྡན་གྱི་གཞན་དབང་མཚན་ཉིད་པ་ཞིག་དགོས་པར་གསུངས་ལ། འདུས་མ་བྱས་ཐམས་ཅད་ལ་ཁྱད་པར་དེ་གསུམ་མ་ཚང་བས། དེ་དག་འཛིན་པའི་ཚད་མ་རྣམས་དེ་དང་དེའི་སྟེང་གི་གཞན་དབང་ལ་འཇོག་དགོས་ཏེ། ཆོས་ཉིད་གཏན་ལ་འབེབས་པ་ལ་དཔྱོད་པའི་གཞི་རང་མཚན་གྱིས་གྲུབ་པ་ཞིག་དགོས་པའི་ཕྱིར་དང།
སྟོང་གཞི་བདེན་གྲུབ་ཅིག་མེད་ན་ཡོངས་གྲུབ་ཀྱང་བདེན་མེད་དུ་འགྲོ་བར་སེམས་ཙམ་པའང་ཁས་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱིས། །དོན་བྱ་དེ་ལས་འགྲུབ་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དབུ་མ་པའི་ཐད་དུ་འདི་ཉིད་ལས། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གནས་ཚུལ་ཇི་ལྟར་ཡོད་དཔྱོད་པས་དོན་དམ་དུ་ཡོད་པ་ལ་ཆོས་ཅན་མེད་ན་ཆོས་ཉིད་ཡན་གར་བར་གནས་པའི་མཐུ་མེད་པས། གཞན་དབང་གི་རྟེན་འབྲེལ་ལ་རང་བཞིན་གྱིས་གྲུབ་པས་སྟོང་ན་ཡོངས་གྲུབ་ཀྱང་རང་མཚན་གྱིས་མ་གྲུབ་པར་འགྱུར་ཞེས་ལུགས་སྔ་མས་ཀྱང་སྨྲ་ལ། ཞེས་དང། རྩ་ཤེ་ཊཱིཀ་ཆེན་ལས། བདེན་པར་གྲུབ་པའི་རྟེན་རྫུན་པས་བྱེད་པ་འགལ་བའི་ཕྱིར། ཚུལ་འདི་ལ་དབུ་སེམས་གཉི་ག་མཐུན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་ཆོས་རང་རང་དང། རང་འཛིན་ཚད་མ་དང། དེ་ཉམས་མྱོང་གི་རང་རིག་རྣམས་ཀྱི་ཆོས་ཉིད་ཡིན་ཁྱབ་མཉམ་ཡིན་པས་འདུས་བྱས་སྟོང་པ་ཉིད་དང་འདུས་མ་བྱས་སྟོང་པ་ཉིད་ཀྱང་མི་འགལ་ཞེས་ཟེར་རོ། །དང་པོ་རྣམ་འགྲེལ་གྱི་ལུང་དོན་ཁྱོད་ལྟར་མ་ཡིན་པར་ཐལ། དེའི་དོན་སྤྱིར་གཞལ་བྱ་ཙམ་ལ་རང་བཞིན་གྱིས་གྲུབ་མི་དགོས་ཀྱང། རྟོག་བཏགས་ཙམ་མིན་པའི་གཞལ་བྱ་ལ་རང་མཚན་གྱིས་གྲུབ་པ་དགོས་ཞེས་པ་ཡིན་པས། དེའི་རིགས་པ་ཆོས་ཉིད་གཏན་ལ་འབེབས་པའི་དམིགས་པ་ལ་སྦྱོར་ནའང་ཆོས་ཉིད་གཏན་ལ་འབེབས་པ་ལ་དམིགས་པ་རང་མཚན་གྱིས་གྲུབ་མི་དགོས་ཀྱང། རྟོག་བཏགས་ཙམ་མ་ཡིན་པར་རང་ངོས་ནས་དེའི་
དམིགས་པར་འགྲོ་བ་ལ་རང་མཚན་གྱིས་གྲུབ་པ་ཞིག་དགོས་ཞེས་པ་ཡིན་ལ། ཁྱོད་ཀྱིས་དེ་གོ་བཟློག་ནས་གཞལ་བྱ་ཙམ་དང་ཆོས་ཉིད་གཏན་ལ་འབེབས་པའི་དམིགས་པ་ཙམ་ལའང་རང་མཚན་དགོས་ཞེས་བཤད་པ་ནི་གཞུང་དོན་ལ་ཞིབ་ཏུ་མ་བརྟགས་པའི་སྐྱོན་ཡིན་པའི་ཕྱིར། ཊཱིཀ་ཆེན་ལས། བློས་བཏགས་མིན་པའི་གཞལ་བྱ་ནི་རང་མཚན་གཅིག་པུའོ་ཞེས་པ་ནི་ཤེས་བྱ་ཆོས་ཅན། རང་སྤྱི་གཉིས་ཀྱི་ནང་ནས་དོན་རང་ངོས་ནས་གྲུབ་པའི་གཞལ་བྱ་རང་གི་མཚན་ཉིད་གཅིག་པུ་ཡིན་ཏེ། མངོན་པར་འདོད་པའི་དོན་བྱེད་པའི་ནུས་པ་ཡོད་མེད་ཉིད་དུ་དཔྱོད་པ་རྣམས་ཀྱིས་མངོན་པར་འདོད་པའི་དོན་བྱ་བའི་ནུས་པ་རང་སྤྱི་གཉིས་ཀྱི་ནང་ནས་རང་མཚན་དེ་ཁོ་ན་ལ་གྲུབ་པའི་ཕྱིར། ཞེས་དང། ཐར་ལམ་གསལ་བྱེད་ལས། དོན་དུ་གཉེར་བར་བྱ་བའི་འབྲས་བུ་ཡོད་མེད་རྣམ་པར་དཔྱོད་པའི་རྟོག་ལྡན་རྣམས་ཀྱིས་དོན་བྱ་བ་ནི་རང་མཚན་གཅིག་པུ་དེ་ལས་འགྲུབ་པས། ཞེས་དང། གཞལ་བྱ་ཡིན་ན་རང་མཚན་ཡིན་པས་ཁྱབ་པ་གཞུང་འདིས་བསྟན་པར་འདོད་པ་ཞིབ་ཏུ་མ་བརྟག་པ་སྟེ། ཞེས་གསུངས་པའི་ཕྱིར། རྩ་འགྲེལ་གུང་མ་བསྒྲིགས་པར་དྲངས་ན་འདི་འདྲ་ཡོང་ངོ་། །འདི་ཉིད་ཀྱི་ལུང་དྲངས་པའང་སྤྱིར་དོན་དམ་པར་ཡོད་མེད་ཙམ་མ་ཡིན་པར་རིག་ཤེས་ཀྱིས་དཔྱད་བཟོད་པའི་དགག་བྱའི་དོན་དམ་དེར་ཆོས་ཅན་དང་ཆོས་ཉིད་གཉི་ག་ཡོད་མེད་མཚུངས་དགོས་པའི་དོན་ཡིན་པ། གནས་ཚུལ་ཇི་ལྟར་ཡོད་དཔྱོད་པའི་དོན་དམ་དུ་ཞེས་གསལ་བར་གསུངས་པ་དེ་ཡིན་ནོ། །རྩ་ཤེ་ཊཱིཀ་ཆེན་གྱི་ལུང་དོན་ཡང་ཆོས་ཉིད་རང་
ངོས་ནས་གྲུབ་ན་དེའི་རྟེན་ཡང་རང་ངོས་ནས་གྲུབ་པ་ཞིག་དགོས་ཀྱི། རང་ངོས་ནས་གྲུབ་གྲུབ་ལྟར་སྣང་ཡང་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་ཞིག་གིས་མི་ཆོག་པའི་དོན་ཡིན་པའི་ཕྱིར། ཡིག་ཆར་ལུང་འདིའི་དོན་དམ་ཡང་ལུགས་རང་རང་གི་དགག་བྱའི་དོན་དམ་ལ་སྦྱར་བ་མཁས་པ་སྔ་མའི་བཤད་པ་བཀོད་པ་ཙམ་ཡིན་ཏེ། ལུང་དེའི་འཕྲོར། རྣལ་འབྱོར་སྤྱོད་པའི་མཁས་པ་རྣམས་ཀྱང་ཡོངས་གྲུབ་བདེན་པར་གྲུབ་པ་ལ་དེའི་རྟེན་གཞན་དབང་བདེན་པར་གྲུབ་དགོས་པར་མཐོང་ནས་གཞན་དབང་བདེན་པར་གྲུབ་སྟེ་ཞེས་གསུངས་པ་གང་ཞིག །སེམས་ཙམ་པའང་རང་ལུགས་ཀྱི་དགག་བྱའི་དོན་དམ་དེར་གྲུབ་པ་མི་འདོད་པའི་ཕྱིར། ཡུལ་དང་ཡུལ་ཅན་གཉི་གའི་ཆོས་ཉིད་ཀྱི་གཞི་མཐུན་བཞག་པའི་དབང་གིས་ལྷས་སྦྱིན་འཛིན་པའི་རྣམ་མཁྱེན་གྱི་སྟོང་ཉིད་ལྷས་སྦྱིན་གྱི་སྟོང་ཉིད་ཡིན་པས། ལུགས་འདིར་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུའང་འཇོག་དཀའ་ཞེས་པཎ་ཆེན་བསོད་གྲགས་ཀྱིས་གསུངས་ལ། སྒོམ་བདེའི་ཡིག་ཆར། དེ་འཛིན་པའི་རྣམ་མཁྱེན་གྱི་ཆོས་ཉིད་ལྷས་སྦྱིན་གྱི་ཆོས་ཉིད་མིན་ཡང། ལྷས་སྦྱིན་དང་དེ་འཛིན་རྣམ་མཁྱེན་རྫས་གཞན་གྱིས་སྟོང་པ་གཉི་གའི་ཆོས་ཉིད་ཡིན་པའི་ཕྱིར། ཞེས་འབྱུང་ངོ་། །གཉིས་ཀས་ཀྱང་དེའི་རྒྱུ་མཚན་དུ་རྣམ་འགྲེལ་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་གསུངས་པའི་ཕྱིར་དང། འང་སྒྲའི་དོན་ཡོད་པའི་ཕྱིར་ཟེར། ཐར་ལམ་གསལ་བྱེད་ལས་ཀྱང། གཟུང་འཛིན་རྫས་ཐ་དད་གཉིས་ཀྱིས་སྟོང་པའི་སྟོང་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། གཉིས་
མེད་ཀྱི་ཤེས་པར་མ་ཟད་གཉིས་སྣང་དེ་ཡིའང་དེ་ཁོ་ན་ཉིད་ཡིན་ཏེ། ཞེས་འབྱུང་བས། གཉིས་སྣང་ཞེས་པ་གཟུང་བྱ་ལ་བྱེད་དགོས་ཤིང། དེ་ལྟར་ན་གཟུང་འཛིན་གཉི་གའི་ཆོས་ཉིད་ཀྱི་གཞི་མཐུན་བཞག་པར་འདུག་སྙམ་པ་སྐྱེའང། དེའི་དོན་འཆད་ཚུལ་དེ་ལྟར་མ་ཡིན་པར་ཐལ། དེ་གཟུང་འཛིན་གཉི་གའི་སྟོང་ཉིད་ཀྱི་གཞི་མཐུན་ཡོད་པའི་དོན་མིན་གྱི། གཟུང་འཛིན་གཉི་གའི་སྟོང་པ་ཉིད་ཀྱིས་སྟོང་ཚུལ་མཐུན་པའི་དོན་ཡིན་པའི་ཕྱིར། དེར་ཐལ། རྩ་ཤེ་རབ་བྱེད་ཉེར་ལྔ་པར། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །ཞེས་ཚིག་ཟིན་ལ་མྱང་འདས་ཀྱི་སྟོང་པ་ཉིད་དེ་འཁོར་བའི་སྟོང་པ་ཉིད་ཡིན་པ་ལྟ་བུ་ཞིག་ཡོད་ཀྱང། དེའི་དོན་འཆད་པའི་ཚེ་རིགས་པའི་རྒྱ་མཚོ་ལས། མྱ་ངན་ལས་འདས་པའི་ཡང་དག་པའི་མཐའ་སྟོང་ཉིད་ཀྱིས་སྟོང་ཚུལ་གང་ཡིན་པ་དེ་ནི་འཁོར་བའི་ཡང་དག་པའི་མཐའ་སྟོང་ཉིད་ཀྱིས་སྟོང་ཚུལ་ཡིན་ཏེ། ཞེས་འཁོར་འདས་གཉིས་དགག་བྱའི་བདག་གིས་སྟོང་ཚུལ་འདྲ་བའི་དོན་དུ་གསུངས་པ་ལྟར། འདིར་ཡང་ཕྱི་ཡུལ་དང་ནང་གི་ཤེས་པ་གཉི་ག་གཟུང་འཛིན་རྫས་གཞན་གྱིས་སྟོང་མཉམ་ཡིན་པས། གཉིས་སྟོང་གི་དེ་ཁོ་ན་ཉིད་དེ་གཉི་གའི་སྟེང་དུ་གནས་ཚུལ་དབྱེར་མེད་པའི་དོན་ཡིན་པའི་ཕྱིར། དེར་ཐལ། གོང་དུ། དེ་ཕྱིར་དོན་དང་ཤེས་པ་ལ། །ཞེས་སོགས་ཀྱིས་གཟུང་བྱ་དང། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །ཞེས་སོགས་ཀྱིས་འཛིན་པ་རྫས་གཞན་བཀག་ནས། དེའི་དོན་བསྡུར། དེ་ལ་གཅིག་ནི་མེད་པས་ཀྱང། །གཉིས་ཀའང་
ཉམས་པར་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་ལྷས་སྦྱིན་དང་དེ་འཛིན་རྣམ་མཁྱེན་རྫས་གཞན་གྱིས་སྟོང་པ་གཉི་གའི་སྟོང་ཉིད་དུ་བསྒྲུབས་པ་ནི་རྩོད་པ་གཞི་མེད་ཡིན་ཏེ། དེ་འདྲའི་སྟོང་པ་གཞི་མ་གྲུབ་པའི་ཕྱིར། སེམས་ཙམ་པ་ལྟར་ནའང་རྒྱུད་ཐ་དད་པའི་གང་ཟག་གི་སེམས་དང་རྫས་གཅིག་ཏུ་མི་འགྲོ་བར་བསྒྲུབ་པ་ལ་རྒྱུད་གཞན་གྲུབ་པ་ཟུར་དུ་གསུངས་པའི་ཕྱིར། རྒྱས་པར་འོག་ཏུ་འཆད་དོ། །དེ་ལ་ཁོ་ན་རེ། རྣམ་མཁྱེན་དང་ལྷས་སྦྱིན་གཉི་གའི་སྟོང་ཉིད་ཀྱི་གཞི་མཐུན་ཡོད་པར་ཐལ། དེ་གཉི་གའི་སྟེང་གི་སྟོང་ཉིད་འགལ་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉི་གའི་སྟེང་གི་སྟོང་ཉིད་ཆོས་ཅན། ཁྱོད་ཡིན་ན་གང་དྲན་དྲན་ཡིན་དགོས་པར་ཐལ། ཁྱོད་འགལ་བ་ཡིན་པའི་ཕྱིར་ཟེར་ན། དེ་སྒྲ་སྦྱར་ཏེ་རྟགས་མ་གྲུབ་ཀྱི་ལན་འདེབས། ཡང་དེ་གཉི་གའི་སྟེང་གི་སྟོང་ཉིད་ཡིན་ན་གང་དྲན་དྲན་ཡིན་དགོས་པར་ཐལ། དེ་གཉི་གའི་སྟོང་ཉིད་འགལ་བ་ཡིན་པའི་ཕྱིར་ན། སྐྱོན་ཅན་གྱི་ལན་འདེབས། འདོད་མི་ནུས་ཏེ། དེ་གཉི་ག་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་པ་དེ་དེ་གཉི་གའི་སྟོང་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེ་གཉི་གའི་སྟོང་ཉིད་ཡིན་པར་ཐལ། དེ་གཉི་གའི་སྟེང་གི་དོན་དམ་དཔྱོད་པའི་རིག་ཤེས་རྗེས་དཔག་གི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་
རྟོགས་པའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེ་གཉི་ག་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་གཉི་གའི་སྟེང་གི་སྟོང་ཉིད་འགལ་བ་མ་ཡིན་པར་ཐལ། དེ་གཉི་གའི་སྟེང་གི་ཡོངས་གྲུབ་འགལ་བ་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཅིག་ཡིན་པའི་ཕྱིར་ཏེ། དེ་གཉི་གའི་སྟེང་གི་དགག་བྱ་བཅད་ཙམ་གྱི་དེ་བཞིན་ཉིད་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར་དང། དབུ་སེམས་སུའི་ལུགས་ལའང་གཞི་ལམ་རྣམ་གསུམ་གྱི་སྟེང་དུ་དགག་བྱ་ཆོས་བདག་འགོག་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་འཇོག་ཚུལ་རེ་ཡོད་པའི་ཕྱིར་ཟེར་ན། འོ་ན་ཀ་བུམ་གཉི་གའི་རང་བཞིན་མཐར་ཐུག་གཅིག་ཡིན་པར་ཐལ། དེ་གཉི་གའི་ཆོས་ཉིད་གཅིག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་གཉི་གའི་ངོ་བོ་དང་རྒྱུ་འབྲས་བུ་ཐམས་ཅད་ཀྱང་གཅིག་ཡིན་པར་ཐལ། དེ་དག་རེ་རེ་ནས་མཚོན་བྱ་ཡིན་པའི་ཕྱིར། རྟགས་དོན་གྱིས་ཁས། འདོད་ན། དེ་གཉིས་ངོ་བོ་དབྱེར་མེད་ཡིན་པར་ཐལ་ལོ། །གཞན་ཡང་ནམ་མཁའི་སྟེང་གི་གཞན་དབང་ལ་དེ་འཛིན་ཚད་མ་སོགས་ནམ་མཁའ་ལས་དོན་གཞན་ཞིག་བཞག་པ་འབྲེལ་མེད་ཡིན་པར་ཐལ། དེའི་སྟེང་དུ་མཚན་ཉིད་གསུམ་སྦྱར་བའི་དགོས་པ་དེའི་སྟེང་གི་ཆོས་ཀྱི་བདག་འཛིན་འགོག་པ་དང་ཡོངས་གྲུབ་གཏན་ལ་འབེབས་པའི་ཕྱིར་ཡིན་པས། དེ་ལ་མེད་མི་རུང་དུ་ནམ་མཁའ་ཁོ་རང་གཞིར་བཟུང་བ་དགོས་པའི་ཕྱིར་ཏེ། གནོད་འཇོམས་མཁན་པོ་འགོག་པའི་སྐབས་སུ་རྣལ་འབྱོར་སྤྱོད་པ་དང་དབུ་མ་པ་སུའི་ལུགས་ལའང་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་གཏན་
ལ་འབེབས་པ་ན་སྟོང་གཞི་གང་ལ་བྱ་དགོས་པ་ནི་ཆོས་ཀྱི་བདག་འཛིན་གྱིས་གཞི་གང་ལ་ཆོས་བདག་ཏུ་བཟུང་བ་དེ་ལ་རག་ལས་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་བཟུང་ནས་སྐྲག་པའི་སྡུག་བསྔལ་བསལ་བར་འདོད་ན་ཐག་པ་སྟོང་གཞིར་བཟུང་ནས་དེ་སྦྲུལ་གྱིས་སྟོང་ངོ་ཞེས་བསྟན་དགོས་པ་ལྟར། གང་ལ་བདག་ཏུ་བཟུང་བའི་གཞི་གཞན་དབང་དེ་ཇི་ལྟར་བཟུང་བ་ལྟར་གྱི་ཀུན་བཏགས་ཀྱི་བདག་གིས་སྟོང་པ་ཡོངས་གྲུབ་ཡིན་པས་སྟོང་ཚུལ་དེ་འདྲའི་སྟོང་ཉིད་བསྒོམ་ན་བདག་འཛིན་གྱི་གཉེན་པོར་འགྲོ་བ་ཡིན་གྱི། སྟོང་གཞི་དང་སྟོང་ཚུལ་གཞན་ཞིག་བྱས་ན་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་ལྟར་གནད་དུ་མི་འགྲོ་ཚུལ་གསུངས་པ་དང་དངོས་སུ་འགལ་ཞིང། དེར་མ་ཟད་གཟུགས་ཕུང་ལ་སྦྱར་ནས་མཚན་ཉིད་གསུམ་གསུངས་པའི་ཚེ་ཁོ་རང་གཞན་དབང་བྱས་ཏེ་དེའི་སྟེང་དུ་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་ཚུལ། དེས་སྟོང་པ་ཡོངས་གྲུབ་ཏུ་འཇོག་ཚུལ་བཅས་རྒྱས་པར་གསུངས་ཏེ། ཕུང་པོ་གཞན་བཞི་ནས་བྱང་ཕྱོགས་སྡེ་ཚན་བདུན་གྱི་བར་ཐམས་ཅད་ལ་མཚན་ཉིད་གསུམ་གསུམ་དེ་ཇི་ལྟ་བ་བཞིན་བྱེད་དགོས་པར་མདོ་རང་ཉིད་ཀྱིས་དངོས་སུ་གསུངས་ཤིང། འདི་ཉིད་ལས་ཀྱང་གདགས་གཞི་སྔར་བཞིན་ལ་ཞེས་ཡང་ཡང་གསུངས་བཞིན་དུ་གདགས་གཞིའི་གཞན་དབང་འཇོག་ཚུལ་གཟུགས་ཕུང་དང་སྡུག་བདེན་སོགས་ཀྱི་ཚེ་དངོས་སུ་གསུངས་པ་དེ་བཞིན་དུ་མི་འཇོག་པར་ལོགས་ཤིག་ནས་བཙལ་བ་མདོ་བསྟན་བཅོས་གཉིས་ཀ་དང་འགལ་ཚུལ་སོགས་ཡིག་ཆ་ལྟར་རོ། །ཡང་གཟུགས་དང་གཟུགས་འཛིན་ཚད་མའི་ཆོས་ཉིད་ཡིན་ཁྱབ་མཉམ་མ་ཡིན་པར་ཐལ། གཟུགས་ཕྱི་དོན་གྱི་བེམ་པོར་མ་གྲུབ་པ་ཆོས་ཉིད་ཡིན་ཀྱང།
གཟུགས་འཛིན་ཚད་མ་ཕྱི་དོན་གྱི་བེམ་པོར་མ་གྲུབ་པ་ཆོས་ཉིད་མ་ཡིན་པའི་ཕྱིར། དེར་ཐལ། དེ་མདོ་སྡེ་པས་ཀྱང་རྟོགས་པའི་ཕྱིར་ཏེ། དེས་དེ་ཤེས་པར་རྟོགས་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །ལྡོག་པར་རབ་ཏུ་བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར། ཡང་མདོ་ལས། གཟུགས་ཉིད་ཀྱང་མི་དམིགས་ན་གཟུགས་ཀྱི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར། ཞེས་དང། རྩ་ཤེས་ཊཱིཀ་ཆེན་ལས། རྣལ་འབྱོར་སྤྱོད་པའི་མཁས་པ་རྣམས་ཀྱང་ཡོངས་གྲུབ་བདེན་པར་གྲུབ་པ་ལ་དེའི་རྟེན་གཞན་དབང་བདེན་པར་གྲུབ་དགོས་པར་མཐོང་ནས། ཞེས་པའི་དོན་དུ་བསམ་སྟེ་ཡོངས་གྲུབ་བདེན་གྲུབ་ཡིན་ཕྱིན་དེའི་སྟོང་གཞིའང་བདེན་པར་གྲུབ་དགོས་ཟེར་ན། ནམ་མཁའི་སྟོང་ཉིད་སྟོང་ཉིད་མ་ཡིན་པའང་ནམ་མཁའ་བདེན་གྲུབ་ཏུ་ཐལ་བའི་སྐྱོན་འབྱུང་ཚུལ་དང། བུམ་འཛིན་རྟོག་པའི་ཆོས་ཉིད་བུམ་པའི་ཆོས་ཉིད་ཡིན་ན་བུམ་པ་མེད་པའི་ས་ཕྱོགས་སུ་བུམ་འཛིན་རྟོག་པའང་མེད་པར་ཐལ་བ་སོགས་ཀྱང་ཡིག་ཆར་གསལ་བ་ལྟར་རོ། །གཞན་ཡང་ནམ་མཁའི་གཞན་དབང་ལ་ནམ་མཁའ་རང་ཉིད་འཇོག་དགོས་པར་ཐལ། རྣམ་བརྟགས་ཀྱི་ནམ་མཁའ་ལ་ནམ་མཁའ་རང་ཉིད་འཇོག་དགོས་པའི་ཕྱིར། དེར་ཐལ། གཟུགས་ཕུང་གི་སྟེང་དུ་རྣམ་བརྟགས་ཀྱི་གཟུགས་ཀུན་བཏགས་ཀྱི་གཟུགས་ཆོས་ཉིད་ཀྱི་གཟུགས་གསུམ་དུ་ཕྱེ་བའི་རྣམ་བརྟགས་ཀྱི་གཟུགས་ལ་གཟུགས་རང་ཉིད་བཞག་སྟེ། སྟོང་གཞི་རྣམ་བརྟགས་ཀྱི་གཟུགས་དེ་ཉིད་དགག་བྱ་ཀུན་བཏགས་ཀྱི་གཟུགས་ཀྱིས་སྟོང་པ་ཆོས་ཉིད་ཀྱི་
གཟུགས་སམ་གཟུགས་ཀྱི་ཡོངས་གྲུབ་ཏུ་བཞག་པ་གང་ཞིག །གཟུགས་ཀྱི་སྟེང་དུ་དེ་གསུམ་འཇོག་ཚུལ་ཇི་ལྟ་བ་བཞིན་ཕུང་ཁམས་སྐྱེ་མཆེད་འདུས་བྱས་འདུས་མ་བྱས་ཐམས་ཅད་ལ་ཁྱད་མེད་དུ་སྦྱོར་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དབྱིག་གཉེན་གྱི་དབུས་མཐའི་འགྲེལ་པར། གཟུགས་ལ་རྣམ་པ་གསུམ་སྟེ། ཀུན་བཏགས་པའི་གཟུགས་ནི་གང་གཟུགས་ཀྱིས་ཀུན་བཏགས་པའི་ངོ་བོ་ཉིད་དོ། །རྣམ་པར་བཏགས་པའི་གཟུགས་ནི་གང་གཟུགས་ཀྱི་གཞན་དབང་གི་ངོ་བོ་ཉིད་དེ་དེ་ལ་གཟུགས་སུ་རྣམ་པར་རྟོག་པར་བྱེད་དོ། །ཆོས་ཉིད་ཀྱི་གཟུགས་ནི་གང་གཟུགས་ཀྱི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལ་གཟུགས་སུ་རྣམ་པར་རྟོག་པར་བྱེད་དོ་ཞེས་པ་འདིས་རྣམ་བརྟགས་ཀྱི་སྒྲ་དོན་བསྟན་པར་བློ་བརྟན་གྱིས་བཤད་པས། གཟུགས་ཀྱི་ཐ་སྙད་གང་ལ་འདོགས་པའམ་གང་ལ་འདི་ནི་གཟུགས་སོ་སྙམ་དུ་འཛིན་རྒྱུའི་མཚན་གཞི་དེ་ཉིད་དགོས་པར་བསྟན་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ཉིད་ལས། གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་རྣམས་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལའང་སྦྱར་བར་བྱའོ། །ཞེས་དང། བློ་བརྟན་གྱི་འགྲེལ་བཤད་ལས། གཟུགས་ལ་གསུམ་དུ་ཕྱེ་སྟེ་ངོ་བོ་ཉིད་གསུམ་དུ་བསྡུས་པ་དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་རྣམས་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལའང་སྦྱར་བར་བྱའོ་ཞེས་བྱ་བ་ནི། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་
རྣམས་དང། གནས་དང་གནས་མ་ཡིན་པ་རྣམས་དང། དབང་པོ་རྣམས་དང། དུས་གསུམ་དང། བདེན་པ་བཞི་དང། ཐེག་པ་གསུམ་དང། འདུས་བྱས་དང། འདུས་མ་བྱས་ཏེ་ཚོར་བ་ལ་སོགས་པ་དང། ཁམས་ལ་སོགས་པ་དེ་དག་ཀྱང་ཀུན་བཏགས་པ་དང། ཞེས་སོགས་གསུངས་པའི་ཕྱིར། དེ་སྐད་དུ་མངོན་པ་ཀུན་བཏུས་ལས་ཀྱང། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་གསུམ་སྟེ། ཀུན་ཏུ་བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང། རྣམ་པར་བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང། ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བའོ། །ཞེས་པ་ནས། རྣམ་པར་བརྟགས་པའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཉིད་དོ། །ཞེས་དེའི་སྟེང་གི་རྣམ་བརྟགས་སམ་གཞན་དབང་ལ་དེ་དག་རང་རང་ཁོ་ན་འཇོག་པར་གསུང་གི་གཞན་ཞིག་བཙལ་ནས་འཇོག་པར་མ་གསུངས་སོ། །ཡིག་ཆ་འགའ་ཞིག་ཏུ་ཆོས་ཐམས་ཅད་ཀྱི་སྟེང་གི་ངོ་བོ་ཉིད་གསུམ་ལ་ཁྱད་པར་དེ་གསུམ་འདྲ་བར་སྦྱོར་དགོས་ན་མཚོན་བྱའི་སྟེང་གི་ངོ་བོ་ཉིད་གསུམ་ལའང་རྣམ་བརྟགས་ཀྱི་མཚོན་བྱ། ཀུན་བཏགས་ཀྱི་མཚོན་བྱ། ཆོས་ཉིད་ཀྱི་མཚོན་བྱ་གསུམ་དུ་འཇོག་དགོས་ལ། དེ་ལྟར་ན་ཀུན་བཏགས་དང་ཆོས་ཉིད་ཀྱང་མཚན་ཉིད་དུ་ཐལ་བའི་སྐྱོན་འཕང་བ་ནི་རིགས་པའི་རྣམ་གྲངས་ཙམ་དུ་ཟད་དེ། དེ་གསུམ་དུ་ཕྱེ་བའི་ཀུན་བཏགས་ཀྱི་མཚོན་བྱ་ཞེས་པ་མཚོན་བྱའི་ཀུན་བཏགས་ལ་བྱེད་ཀྱི། ཀུན་བཏགས་མཚན་ཉིད་དུ་བྱས་ནས་དེའི་མཚོན་བྱ་བཞག་
པ་མ་ཡིན་པའི་ཕྱིར། དེར་ཐལ། རྗོད་བྱེད་རྣམས་ནི་སྨྲ་བ་པོའི་བརྗོད་འདོད་ཀྱི་དབང་གིས་དོན་སྟོན་པའི་ཕྱིར། ཁྱོད་ལྟར་ན་ཀུན་བཏགས་ཀྱི་གཟུགས་དང་ཆོས་ཉིད་ཀྱི་གཟུགས་ཀྱང་མེད་པར་ཐལ། ཀུན་བཏགས་ཆོས་ཉིད་གཉིས་ལ་གཟུགས་ཤིག་འཇོག་ཚུལ་མེད་པའི་ཕྱིར། འདོད་མི་ནུས་ཏེ། དབྱིག་འགྲེལ་སྔར་དྲངས་པ་དང། ཉི་ཁྲི་ལས་ཀྱང། བྱམས་པ། གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་གསུམ་གྱིས་ཤེས་པར་བྱ་སྟེ། ཡོངས་སུ་བཏགས་པའི་གཟུགས་དང། རྣམ་པར་བཏགས་པའི་གཟུགས་དང། ཆོས་ཉིད་ཀྱི་གཟུགས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡོངས་གྲུབ་ཡིན་ན་ཁྱོད་ཀྱི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་འདུས་བྱས་རེ་ཡོད་པས་ཁྱབ་པར་ཐལ། འདི་ཉིད་ལས། ཆོས་ཅན་འདུས་བྱས་ལ་ཆོས་ཀྱི་བདག་རྣམ་པར་བཅད་ཙམ་གྱི་སྤྲོས་པ་མེད་དགག་ལ་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་ཏུ་འཇོག་པ་ཤིན་ཏུ་གསལ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེ་ཇོ་ནང་པས་ཆོས་ཅན་ལ་སྟོང་ཉིད་བཞག་ནས་དེ་གང་གིས་སྟོང་ན་འདུས་བྱས་ཀྱི་ཚོགས་ཀྱིས་ཚུར་སྟོང་པ་ཡོངས་གྲུབ་ཏུ་བཤད་པ་མདོའི་དོན་མིན་གྱི། འདུས་བྱས་ཆོས་ཅན་ལ་བཞག་ནས་དེ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པ་ཡོངས་གྲུབ་ཏུ་ཕར་འཇོག་པ་མདོའི་དོན་དུ་གསལ་ཞེས་པ་ཡིན་པའི་ཕྱིར། དེས་ན་འདུས་བྱས་དམིགས་ཀྱིས་བཀར་བའི་དགོས་པའང་ཀུན་མཁྱེན་ཆོས་འབྱུང་གིས་གཙོ་ཆེ་བར་དགོངས་པར་གསུངས་པའང་རུང་མོད། གཙོ་བོ་ནི་ཕྱོགས་སྔ་མས་འདུས་བྱས་རྣམས་གང་གིས་སྟོང་རྒྱུའི་དགག་བྱ་ལ་བཞག་པ་དེ་བཟློག་
ནས་འདུས་བྱས་སྟོང་གཞིར་བྱས་ཏེ་དགག་བྱ་ཀུན་བཏགས་ཤིག་འཇོག་དགོས་ཞེས་པ་ཡིན་པས་ཕྱོགས་སྔའི་འདོད་པ་བརྗོད་ཚུལ་གྱི་དབང་གིས་ཡིན་ནོ། །ཁ་ཅིག་ལུང་འདིས་ཀྱང་ཡོངས་གྲུབ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་དགོས་པར་བསྟན་ཟེར་བ་ནི་མ་བརྟགས་པ་སྟེ། འདིར་གོང་འོག་གཉི་གར་ཆོས་ཀྱི་ཞེས་སྨོས་པས་ཆོས་བདག་བཀག་ཙམ་དེ་ཆོས་ཀྱི་བདག་མེད་ཡོངས་གྲུབ་ཏུ་བཤད་པའི་ཤུགས་ལ་གང་ཟག་གི་བདག་བཀག་ཙམ་དེ་གང་ཟག་གི་བདག་མེད་ཀྱི་ཡོངས་གྲུབ་ཏུ་ལྷག་པར་འགྲུབ་པ་ཡིན་གྱི། ཡོངས་གྲུབ་ཙམ་ལ་ཆོས་བདག་བཀག་པ་དགོས་པར་སྟོན་པའི་གནས་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདི་ཉིད་ལས། ཆོས་ལ་ཞེས་སོགས་ཀྱིས་ཆོས་ཀྱི་བདག་མེད་དེ་བཞིན་ཉིད་ཅེས་བརྗོད་པ་གང་ལ་དམིགས་ནས་བསྒོམས་པས་སྒྲིབ་པ་དག་པར་འགྱུར་བ་དེ་ཉིད་ཡོངས་གྲུབ་ཏུ་ངོས་བཟུང་ངོ་། །ཞེས་པའི་ལུང་འདིས་ཡོངས་གྲུབ་ལ་ཆོས་ཀྱི་བདག་མེད་ཁོ་ན་འཇོག་པར་བསྟན་ཞེས་སྨྲ་བའང་མ་བརྟགས་པ་སྟེ། དེ་ནི་དགོངས་འགྲེལ་གྱི་མདོ་ཚིག་དེའི་དངོས་བསྟན་གྱི་དབང་དུ་བྱས་པར་གསལ་ལ། ཐེག་ཆེན་སློབ་པའི་བསྒོམ་བྱའི་ཆོས་ཀྱི་བདག་མེད་དེ་ཡོངས་གྲུབ་ཏུ་འཇོག་པའི་རྒྱུ་མཚན་སྟོན་པ་ལ། གང་ལ་དམིགས་ནས་བསྒོམ་པས་སྒྲིབ་པ་དག་པར་འགྱུར་བ་ཞེས་གསུངས་པའི་ཤུགས་ཀྱིས་ཐེག་དམན་རྣམས་གང་ལ་དམིགས་ནས་བསྒོམས་པས་སྒྲིབ་པ་དག་པར་འགྱུར་པའི་གང་ཟག་གི་བདག་མེད་དེའང་ཡོངས་གྲུབ་ཏུ་སྒྲུབ་ནུས་པའི་
ཕྱིར་རོ། །ཡང་ཁ་ཅིག །བདག་གཉིས་སུ་སྒྲོ་བཏགས་པ་ལྟར་གྲུབ་པས་སྟོང་པའི་དེ་བཞིན་ཉིད་ཡོངས་གྲུབ་ཀྱི་མཚན་ཉིད་དང། ཆོས་བདག་ཏུ་སྒྲོ་བཏགས་པ་ལྟར་སྒྲུབ་པས་སྟོང་པའི་དེ་བཞིན་ཉིད་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་ཀྱི་མཚན་ཉིད་སོགས་སུ་འཇོག་རིགས་པར་ཐལ། གྲུབ་མཐའ་ཆེན་མོ་ལས། རང་རྐྱ་ཐུབ་པའི་གང་ཟག་གི་བདག་དང་ཆོས་བདག་གཉིས་སུ་བདག་འཛིན་གཉིས་ཀྱིས་སྒྲོ་བཏགས་པ་ལྟར་དུ་གྲུབ་པས་སྟོང་པའི་དེ་བཞིན་ཉིད་དེ་ཡོངས་གྲུབ་ཀྱི་མཚན་ཉིད་ཅེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། གོ་ཐོབ་ཀྱི་དབང་དུ་བྱས་པ་ཙམ་ཡིན་པའི་ཕྱིར། གོང་དུ་འདོད་ན། བློ་དེས་ཡོངས་གྲུབ་རྟོགས་ན་བདག་མེད་གཉི་ག་རྟོགས་པས་ཁྱབ་པར་ཐལ། ཡོངས་གྲུབ་རྟོགས་ན་བདག་འཛིན་གཉི་གས་སྒྲོ་བཏགས་པ་ལྟར་གྲུབ་པས་སྟོང་པ་རྟོགས་པས་ཁྱབ་པའི་ཕྱིར། འདོད་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བདག་འཛིན་གཉི་གས་སྒྲོ་བཏགས་པ་ལྟར་གྲུབ་པས་སྟོང་པ་ཆོས་ཅན། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་འཛིན་སྟངས་ཀྱི་ཡུལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་གི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། དེར་ཐལ། ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་གྱི་འཛིན་སྟངས་ཀྱི་ཡུལ་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་ཆོས་ཀྱི་བདག་མེད་ཕྲ་མོ་ཆོས་ཅན། གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་
ཡིན་པར་ཐལ། གང་ཟག་གི་བདག་ཏུ་སྒྲོ་བཏགས་པ་ལྟར་གྲུབ་པས་སྟོང་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར། དེར་ཐལ། དེ་བཞིན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་ཡིན་ན་གང་ཟག་གི་བདག་ཏུ་གྲུབ་པས་སྟོང་པའི་ཆོས་ཡིན་པས་ཁྱབ་པའི་ཕྱིར། སོགས་སྤྲོ་སླ། ཁོ་ན་རེ། སྟོང་ཉིད་ཡིན་ན་ཁྱོད་ལ་སྟོང་གཞི་འདུས་བྱས་ཤིག་ཡོད་དགོས་པར་ཐལ། སྟོང་ཉིད་དུ་མ་ཟད་འདུས་མ་བྱས་གང་ཡིན་ཀྱང་རང་འདོགས་པའི་གཞིར་འདུ་བྱས་རེ་ཡོད་དགོས་པའི་ཕྱིར་ན། མ་ཁྱབ། རྟགས་གྲུབ་སྟེ། རྩ་ཤེ་ལས། གང་ཞིག་བརྟེན་ནས་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །ཞེས་དང། །ཐར་ལམ་གསལ་བྱེད་ལས། འོ་ན་འདུས་མ་བྱས་ཀྱི་ནམ་མཁའི་ཤེས་བྱ་ཡིན་མིན་དཔྱོད་པའི་རྟེན་གྱི་དངོས་པོར་ཇི་ལྟར་རུང་ཞེ་ན། དེ་ལ་ཐོག་མར་འདུས་མ་བྱས་ཀྱི་ནམ་མཁའ་ཡོད་མེད་ཐེ་ཚོམ་ཟ་བ་གསལ་ནས་དེ་སྒྲུབ་དགོས་པ་ཡིན་ལ། དེའང་མིག་ཤེས་ལ་སྣང་བའི་བར་གྱི་སྣང་བ་མངོན་པར་སྐབས་ཡོད་ཀྱི་གཟུགས་འདི་མངོན་སུམ་དུ་ཚད་མས་གྲུབ་པ་གཞིར་བཟུང་ནས། དེར་ཐོགས་པའི་རེག་བྱ་ཡོད་མེད་དཔྱད་ནས་ཐོགས་པའི་རེག་བྱས་སྟོང་པར་ངེས་པ་ན་འདུས་མ་བྱས་ཀྱི་ནམ་མཁའི་མཚན་ཉིད་དེ་ལེགས་པར་གྲུབ་པ་ཡིན་པས་དེར་ཡང་དཔྱད་པར་བྱ་བའི་གཞི་དང་ཡོད་མེད་དཔྱོད་པའི་ཆོས་ཀྱང་དངོས་པོ་ཉིད་ལ་ཞེན་པར་ཤིན་ཏུ་གསལ་ལོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །དགོངས་འགྲེལ་ལས། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་ཞེས་པའི་དོན། ཡིག་ཆར། མཚན་ཉིད་གསུམ་པོ་གང་གི་མེད་རྒྱུའི་ངོ་བོ་ཉིད་ཡིན་ཞེ་ན། ཀུན་བཏགས་ཁོ་ནའི་མེད་རྒྱུའི་ངོ་བོ་ཉིད་ལ་བྱ་ལ། ངོ་བོ་ཉིད་གཞན་
གཉིས་ཀྱི་མེད་རྒྱུའི་ངོ་བོ་ཉིད་ལ་མི་བྱེད་ཅེས་སྟོན་པ་ལ་ངོ་བོ་ཉིད་དེ་ཁོ་ནས། ཞེས་གསུངས་པའི་ཕྱིར། ཞེས་པའི་དོན་དུ་བསམ་སྟེ། མ་མཆིས་རྒྱུའི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པ་གསུམ་གྱི་དང་པོའི་མེད་རྒྱུའི་མཚན་ཉིད་ངོ་བོ་ཉིད་དང། གཉིས་པའི་མེད་རྒྱུའི་སྐྱེ་བ་ངོ་བོ་ཉིད་དང། གསུམ་པའི་མེད་རྒྱུའི་དོན་དམ་པ་ངོ་བོ་ཉིད་གསུམ་གྱི་དང་པོ་ཁོ་ན་ལ་བྱེད་ཟེར་ན། མི་འཐད་པར་ཐལ། ཡིག་ཆའི་དགོངས་པ་སྐབས་ཐོབ་གཙོ་ཆེ་ཆུང་གི་དབང་གིས་ཡིན་པའི་ཕྱིར། དེར་ཐལ། འདིའི་མ་མཆིས་རྒྱུའི་ངོ་བོ་ཉིད་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་པའི་མེད་རྒྱུའི་ངོ་བོ་ཉིད་དེའང་ཡོངས་ཀྱང། དེ་ཡོངས་གྲུབ་ངོས་བཟུང་བའི་ཞར་བྱུང་ཙམ་ཡིན་ལ། དགག་བྱ་ངོས་བཟུང་བའི་ཆེད་དུ་གསུངས་པ་ནི་མཚན་ཉིད་མེད་པ་ཡིན་པས་དེ་གཙོ་བོར་བྱས་པ་ཡིན་པའི་ཕྱིར། ཁྱོད་ལྟར་ན་དོན་དམ་པ་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་ལ་ཆོས་བདག་མི་ཡོང་བར་ཐལ། ཁོ་ནའི་སྒྲས་དེ་བཀག་པའི་ཕྱིར། རྟགས་ཁས། འདོད་ན། དོན་དམ་པ་ངོ་བོ་ཉིད་མེད་པ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་མི་ཡོང་བར་ཐལ་ལོ། །ཇོ་ནང་པ་ལ་སྐྱོན་སྟོན་མཚམས་ཀྱི་གནད་ཀྱང་འདི་ན་ཡོད་དེ། སྔར་བཤད་པ་ལྟར་ཆོས་ཉིད་སྒྲུབ་པ་རང་དབང་བ་ཞིག་བཞག་པ་དེ་ཤེར་མདོའི་སྐབས་སུ་སྟོང་གཞིར་བཟུང་ནས་བདེན་མེད་དུ་གསུངས་ཞེས་སྒྲུབ་མི་རུང་བས། དེ་ལ་ཤེར་མདོས་སྟོང་ཉིད་བདེན་མེད་དུ་བསྟན་པར་སྒྲུབ་པའི་ཚེ་འདི་ལྟར། ཤེར་མདོ་ཆོས་ཅན། ཁྱོད་ཀྱིས་སྟོང་པ་ཉིད་བདེན་མེད་དུ་བཤད་པར་ཐལ། ཁྱོད་ཀྱིས་དགག་བྱའི་བདག་བཅད་ཙམ་གྱི་མེད་དགག་དེ་བདེན་མེད་དུ་བཤད་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ།
སྟོང་ཉིད་ལ་དགག་བྱ་དེ་བཅད་ཙམ་གྱི་མེད་དགག་ཅིག་དགོས་པའི་ཕྱིར་ཏེ། དེ་ལྟར་དགོས་པ་ཇོ་ནང་པ་ཁྱོད་ཀྱིས་ངེས་དོན་མཐར་ཐུག་ཏུ་འདོད་རྒྱུའི་མདོ་སྡེ་དགོངས་འགྲེལ་གྱི་སྐབས་སུ། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་ཞེས་སོགས་ཀྱིས་གསལ་བར་གསུངས་པའི་ཕྱིར། ཞེས་འགོག་དགོས་སོ། །ཡང་རྣམ་པ་གཅིག་ཏུ་ན་ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་ཞེས་པ་དེ་ངོ་བོ་ཉིད་མེད་པ་གསུམ་གྱི་མེད་རྒྱུའི་ངོ་བོ་ཉིད་གསུམ་གྱི་ནང་ནས་གཅིག་ཁོ་ནའི་ངོ་བོར་མ་མཆིས་པའམ་བཀག་ཙམ་ལ་མ་སྦྱར་བར། མཚན་ཉིད་གསུམ་ལ་ངོ་བོ་ཉིད་གསུམ་དུ་བྱས་པའི་ནང་གི་ཀུན་བཏགས་ཀྱི་ངོ་བོ་གཅིག་པུ་བཀག་ཙམ་ལ་འཇོག་གི། གཞན་དབང་ཡོངས་གྲུབ་གཉིས་ཀྱི་ངོ་བོ་བཀག་པ་མི་འཇོག་ཅེས་ཁོ་ནའི་སྒྲས་མཚན་ཉིད་གཞན་གཉིས་གཅོད་པའི་དོན་དུ་སྦྱོར་རུང་སྟེ། དགོངས་འགྲེལ་ལས། ཀུན་བཏགས་པའི་མཚན་ཉིད་དེར་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་ཉིད་ལས། ངོ་བོ་ཉིད་དེ་ཁོ་ནས་ཞེས་ཀུན་བཏགས་ཀྱི་ངོ་བོ་ཉིད་གོང་དུ་སྨོས་པ་ལ་གསུངས་ནས་ཁོ་ནས་ཞེས་པས་ནི་གཞན་གཅོད་པས་ངོ་བོ་ཉིད་གཞན་གཉིས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ་མི་བྱེད་ཀྱི། ཀུན་བཏགས་ཁོ་ནའི་ངོ་བོ་མེད་པ་ལ་ཡོངས་གྲུབ་ཏུ་བྱེད་ཅེས་པའི་དོན་ནོ། །ཞེས་དང། མདོ་འདིས་སྟོང་ཚུལ་བསྟན་པ་ངེས་དོན་དུ་འདོད་པ་དང་ངོ་བོ་ཉིད་ཐ་མ་ངོ་བོ་ཉིད་དང་པོ་གཉིས་ཀྱིས་སྟོང་པ་ཡོངས་གྲུབ་འདོད་པའང་འགལ་བའོ། །ཞེས་གསུངས་པའི་ཕྱིར། དེར་མ་ཟད་འདི་ཉིད་ལས། སྡུག་བདེན་ལ་ནི་གདགས་གཞི་
སྔར་བཞིན་ལ་སྡུག་བསྔལ་གྱི་བདེན་པའོ་ཞེས་ངོ་བོ་དང་སྡུག་བདེན་ཡོངས་སུ་ཤེས་པ་ཞེས་བྱེ་བྲག་ཏུ་མིང་དང་བརྡས་བཞག་པ་ཀུན་བཏགས་དང། གཞན་དབང་སྔར་བཞིན་དང་ཡོངས་གྲུབ་ཀྱང་སྔར་དང་འདྲ་ལ་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་གསུངས་ཤིང། དེ་བཞིན་དུ་བདེན་པ་ལྷག་མ་ལའང་སྦྱར་རོ། །ཞེས་གསུངས་པའང་ཇོ་ནང་པའི་འདོད་ཚུལ་དེ་ལ་ལུང་འགལ་སྟོན་པ་ཡིན་ཏེ། གོང་གི་གཟུགས་ཕུང་དང་འདིར་སྡུག་བདེན་གྱི་སྟེང་དུ་ཡོངས་གྲུབ་འཇོག་ཚུལ་མདོ་ཚིག་ཟུར་ཙམ་ཡང་མི་འདྲ་བ་མེད་པས་ཡོངས་གྲུབ་སྔར་དང་འདྲ་ཞེས་པས་ཆོག་མོད་ཀྱང། དེའི་སྟེང་དུ་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་གསུངས་ཞེས་བསྣན་པའི་དགོས་པ་ནི་དེ་དག་གིས་ཆོས་ལ་ཆ་ཕྱེ་ནས་ཀུན་རྫོབ་པ་རྣམས་རང་གི་ངོ་བོ་བདེན་གྲུབ་ཀྱིས་སྟོང་པ་དང་ཆོས་ཉིད་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་པ་ཞེས་བཤད་ཀྱང། མདོ་ལས་གོང་འོག་གང་དུའང་ཁྱད་མ་ཕྱེ་བར་གཟུགས་ཕུང་ནས་འདིའི་བར་ཐམས་ཅད་ལ་རང་གི་ངོ་བོ་ཀུན་བཏགས་ཀྱིས་སྟོང་པ་ཡོངས་གྲུབ་ཏུ་འཇོག་པ་དང། ཁྱད་པར་འདིའི་མཇུག་དེ་མ་ཐག་འགོག་ལམ་གཉིས་ཀྱང་སྨོས་པར་འགྱུར་བས་ཀུན་བྱང་གང་ལའང་ཆོས་ཉིད་ཀྱི་འཇོག་ཚུལ་ཁྱད་མེད་པར་གོ་བའི་ཆེད་དུ་མི་འཕྱུག་པའི་གཟེར་བཏབ་པ་ཡིན་པར་དགོངས་ནས་རྗེ་བླ་མས་རྡོ་རྗེའི་ཚིག་འདི་གསུངས་པ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། འདིར་མཚན་ཉིད་གསུམ་གསུམ་སྦྱར་བར་གསུངས་སོ་ཞེས་པ་འབྲེལ་མེད་པར་ཐལ། གསུམ་གསུམ་སྦྱོར་མཁན་མདོ་ཡིན་པ་གང་ཞིག །དེ་ལྟར་ན་གསུངས་སོ་ཞེས་པ་མདོ་ལས་གཞན་གཅིག་ལ་ངོས་འཛིན་
དགོས་པའི་ཕྱིར་ན། མ་གྲུབ་སྟེ། གཉི་ག་ལེའུ་འདིའི་ནང་གི་ཡིན་ཀྱང་མདོ་ཚིག་སོ་སོ་བ་ཡིན་པའི་ཕྱིར། དེར་ཐལ། མཚན་ཉིད་གསུམ་སྦྱོར་མཁན་ནི་དྲི་བ་ཞུས་པའིལན་དུ་སྟོན་པས་བཀའ་སྩལ་བའི་མདོ་ཚིག་ཡིན་ལ། ཕྱི་མ་ནི་བདག་གིས་གོ་ལགས་ཞེས་དོན་དམ་ཡང་དག་འཕགས་ཀྱིས་ཡར་ཞུས་པའི་ཚིག་ཡིན་པའི་ཕྱིར། གཞན་ཡང་ཆོས་ཐམས་ཅད་ལ་མཚན་ཉིད་གསུམ་གསུམ་སྦྱར་བའི་ནང་གི་གཞན་དབང་དེར་གཞན་དབང་མཚན་ཉིད་པ་ཞིག་དགོས་པར་བསམ་ནས་རང་རང་མི་འཇོག་པར་གཞན་རེ་བཙལ་ནས་འཇོག་པ་ནི་སྐབས་དོན་གྱི་དགོས་པ་མ་རྟོགས་པ་ཡིན་པར་ཐལ། དེའི་དགོས་པ་སྟོང་ཉིད་གཏན་ལ་འབེབས་པ་ལ་ཐོག་མར་སྟོང་གཞི་ངོས་བཟུང། དེ་ནས་དེའི་སྟེང་དུ་འགོག་རྒྱུའི་དགག་བྱ་ངོས་བཟུང། དེ་ནས་དེས་སྟོང་པའི་ཡོངས་གྲུབ་ངོས་འཛིན་པའི་ཆེད་ཡིན་པས་སྟོང་གཞིར་འགྲོ་མི་འགྲོ་གཙོ་ཆེ་བ་མ་གཏོགས་གཞན་དབང་མཚན་ཉིད་པ་ཡིན་མིན་ལ་ལྟོས་དོན་མེད་པའི་ཕྱིར། དེར་ཐལ། འདི་ཉིད་ལས་མཚན་ཉིད་གསུམ་གསུམ་གྱི་འཇོག་ལུགས་བྱས་ནས་ཞེས་པའི་ཚིག་གི་ནུས་པ་འདོན་ལུགས་དོན་དེ་དངོས་མ་ཡིན་ཀྱང་ཕྱོགས་ཙམ་འདྲ་བ་ལ་ཚུལ་དང་ལུགས་ཀྱི་སྒྲ་འཇུག་པས། འདིར་འདུས་མ་བྱས་རྣམས་ཀྱི་གཞན་དབང་ལ་གཞན་དབང་གི་དོན་དངོས་མ་ཚང་ཡང། སྟོང་གཞི་ཡིན་པའི་ཆ་ནས་གཞན་དབང་དུ་འཇོག་ལུགས་བྱས་ཆོག་པའི་དོན་དུ་ཀུན་མཁྱེན་ཆོས་འབྱུང་གིས་གསུངས་པ་བཞིན་ཡིན་པའི་ཕྱིར། སྟོང་གཞིར་འགྲོ་ཚུལ་གྱི་སྒོ་ནས་གཞན་དབང་གི་སྒྲ་བཤད་ལུགས་ཡོད་
དེ། རྟོག་གེ་འབར་བ་ལས། ཀུན་བཏགས་པ་དང་ཡོངས་སུ་གྲུབ་པ་གཞན་དག་ལ་དབང་བས་ཏེ། ཀུན་བཏགས་པ་དང་ཡོངས་སུ་གྲུབ་པ་དེ་དག་གི་རྟེན་ཡིན་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །ཞེས་གསུངས་པའི་ཕྱིར། དཔེར་ན་མི་གཅིག་རང་ལ་གཏད་སོ་མེད་པར་གྲོགས་བཟང་ངན་གྱིས་གར་ཁྲིད་ཡིན་པ་དེར་གཞན་གྱི་དབང་དུ་འགྲོ་ཟེར་བ་ལྟར། སྟོང་གཞི་རང་ངོས་ནས་ཡང་དག་པ་དང་ཕྱིན་ཅི་ལོག་གང་དུ་ངེས་པ་སྐྱེད་མི་ནུས་ཀྱང། བདག་འཛིན་གྱིས་ལོག་པར་སྒྲོ་བཏགས་པའི་ཆ་ནས་ཀུན་བཏགས་པའི་སྣང་ཚུལ་དང། འཕགས་པའི་ཡེ་ཤེས་ཀྱིས་ཕྱིན་ཅི་མ་ལོག་པར་གཟིགས་པའི་ཆ་ནས་ཡང་དག་པའི་གནས་ཚུལ་བཞག་པ་ཡིན་པའི་ཕྱིར་ཏེ། གཞི་གཅིག་པུ་དེ་ལ་དམིགས་པར་ཁྱད་མེད་ཀྱང་འཛིན་སྟངས་དངོས་འགལ་དུ་སོང་བ་ཡིན་པས་ཐུང་མོང་གི་དམིགས་པའི་དབང་དུ་བྱས་ནས་གཞན་དབང་དང། འཛིན་སྟངས་སོ་སོའི་ངོ་ལ་ལྟོས་ཏེ་མཚན་ཉིད་གཞན་གཉིས་བཞག་པ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། ནམ་མཁའི་སྟེང་གི་གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་ཚུལ་བཤད་དུ་མེད་ཀྱང། དེའི་སྟེང་གི་གཞན་དབང་འཇོག་ཚུལ་ཡོད་པའི་ཁྱད་པར་འཐད་པར་ཐལ། འདོད་པའི་ཕྱིར། འདོད་ན། ནམ་མཁའ་ལ་སྐྱེ་བ་ངོ་བོ་ཉིད་མེད་ཚུལ་གཅིག་བཤད་དུ་མེད་པར་ཐལ། ནམ་མཁའི་སྟེང་གི་གཞན་དབང་ལ་དེ་མེད་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ནམ་མཁའ་གཞན་དབང་དུ་བྱས་ནས་དེའི་ཡོངས་གྲུབ་གཏན་ལ་འབེབས་ཚུལ་གཅིག་མེད་པའི་ཕྱིར་ཏེ། དེ་ལ་སྐྱེ་བ་ངོ་བོ་ཉིད་མེད་ཚུལ་གཅིག་བཤད་དུ་མེད་པའི་ཕྱིར་ན། མ་ཁྱབ། བྲམ་
ཟེའི་བུ་སྣ་ཉག་ཆོས་ཅན། ཁྱོད་སེང་གེ་ཡིན་ཚུལ་བཤད་དུ་ཡོད་པར་ཐལ། ཁྱོད་ལ་སེང་གེར་བཤད་ཚུལ་གཅིག་ཡོད་པའི་ཕྱིར། ཁྱབ་པ་འགྲིག །གོང་དུ་འདོད་མི་ནུས་ཏེ། དེར་བཤད་ཚུལ་གཅིག་ཡོད་ན་དེ་ཡིན་མི་དགོས་པའི་ཕྱིར། དོན་དམ་པ་ངོ་བོ་ཉིད་མེད་པར་བཤད་ཚུལ་ཡོད་ཀྱང་དེ་མ་ཡིན་པ་གཞན་དབང་ལྟ་བུ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། བློ་དེའི་དམིགས་ཡུལ་ཡིན་ན་བློ་དེའི་སྤྱོད་ཡུལ་ཡིན་དགོས་པར་ཐལ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་པ་དེའི་དམིགས་ཡུལ་ལ་བྱེད་པའི་ཕྱིར་ན། མ་ཁྱབ། འདོད་ན། རྣམ་མཁྱེན་ཆོས་ཅན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་སྤྱོད་ཡུལ་ཡིན་པར་ཐལ། དེའི་དམིགས་ཡུལ་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། དེས་ཆོས་ཐམས་ཅད་ཀྱི་སྟེང་གི་སྟོང་པ་ཉིད་ཆོས་དབྱིངས་ཀུན་འགྲོའི་ཚུལ་གྱིས་རྟོགས་པའི་ཕྱིར་དང། དེ་རྣམ་མཁྱེན་གྱི་སྟེང་གི་ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་དངོས་གཉེན་བར་ཆད་མེད་ལམ་ཡིན་པས་བདག་འཛིན་དེ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་འགྲོ་དགོས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། སེམས་ཅན་གྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། དེར་ཐལ། སེམས་ཅན་གྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་མ་གྱུར་བའི་ལས་འབྲས་ཀྱི་འབྲེལ་བ་ཕྲ་མོ་དང་སངས་རྒྱས་ཀྱི་གསང་བ་བསམ་མི་ཁྱབ་འཇོག་རྒྱུ་ཡོད་པའི་ཕྱིར། མདོ་ལས། རྒྱལ་སྲས་རང་རྒྱལ་རྣམས་དང་ཉན་ཐོས་ཀུན་གྱིས་ཀྱང། །སྤྱོད་ཡུལ་མ་གྱུར་རྫོགས་སངས་རྒྱས་ཀྱི་གསང་
བ་འདི། །ཞེས་དང། མཛོད་འགྲེལ་རྒྱལ་སྲས་མ་ལས། གང་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གཏོགས་པ་ཁོ་ན་ཡིན་པ་དེ་དག །ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། གཟུགས་དེ་གཟུགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཀྱི་གདགས་གཞི་ཡིན་པར་ཐལ། དགོངས་འགྲེལ་ལས་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་ཞེས་གསུངས་ཤིང། དེའི་དོན་འདི་ཉིད་ལས། གཉིས་པས་ཀུན་བཏགས་ཀྱི་གདགས་གཞི་དང། ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་ཀྱི་སྟེང་གི་ཀུན་བཏགས་ཡིན་ན་གཟུགས་ཁྱོད་ཀྱི་གདགས་གཞི་ཡིན་དགོས་པར་ཐལ། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ལ་དེའི་ཕྱིར། འདོད་ན། གཟུགས་དེ་གཟུགས་ལ་མོ་གཤམ་གྱི་བུར་འཛིན་པའི་རྟོག་པས་སྒྲོ་བཏགས་པའི་ཆ་དང། དེས་བཟུང་བ་ལྟར་གྱི་མོ་གཤམ་གྱི་བུ་གཉི་གའི་གདགས་གཞི་ཡིན་པར་ཐལ། དེ་ལྟར་འཛིན་པ་ཡོད་པའི་ཕྱིར་ཏེ། རྣམ་རྟོག་ལ་མཐའ་མེད་པའི་ཕྱིར་དང་རྟོག་པ་དེ་ལོག་ཤེས་སུ་ཁས་ལེན་དགོས་པའི་ཕྱིར། འདོད་ན། མོ་གཤམ་གྱི་བུའི་གདགས་གཞིའི་ཕུང་པོ་ལྔ་ཡོད་པར་ཐལ། གདགས་གཞི་ཕུང་པོ་ལྔ་ལ་བཏགས་པའི་ཀུན་བཏགས་ཤིག་ཡོད་པའི་ཕྱིར་ཏེ། ཕུང་པོ་ལྔ་དེའི་གདགས་གཞི་ཡིན་པར་ཁས་བླངས་ཤིང་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཡོད་པར་ཡོངས་སུ་གྲགས་པའི་ཕྱིར་ཟེར་ན། དོན་ལ་འགལ་བ་ཆེར་མེད་པས་ཐ་སྙད་གྲགས་ཚོད་དང་མཐུན་པའི་ལན་འདེབས། ཁ་ཅིག་ན་རེ། རྩ་ཤེས་རྣམ་བཤད་ལས། རང་སྡེ་དངོས་པོར་
སྨྲ་བས་ཀྱང་འཁོར་འདས་གཉིས་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་མི་འབྱེད་གསུངས་པ་མི་རིགས་པར་ཐལ། དེ་ལ་ཁྱད་འབྱེད་པའི་དངོས་སྨྲ་བ་ཡོད་པའི་ཕྱིར་ན། མ་ཁྱབ་སྟེ། སྐབས་འདིར་གཙོ་བོ་སེམས་ཙམ་པ་ལ་དགོངས་པའི་ཕྱིར། གོང་གི་རྟགས་གྲུབ་སྟེ། མདོ་སྡེ་པ་དེ་ཡིན་པའི་ཕྱིར། དེར་ཐལ། དེས་འཁོར་བ་དངོས་པོ་དང་མྱང་འདས་རྟག་པར་ཁས་ལེན་པ་གང་ཞིག །རྟག་དངོས་གཉིས་ལ་རིམ་བཞིན་བདེན་མེད་དང་བདེན་གྲུབ་ཀྱིས་ཁྱབ་པ་ཁས་ལེན་པའི་ཕྱིར། དེར་ཐལ། སྔ་མ་ལ་ཀུན་རྫོབ་ཏུ་ཡོད་པ་དང་སྤྱི་མཚན་གྱིས་ཁྱབ་པ་དང། ཕྱི་མ་ལ་དོན་དམ་དུ་ཡོད་པ་དང་རང་མཚན་གྱིས་ཁྱབ་པར་ཁས་ལེན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་སྟེ། །གཞན་ནི་ཀུན་རྫོབ་ཡོད་པ་འོ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་གསུངས་པའི་ཕྱིར། ངོ་བོ་ཉིད་མེད་གསུམ་གྱི་གཞི། །ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་གསལ་བར་ངོས་འཛིན་ཚུལ། །ངོ་མཚར་རིག་སྔགས་རྒྱལ་པོ་འདི། །རྒྱལ་རྣམས་དགྱེས་བྱེད་མཆོད་པའི་སྤྲིན་གྱི་གཟུངས། །མཁས་པ་དགའ་བྱེད་ཤེས་རབ་བློ་འཕེལ་སྔགས། །རྒོལ་ངན་མཐར་བྱེད་དམོད་པའི་དྲག་སྔགས་ཏེ། །སྒྲ་ཙམ་འདོན་ལ་ནེ་ཙོའི་མ་ཎི་ཡིན། །༈ བཞི་པ་དེ་དག་གི་གྲུབ་པའི་དོན་ཞུས་ཚུལ་ལ། དྲི་བས་མཚམས་སྦྱར་བ། བཤད་བྱའི་མདོ་འགོད་པ། མདོའི་དོན་བཤད་པ་གསུམ། དང་པོ་ནི། དེ་ལྟར་ན་གསུང་རབ་ལ་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་ཡོད་པ་དང་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པ་དང། རང་
གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ལེགས་པར་ཕྱེ་མ་ཕྱེ་གཉིས་སུ་འགྱུར་ལ་ཕྱེ་བ་ནི་དོན་གཞན་དུ་དྲང་བར་མི་བྱ་བས་ངེས་པའི་དོན་དང། མ་ཕྱེ་བ་ནི་དོན་གཞན་དུ་དྲང་དགོས་པས་དྲང་བའི་དོན་ཡིན་ལ། དེ་ལའང་གཉིས་ཡོད་པས་མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་སྔར་བཤད་པ་རྣམས་ཀྱི་ཤུགས་ཀྱིས་ཤེས་པར་འགྱུར་རོ། །ཤུགས་ལ་གནས་པའི་དོན་དེ་ཉིད་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར་བའི་དྲང་ངེས་སུ་འགྱུར་ཚུལ་དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་ཞུས་པ་ནི། ཞེས་བྱུང། གཉིས་པ་ནི། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེའང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་
སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་སོ། །གསུམ་པ་ལ་མདོའི་ཚིག་དོན་དང། དེ་ནས་འབྱུང་བའི་དྲང་ངེས་ཀྱི་ཚུལ་བཤད་པ་གཉིས། དང་པོ་ནི། དེ་ལ་འཁོར་ལོ་དང་པོ་བསྐོར་བའི་གནས་ཞེས་སོགས་དང། གཉིས་པ་ནི། དེ་འདྲ་བའི་འཁོར་ལོ་དང་པོ་ལ་བདེན་བཞིའི་ཆོས་འཁོར་དང་ཞེས་སོགས་གསུངས། འདི་ལ་སྤྱི་དོན་མཐའ་དཔྱད་པ་གཉིས། དང་པོ་ནི། མདོ་ཚིག་འདི་དག་གིས་འཁོར་ལོ་གསུམ་གྱི་རྣམ་གཞག་སྟོན་ཚུལ་ཡང། བཅོམ་ལྡན་འདས་ཀྱིས་ཞེས་ཆོས་འཁོར་སྐོར་བ་པོ་དང། དང་པོར་ཞེས་བསྐོར་བའི་དུས་དང། ཡུལ་ཝ་ར་ཎཱ་སིར་ཞེས་སོགས་ཀྱིས་གང་དུ་བསྐོར་བའི་
གནས་དང། ཉན་ཐོས་ཀྱི་ཐེག་པ་ལ་ཞེས་སོགས་ཀྱིས་ཐེག་པ་དམན་པའི་སྡེ་སྣོད་ལ་གཙོ་བོར་བརྟེན་པའི་གདུལ་བྱ་དང། བདེན་པ་བཞིའི་ཞེས་སོགས་ཀྱིས་གང་ལས་བརྩམས་པའི་བརྗོད་བྱ་དང། ཆོས་ཀྱི་འཁོར་ལོ་ཞེས་ངོ་བོ་དང། ངོ་མཚར་ཞེས་སོགས་ཀྱིས་ཆེ་བ་དང། དེའང་བླ་ན་མཆིས་པ་ཞེས་སོགས་ཀྱིས་དྲང་ངེས་ཀྱི་ཁྱད་པར་ཏེ་འཁོར་ལོ་དང་པོ་དོན་ཚན་བརྒྱད་ཀྱི་སྒོ་ནས་བསྟན་ཏོ། །ཕྱི་མ་གཉིས་ལ་གནས་དང་དུས་དངོས་སུ་མ་གསུངས་ཀྱང་སྔ་མའི་ཤུགས་ཀྱིས་སྦྱོར་དགོས་ལ། རྒྱ་ནག་འགྲེལ་ཆེན་དུ་མདོ་དྲངས་པ་ན། དུས་གཉིས་པའི་ཚེ་ཞེས་དང། དུས་གསུམ་པ་འདིར་ཞེས་ཕྱི་མ་གཉིས་ལའང་དུས་ཀྱི་ཁྱད་པར་དངོས་སུ་གསུང་སྣང་ངོ་། །དེ་ལ་འཁོར་ལོ་དང་པོ་བསྐོར་བའི་གནས་ཝ་ར་ཎཱ་སི་ཞེས་པའི་དོན་ནི། ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་ལས། ཝར་ཎ་ཕུབ་དང་ཨ་སི་རལ་གྲི་སྟེ་སྔོན་ཡུལ་དེར་འཁྲུགས་པ་ཤིན་ཏུ་དར་བས་གོ་མཚོན་རྒྱུན་དུ་བསྟེན་པས་ཕུབ་རལ་ཅན་ནམ། ཡང་ན་ཝ་རཱ་འཁོར་མོ་དང་ན་སི་འཇིགས་པར་བཞེད་པ་དང། པཎྚི་ཏ་འགའ་ཞིག་ཆུ་བོ་ཝར་ཎ་དང་ཨ་སིའི་བར་གྱི་ཡུལ་ཡིན་པས་མཚམས་སྦྱར་བས་ཝར་ཎཱ་སི་ཡིན་གསུངས། ཞེས་འབྱུང་སྟེ། ཕྱི་མ་ནི་བྱེ་བྲག་བཤད་མཛོད་ལས། ཅིའི་ཕྱིར་ཝ་ར་ཎཱ་སི་ཞེས་བྱ་ཞེ་ན། སྨྲས་པ། འདི་ནི་ཆུ་ཀླུང་གི་མིང་ཡིན་ཏེ། དེ་ལས་མི་རིང་བ་ན་རྒྱལ་པོའི་གྲོང་ཁྱེར་བརྩིགས་པས། དེའི་ཕྱིར་གྲོང་ཁྱེར་འདིའང་བ་ར་ཎཱ་སི་
ཞེས་བྱའོ། །ཞེས་གསུངས་པ་རྒྱ་ནག་འགྲེལ་ཆེན་དུ་དྲངས་པ་དང་མཐུན་ནོ། །དྲང་སྲོང་ལྷུང་བ་ཞེས་པའང། བཀོད་པ་ཆེན་པོ་བསྟན་པའི་མདོ་ལས། ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ནམ་ལྷུམས་སུ་འཇུག་པར་དགོངས་པ་ན། ལྷའི་བུ་དག་འཛམ་བུའི་གླིང་དུ་བབས་ནས་རང་སངས་རྒྱས་རྣམས་ལ་འཕགས་པ་དག་ཞིང་འདི་ཡོངས་སུ་སྤངས་པའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པར་འགྱུར་རོ། །ཞེས་སྨྲས་པ་དང། དེའི་ཚེ་ཡུལ་ཝ་ར་ཎཱ་སིར་རང་སངས་རྒྱས་ལྔ་བརྒྱས་ལྷའི་བུའི་ཚིག་ཐོས་པས་འདུག་པའི་སྟན་ལས་ལངས་ནས་ནམ་མཁའ་ལ་ཏཱ་ལ་བདུན་ཙམ་དུ་འཕགས་ཏེ། མེས་རང་གི་ཕུང་པོ་བསྲེགས་ནས་ཡོངས་སུ་མྱ་ངན་ལས་འདས་ཀྱི་ཤཱ་རི་རཾ་འབའ་ཞིག་ནམ་མཁའ་ལས་བབས་པས། དེའི་ཕྱིར་གནས་འདི་དྲང་སྲོང་ལྷུང་བའི་གནས་ཞེས་བྱའོ། །ཞེས་གསུངས་ལ། རྒྱུད་སྡེ་སྤྱི་རྣམ་ལས་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་འབྱོན་པའི་གོང་དུ་དེ་ལྟར་བྱུང་བར་བཤད་དོ། །བྱེ་བྲག་བཤད་མཛོད་དུ་སྔོན་དྲང་སྲོང་ལྔ་བརྒྱ་ནམ་མཁའ་ལ་འགྲོ་བ་ན་རྫུ་འཕྲུལ་ཉམས་ཏེ་གནས་འདིར་ལྷུང་བས་དེ་ལྟར་བཏགས་པ་དང། དྲང་སྲོང་མཆོག་སངས་རྒྱས་རྣམས་ཀྱིས་ཆོས་འཁོར་ཐོག་མ་བསྐོར་བའི་གནས་ཡིན་པའི་ཆ་ནས་དྲང་སྲོང་སྨྲ་བ་
ཞེས་ཀྱང་འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། དུས་དང་པོར་ཡུལ་ཝ་ར་ཎཱ་སི་རི་དྭགས་ཀྱི་ཚལ་དྲང་སྲོང་འདུས་པའི་གནས་སུ་ཞེས་བྱ་བ་ནི་ཡོན་ཏན་རྣམ་པ་གསུམ་དང་ལྡན་པའི་ཕྱིར་གང་ཟག་རྣམ་པ་གསུམ་རྟག་ཏུ་དེར་འདུའོ། །ཞེས་ཚལ་དང་ཆུ་དང་གནས་ཀྱི་ཡོན་ཏན་གསུམ་དང་ལྡན་པས། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་འཁོར་འཕགས་པའི་ཚོགས་འདུ་བ་དང། དེ་མ་ཡིན་པའི་ཚེ་རེས་འགའ་རང་སངས་རྒྱས་དུ་མ་འདུ་ལ། རེས་འགའ་འཇིག་རྟེན་པའི་དྲང་སྲོང་དུ་མ་འདུ་བས་དྲང་སྲོང་འདུས་པའི་གནས་ཞེས་པ་ཡིན་པར་བཤད་དོ། །དེ་བཞིན་དུ། རི་དྭགས་རུ་རུ་མང་པོ་གནས་པ་དང། ཤ་བ་སྦྲུམ་མའ་ིདོན་དུ་རི་དྭགས་ཀྱི་རྒྱལ་པོས་སྲོག་བཏང་བའི་རྐྱེན་གྱིས་རྒྱལ་པོས་དེ་རྣམས་ལ་མི་འཇིགས་པ་བྱིན་པ་དང། ཆོས་འཁོར་བསྐོར་བའི་ཚེ་རི་དྭགས་ཤ་བ་གསུམ་རྟག་པར་ཆོས་ཉན་དུ་འོངས་པ་སོགས་ལ་བརྟེན་ནས་རི་དྭགས་ཀྱི་ནགས་དང། རི་དྭགས་བྱིན་པའི་ཚལ་དང། རི་དྭགས་རྒྱུ་བའི་གནས་ཞེས་སོགས་དུ་མར་བསྒྱུར་རོ། །འཁོར་ལོ་བར་པ་ནི་བྱ་རྒོད་ཕུང་པོའི་རི། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་ཁང་པ། ཀ་ལནྡ་ཀའི་ཚལ་ཏེ་གནས་བཞིར་འདུས་པ་བཅུ་དྲུག་ཏུ་གསུངས་པར་བཤད་པས་དགོངས་འགྲེལ་གྱིས་གནས་གཅིག་ཏུ་ངོས་མ་བཟུང་ངོ་། །འོན་ཀྱང་གྲགས་ཆེ་བ་བྱ་རྒོད་ཕུང་པོའི་རི་ཡིན་ལ། དེའི་སྒྲ་དོན་ནི། ས་ལུ་ལྗང་བའི་མདོར་བྲག་བྱ་རྒོད་ཀྱི་མགོའི་དབྱིབས་ལྟ་བུར་
ཡོད་པས་དེ་ལྟར་བཏགས་པར་གསུངས་ལ། ལོ་རྒྱུས་ཁ་ཅིག་ཏུ་ཤེར་མདོ་གསུངས་པའི་ཚེ་ཞིང་གཞན་ནས་བྱང་སེམས་དུ་མ་བྱ་རྒོད་ཀྱི་གཟུགས་སུ་སྤྲུལ་ཏེ་ཆོས་ཉན་པར་འོངས་པས་ཡིན་པར་བཤད་ཀྱང། རྒྱན་སྣང་ལས། དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་བའི་ཡུམ་སྟོན་པ་ལ། བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་ཆེན་པོའི་ཁུར་ཡུལ་གཞན་གྱིས་འདེགས་པར་མི་ནུས་པ་ཉིད་ཀྱིས་མངོན་པར་བྱང་ཆུབ་པའི་གནས་དང་འདྲ་བར་འདོད་པར་བྱ་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོར་གྱུར་པ་ཡོད་པ་གང་ཡིན་པ་ནི་བྱ་རྒོད་ཀྱི་ཕུང་པོའོ། །ལྷ་ལ་སོགས་པ་བསོད་ནམས་འདོད་པ་རྣམས་ཚེས་བརྒྱད་ལ་སོགས་པའི་དུས་ཚིགས་རྣམས་སུ་འདུ་བ་རྒྱ་ཆེར་བྱེད་པ་ཞེས་བྱ་བའི་ངེས་པའི་ཚིག་གི་ཚལ་གྱིས་ན་རིའོ། །ཞེས་གྷྲྀ་དྷ་ཀུ་ཊཿདང་པ་ར་བ་ཏའི་ངེས་ཚིག་གི་སྟེང་ནས་གསུངས་སོ། །འདི་ལ་དཔག་ན་ཏིང་ངེ་འཛིན་རྒྱལ་པོ་སོགས་མདོ་སྡེ་འགའ་ཞིག་ཏུ་བྱ་རྒོད་ཕུང་པོའི་རི་འདི་བསྐལ་པ་སྔ་མ་རྣམས་ལ་ཡོད་པར་གསུངས་པའང་སྒྲ་ཇི་བཞིན་དུ་རུང་སྟེ། བསྐལ་པ་འཇིག་པའི་ཚེའང་མངོན་པར་བྱང་ཆུབ་པའི་གནས་རྡོ་རྗེ་གདན་ནི་མི་འཇིག་པར་གསུངས་ལ་འདིའང་དེ་དང་འདྲ་བར་མངོན་ནོ། །དེ་བཞིན་དུ་འཁོར་ལོ་ཐ་མ་བསྐོར་བའི་གནས་ཀྱང་གཅིག་ཏུ་ངེས་བཟུང་མ་མཛད་པ་ཡིན་ཏེ། སློབ་དཔོན་ཡང་དག་པའི་བདེན་པའི་བརྗེད་བྱང་ལས། གལ་ཏེ་ཡངས་པ་ཅན་དུ་བཞུགས་ནས་ཞེས་བསྟན་ན་དེས་ཞིང་
ཡོངས་སུ་མ་དག་པ་ན་བཞུགས་པར་བསྟན་པར་འགྱུར་བས་མདོ་དང་མི་མཐུན་པར་འགྱུར་རོ། །ཞེས་དང། གནས་བདུན་དུ་འདུས་པ་བརྒྱད་ཀྱིས་གསུངས་པར་འགྱུར་ཏེ། མདོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཞེས་དགོངས་འགྲེལ་ཡངས་པ་ཅན་དུ་གསུངས་པས་དེ་གཙོ་བོར་སྨོས་པ་ཡིན་གྱི། འཁོར་ལོ་ཐ་མ་བསྐོར་བའི་གནས་དེ་ཁོ་ནར་མ་ངེས་པར་གསུངས་པ་བཞིན་འཐད་དེ། ལང་གཤེགས་ལངྒའི་གྲོང་ཁྱེར་དུ་གསུངས་ལ། རྒྱན་སྟུག་ལས། འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་ལས་འདས་ཏེ་སངས་རྒྱས་ཀྱི་ཞིང་སྟུག་པོ་ན། ཞེས་འོག་མིན་དུ་གསུངས་ཚུལ་གླེང་གཞིའི་སྐབས་སུ་འབྱུང་བའི་ཕྱིར་རོ། །དེའི་རྒྱུ་མཚན་གྱིས་རྒྱ་ནག་འགྲེལ་ཆེན་ལས་ཀྱང། ཆོས་ཀྱི་འཁོར་ལོ་གསུམ་པ་ནི་གནས་གཉིས་སུ་བཞུགས་ནས་གསུངས་ཏེ། ཞིང་ཡོངས་སུ་དག་པ་དང་ཞིང་ཡོངས་སུ་མ་དག་པ་ཞེས་བཤད་དོ། །འོན་ཀྱང་ཕལ་ཆེར་དུ་ཡངས་པ་ཅན་སྨོས་པ་ནི་དགོངས་འགྲེལ་འཁོར་ལོ་གསུམ་པའི་གཙོ་བོ་ཡིན་ལ། དེ་ཡངས་པ་ཅན་གྱི་ཡི་དྭགས་ཀྱི་རྒྱལ་པོའི་ཆོས་ཀྱི་ཁང་པར་གསུངས་པའི་རྒྱུ་མཚན་གྱིས་ཡིན་ནོ། །དུས་ཀྱི་ཁྱད་པར་འཁོར་ལོ་དང་པོ་ལ་དུས་དང་པོར་ཞེས་གསུངས་པས། ཕྱི་མ་གཉིས་ལ་བར་བ་དང་ཐ་མར་ཞེས་པ་དོན་གྱིས་འཐོབ་ཅིང། ཐུན་མོང་བའི་དབང་དུ་བྱས་ན་ཐོག་མར་གསུང་རིམ་དེ་བཞིན་བྱེད་པ་ཕལ་ཆེར་མཐུན་ཀྱང། སོ་སོའི་ལོ་གྲངས་ལ་འཁྲུངས་ལོ་དང་འདས་ལོའི་རྩི་ཚུལ་སོགས་མ་འདྲ་བའི་དབང་
གིས་བཤད་ཚུལ་སྣ་ཚོགས་ཡོད་དེ། ཆག་ལོ་ཙཱ་བས་དང་པོ་ལོ་བདུན། བར་བ་སོ་གཅིག ཐ་མ་བདུན་ནམ་དགུར་བཤད་པ་ནི་རྒྱ་ནག་འགྲེལ་ཆེན་དང་མཐུན། ཁྲོ་ཕུ་ལོ་ཙཱ་བས་གསུམ་དང་སུམ་ཅུ་དང་བཅུ་གཉིས་སུ་བཤད། བསྟན་པ་གསལ་བྱེད་རྒྱན་གྱི་འོད་ཟེར་ལས་དང་པོ་ལོ་བདུན་མ་ལོང་བ་དང། བར་བ་བཅུ་གཉིས། ཐ་མ་ཉེར་བརྒྱད་དུ་བཤད། མཆིམས་ཆེན་པོས་བདུན་དང། ཉེར་བདུན་དང། བཅུར་བཤད་ཀྱང། བུ་སྟོན་རིན་པོ་ཆེས། དུས་ཀྱི་ངེས་པ་འདི་རྣམས་ཀྱི་ཁུངས་གསལ་བ་ཁོ་བོས་མ་མཐོང་ངོ་། །ཞེས་གསུངས་པ་ལྟར་ལོ་རྩི་ཚུལ་གྱི་བཤད་རྒྱུན་ཙམ་ལས་རྩོད་མེད་ཀྱི་ཁུངས་དང་མི་ལྡན་ཞིང་བདེན་བཞིའི་ཆོས་འཁོར་ལྟ་བུས་སངས་རྒྱས་ཚུལ་བསྟན་པ་ནས་མྱ་ངན་ལས་འདའ་ཚུལ་གྱི་བར་དུ་གསུངས་པ་ལུང་སྡེ་བཞིས་གྲུབ་ཚུལ་ཀུན་མཁྱེན་བླ་མས་གསུངས་པ་ལྟར་རོ། །གདུལ་བྱ་ནི་དང་པོར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞེས་དང། བར་བར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་དང། ཐ་མར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་གསུངས་ཏེ། གཙོ་བོར་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྟེན་པ་དང། ཐེག་པ་ཆེན་པོའི་སྡེ་སྣོད་ལ་བརྟེན་པ་དང། ཐེག་པ་གོང་འོག་གཉི་གའི་སྡེ་སྣོད་ཀྱི་དགོངས་པ་འཚོལ་བའི་གདུལ་བྱ་རིགས་གསུམ་དུ་ཕྱེ་ནས་གསུངས་སོ། །གང་ལས་བརྩམས་པའི་བརྗོད་བྱ་ནི། འཁོར་ལོ་དང་པོར་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས། ཞེས་གསུངས་ཤིང། བར་བ་དང་ཐ་མ་གཉིས་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་
ལས་བརྩམས་སྐྱེ་བ་མ་མཆིས་པ། འགག་པ་མ་མཆིས་པ་དང། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཞེས་ཁྱད་མེད་དུ་ངོ་བོ་ཉིད་མེད་པ་སོགས་ལྔ་ལས་བརྩམས་པ་འདྲ་བར་གསུངས་སོ། །འོན་ཀྱང་སྟོན་ཚུལ་མི་འདྲ་སྟེ། ཐ་མ་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཞེས་འབྱུང་ཞིང། བར་པ་ལ་མདོའི་འགྱུར་འདིར་སྟོང་ཉིད་སྨོས་པའི་རྣམ་པའི་ཞེས་འབྱུང་ཡང། རྒྱ་ནག་འགྲེལ་ཆེན་དུ་བསྒྱུར་སྐབས་མི་མངོན་པའི་རྣམ་པས་ཞེས་བསྒྱུར་བས་འགྱུར་དེ་ལེགས་པར་འདི་ཉིད་དུ་གསུངས་སོ། །དེའི་རྒྱུ་མཚན་མཚན་ཉིད་གསུམ་གང་ལའང་བདེན་པར་གྲུབ་པའི་ཕྱོགས་གསལ་བར་མ་བསྟན་པར་སྟོང་ཕྱོགས་གཙོ་བོར་བྱས་ནས་བདེན་པར་མེད་མཉམ་དུ་གསུངས་ཏེ། ཡོད་པ་མཁྱུད་པའམ་སྦས་པས་ན་མི་མངོན་པའི་རྣམ་པ་ཞེས་གསུངས་པ་ཡིན་པར་དེ་ཉིད་དུ་བཤད་དོ། །དེ་ལྟར་མི་མངོན་པར་ཞེས་བསྒྱུར་ན་འབྲེལ་ཆགས་པ་ནི་ཕྱི་མ་ལེགས་པར་ཕྱེ་ཞེས་པའི་ཚིག་གི་ནུས་པས་ཀྱང་ཤེས་ཏེ། མདོ་དེ་གཉི་ག་ངོ་བོ་ཉིད་མེད་པ་ལས་བརྩམས་པར་འདྲ་འང། གཅིག་གིས་བདེན་པར་ཡོད་མེད་གསལ་བར་ཕྱེ་ཞེས་པའི་ཤུགས་ལ་གཅིག་ཤོས་ཀྱིས་གསལ་བར་མ་ཕྱེ་བ་གོ་བའི་ཕྱིར། འོན་ཀྱང་ལེགས་པར་ཕྱེ་ཞེས་པ་བདེན་པར་གྲུབ་པའི་ཕྱོགས་དང་བདེན་གྲུབ་ཀྱིས་སྟོང་པའི་ཕྱོགས་གཉིས་སུ་ཕྱེ་བ་ལ་བྱས་ན། སྔ་མས་སྟོང་ཕྱོགས་གཅིག་པུ་གཙོ་བོར་བྱས་པ་གོ་ནུས་པས་དེའང་འབྲེལ་མེད་པ་མིན་ནོ། །ཆོས་ཀྱི་འཁོར་ལོ་ཞེས་པས་ངོ་བོ་བསྟན་ཅིང། དེའང་བྱེ་བྲག་སྨྲ་བ་རྣམས་ནི་མཛོད་ལས།
ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །ཞེས་པ་ལྟར་རྟོགས་པའི་ཆོས་འཁོར་ལ་མཐོང་ལམ་གྱིས་ཁྱབ་པ་དང། ལུང་གི་ཆོས་འཁོར་ལ་བདེན་བཞིའི་ཆོས་འཁོར་གྱིས་ཁྱབ་པར་འདོད་ཅིང། དེ་གཉིས་ཀྱི་ནང་ནས་ཀྱང་ཆོས་འཁོར་དངོས་ནི་སྔ་མ་ཁོ་ནར་འདོད་དོ། །དེ་ལ་འཁོར་ལོའི་མིང་འདོགས་པའི་རྒྱུ་མཚན་ནི་མཛོད་ལས། མྱུར་བར་འགྲོ་སོགས་རྩིབས་སོགས་ཕྱིར། །ཞེས་དཔེ་དོན་སྦྱོར་ཚུལ་གཉིས་གསུངས་ཏེ། འཁོར་སྒྱུར་གྱི་འཁོར་ལོ་ནི་བགྲོད་པ་མྱུར་བ། ས་གཞན་དང་གཞན་དུ་འགྲོ་བ། ཡུལ་འཁོར་དབང་དུ་མ་བསྡུས་པ་རྣམས་སྡུད་པས་ན་མ་རྒྱལ་བ་ལས་རྒྱལ་བ། བསྡུས་ཟིན་བརྟན་པར་བྱེད་པས་རྒྱལ་བ་རྣལ་དུ་འགོད་པ། མཐོ་བ་ལ་འཕར་བ། དམའ་བ་ལ་འབབ་པ་དྲུག་དང་ཆོས་མཐུན་པར་མཐོང་ལམ་གྱི་སྐད་ཅིག་རེ་རེས་ཀྱང་ཡོངས་སུ་ཤེས་པ་དང་སྤོང་བ་སོགས་ཀྱི་བྱ་བ་བྱེད་པ། བདེན་པའི་དམིགས་རྣམ་སྔ་མ་སྔ་མ་དོར་ནས་གཞན་དང་གཞན་ལ་འཇུག་པ་མཐོང་སྤང་སྔར་མ་སྤངས་པ་སྤོང་བ། སྤངས་ཟིན་བརྟན་པར་བྱེད་པས་འགོག་བདེན་ཐོབ་པ། ཁམས་གོང་མའི་བདེན་པ་ལ་དམིགས་པས་འཕར་བ། འོག་མའི་བདེན་པ་ལ་དམིགས་པས་འབབ་པ་རྣམས་ཡིན་པའི་ཕྱིར། མཛོད་རང་འགྲེལ་ལས། མྱུར་དུ་འགྲོ་བའི་ཕྱིར་དང། འདོར་བ་དང་འཇུག་པའི་ཕྱིར་དང། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང། རྒྱལ་བ་རྣལ་དུ་འགོད་པའི་ཕྱིར་དང། འཕར་བ་དང་འབབ་པའི་ཕྱིར་ཏེ། མྱུར་བར་འགྲོ་བ་ལ་སོགས་པས་ནི་དེ་ལྟ་བུ་ཡིན་ནོ། །ཞེས་སོ། །རྩིབས་སོགས་
ཕྱིར་ཞེས་པའང་དེ་ཉིད་ལས། བཙུན་པ་དབྱངས་སྒྲོགས་ན་རེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་རྩིབས་ལ་སོགས་པ་དང་ཆོས་མཐུན་པའི་ཕྱིར་འཁོར་ལོ་ཞེས་བྱ་སྟེ། ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་དང་དྲན་པ་རྣམས་ནི་རྩིབས་ལྟ་བུ་ཡིན་ནོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ་ཡིན་ནོ། །ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །ཞེས་འཕགས་ལམ་ཡན་ལག་བརྒྱད་དང་སྦྱར་ནས་གསུངས་ཏེ། འཁོར་ལོའི་གཞན་དུ་སྒྲོད་བྱེད་དམ་ཡུལ་ཡོངས་སུ་གཅོད་བྱེད་རྩིབས་ཡིན་པ་ལྟར། གཞལ་བྱ་རང་སྟོབས་ཀྱིས་རྟོག་བྱེད་དང་བསྒོམ་པའི་བྱ་བར་འཇུག་བྱེད་ཡང་དག་པའི་ལྟ་བ་སོགས་ཡིན་པས་དེ་བཞི་གཅོད་པའི་རྩིབས་དང་སྦྱར། རྩིབས་ཀྱི་རྟེན་གཞི་ལྟེ་བ་ཡིན་པ་ལྟར་ཤེས་རབ་དང་ཏིང་ངེ་འཛིན་གྱི་རྟེན་གཞི་ཚུལ་ཁྲིམས་ཡིན་པས་ཚུལ་ཁྲིམས་ཀྱིས་བསྡུས་པའི་ཡང་དག་པའི་ངག་སོགས་གསུམ་རྟེན་པའི་ལྟེ་བ་དང་སྦྱར། རྩིབས་རྣམས་མི་འཐོར་བར་བསྡུ་བྱེད་མུ་ཁྱུད་ཡིན་པ་ལྟར་ཤེས་རབ་ཀྱང་བྱིང་རྒོད་ཀྱིས་མི་གཡེང་བར་དམིགས་པ་ལ་གནས་བྱེད་ཡང་དག་པའི་ཏིང་ངེ་འཛིན་ཡིན་པས་དེ་སྡུད་པའི་མུ་ཁྱུད་དང་སྦྱར་རོ། །བདེན་བཞི་ཤེས་པ་ལ་སྦྱོར་ཚུལ་ཡང་ཡོད་དེ། རྒྱ་ནག་འགྲེལ་ཆེན་ལས། ཇི་ལྟར་ཤིང་རྟའི་འཁོར་ལོ་ལྟེ་བ་དབུས་སུ་གནས་པས་རྩིབས་ལྟེ་བ་ལ་བརྟེན་པ་དང་མུ་ཁྱུད་ཀྱིས་ལྟེ་བ་བསྡུས་པ་དེ་བཞིན་དུ་མཐོང་བའི་ལམ་ལས་སྡུག་བསྔལ་དང་ཀུན་འབྱུང་བའི་བཟོད་པ་དང་ཤེས་པ་ནི་རྩིབས་ལྟ་བུའོ། །འགོག་པའི་བཟོད་པ་དང་འགོག་པའི་ཤེས་པ་ནི་ལྟེ་བ་ལྟ་བུའོ། །ལམ་གྱི་བཟོད་
པ་དང་ལམ་གྱི་ཤེས་པ་ནི་མུ་ཁྱུད་ལྟ་བུ་ཡིན་ཏེ་ལམ་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས་ཏེ། སྡུག་ཀུན་གཉིས་ནི་ཡོངས་སུ་གཅོད་བྱ་དང། འགོག་བདེན་མངོན་དུ་བྱ་རྒྱུའི་སྙིང་པོ་ཡིན་ལ། དེ་ལྟར་བྱེད་མཁན་ལམ་ཡིན་པ་ལ་བསམ་པར་སྣང་ངོ་། །རྒྱན་ལས། ཤེས་བྱ་མ་རྒྱལ་རྒྱལ་བའི་ཕྱིར། །དྲན་པ་དག་ནིཀུན་ཏུ་སྤྱོད། །ཅེས་པའི་དབྱིག་འགྲེལ་དུ། ཤེས་བྱ་མ་རྒྱལ་བ་རྒྱལ་བར་བྱ་བའི་ཕྱིར་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་ཡུལ་མ་ཕེབས་པ་འབེབ་པ་ལྟ་བུའོ། །ཞེས་པ་ནི་བྱང་ཆུབ་ཡན་ལག་བདུན་རྒྱལ་སྲིད་སྣ་བདུན་དང་སྦྱར་བའི་ཡ་གྱལ་ཙམ་ཡིན་པས་འདི་དང་མི་འདྲའོ། །བདེན་བཞིའི་ཆོས་འཁོར་ལ་བཟླས་པ་གསུམ་དང་རྣམ་གྲངས་བཅུ་གཉིས་སུ་བྱེད་པ་འདྲའང་ངོས་འཛིན་མི་འདྲ་སྟེ། བྱེ་སྨྲས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་སོགས་ངོ་བོ་ལ་བཟླས་པ་དང། སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་བསྒོམ་པར་བྱའོ། །ཞེས་བྱ་བ་བཟླས་པ་དང། སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ་ཞེས་སོགས་བྱེད་པ་ལ་བཟླས་པ་ཡིན་ཞིང། བཟླས་པ་རེ་རེའི་མཐར་མིག་སྐྱེ། ཤེས་པ་སྐྱེ། རིག་པ་སྐྱེ། བློ་སྐྱེ་ཞེས་བཞི་བཞི་བྱུང་བས་རྣམ་གྲངས་བཅུ་གཉིས་དང། ཡང་ངོ་བོ་ལ་བཟླས་པ་དེར་བདེན་བཞིའི་ངོ་བོ་ལ་བཟླས་པ་བཞི་ཡོད་པ་ལྟར་ཕྱི་མ་གཉིས་ལའང་བཞི་བཞི་ཡོད་པས་བཟླས་པ་བཅུ་གཉིས་སུ་བྱས་ནས་རེ་རེའི་མཐར་མིག་
སྐྱེ་སོགས་བཞི་བཞི་སྦྱར་བས་རྣམ་གྲངས་ཞེ་བརྒྱད་དུ་འགྱུར་རོ། །འོན་ཀྱང་སུམ་ཚན་དང་བཅུ་གཉིས་ཚན་དུ་གྲངས་མཚུངས་པས་སྔར་བཤད་པ་དང་མི་འགལ་ཏེ། དཔེར་ན་དགེ་སློང་གནས་བདུན་ལ་མཁས་ཞེས་པ་དེ་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་ལ་སྦྱར་ན་དེའི་ངོ་བོ་དང། དེའི་རྒྱུ་ཀུན་འབྱུང་དང། དེ་འགོག་པ་དང། དེར་འགྲོ་བའི་ལམ་དང། དེ་དག་གི་ཕན་ཡོན་དང། ཉེས་དམིགས་དང། ཇི་ལྟར་ངེས་པར་འབྱུང་ཚུལ་བདུན་ལ་མཁས་པ་ཡིན་པས། ཕུང་པོ་གཞན་བཞིའི་སྟེང་ནས་བདུན་རེ་སྟེ་མཁས་བྱའི་གནས་སོ་ལྔ་འབྱུང་ཡང་བདུན་ཚན་དུ་འདྲ་བས་དེ་ལྟར་བཤད་པ་བཞིན་ཡིན་པའི་ཕྱིར། མཛོད་འགྲེལ་ལས། གསུམ་ཚན་དང་བཅུ་གཉིས་སུ་ཆོས་མཐུན་པའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བཤད་དེ། ཆོས་གཉིས་དང་གནས་བདུན་ལ་མཁས་པ་བསྟན་པ་བཞིན་ནོ། །བཟླས་པ་འདི་དག་གིས་ནི་གྲངས་བཞིན་དུ་མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་རྣམས་བསྟན་ཏོ་ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར། མདོ་སྡེ་པས་དེ་བཀག་ནས་བཟླས་པ་གསུམ་གས་མཐོང་ལམ་སྐྱེ་བར་བསྐོར་བ་ཡིན་ལ། རྣམ་གྲངས་བཅུ་གཉིས་ཀྱང་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་པ་ལྟ་བུ་རྣམ་གྲངས་དེར་རྩི་བས་ལུགས་འདིར་བཟླས་པ་བཅུ་གཉིས་དང་རྣམ་གྲངས་ཞེ་བརྒྱད་བྱར་མེད་དོ། །མིག་བློ་ཤེས་རིག་བཞི་ངོས་འཛིན་ཚུལ་ཡང་སྣ་ཚོགས་ཡོད་དེ། རྣམ་བཤད་རིགས་པ་ལས། ཟག་པ་མེད་པའི་ཤེས་རབ་ནི་མིག་གོ །ཐེ་ཚོམ་མེད་པའི་ཕྱིར་ཤེས་པའོ། །ཡང་དག་པར་
དོན་དུ་འགྱུར་བའི་ཕྱིར་རིག་པའོ། །རྣམ་པར་དག་པའི་ཕྱིར་བློ་སྟེ། ངེས་པའི་ཚིག་གི་ཚུལ་ཉིད་ཀྱིས་ན་རྣམ་པར་དག་པའི་ཕྱིར་བློ་ཡིན་ནོ། །མིག་ལ་གཞན་པ་དང། ནོར་བ་དང། རྙོག་པ་ཉིད་མེད་པ་ཡང་དག་པར་བསྟན་པའི་ཕྱིར་རྣམ་གསུམ་གྱིས་ཁྱད་པར་དུ་བྱེད་པ་ཡིན་ནོ། །ཞེས་ཆོས་ཀྱི་མིག་ཁྱད་གཞི་བྱས་ཏེ། དེ་ལ་བྱེད་ལས་ཐ་དད་པའི་ལྡོག་ཆ་ནས་གཞན་གསུམ་བཏགས་པར་གསུངས་ཤིང། རྒྱན་སྣང་ལས་ཀྱང། མངོན་སུམ་དུ་བྱེད་པའི་དོན་ཉིད་ཀྱིས་ན་ཟག་པ་མེད་པའི་ཤེས་རབ་ཀྱི་མིག་སྐྱེས་སོ། །ཐེ་ཚོམ་མེད་པ་ཉིད་ཀྱིས་ན་ཤེས་པའོ། །ཡང་དག་པའི་དོན་ཉིད་ཡིན་པའི་ཕྱིར་རིག་པའོ། །རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་བློ་སྐྱེས་སོ། །ཞེས་གསུངས། ཡང་རྣམ་བཤད་རིགས་པ་ལས། གཞན་ཡང་བཟླས་པ་གསུམ་དག་ལ་ཐོག་མར་མཐོང་བ་ནི་མིག་གོ །ཇི་ལྟར་མཐོང་བ་ལ་རྣམ་པར་དཔྱོད་པ་ནི་ཤེས་པའོ། །གཉིས་པོ་དེ་ཉིད་ཇི་སྙེད་ཡོད་པ་ཅན་ཉིད་ལ་བརྟེན་ནས་རིག་པ་སྟེ། ཇི་སྙེད་ཡོད་པ་ལ་འཛིན་པའི་ཕྱིར་རོ། །ཇི་ལྟར་ཡོད་པ་ཅན་ཉིད་ལ་བརྟེན་ནས་བློ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཞེས་དང། ལོག་རྟོག་འགོག་ཚུལ་གྱིས་བཞིའང་གསུངས་པས། སྔ་མ་དང་རྒྱ་ནག་འགྲེལ་ཆེན་ལས། དེ་ལ་མིག་ཅེས་བྱ་བ་ནི་འདི་ལྟ་སྟེ་ཆོས་སུ་བཟོད་པའོ། །ཤེས་པ་ནི་འདི་ལྟ་སྟེ་ཆོས་སུ་ཤེས་པའོ། །རིག་པ་ནི་འདི་ལྟ་སྟེ་རྗེས་སུ་ཤེས་པའི་བཟོད་པའོ། །བློ་ནི་འདི་ལྟ་སྟེ་རྗེས་སུ་ཤེས་པ་རྣམས་སོ། །ཞེས་པ་གཉིས་ཕྱོགས་མཐུན་ནམ་སྙམ། བུ་སྟོན་
ཆོས་འབྱུང་ལས། བཟླས་པ་རེ་རེར་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་སྐྱེས་སོ་ཞེས། སྦྱོར་བ་དང། བར་ཆད་མེད་པ་དང། རྣམ་གྲོལ་དང། ཁྱད་པར་གྱི་ལམ་སྐྱེས་པར་བསྟན་པ་ནི་རྣམ་གྲངས་བཅུ་གཉིས་སོ། །ཞེས་ལམ་རང་རང་གི་སྦྱོར་དངོས་རྗེས་ལ་སྦྱར་བ་ནི་བྱེ་སྨྲས་བཟླས་པ་གསུམ་མཐོང་སྒོམ་མི་སློབ་ལམ་གསུམ་སྐྱེ་བར་བསྐོར་ཅེས་འདོད་པ་དང་འགྲིག ཕྱིས་ཀྱི་ཡིག་ཆ་དུ་མར་མཐོང་སྒོམ་མི་སློབ་ལམ་གསུམ་སྦྱོར་ལམ་དང་བཞི་ལ་སྦྱར་བ་དང། རྣམ་གྲངས་བསྡུ་བ་ལས། མིག་ནི་མངོན་སུམ་གྱི་དངོས་པོ་འཛིན་པའོ། །ཤེས་པ་ནི་ལྐོག་ཏུ་གྱུར་པའི་རིགས་འཛིན་པའོ། །རིག་པ་ནི་དངོས་པོ་ཇི་སྙེད་ཡོད་པ་ལ་འཇུག་པའོ། །བློ་ནི་ཇི་ལྟ་བ་བཞིན་དུ་རྗེས་སུ་རྟོགས་པའོ། །ཞེས་འབྱུང་བ་སོགས་བཤད་ཚུལ་གཞན་ཡང་ཡོད་དོ། །མཐོང་ལམ་ཁོ་ན་ཆོས་འཁོར་དུ་བྱེད་པའི་རྒྱུ་མཚན་ནི། གསེར་འཕྲེང་ལས། བྱེ་སྨྲ་རྣམས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དེ། ལྔ་སྡེ་ལ་ཝ་ར་ཎཱ་སིར་ཆོས་བསྟན་པས་ཀུན་ཤེས་ཀོའུ་དི་ནྱ་ལ་མཐོང་ལམ་སྐྱེས་པ་ན་གནོད་སྦྱིན་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོརརོ་ཞེས་བསྒྲགས་པ་དང། ཞེས་གསུངས་པས། རྒྱུ་མཚན་འདི་ལ་དཔག་ན་མཐོང་ལམ་གྱི་ནང་ནས་ཀྱང་དེའི་ཚེ་གདུལ་བྱ་དེ་དག་གི་རྒྱུད་ལ་སྐྱེས་པའི་མཐོང་ལམ་འབའ་ཞིག་ཆོས་འཁོར་དུ་བྱེད་དགོས་པར་མངོན་ནོ། །དེ་ལྟར་ན་གཏན་ལ་དབབ་བྱའི་གཙོ་བོའི་དབང་དུ་བྱས་ཏེ་འདིར་བསྟན་འཁོར་ལོ་དང་པོ་ལ་བདེན་བཞིའི་ཆོས་འཁོར་དང། བར་བ་ལ་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་བཏགས་སོ། །ཐ་མ་ལ་
རྒྱ་ནག་འགྲེལ་ཆེན་ལས་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་ཞེས་བཏགས་ཀྱང། རྗེ་བླ་མས་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་ཞེས་གསུངས་སོ། །སྔ་མའི་རྒྱུ་མཚན་ནི་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་འདིའི་མཇུག་ཏུ། ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དོན་དམ་ཡང་དག་འཕགས། འདི་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་ཡིན་ཏེ། འདི་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུངས་ཤིག །ཅེས་པ་འདི་ལ་བརྟེན་པར་སྣང་ཡང། དེ་འདྲ་རེ་ལེའུ་རང་རང་གི་མཐར་འབྱུང་བའི་སྒེར་གྱི་མིང་ཡིན་པས་ཁྱབ་ཆུང་ལ། འཁོར་ལོ་གསུམ་དུ་ཕྱེ་ནས་སོ་སོར་མིང་འདོགས་པའི་ཚེ་འཁོར་ལོ་ཐ་མ་ལ་མདོ་རང་ཉིད་ལས་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཞེས་བརྗོད་བྱ་ངོ་བོ་ཉིད་གསུམ་ལ་བདེན་པར་ཡོད་མེད་ཀྱི་ཁྱད་པར་ལེགས་པར་ཕྱེ་བའི་སྒོ་ནས་མིང་བཏགས་པ་ནི་སྔ་མ་གཉིས་ལ་མིང་འདོགས་ཚུལ་གྱི་འགྲོས་དང་མཐུན་ཞིང། ལང་གཤེགས་སོགས་འདི་འདྲ་བ་གཞན་ལའང་འབྲེལ་ཆགས་པས་ཁྱབ་ཆེ་བར་དགོངས་ཏེ་རྗེ་བླ་མས་འདི་གཙོ་བོར་མཛད་པ་ཡིན་སྣང་ངོ་། །ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ་ཞེས་ཆེ་བ་བསྟན་ཅིང། ཁྱད་པར་དུ་འཁོར་ལོ་བར་བ་ལ་ཆེས་ངོ་མཚར་རྨད་དུ་བྱུང་བ་ཞེས་བསྣན་ནས་གསུངས་པ་ནི་བརྗོད་བྱ་སྟོང་པ་ཉིད་རྒྱ་ཆེར་སྟོན་
པའི་སྒོ་ནས་མདོ་སྡེ་ཀུན་གྱི་གཙོ་བོར་གྱུར་བའི་དོན་ནོ། །ངོ་མཚར་རྨད་དུ་བྱུང་བ་ཞེས་པ་ནི་བརྒྱད་སྟོང་འགྲེལ་ཆེན་ལས། རྒྱུ་ཁྱད་པར་དུ་འཕགས་པས་ངོ་མཚར་རོ། །འབྲས་བུ་ཕུལ་དུ་བྱུང་བས་རྨད་དུ་བྱུང་བའོ། །ཞེས་རྒྱུ་ཚོགས་གཉིས་དང་མཁྱེན་བརྩེ་ནུས་པ་མཐར་ཕྱིན་པ་ལས་བྱུང་བས་ངོ་མཚར་བ་དང། འབྲས་བུ་སོ་སོའི་སྐལ་བ་བཞིན་རྣམ་གྲོལ་གསུམ་ལ་སྦྱར་ཏེ། དེ་ལས་ལྷག་པ་བྱར་མེད་པས་རྨད་དུ་བྱུང་བར་གསུངས་ཤིང། སྒྲོན་གསལ་ལས། ངོ་མཚར་དུ་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པས་སོ། །རྨད་དུ་གྱུར་པ་ནི་དོན་དམ་པའི་བདེན་པས་སོ། །ཞེས་གསུངས་ལ། གྲུབ་མཐའ་ཆེན་མོར། སྔོན་ཆད་དེ་འདྲ་མ་མཐོང་བས་ངོ་མཚར་བ་དང། དེ་འདྲ་མ་ཐོས་པས་རྨད་དུ་བྱུང་བ་ཞེས་གསུངས་སོ། །གཞན་སུས་ཀྱང་མ་བསྐོར་བ་ནི་དེའི་བདག་རྐྱེན་དུ་གྱུར་པའི་རྣམ་མཁྱེན་མ་ཐོབ་པར་དེ་བསྐོར་མི་ནུས་པ་ཡིན་ཏེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེའང་བླ་ན་མཆིས་པ་ཞེས་སོགས་ཀྱིས་དྲང་ངེས་ཀྱི་ཁྱད་པར་བསྟན་ལ། དེ་དག་སོ་སོའི་དོན་ནི། བླ་ན་མཆིས་པ་ནི་གུ་རུ་ཞེས་པ་བླ་མ་དང་གོང་མ་གཉི་གའི་སྐད་དོད་ཡིན་ཞིང། ན་གནས་གཞིའི་དོན་ཡིན་པས། དེའི་བླ་ནའམ་གོང་ན་དེ་དང་མི་མཐུན་པའི་ངེས་དོན་གྱི་མདོ་གཞན་ཡོད་པ་དང། སྐབས་མཆིས་པ་ནི་འདིས་བཤད་པ་ལྟར་ཁས་བླངས་པ་ལ་རྒོལ་བ་གཞན་གྱི་ཀླན་ཀའི་སྐབས་ཡོད་པ་སྟེ་གནོད་བྱེད་བརྗོད་རྒྱུ་རྙེད་པ་དང། དྲང་
བའི་དོན་ནི་དེའི་རྒྱུ་མཚན་གྱིས་སྒྲས་ཟིན་ལ་བཤད་པ་ལྟར་ཁས་ལེན་མི་རུང་བར་དགོངས་པ་གཞན་དུ་འདྲེན་དགོས་པ་དང། རྩོད་པའི་གཞིའི་གནས་སུ་གྱུར་པ་ནི་མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་ཀྱི་ཁྱད་པར་གསལ་བར་མ་མཛད་པས་རྗེས་འཇུག་རྣམས་དེའི་དགོངས་པ་རྣལ་མ་ཡིན་མིན་ལ་མི་མཐུན་པར་རྩོད་པ་འབྱུང་བའོ། །རྒྱ་ནག་འགྲེལ་ཆེན་ལས། འདི་ལྟར་ཆོས་ཀྱི་འཁོར་ལོ་འདི་སྟོང་པ་ཉིད་མཁྱུད་ཅིང་ཡོད་པ་ཉིད་དུ་བསྟན་པས་དྲང་བའི་དོན་ཡིན་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་དང། འབྲས་བུ་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་རྫོགས་པར་སྟོན་ཅིང། ཆོས་སྟོང་པ་ཉིད་ཀྱི་རིགས་པ་སྟོན་པར་མི་བྱེད་པས། དེའི་བསྟན་པ་འདི་ནི་གོང་ན་ཁྱད་པར་ཅན་ཡོད་པའི་བསྟན་པ་དང། སྐབས་ཁྱད་པར་ཅན་ཡོད་པའི་བསྟན་པ་དང། གཞན་དག་གིས་གཞིག་པར་བྱ་བ་དང། སྡེ་བ་ཉི་ཤུ་པོ་རྩོད་པར་སྨྲ་བ་དག་གི་གནས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དྲང་དོན་དུ་འགྲོ་ཚུལ་ཐོག་མར་སྨོས་ཏེ། དེའི་རྒྱུ་མཚན་གྱིས་བླ་ན་མཆིས་པ་སོགས་གསུམ་དུ་འགྱུར་ཚུལ་གསུངས་སོ། །འདིར་སྐབས་ཁྱད་པར་ཅན་ཡོད་ཅེས་པ་དང། འོག་ཏུ། ཕྱིས་མཆོག་ཏུ་གྱུར་པའི་སྐབས་མེད་ཅེས་པ་གཉིས་དོན་ལ་མ་ཞུགས་པས་རྗེས་རང་ལུགས་སུ་མ་མཛད་ལ། ཝེན་ཚེག་རང་ཉིད་ཀྱིས་རྒོལ་བ་དང་བཅས་པ་ཞེས་བསྒྱུར་བ་དང་ཡང་མ་འབྲེལ་ཏེ། འགྱུར་དེའང་རྗེས་གསུངས་ཚུལ་འདི་ལ་ཤིན་ཏུ་འགྲིག་གོ །ཁྱད་པར་གཞན་གསུམ་ལ་དགག་པ་མ་མཛད་པས་རང་ལུགས་ཀྱི་འགྲེལ་ཚུལ་
དང་དོན་མཐུན་ནོ། །འདིར་བསྟན་འཁོར་ལོ་བར་བ་ལའང་བླ་ན་མཆིས་པ་སོགས་བཞི་གསུངས་པ་ཕལ་ཆེར་སྔ་མ་ལྟར་ཡིན་ལ། འདིའི་གོང་ན་ངེས་དོན་གྱི་མདོ་གཞན་ཡོད་ཅེས་པ་ནི་སྒྲས་ཟིན་སྟོན་ཚུལ་གྱི་སྒོ་ནས་ཡིན་ནོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། བར་བ་འདི་ནི་ཐེག་པ་ཆེན་པོ་ཐེག་པ་ཆུང་ངུ་ལས་ཐ་དད་པར་སྟོ༡ན་པའི་ཕྱིར་ངེས་པའི་དོན་མ་ཡིན་པའོ། །ད་དུང་ཐེག་པ་གཅིག་ཡོ༢ད་པའི་ཕྱིར་གོང་མ་དང་བཅས་པའོ། །ཐེག་པ་ཆུང་ངུ་བ་དག་དང་ཐ༣་དད་པའི་ཕྱིར་ཐེག་པ་ཆུང་ངུ་བ་དག་དང་འཐབ་ཅིང་རྩོད་པར་འགྱུར་བའོ། །ཐེག་པ་གཅིག་གིས་རྣམ་པར་འཇིག་པའི་ཕྱིར་རྒོལ་བ་དང་བཅས་པའོ། །ཞེས་བཤད་པ་ནི་མི་ལེགས་པར་འདི་ཉིད་དུ་གསུངས་ལ། མི་ལེགས་ཚུལ་བར་བའི་སྐབས་སུ་དང་པོའི་སྒྲས་ཟིན་བཀག་ཀྱང་དགོངས་གཞི་མ་བསྟན་པས་དེ་གཏན་ནས་དོན་མ་ཡིན་པར་བསྟ༡ན་པ་ལྟ་བུར་སོང་སྟེ་ཐེག་པ་ཆུང་ངུ་བ་དག་དང་ཐ༣་དད་དམ་རྒྱབ་འགལ་དུ་སོང་ཞིང་དེའི་དབང་གིས་མི་མཐུན་པའི་རྩོད་པ་འབྱུང་བ་དང། འདིའི་གོང་ན་སྔགས་ཀྱི་ཐེག་པ་ཡོད་ཅི༢ང་དེས་ཟིལ་གྱིས་གནོ༣ན་པའི་དོན་དུ་བཤད་དེ་སྐབས་དང་མ་འབྲེལ་བར་སོང་བའམ། ཡང་ན་བར་བས་མཐར་ཐུག་ཐེག་ཆེན་གྱི་ཐེག་པ་གཅིག་པུ་ལས་མ་བཤད་པས་དྲང་དོན་སོགས་སུ་བསྒྲུབས་པ་སྟེ། ཐེག་པ་གསུམ་པོ་རང་ལམ་གྱིས་སྡུག་ཀུན་མ་ལུས་པར་ཟད་པའི་རྣམ་གྲོལ་ཐོབ་ནུས་མི་ནུས་མི་མཚུངས་པར་ཐེག་དམན་གྱི་ཞི་བ་ཉི་ཚེ་བར་བཤད་པས་དྲང་བའི་དོན་དང། མཐར་ཐུག་ཐེག་པ་གསུམ་ཆར་སྟོན་པའི་མདོ་དགོངས་འགྲེལ་སོགས་བརྗོད་བྱ་
རྫོགས་པའི་མདོ་གཞན་རང་གི་གོང་ནའམ་བླ་ན་ཡོད་པ་དང། ཐེག་དམན་གྱི་སྡེ་སྣོད་སོགས་ལས་ཉན་རང་དགྲ་བཅོམ་ཐོབ་ནས་ཐེག་ཆེན་དུ་མི་འཇུག་པར་བཤད་པ་དང་ཕྱོགས་ཙམ་ཡང་མི་མཐུན་པས་རྩོད་པའི་གནས་དང། མཐར་ཐུག་ཐེག་གསུམ་སྟོན་པའི་དགོངས་འགྲེལ་སོགས་ལུང་རིགས་ཀྱིས་འཇིག་པས་སྐབས་མཆིས་པའམ་རྒོལ་བ་དང་བཅས་ཞེས་པ་ཡིན་ནའང། འདིར་ངོ་བོ་ཉིད་གསུམ་བདེན་པར་ཡོད་མེད་བཤད་པ་གཙོ་ཆེ་ཡི། ཐེག་གསུམ་དང་ཐེག་གཅིག་ལྟ་བུ་བརྗོད་བྱ་སྣ་རེའི་སྒོ་ནས་མི་འབྱེད་པས་མི་འཐད་པ་ཡིན་ནམ་དཔྱད་པར་བྱའོ། །ཐ་མ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མཆིས་ཞེས་སོགས་གསུངས་པ་སྔར་གྱི་བླ་ན་མཆིས་པ་སོགས་བཞི་གོ་བཟློག་སྟེ། འདིའི་གོང་ན་གཞན་མེད་པ། རྒོལ་བའི་སྐབས་མེད་པ། སྒྲས་ཟིན་གྱི་དོན་དེར་ངེས་པ། ཞིབ་ཏུ་ཕྱེ་ནས་གསུངས་ཡོད་པས་མཁས་པས་བརྟགས་ན་རྩོད་པ་འོང་དོན་མེད་པ་ཡིན་ནོ། །རྩོད་པ་མེད་པའི་དོན་སློབ་དཔོན་ཡང་དག་བདེན་པས། ཐེག་པ་ཆུང་ངུ་བ་ཀུན་གྱིས་བགྲོད་པར་བྱ་བ་ཡིན་པའི་ཕྱིར་རྩོད་པ་མེད་པའོ། །ཞེས་པ་ལ་དཔག་ན་རིགས་ཅན་གསུམ་གས་འདི་ལ་ཆེད་དུ་བརྟེན་ནས་རང་གི་ཐར་པ་འཐོབ་ནུས་པ་དང། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་དོན་ཡང་དེར་འདོད་དམ་སྙམ་ལ། དེ་ལྟ་ན་མི་འཐད་པ་འོག་ཏུ་འཆད་པར་འགྱུར་རོ། །མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། འདིའི་མཚམས་སྦྱོར་དུ་ཤུགས་ལ་གནས་ཞེས་པའི་དོན། གྲུབ་དོན་གྱི་སྐབས་འདིར་འཁོར་ལོ་གསུམ་གྱི་ཐ་སྙད་སོ་སོར་སྦྱར་བ་
མ་གཏོགས། དེའི་སྔོན་ལ་བདེན་གཞིའི་ཆོས་འཁོར་དང་མཚན་ཉིད་མེད་པའི་ཆོས་འཁོར་ཟེར་བ་ཙམ་ལས་འཁོར་ལོ་དང་པོ་སོགས་ཀྱི་ཐ་སྙད་མ་བྱུང་བ་ཡིན་ཏེ། དེའི་རྒྱུ་མཚན་གྱིས་འདིར་ཡང་འཁོར་ལོ་དང་པོ་གཉིས་དྲང་དོན་ཞེས་མ་གསུངས་པར། མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་སྔར་བཤད་པ་རྣམས་ཀྱི་ཤུགས་ཀྱིས་ཤེས་པར་འགྱུར་རོ། །ཤུགས་ལ་གནས་པའི་དོན་དེ་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། དེའི་སྔོན་ནས་འཁོར་ལོ་དང་པོ་སོགས་ཀྱི་ཐ་སྙད་བྱུང་བའི་ཕྱིར། དེར་ཐལ། བདེན་བཞིའི་ཆོས་འཁོར་བསྐོར་བའི་ཚེ་ལྷ་རྣམས་ཀྱིས་འཛམ་བུའི་གླིང་དུ་སྔོན་མ་བྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་ངོ་ཞེས་བསྒྲགས་ཚུལ་མངོན་པར་འབྱུང་བའི་མདོ་ལས་གསུངས་ཤིང། ཤེར་མདོ་གསུངས་པའི་ཚེ་ལྷ་རྣམས་ཀྱིས་ཨ་ལ་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་བསྒྲགས་པར་བརྒྱད་སྟོང་པའི་རྣམ་མཁྱེན་མཇུག་སྡུད་ཀྱི་སྐབས་སུ་གསུངས་པའི་ཕྱིར་དང། གཉིས་པ་འཇོག་པ་ལ་དང་པོ་ཞིག་ཡོད་དགོས་པའི་ཕྱིར། ཡང་ཁ་ཅིག་འཁོར་ལོ་དང་པོ་གཉིས་དྲང་དོན་ཡིན་པ་དང། ཐ་མ་ངེས་དོན་ཡིན་པ་རེ་རེ་ནས་གྲུབ་དོན་ཡན་ལ་དངོས་སུ་མ་བསྟན་ཅིང། འདིར་བླ་ན་མཆིས་པ་སོགས་ཚན་གཉིས་ཀྱིས་དང་པོ་གཉི་ག་དྲང་དོན་དུ་དངོས་སུ་བསྟན། བླ་ན་མ་མཆིས་ཞེས་སོགས་ཀྱིས་ཐ་མ་ངེས་དོན་དུ་དངོས་སུ་བསྟན་པའི་ཕྱིར་ཟེར་བའང་མི་འཐད་པར་ཐལ། གོང་གི་དྲིས་ཞུས་དང་ལན་སོགས་ཀྱིས་དང་པོ་གཉིས་དྲང་དོན་དུ་དངོས་སུ་བསྟན་པའི་ཕྱིར། དེར་ཐལ། དེ་ནི་མིང་དང་བརྡས་རྣམ་པར་བཞག་པ་ཙམ་
ཡིན་གྱི་ཞེས་སོགས་ཀྱིས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བསྟན་ནས་འཁོར་ལོ་དང་པོའི་དངོས་ལ་གནོད་བྱེད་བསྟན། འདི་དང་ངོ་བོ་ཉིད་མེད་པ་གཞན་གཉིས་ཏེ་གསུམ་གས་འཁོར་ལོ་བར་བའི་དགོངས་གཞི་བསྟན། དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་ཞེས་སོགས་ཀྱིས་གཞན་དབང་བདེན་གྲུབ་ཏུ་བསྟན་པ་དང། རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་དོན་དམ་ཡིན་ལ་ཞེས་སོགས་ཀྱིས་ཡོངས་གྲུབ་བདེན་གྲུབ་ཏུ་བསྟན་ནས་འཁོར་ལོ་དང་པོའི་དགོངས་གཞི་དང་བར་བའི་དངོས་ལ་གནོད་བྱེད་བསྟན། ངའི་དགོངས་ཏེ་བཤད་པ་ཞེས་སོགས་ཀྱིས་དྲང་དོན་གྱི་མདོའི་སྒྲ་ཇི་བཞིན་པར་ཞེན་ན་རྟག་ཆད་ཀྱི་ལྟ་བར་འགྱུར་ཚུལ་རྒྱུ་མཚན་དང་བཅས་པ་གསལ་བར་གསུངས་པའི་ཕྱིར། ཁྱབ་སྟེ། གྲུབ་དོན་གྱི་སྐབས་འདིར་དྲང་བའི་དོན་ནོ་ཞེས་པའི་ཚིག་ཙམ་བྱུང་ཡང་དྲང་དོན་དུ་སྒྲུབ་པ་ལ་དེ་གཙོ་མི་ཆེ་བར་དྲང་དོན་དུ་བྱེད་དགོས་པའི་རྒྱུ་མཚན་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་སོགས་བསྟན་པ་གཙོ་ཆེ་ཞིང་དེ་གྲུབ་དོན་གྱི་གོང་ནས་དངོས་སུ་གསུངས་པའི་ཕྱིར། བྱས་པ་ལ། འོ་ན་འདིར་ཤུགས་ལ་གནས་པའི་དོན་ཞེས་པ་དེ་བསྙེགས་ས་ཞིག་མེད་པར་ཐལ། འཁོར་ལོ་དང་པོ་དྲང་དོན་ཡིན་པ་སོགས་འདིའི་ཤུགས་བསྟན་དུ་བཤད་པའང་མིན། འཁོར་ལོ་སོ་སོའི་ཐ་སྙད་ཤུགས་ཀྱིས་ཐོབ་ཡོད་ཀྱང་སྔར་དངོས་སུ་མ་གྲགས་པའི་དོན་ཡང་མ་ཡིན་པའི་ཕྱིར་ན། མ་ཁྱབ་སྟེ། གོང་གི་དྲིས་ལན་རྣམས་ཀྱིས་འཁོར་ལོ་དང་པོ་དང་བར་བ་གཉི་གས་
ཆ་མ་ཕྱེ་བར་རང་མཚན་གྱིས་ཡོད་མཉམ་དང་མེད་མཉམ་དུ་བཀའ་སྩལ་ཚུལ་དང་དེ་ལ་གནོད་བྱེད་འབབ་ཚུལ་དངོས་སུ་བསྟན། དང་པོའི་དགོངས་གཞི་ཤུགས་ལ་བསྟན་ཅིང་བར་བའི་དགོངས་གཞིའང་དངོས་སུ་བསྟན་པའི་ཤུགས་ཀྱིས་ཆ་ཕྱེ་ནས་སྟོན་པའི་ངེས་དོན་གཅིག་ཡོད་པར་འགྲུབ་ལ། ཚན་གསུམ་པོ་དེ་དུས་སྔ་ཕྱི་བར་གསུམ་དུ་གསུངས་པ་ཡིན་པས་གོ་རིམ་དེའི་སྒོ་ནས་འཁོར་ལོ་གསུམ་ཞེས་པའི་ཐ་སྙད་དང་མདོ་ཚན་གསུམ་ག་མིང་དོན་སྦྱོར་དགོས་ནའང། དེ་དྲིས་ཞུས་སོགས་ཀྱི་ཤུགས་ལ་ཐོན་པ་མ་གཏོགས་དངོས་སུ་མ་གསུངས་པ་གྲུབ་དོན་འདིར་དངོས་སུ་གསུངས་ཞེས་པ་ཡིན་པའི་ཕྱིར། དེ་ལྟར་བྱས་ན་ཀུན་མཁྱེན་བླ་མའི་ཕར་ཕྱིན་མཐའ་དཔྱོད་ལས། བཀའ་ཐམས་ཅད་བསྡུས་ན་དུས་དང་པོར་གསུངས་པའི་འཁོར་ལོ་དང་པོ་དང། དུས་བར་བར་གསུངས་པའི་འཁོར་ལོ་བར་བ་དང། དུས་ཐ་མར་གསུངས་པའི་འཁོར་ལོ་ཐ་མ་གསུམ་དུ་གྲངས་ངེས་པའི་ཕྱིར། དེ་ལྟར་གྲངས་ངེས་པར་དགོངས་འགྲེལ་དྲིས་ཞུས་ཀྱི་ཤུགས་ལ་བསྟན་པའི་ཕྱིར། ཞེས་དང། དེས་འཁོར་ལོ་དང་པོ་དང་བར་བ་གཉིས་ལ་དྲི་བ་དངོས་སུ་བསྟན་ནས་ཐ་མ་ཤུགས་ལ་བསྟན་པའི་ཕྱིར། ཞེས་དེའི་ཤེས་བྱེད་དུ་ཤུགས་ལ་གནས་པའི་དོན་ཞེས་སོགས་དྲངས་པའི་དགོངས་པའང་ལེགས་པར་གོ་ནུས་ཏེ། དྲིས་ལན་གཉི་གས་དང་པོ་དགོངས་གཞི་དངོས་སུ་དྲིས་པ་དང་ལན་བཏབ་པ་མེད་ཀྱང་དྲི་བའི་གཞི་འགོད་པའི་ཚེ་བཀའ་སྩལ་ཚུལ་དངོས་སུ་ཐོན་ཡོད་པས་ཐ་མ་ལ་ལྟོས་ན་དེའང་གསལ་བའི་རྒྱུ་མཚན་གྱིས་ཡིག་ཆར་འཁོར་ལོ་དང་པོ་དང་བར་བ་གཉིས་
ལ་དྲི་བ་དངོས་སུ་བསྟན་ཞེས་གསུངས་པ་ཡིན། ཐ་མ་ཤུགས་ལ་བསྟན་པའི་ཕྱིར་ཞེས་པ་དེར་དྲི་བའི་ཤུགས་ལ་བཀོད་ཅེས་པའི་དོན་མིན་གྱི། ཆ་མ་ཕྱེ་བ་གཉིས་དྲང་དོན་དུ་བཤད་པའི་ཤུགས་ཀྱིས་ཆ་ཕྱེ་བའི་ངེས་དོན་གཅིག་ཡོད་པར་ཤུགས་ལ་བསྟན་ཅིང། ཡང་སྔ་མ་གཉིས་ཀྱི་སྟེང་དུ་དེ་བསྣན་ན་འཁོར་ལོ་གསུམ་དུ་འགྱུར་ཚུལ་ཡང་ཤུགས་ལ་བསྟན་ཅེས་པ་ཡིན་ཏེ། འདིར་འཁོར་ལོ་དང་པོ་གཉིས་དྲང་དོན་དང་ཐ་མ་ངེས་དོན་དུ་སྔར་བཤད་པའི་ཤུགས་ཀྱིས་ཤེས་མ་གསུངས་པར། མདོ་སྡེ་གཉིས་དྲང་དོན་དང་གཅིག་ངེས་དོན་དུ་ཞེས་གསུངས་པའང་སྤྱིར་དེའི་སྔོན་དུ་འཁོར་ལོ་དང་པོ་དང་གཉིས་པའི་ཐ་སྙད་མེད་པ་མིན་ཀྱང། ལེའུ་འདིར་གྲུབ་དོན་གྱི་གོང་དུ་འཁོར་ལོ་སོ་སོའི་ཐ་སྙད་དང་དྲང་ངེས་སྦྱར་ནས་བསྟན་པ་མེད་ལ། གཙོ་བོར་ནི་འཁོར་ལོ་དང་པོ་གཉིས་ཟེར་བ་ལ་ཐ་མ་ཞིག་ཡོད་དགོས་ཤིང། དེའི་ཐ་སྙད་སྔར་མ་བྱུང་བའི་དབང་གིས་ཡིན་ནོ། །ཁོ་བོའི་མཆན་འགྲེལ་དུ་འདི་དང་མི་འདྲ་ཙམ་ཞིག་བྲིས་ཡོད་ཀྱང་ཡིག་ཆའི་ཁོག་བསྒྲིགས་ན་འདི་ལྟར་བྱེད་དགོས་པར་སྣང་ངོ་། །གཉལ་སྟོན་གྱི་དཀའ་འགྲེལ་ལས་འཁོར་ལོ་ཕྱི་མ་གཉིས་ལ་ངོ་མཚར་རྨད་དུ་བྱུང་བ་ཙམ་སྨོས་ཤིང། དང་པོ་ལ་དེའི་སྟེང་དུ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཅེས་པས་འཁོར་ལོ་དང་པོ་ཡིན་པར་བསྟན་ཅེས་བཤད་པ་མི་འཐད་དེ། འདིར་སྔོན་ཞེས་པ་སྟོན་པ་འཇིག་རྟེན་དུ་མ་བྱོན་གོང་ལ་བྱེད་ཀྱི། མདོ་མ་གསུངས་པའི་སྔོན་ཙམ་ལ་མི་བྱེད་ཅིང་མ་བསྐོར་
བའང་ཚངས་པ་སོགས་གཞན་གྱིས་མ་བསྐོར་བ་ལ་བྱ་ཡི། སྟོན་པས་སྔར་མ་བསྐོར་བ་ལ་མི་བྱེད་པའི་ཕྱིར། གཞན་དུ་ན་ཤེར་མདོའང་འཁོར་ལོ་དང་པོ་ཡིན་པར་ཐལ། ཉི་ཁྲི་ལས་ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་བའི་ཆོས་དང་ལྡན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ། ཞེས་གསུངས་པའི་ཕྱིར། ཁྱབ་པ་འགྲིག །དེས་ན་སྟོན་པ་ཉག་ཅིག་མ་གཏོགས་པ་གཞན་སུས་ཀྱང་བསྐོར་མི་ནུས་པའི་ཚངས་པའི་འཁོར་ལོའམ་ཆོས་ཀྱི་འཁོར་ལོར་འཇོག་ཚུལ་གསུངས་པ་ཡིན་པས་འཁོར་ལོ་ཕྱི་མ་གཉིས་ལའང་སྦྱོར་དགོས་སོ། །ཡང་ཁ་ཅིག་འདིར་བསྟན་འཁོར་ལོ་དང་པོ་ཡིན་ན་བདེན་བཞིའི་ཆོས་འཁོར་ཡིན་པས་ཁྱབ་པ་དང། བདེན་བཞི་གང་རུང་ལས་བརྩམས་ནས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྟོན་པས་ཁྱབ་པར་ཐལ། མདོ་ལས། འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པའི་ཞེས་གསུངས་ཤིང། འདི་ཉིད་ལས། བདེན་བཞིའི་རྣམ་པ་བསྟན་པའི་ཞེས་པ་ནི་བརྗོད་བྱ་གང་ལས་བརྩམས་ནས་བསྟན་པའོ། །ཞེས་དང། དེ་འདྲ་བའི་འཁོར་ལོ་དང་པོ་ལ་བདེན་བཞིའི་ཆོས་འཁོར་དང། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། ཉན་ཐོས་སྡེ་གཉིས་ཀྱི་བློ་དང་འཚམ་པའི་གནས་ལུགས་གཏན་ལ་འབེབས་ཚུལ་མངོན་པ་མཛོད་ལྟར་བདེན་བཞི་དང་སྦྱར་བ་འདི་ཡིན་པས་དེ་གཙོ་ཆེ་བ་ལ་དགོངས་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱིས་འཁོར་ལོ་དང་པོའི་དོན་བཞིན་བདེན་བཞིའི་སྟེང་ནས་གཏན་ལ་འབེབས། ངོ་བོ་ཉིད་མེད་པར་སྨྲ་བས་བར་
བའི་དོན་བཞིན་བདེན་གཉིས་སམ་སྣང་སྟོང་གཉིས་ཚོགས་པའི་སྟེང་ནས་གཏན་ལ་འབེབས་ཤིང་རྒྱུད་སྡེ་གོང་འོག་གི་ལམ་དང་རིམ་གཉིས་སྤྱི་རྫོགས་རིམ་སོ་སོ་ཀུན་ཀྱང་འདི་གཙོ་བོར་བྱས། སེམས་ཙམ་པས་འཁོར་ལོ་ཐ་མའི་དོན་བཞིན་ངོ་བོ་ཉིད་གསུམ་གྱི་སྟེང་ནས་གཏན་ལ་འབེབས་པའི་ཕྱིར། གྲུབ་མཐའ་རྩ་བར། འཁོར་ལོ་དང་པོའི་དོན་བཞིན་དོན་སྨྲ་གཉིས། །བར་མཐའི་ལུགས་བཞིན་དབུ་སེམས་གཉིས་བཞག་ཕྱིར། །གྲུབ་མཐའ་བཞི་ཡང་ཐུབ་དགོངས་མཆོག་དམན་བཞེད། །ཅེས་དང། རྒྱ་ནག་འགྲེལ་ཆེན་ལས། རི་དྭགས་ཀྱི་ཚལ་དུ་ཆོས་བསྟན་པ་གང་ཡིན་པ་དེ་ནི་བདེན་པ་བཞི་རྣམ་པར་བཞག་པའོ། །རྒྱལ་བྱེད་ཀྱི་ཚལ་དུ་ཆོས་གསུངས་པ་གང་ཡིན་པ་དེ་ནི་བདེན་པ་གཉིས་རྣམ་པར་བཞག་པའོ། །ཡངས་པ་ཅན་དུ་ཆོས་བཤད་པ་གང་ཡིན་དེ་ནི་བདེན་པར་རྣམ་པར་མ་བཞག་པ་སྟེ། ཞེས་དང། ངོ་བོ་ཉིད་རྣམ་པ་གསུམ་དང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་ཡོད་པ་དང་མེད་པའི་རིགས་པ་མ་ལུས་ཤིང་ཡོངས་སུ་རྫོགས་པར་སྟོན་པ་གང་ཡིན་པ་དེ་དག་ནི་དུས་གསུམ་པའི་བསྟན་པའོ། །ཞེས་གསུངས་པའི་ཕྱིར། དེས་ན་འཁོར་ལོ་སོ་སོའི་རྩོམ་གཞི་ལ་གང་གཙོ་ཆེ་བ་དེའི་དབང་དུ་བྱས་པ་ཡིན་གྱི། ཁྱབ་མཐའ་བཟུང་བ་མིན་ཏེ། འདིར་བསྟན་འཁོར་ལོ་བར་བ་ལའང་བདེན་པ་གཉི་ག་ཁྱད་གཞིར་བཟུང་བས་མ་ཁྱབ་པའི་ཕྱིར། དེར་ཐལ། དེ་ལ་བརྩམས་ཞེས་པ་དགོངས་པ་དེར་འབབ་པ་ཙམ་ལ་བཤད་ཚུལ་གཅིག་ཡོད་ཀྱང་སྐབས་འདིར་ཁྱད་གཞིར་བཟུང་
བ་ལ་བྱེད་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། རྗེ་བླ་མས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལ་བརྩམས་ཏེ་འཇུག །ཅེས་གསུང་རབ་ཐམས་ཅད་ཟབ་མོ་རྟེན་འབྱུང་ལས་བརྩམས་པར་གསུངས་ཤིང། དགོངས་འགྲེལ་བྱམས་ཞུས་ཀྱི་ལེའུ་ལས་ཀྱང། ཆོས་འདི་དག་ཐམས་ཅད་ནི་དེ་བཞིན་ཉིད་ལ་གཞོལ་བ། དེ་བཞིན་ཉིད་ལ་འབབ་པ། དེ་བཞིན་ཉིད་ལ་བབ་པ། ཞེས་སོགས་གསུངས་པའི་ཕྱིར། ཟུར་གཉིས་པ་གྲུབ་སྟེ། སྐབས་འདིའི་བདེན་བཞི་ལ་བརྩམས་པའི་མདོ་ལ་བདེན་བཞི་ཁྱད་གཞིར་བཟུང་བ་དགོས་པའི་ཕྱིར་ཏེ། དྲིས་ཞུས་ཀྱི་ཚེ་ཕུང་པོ་ལྔ། སྐྱེ་མཆེད་བཅུ་གཉིས། རྟེན་འབྲེལ་བཅུ་གཉིས། ཟས་བཞི། བདེན་པ་བཞི། ཁམས་བཅོ་བརྒྱད། བྱང་ཕྱོགས་སོ་བདུན་ཏེ་སྡེ་ཚན་བདུན་ལ་བརྩམས་ནས་བཀའ་སྩལ་ཚུལ་སོ་སོར་གསུངས་པས་དེ་དང་དེའི་དངོས་བསྟན་གྱི་མདོ་མ་འདྲེས་པར་སོ་སོར་འཇོག་དགོས་ཀྱི། དེ་ཐམས་ཅད་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཅེས་པའི་དངོས་བསྟན་གྱི་འགྲེས་རྐང་ལྔ་པའི་མདོར་འཇོག་པ་འབྲེལ་མེད་པའི་ཕྱིར། ཞིབ་པར་ཀུན་མཁྱེན་བླ་མའི་གསུང་ལྟར་རོ། །ཡང་ཁོ་ན་རེ། རྒྱལ་པོ་ཆེན་པོ་གཟུགས་ལ་སྐྱེ་བ་ཡོད་ཅེས་སོགས་ཀྱི་མདོ་འདིས་བདེན་བཞི་གང་རུང་ལ་བརྩམས་པར་ཐལ། དེས་སྡུག་བདེན་ལས་བརྩམས་པའི་ཕྱིར། དེར་ཐལ། དེས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལས་བརྩམས་པ་གང་ཞིག །དེ་སྡུག་བདེན་ཡིན་པའི་ཕྱིར་ན། མ་ཁྱབ། འོ་ན་ཕུང་པོ་ལ་བརྩམས་ན་ཁམས་དང་སྐྱེ་མཆེད་གཉིས་
ལའང་བརྩམས་པས་ཁྱབ་པར་ཐལ། དེ་དག་ཕན་ཚུན་གཅིག་གིས་གཅིག་བསྡུས་པའི་ཕྱིར། འདོད་མི་ནུས་ཏེ། གདུལ་བྱ་དབང་པོ་རྣོ་འབྲིང་རྟུལ་གསུམ་ལ་ལྟོས་ཏེ་དེ་གསུམ་ལ་རྩོམ་ཚུལ་སོ་སོར་འཇོག་དགོས་པའི་ཕྱིར། མཛོད་འགྲེལ་ལས། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པའི་སྒོ་ནས་སྟོན་པ་རྣམ་པ་གསུམ་རྩོམ་པར་མཛད་ཅེ་ན། སྨྲས་པ། འདུལ་བ་རྣམས་ཀྱི། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། དེས་ན་བརྗོད་འདོད་དང་ཕ་རོལ་པོས་གོ་ཚུལ་ལ་ལྟོས་ཀྱི། ཆོས་དེ་ཡིན་པ་ཙམ་གྱིས་མི་ཆོག་པའི་ཕྱིར་ཏེ། ཕུང་པོ་རྟོགས་ན་སྡུག་བདེན་རྟོགས་པ་དང། བུམ་པ་མཐོང་ན་སྡུག་བདེན་མཐོང་བས་མ་ཁྱབ་པའི་ཕྱིར་རོ། །བྱས་པ་ལ། དེའང་ཁྱབ་པར་ཐལ། སྔོན་འཛིན་མིག་ཤེས་དེ་གཟུགས་འཛིན་མིག་ཤེས་ཡིན་པའི་ཕྱིར། དེར་ཐལ། མདུན་གྱི་དམ་བཅའ་བ་འདིའི་རྒྱུད་ལ་གཟུགས་འཛིན་མིག་ཤེས་མངོན་དུ་གྱུར་པའི་སྐབས་ཤིག་དང་དེའི་མཚན་གཞི་འཇོག་རྒྱུ་ཡོད་པའི་ཕྱིར་ན། མ་ཁྱབ་སྟེ། གཟུགས་མ་རྟོགས་པའི་གང་ཟག་ཀྱང་འཇོག་རྒྱུ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཝེན་ཚེག་གིས་བླ་ན་མཆིས་པ་སོགས་ཀྱི་དོན་བཤད་ཚུལ་འདིར་འགོད་པའི་ཚེ་གཞན་གྱིས་གཞིག་པར་བྱ་བ་ཞེས་པ་རྩོད་པ་དང་བཅས་པའི་དོན་དུ་སྦྱར་བ་མི་འཐད་པར་ཐལ། ཝེན་ཚེག་གིས་དེ་སྐབས་མཆིས་པའི་དོན་དུ་བཤད་པའི་ཕྱིར། དེར་ཐལ། དེའི་འགྲེལ་པར། སྐབས་ཁྱད་
པར་ཅན་ཡོད་པའི་བསྟན་པ་དང། གཞན་དག་གིས་གཞིག་པར་བྱ་བ་དང། སྡེ་པ་ཉི་ཤུ་པོ་རྩོད་པར་སྨྲ་བ་དག་གི་གནས་སུ་གྱུར་པ་ཡིན་ནོ། །ཞེས་འབྱུང་བས། གཞན་དག་གིས་གཞིག་པར་བྱ་བ་དང་ཞེས་པ་དེ་གོང་དེ་མ་ཐག་ཏུ། སྐབས་ཁྱད་པར་ཅན་ཡོད་པའི་བསྟན་པ་དང་ཞེས་པ་དེའི་མཇུག་ཏུ་ཡར་སྦྱར་ནས་བཤད་དགོས་ཀྱི། སྡེ་པ་ཉི་ཤུ་པོ་ཞེས་སོགས་ཀྱི་མགོར་མར་སྦྱོར་རྒྱུ་མ་ཡིན་པའི་ཕྱིར། དེར་ཐལ། བླ་ན་མ་མཆིས་པ་སོགས་ཀྱི་དོན་འཆད་པའི་ཚེ་དེ་ཉིད་ཀྱི་འགྲེལ་པ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་མཆོག་ཏུ་རྨད་དུ་བྱུང་ཞིང་དེ་ལས་ལྷག་པའི་མཆོག་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །ཕྱིས་མཆོག་ཏུ་འགྱུར་བའི་སྐབས་མེད་ཅིང་ཕྱིས་གཞིག་པའི་སྐབས་མེད་པའི་ཕྱིར་སྐབས་མེད་པ་ཞེས་བྱའོ། །ཡོད་པ་དང་མེད་པ་ཡོངས་སུ་རྫོགས་པར་བསྟན་པའི་ཕྱིར་ངེས་པའི་དོན་ཡིན་ཞིང་རྩོད་པ་སྨྲ་བ་རྣམས་ཀྱི་གཞིའི་གནས་མ་ཡིན་པའོ། །ཞེས་གཞན་གྱིས་གཞིག་ཏུ་མེད་པ་དེ་སྐབས་མེད་ཚུལ་དང་སྦྱར་བ་འདིས་གཞན་གྱིས་གཞིག་ནུས་པ་དེ་སྐབས་ཡོད་ཚུལ་ལ་སྦྱོར་བ་གོ་ནུས་པའི་ཕྱིར་དང། འདི་ཉིད་ལས་ཀྱང་སྐབས་མེད་པའི་སྔ་མ་མ་གཏོགས་པ་ཞེས་དེས་སྐབས་མེད་པ་ལ་བཤད་ཚུལ་གཉིས་བྱས་པར་གསུངས་པ་ལྟར་སྐབས་ཡོད་པ་ལའང་བཤད་ཚུལ་གཉིས་བྱས་ན་གོང་འོག་མཐུན་པར་འགྱུར་བའི་ཕྱིར་ཟེར་ན། གོང་འོག་གི་ཚིག་རིས་ཙམ་ལ་བལྟས་ཚེ་དེ་ལྟར་ཡིན་ཀྱང་རྗེའི་དགོངས་པ་ཤིན་ཏུ་བརླིང་བས་འདི་བཞིན་བྱེད་དགོས་ཏེ། ཐོག་མར་སྐབས་ཡོད་མེད་ཅེས་པས་སྐབས་ཀྱི་དོན་
ཇི་ལྟར་འཆད་ཤེས་དགོས་སོ། །དེའང་སྒྲོན་གསལ་ལས། ལེ་འུ་དེ་བཞིན་ཆོ་ག་དང། །དུམ་བུ་དེ་བཞིན་རིམ་པར་ཕྱེ། །ཞེས་པ་ལྟར། ལེའུ་ནི་བ་རི་ཙྪེ་དཿཞེས་དོན་ཚན་སོ་སོར་གཅོད་པ་དང། ཆོ་ག་ནི་ཀལྤ་ཞེས་སྒྲུབ་པར་བྱེད་པའི་ཐབས་ལ་འཇུག་ཅིང་ཐབས་དེ་རྟོགས་པར་བྱེད་པའི་དོན་དུའང་འགྲོ་བས་ལ་ལར་རྟོག་པ་ཞེས་བསྒྱུར། ཁཎྜ་འམ་དུམ་བུ་ཞེས་པ་སྡེ་ཚན་དུམ་བུར་གནས་པ་དང། སརྒ་ནི་རིམ་པ་གཉིས་དང་ཐེག་པ་གོང་འོག་ལྟ་བུ་རིམ་པར་ཕྱེ་བ་ལ་འཇུག་ཅིང་དེ་དག་དོན་གཅིག་མིང་གི་རྣམ་གྲངས་སུ་གསུངས་ལ། རྒྱན་ལས་སྦས་དོན་མངོན་རྟོགས་རིམ་པར་བགྲོད་ཚུལ་བསྟན་པའི་ཆ་ནས་སྐབས་བརྒྱད་དུ་བྱས་པ་ཡིན་པས། གསེར་འཕྲེང་ལས་སྐབས་ཞེས་པའང་ལེའུ་སོགས་དང་དོན་འདྲ་བར་གསུངས་སོ། །ཡང་སྐབས་ཀྱི་སྒྲ་འཇུག་ཚུལ་རྣམ་པ་གཅིག་ནི། ཀུན་བཏུས་འགྲེལ་པ་རྒྱལ་སྲས་མ་ལས། མངོན་པར་སྐབས་ཡོད་པ་ནི་དེ་ལས་གཞན་ཟློག་པར་བྱེད་པའི་རེག་བྱ་དང་བྲལ་བའོ། །ཞེས་བར་སྣང་སྐྱ་སེང་ལྟ་བུས་གཟུགས་གཞན་འགོག་མི་ནུས་པར་གོ་འབྱེད་པ་ལ་མངོན་པར་སྐབས་ཡོད་ཀྱི་གཟུགས་སུ་བཤད་པ་ལྟར་དོན་ཞིབ་ཏུ་མ་ཕྱེ་བའི་དབང་གིས་རྒོལ་བའི་རྩོད་པ་འགོག་མི་ནུས་པར་ཀླན་ཀ་འཇུག་ཏུ་རུང་བ་ལའང་སྐབས་ཀྱི་སྒྲ་འཇུག་གོ །དེས་ན་ཝེན་ཚེག་གིས་སྔ་མ་བཞིན་ལམ་གོང་འོག་ལྟ་བུ་དམན་མཆོག་གི་རིམ་པར་ཕྱེ་རྒྱུ་ཡོད་པའི་དོན་དུ་བསམ་སྣང་བས་སྐབས་ཡོད་མེད་ཀྱི་ཁྱད་པར་ཡང་འདིའི་དགོངས་པ་རྟོགས་ན་ཕྱིས་དེ་ལས་ལྷག་ཅིག་རྟོགས་རྒྱུ་ཡོད་མེད་ལ་འདོད་འདུག་པའི་ཕྱིར། དེར་ཐལ། དེའི་
འགྲེལ་པ་ལས། ཕྱིས་མཆོག་ཏུ་འགྱུར་བའི་སྐབས་ཞེས་བཤད་པའི་ཕྱིར། ཁྱབ་སྟེ། རྒོལ་བའི་སྐབས་ཡོད་མེད་ལ་མ་སྦྱར་བར་མཆོག་ཏུ་འགྱུར་བའི་སྐབས་ཡོད་མེད་ལ་སྦྱར་བའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། དེ་ལས་མཆོག་ཏུ་གྱུར་པའི་མདོ་ཡོད་པ་ལ་བྱས་ན་བླ་ན་མཆིས་པའི་དོན་བཤད་པ་དང་ཟློས་ལ། དེར་ཕྱིར་གྱི་སྒྲའང་སྦྱོར་མི་དགོས་པས་འདིར་གདུལ་བྱ་རང་ཉིད་ཀྱིས་མདོ་དོན་རྟོགས་ཚུལ་ལ་སྦྱོར་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཝེན་ཚེག་གིས་ཀྱང་སྐབས་མེད་པའི་དོན་རྒོལ་བའི་ཀླན་ཀས་འཇིག་པའི་སྐབས་མེད་པ་ལ་འདོད་པར་ཐལ། དེའི་འགྲེལ་པ་ལས། ཕྱིས་གཞིག་པའི་སྐབས་མེད་པའི་ཕྱིར་སྐབས་མེད་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། རྒོལ་བའི་ཀླན་ཀས་གཞིག་མི་ནུས་པའི་དོན་ཡིན་ན་ཕྱིས་ཞེས་སྨོས་དོན་མེད་པའི་ཕྱིར། དེར་ཐལ། རྒོལ་བའི་ཀླན་ཀས་གཞིག་ནུས་ན་དུས་དེར་ཡང་གཞིག་ནུས་པ་འདྲ་བའི་ཕྱིར། ཁྱབ་སྟེ། འདིའི་གཞིག་ཚུལ་ནི་སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པ་ལྟར་རང་གི་གདུལ་བྱས་མདོ་དེའི་དོན་རྟོགས་ནས་རང་གི་བསམ་ངོར་དེ་ལས་ལྷག་ཅིག་རྟོགས་རྒྱུ་མེད་པ་ལྟ་བུར་བསམས་ཀྱང་ཕྱིས་དེ་དང་མི་མཐུན་པའི་མདོ་ཟབ་མོ་གཞན་གྱི་དགོངས་པ་རྟོགས་པ་ན་སྔར་གྱི་དམ་བཅའ་གཞིག་པ་དེ་སྐབས་འདིའི་གཞིག་ཚུལ་ཡིན་པའི་ཕྱིར། དེར་ཐལ། དགོངས་འགྲེལ་བཞིན་མཐར་ཐུག་ཐེག་པ་གསུམ་གའི་ལམ་གྱི་བགྲོད་ཚུལ་ཚང་བར་རྟོགས་པ་ན་ཤེར་མདོ་ལྟར་མཐར་ཐུག་ཐེག་པ་
གཅིག་ཏུ་འཛིན་པའི་དམ་བཅའ་འཇིག་པ་ལྟ་བུ་ཡིན་པའི་ཕྱིར། དེར་ཐལ། འདིས་བཤད་ཚུལ་རྣམས་སློབ་དཔོན་ཡང་དག་བདེན་པ་ཁུངས་སུ་བྱས་པར་སྣང་ཞིང། དེའི་བརྗེད་བྱང་ལས། ཐེག་པ་གཅིག་གིས་རྣམ་པར་འཇིག་པའི་ཕྱིར་རྒོལ་བ་དང་བཅས་པའོ། །ཞེས་བར་པའི་ཁྱད་པར་གྱི་བཤད་པ་སྔར་དྲངས་པ་བཞིན་ཐེག་པའམ་རྟོགས་པ་གོང་མ་སྐྱེས་པ་ན་འཇིག་པར་བཤད་ཅིང། འཁོར་ལོ་ཐ་མའི་ཐད་དུའང། ཐེག་པ་ཆུང་ངུ་བ་ཀུན་གྱིས་བགྲོད་པར་བྱ་བ་ཡིན་པའི་ཕྱིར་རྩོད་པ་མེད་པའོ། །རྩོད་པ་མེད་པའི་ཕྱིར་གཞིག་ཏུ་མེད་པའོ། །གཞིག་ཏུ་མེད་པའི་ཕྱིར་རྒོལ་བ་མེད་པའོ། །ཞེས་འབྱུང་བའི་ཕྱིར། འདིས་སྒྲུབ་ཚུལ་ལ་དཔག་ནའང་གཞིག་ཏུ་ཡོད་མེད་རྩོད་པ་ཡོད་མེད་ལ་སྦྱར་བ་སློབ་དཔོན་འདིའི་དགོངས་པར་བྱེད་དགོས་པར་མངོན་ནོ། །སློབ་དཔོན་འདི་གཉིས་ཀྱིས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་དོན་ཡང་དགོངས་འགྲེལ་ལ་བརྟེན་ནས་རང་གི་གདུལ་བྱ་ཐེག་པ་གསུམ་གའི་རིགས་ཅན་རྣམས་ཀྱིས་རང་ལམ་ལ་བརྟེན་ནས་མཐར་ཐུག་གི་སར་བགྲོད་དུ་ཡོད་པ་ལ་འདོད་པར་སྣང་སྟེ། རྒྱ་ནག་འགྲེལ་ཆེན་ལས། གཉིས་པ་ནི་ཐེག་པ་ཆེན་པོའི་གང་ཟག་གི་ཆེད་དུའོ། །གསུམ་པ་ནི་ཐེག་པ་གསུམ་གའི་གང་ཟག་གི་ཆེད་དུའོ། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། ཝེན་ཚེག་གིས་སྐབས་མེད་པའི་དོན་བཤད་ཚུལ་ཕྱི་མ་མདོ་དེ་ལས་གོང་མར་གྱུར་པ་ཞིག་གི་དོན་རྟོགས་ནས་འདོར་དུ་མེད་པ་ལ་བཤད་མི་རིགས་པར་ཐལ། དེ་རྒོལ་བ་གཞན་གྱིས་གཞིག་ཏུ་མེད་པ་ལ་
བྱེད་པའི་ཕྱིར། དེར་ཐལ། རང་ལུགས་ལ་དེ་ལྟར་ཡིན་པ་གང་ཞིག །དེའི་དོན་བཤད་ཚུལ་རང་ལུགས་དང་འདྲ་བའི་ཕྱིར། དེར་ཐལ། འདི་ཉིད་ལས་སྐབས་མེད་པའི་སྔ་མ་མ་གཏོགས་པ་ཞེས་དམིགས་ཀྱིས་བཀར་བས་གཞན་རྣམས་འདྲ་བ་དེས་ཤེས་པའི་ཕྱིར་ཟེར་ན། འདི་ལ་དཔྱད་གཞི་ཅུང་ཟད་སྣང་ཡང་ལུགས་གཉི་གས་གཞིག་ཏུ་མེད་པར་བཞག་པ་ཙམ་འདྲ་བ་ལ་དགོངས་སམ་སྙམ། ཁ་ཅིག་ན་རེ། ཝེན་ཚེག་གིས་རྩོད་པའི་གཞིའི་གནས་སུ་གྱུར་པའི་དོན་བཤད་པའང་མི་འཐད་པར་ཐལ། འཁོར་ལོ་དང་པོའི་སྒྲས་ཟིན་གྱི་དོན་ལ་རྩོད་པ་སྨྲ་བ་པོར་ཉན་ཐོས་སྡེ་པ་མི་ཡོང་བའི་ཕྱིར། དེར་ཐལ། འདི་སྒྲ་ཇི་བཞིན་པར་མི་རུང་ཞེས་རྩོད་པ་འགོད་པ་པོར་ཉན་ཐོས་སྡེ་པ་མི་ཡོང་བའི་ཕྱིར་ན། མ་ཁྱབ་སྟེ། འདིར་ཉན་ཐོས་སྡེ་པ་རྣམས་ཀྱིས་རྩོད་ཅེས་པ་དེར་མི་འཐད་ཅེས་རྩོད་པ་མིན་གྱི། དེ་རང་ལུགས་སུ་འཐད་པ་གཞིར་བཞག་གི་སྟེང་ནས་དེའི་དགོངས་པ་འགྲེལ་ཚུལ་ལ་རྩོད་པ་ཡིན་པའི་ཕྱིར། དེར་ཐལ། འཁོར་ལོ་དང་པོ་ལས་རང་གི་མཚན་ཉིད་ཀྱིས་གྲུབ་གྲུབ་ཅེས་གསུངས་ཀྱང་ཡོད་མེད་ཀྱི་མཚམས་གསལ་བར་ངོས་བཟུང་སྟེ། འདི་ལས་ལྷག་ན་རྟག་མཐར་ལྟུང། འདི་ལས་གཞན་ན་ཆད་མཐར་ལྟུང་ཞེས་ཞིབ་ཏུ་ཕྱེ་བ་མེད་པའི་དབང་གིས་སྡེ་པ་བཅོ་བརྒྱད་དང། མདོ་སྡེ་པ་སྔ་ཕྱི་གཉིས་སོགས་ནང་ཕན་ཚུན་རྩོད་པ་འབྱུང་བའི་དོན་ཡིན་པའི་ཕྱིར། རྒྱ་ནག་འགྲེལ་ཆེན་ལས། སྡེ་པ་ཉི་ཤུ་པོ་རྩོད་པར་སྨྲ་བ་དག་གི་གནས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། ཞིབ་ཆ་འདི་ལྟར་མ་བྱས་ན་རང་ལུགས་ལའང་
སྐབས་མཆིས་པ་དང་རྩོད་པའི་གནས་སུ་གྱུར་པ་གཉིས་ཟློག་པར་ཐལ་བའི་སྐྱོན་སྤོང་མི་ནུས་སོ། །ཡང་ཁ་ཅིག །འདིས་སྟོང་པ་ཉིད་མི་སྟོན་ཞིང་ཡོད་པ་བསྟན་པས་དྲང་དོན་དུ་བཤད་པའང་མི་རུང་བར་ཐལ། ཡོད་པ་བསྟན་པས་དྲང་དོན་དུ་འགྲོ་དོན་མེད་ལ། སྟོང་ཉིད་མ་བསྟན་པས་དྲང་དོན་དུ་བཤད་པ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཡིན་པས་སྐབས་འཆོལ་བའི་ཕྱིར་ཟེར་ན་མིན་ཏེ། འཁོར་ལོ་དང་པོར་སྟོང་པ་ཉིད་མཁྱུད་ཅིང་ཡོད་པ་སྟོན་པ་དང། བར་པ་ལ་ཡོད་པ་མཁྱུད་ཅིང་སྟོང་པ་ཉིད་སྟོན་པ་ཞེས་འབྱུང་བས། སྔ་མའི་དོན་ཀུན་བཏགས་རང་མཚན་གྱིས་མ་གྲུབ་པ་མཁྱུད་པ་སྟེ་སྦས་ནས་ཆོས་ཐམས་ཅད་ལ་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་ཚིག་མཉམ་པར་བཀའ་སྩལ་བའི་དོན་ཡིན། ཕྱི་མ་རང་མཚན་གྱིས་གྲུབ་པ་ཆོས་གང་གི་སྟེང་དུའང་མ་བསྟན་པར་རང་མཚན་གྱིས་མེད་མཉམ་དུ་གསུངས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། འདིའི་སྟོང་ཉིད་ཅེས་པ་རང་ལུགས་ཀྱིས་ཆོས་ཀྱི་བདག་མེད་ཕྲ་མོ་ལ་མི་བྱེད་པར་རང་མཚན་གྱིས་མ་གྲུབ་པ་ཙམ་ལ་བྱེད་པའི་ཕྱིར། དེར་ཐལ། སྟོང་ཉིད་སྨོས་པའི་རྣམ་པས་ཞེས་པའི་དོན་ཆོས་ཀྱི་བདག་མེད་ལ་མི་བྱེད་པའི་ཕྱིར་ཏེ། ཁ་ཅིག་གིས་དེ་ལྟར་བཤད་ཀྱང་རྗེས་རང་ལུགས་སུ་མ་མཛད་པའི་ཕྱིར། འདི་ཉིད་ལས། སྟོང་ཉིད་སྨོས་པའི་རྣམ་པས་ཞེས་པའི་དོན་ཆོས་ཀྱི་བདག་མེད་བསྟན་པ་ལ་འགྲེལ་པ་ཁ་ཅིག་གིས་བཤད། ཅེས་གསུངས་པའི་ཕྱིར། གཞན་ཡང་བར་བའི་སྐབས་སུ་ཡོད་པ་མཁྱུད་ཅིང་སྟོང་ཉིད་བསྟན་ཅེས་
པའི་སྟོང་ཉིད་དེ་རང་མཚན་གྱིས་གྲུབ་པས་སྟོང་པ་ཙམ་ལ་བྱེད་དགོས་པར་ཐལ། དེ་སྟོང་ཉིད་དངོས་ལ་བྱེད་ན་མཚན་ཉིད་གསུམ་གའི་སྟེང་དུ་འཇོག་དགོས་ཀྱང་འདི་ཆ་ཕྱེ་སྟེ་ཀུན་བཏགས་ཙམ་ལ་སྦྱར་བ་ཡིན་པའི་ཕྱིར། དེར་ཐལ། འཁོར་ལོ་ཐ་མའི་སྐབས་སུ་ཡོད་མེད་རྫོགས་པར་བསྟན་ཅེས་པའི་དོན་འཁོར་ལོ་དང་པོ་གཉིས་ཀྱིས་དེ་ལས་རེ་རེ་སྦས་ནས་རེ་རེ་ཙམ་བསྟན་ཀྱང། འདིར་མཚན་ཉིད་གསུམ་གྱི་སྟེང་དུ་ཆ་ཕྱེ་ནས་ཕྱོགས་གཉི་ག་རྫོགས་པར་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་སྟོན་པའི་ཚིག་ཀྱང་བྱེ་བྲག་ཏུ་ཕྱེ་ན་དགོངས་འགྲེལ་ལས། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས། ཞེས་དང། རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཞེས་སོགས་སྔར་དྲངས་པ་རྣམས་དང། ལང་གཤེགས་ལས། བརྟག་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ནི་ཡོད་པ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་རྣམ་པར་བརླག །ཅེས་པ་ལྟ་བུ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། འདིར་བསྟན་འཁོར་ལོ་དང་པོ་གཉིས་པོ་གང་རུང་ཡིན་ན་ཁྱོད་ཀྱི་གོང་ན་ངེས་དོན་གྱི་མདོ་གཞན་ཡོད་པས་ཁྱབ་པ་དང། འདིར་བསྟན་འཁོར་ལོ་ཐ་མ་ཡིན་ན་ཁྱོད་ཀྱི་གོང་ན་ངེས་དོན་གྱི་མདོ་གཞན་མེད་པས་ཁྱབ་པར་ཐལ། བླ་ན་མཆིས་པ་དང་བླ་ན་མ་མཆིས་པའི་དོན་བཤད་ཚུལ་འཐད་པའི་ཕྱིར། འདོད་ན། རིམ་བཞིན་བདག་ཅག་གི་སྟོན་པའི་ཐུགས་རྒྱུད་ཀྱི་འཁོར་ལོ་དང་པོ་གཉིས་དང། སློབ་པའི་རྒྱུད་ཀྱི་འཁོར་ལོ་ཐ་མ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སྔ་མ་དོན་དམ་པའི་
སྐྱབས་ཡིན་པས་དེ་ལས་མཆོག་ཏུ་གྱུར་པའི་ཆོས་མེད་པ་གང་ཞིག །ཕྱི་མ་ཀུན་རྫོབ་པའི་སྐྱབས་ཡིན་པས་ངོ་བོ་གོང་འཕེལ་དུ་འགྲོ་དགོས་པའི་ཕྱིར་ན། མ་ཁྱབ་སྟེ། དེའི་གོང་ན་ངེས་དོན་གྱི་མདོ་གཞན་ཡོད་མེད་ནི་བརྗོད་བྱ་སོགས་ཀྱི་སྒོ་ནས་ཡིན་གྱི། ངོ་བོ་མཆོག་དམན་གྱི་དབང་གིས་མ་ཡིན་པའི་ཕྱིར། གོང་གི་རྟགས་གྲུབ་སྟེ། རྒྱུད་བླ་མ་ལས། སྤངས་ཕྱིར་ཞེས་དང། ཆོས་རྣམ་གཉིས་གཏན་གྱི་སྐྱབས་གནས་མ་ཡིན་ཏེ། ཞེས་དང། དེའི་རྩ་བའི་དཔལ་འཕྲེང་གི་མདོ་ལས། ཆོས་ཞེས་བགྱི་བ་དེ་ནི། ཞེས་པ་ནས། སྐྱབས་འདི་གཉིས་ནི་དེའི་ཡན་ལག་གི་སྐྱབས་ཞེས་བགྱི་སྟེ་སྐྱབས་ཀྱི་རབ་མ་ལགས་སོ། །ཞེས་གསུངས་པའི་ཕྱིར། རང་ལུགས་ལ་འདིར་བསྟན་འཁོར་ལོ་དང་པོ་གཉིས་གང་རུང་ཡིན་ན་ཁྱོད་ཀྱི་གོང་ན་ངེས་དོན་གྱི་མདོ་གཞན་ཡོད་པས་མ་ཁྱབ་པར་ཐལ། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དེའི་གོང་ན་ངེས་དོན་གྱི་མདོ་གཞན་མེད་པའི་ཕྱིར། དེར་ཐལ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པའི་གཙོ་བོ་གདུལ་བྱ་འཁོར་བ་ལས་སྒྲོལ་བའི་ཆེད་ཡིན་ལ། འཁོར་རྩ་གཅོད་བྱེད་སྟོང་པ་ཉིད་རིགས་པའི་རྣམ་གྲངས་དང་སྒོ་མཐའ་ཡས་པས་གཏན་ལ་འབེབས་པ་ལ་ཤེར་མདོ་ལས་ལྷག་པ་མེད་པས་དེ་མདོ་སྡེ་ཀུན་གྱི་གཙོ་བོའམ་གོང་མར་འཇོག་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་ཡིན་པ་གླེང་གཞི་དང་ཡོངས་གཏད་ཀྱིས་ཤེས་ཤིང་དེའི་རྒྱུ་མཚན་གྱིས་དེ་ལྟར་འདོད་པ་དབུ་སེམས་གཉིས་ཀ་མཐུན་པའི་ཕྱིར། རྣམ་བཤད་སྙིང་པོ་རྒྱན་ལས།
རྣམ་པར་རིག་པ་ཙམ་གྱི་ཤིང་རྟའི་སྲོལ་ཕྱེ་བ་ལྟར་ན། ཞེས་པ་ནས། དྲང་བའི་དོན་ཡིན་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱིས་བསྡུས་པའི་སྟོང་པ་ཉིད་རྒྱས་པར་གཏན་ལ་འབེབས་པ་མདོ་སྡེ་རྣམས་ཀྱི་གཙོ་བོ་ཡིན། ཞེས་གསུངས་པའི་ཕྱིར། གཞན་ཡང་ཤེར་མདོ་དང་དགོངས་འགྲེལ་གཉིས་ཀྱི་ནང་ནས་ཀྱང་ཤེར་མདོ་གོང་མར་བྱེད་དགོས་པར་ཐལ། དེའི་ཆེད་དུ་བྱ་བའི་གདུལ་བྱ་གཉིས་ཀྱི་ནང་ནས་ཤེར་མདོའི་ཆེད་དུ་བྱ་བའི་གདུལ་བྱ་གོང་མར་བྱེད་དགོས་པའི་ཕྱིར། དེར་ཐལ། དེས་དགོངས་འགྲེལ་སོགས་ལ་མ་བརྟེན་པར་ཤེར་མདོའི་དགོངས་པ་རྟོགས་ནུས་ལ། གཅིག་ཤོས་ཀྱིས་དེ་ལྟར་མི་ནུས་པས་དེ་ལ་ལྟོས་ཏེ་དབང་པོ་རྟུལ་བའི་ཕྱིར། རྣམ་བཤད་ལས། མདོ་སྡེ་རྣམས་ཀྱི་གཙོ་བོ་ཡིན་ཞིང་དེའི་ཆེད་དུ་བྱ་བའི་གདུལ་བྱས་ནི་མདོ་སྡེ་གཞན་གྱིས་དགོངས་པ་བཀྲལ་པ་ལ་ལྟོས་མི་དགོས་པར་དགོངས་པ་རྫོགས་པར་རྟོགས་ཤིང་སྒྲ་ཇི་བཞིན་པར་མི་འཛིན་ནོ། །མདོ་དགོངས་འགྲེལ་ལྟ་བུས་དེའི་དགོངས་པ་གསལ་བར་ཕྱེ་ནས་བསྟན་དགོས་པའི་རིགས་ཅན་རྣམས་ནི་ཐེག་པ་ཆེན་པོའི་རིགས་ཅན་ཡིན་ཡང་སྔ་མ་ལས་དབང་པོ་དམན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐེག་པ་གསུམ་གྱི་སྡེ་སྣོད་དང་རྒྱུད་སྡེ་བཞིའི་གོང་འོག་གི་ཁྱད་པར་ཐམས་ཅད་གདུལ་བྱའི་དབང་པོ་མཆོག་དམན་གྱི་རིམ་པ་ཡིན་གྱི། བཀའ་རང་གི་ངོ་བོ་ལ་མཆོག་དམན་དབྱེ་དཀའ་བའི་ཕྱིར། གཞན་ཡང་དེ་མདོ་སྡེ་ཀུན་གྱི་གཙོ་བོར་བྱེད་རིགས་པར་ཐལ། དགོངས་འགྲེལ་ལས་ཀྱང་འཁོར་ལོ་ཐོག་མཐའ་གཉིས་ལ་
ངོ་མཚར་རྨད་དུ་བྱུང་བ་ཙམ་ལས་མ་སྨོས་ཤིང། བར་བ་ལ་ཆེས་ངོ་མཚར་རྨད་དུ་བྱུང་བ་ཞེས་ཁྱད་པར་འབྱེད་དོན་ཡོད་པའི་ཕྱིར། བྱས་པ་ལ། དེ་མི་འཐད་པར་ཐལ། ཐ་མ་ལ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་ཞེས་བྱུང་བའི་ཕྱིར་ཟེར་ན། དེ་མ་དག་པ་ཡིན་ཏེ། རྟག་བརྟན་དཔར་མ་དང་རྒྱ་ནག་འགྲེལ་ཆེན་ལས་དེ་ལྟར་འབྱུང་ཡང། སྔོན་གྱི་དཔེ་དག་པ་དུ་མ་དང་གཏན་ལ་དབབ་པ་བསྡུ་བར་དྲངས་པ་སོགས་སུ་མི་འབྱུང་བས་རྗེ་བླ་མས་ཀྱང་མ་བཀོད་པ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། བར་བ་ལ་དགོངས་འགྲེལ་ལས་བླ་ན་མཆིས་པ་ཞེས་གསུངས་པ་མི་འཐད་པར་ཐལ། དེའི་གོང་ན་ངེས་དོན་གྱི་མདོ་གཞན་མེད་པའི་ཕྱིར་ན། མ་ཁྱབ། བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་བླ་ན་མཆིས་པར་བཞག་པ་ཡིན་པའི་ཕྱིར། དེར་ཐལ། བརྗོད་བྱའི་སྒོ་ནས་མཆོག་དམན་འབྱེད་ཚུལ་བསྟན་པའི་སྙིང་པོ་སྟོང་པ་ཉིད་ཀྱི་རྣམ་གཞག་རྒྱས་མི་རྒྱས་ཀྱི་སྒོ་ནས་ཡིན། དེ་སྟོན་ཚུལ་གྱི་སྒོ་ནས་ཁྱད་འབྱེད་ཚེ་མ་སྦས་པར་སྒྲ་ཇི་བཞིན་དུ་སྟོན་མི་སྟོན་གྱི་སྒོ་ནས་ཡིན་པའི་ཕྱིར། དཔེར་ན་འཇིག་རྟེན་ན་གཙོ་བོ་རྒྱལ་པོ་ཡིན་ཀྱང་ལས་དོན་གསལ་པོར་སྟོན་པ་ལ་བློན་པོ་བཟང་བའི་སྐབས་སྲིད་པ་ལྟ་བུ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། འདིར་བསྟན་འཁོར་ལོ་དང་པོའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་དམན་གང་ཟག་གིས་ཁྱབ། བར་བའི་དེ་ལ་ཐེག་ཆེན་གང་ཟག་གིས་ཁྱབ། ཐ་མའི་དེ་ལ་རིགས་ཅན་གསུམ་ག་ཡོད་པར་ཐལ། རིམ་པ་བཞིན་མདོ་ལས། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་དང། ཐེག་པ་ཆེན་
པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་དང། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་གསུངས་པའི་ཕྱིར་ན། མ་ཁྱབ། འདིའི་ཐེག་པ་ཞེས་པ་དེ་དང་དེའི་ལམ་ལ་མི་བྱེད་པར་དེའི་ལམ་འབྲས་གཙོ་བོར་སྟོན་པའི་བཀའ་ལ་བྱེད་པའི་ཕྱིར། དེར་ཐལ། འཁོར་ལོ་དང་པོའི་ཆེད་དུ་བྱ་བའི་གདུལ་བྱས་འཁོར་ལོ་དང་པོ་ལ་ཆེད་དུ་བརྟེན་ནས་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་རྟོགས་ནུས་པ་དང། བར་བའི་གདུལ་བྱས་བར་བ་རང་ཉིད་ལ་བརྟེན་ནས་དེའི་དགོངས་གཞི་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་རྟོགས་ནུས་པ་དང། ཐ་མའི་ཆེད་དུ་བྱ་བའི་གདུལ་བྱས་དེ་ལ་བརྟེན་ནས་འཁོར་ལོ་གསུམ་གའི་དགོངས་པ་དང་དྲང་ངེས་ཀྱི་ཁྱད་པར་སོགས་རྟོགས་དགོས་པ་དེ་རིམ་བཞིན་ཉན་ཐོས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོ་དང། ཐེག་པ་ཐམས་ཅད་ལ་ཞུགས་ཚུལ་ཡིན་པའི་ཕྱིར། ཞིབ་པར་ཀུན་མཁྱེན་བླ་མའི་གསུང་དུ་གསལ། དེས་ན་ཀུན་མཁྱེན་ཆོས་འབྱུང་གིས་ཀྱང། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞེས་པའི་སྐབས་ཀྱི་ཐེག་པ་དེ་འཁོར་ལོ་དང་པོ་ལ་བྱེད། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་པའི་སྐབས་ཀྱི་ཐེག་པ་དེ་འཁོར་ལོ་བར་བ་ལ་བྱེད། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་པའི་སྐབས་ཀྱི་ཐེག་པ་དེ་འཁོར་ལོ་གསུམ་ག་ལ་བྱེད་རིགས་པའི་ཕྱིར། ཞེས་གསུངས་སོ། །ཁོ་ན་རེ། དེ་མི་འཐད་པར་ཐལ། ཐེག་པ་ཞེས་པ་འདིར་བགྲོད་པའམ་འདིས་བགྲོད་པའི་ལམ་ལ་བྱེད་དགོས་ཀྱི། དེ་སྟོན་
པའི་གཞུང་ལ་བྱེད་པ་འབྲེལ་མེད་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། རྟོག་གེ་འབར་བ་ལས། འབྲས་བུ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བའི་ལམ་དང་དེ་སྟོན་པར་བྱེད་པའི་གཙུག་ལག་ཀྱང་ཐེག་པ་ཆེན་པོ་ཞེས་བྱ་སྟེ། ཞེས་དང། བློ་བརྟན་གྱི་དབུས་མཐའི་འགྲེལ་བཤད་ལས། ཐེག་པ་ཆེན་པོ་འདི་སྟོན་པའི་མདོ་སྡེ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་དག་ཀྱང་ཐེག་པ་ཆེན་པོ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང། དེར་མ་ཟད་ངོ་བོ་ཉིད་མེད་པའི་རྒྱན་གྱི་འགྲེལ་བཤད་ལས། རིགས་ལ་ཐེག་པ་ཉེ་བར་བཏགས་པའི་ཕྱིར་རོ། །ཞེས་ཐེག་པ་དེ་དང་དེའི་རིགས་ལ་དེའི་ཐེག་པར་བཤད་པའི་སྐབས་ཀྱང་ཡོད་པའི་ཕྱིར། གཞན་ཡང་དེ་མི་འཐད་པར་ཐལ། མདོ་གཅིག་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་པ་ཆེ་ཆུང་གཉི་གའི་གང་ཟག་འོང་མི་སྲིད་པའི་ཕྱིར། དེར་ཐལ། ཐེག་པ་ཆེ་ཆུང་གི་མདོའི་གཞི་མཐུན་མི་སྲིད་པའི་ཕྱིར། ཁྱབ་སྟེ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་དུ་འཇོག་ཚུལ་ཆེད་དུ་བྱ་བའི་གདུལ་བྱའི་སྒོ་ནས་ཡིན་པའི་ཕྱིར། དཀའ་འགྲེལ་ལས། ཐེག་པ་ཆེ་ཆུང་གི་གསུང་རབ་གཉིས་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དང་ཐེག་དམན་གྱི་རིགས་ཅན་གཉིས་ལ་གཙོ་བོར་དགོངས་ནས་གསུངས་པའི་ཆ་ནས་རིམ་པ་ལྟར་སོ་སོར་འབྱེད་པར་སྔགས་རིམ་ཆེན་མོ་སོགས་རྗེའི་གསུང་རབ་ཇི་སྙེད་ཅིག་ལས་གསུངས་ཤིང། ཆེད་དུ་བྱ་བའི་གདུལ་བྱའི་སྒོ་ནས་ཐེག་པ་ཆེ་ཆུང་གི་གསུང་རབ་གཉིས་སོ་སོར་མི་འབྱེད་ན་དེ་གཉིས་སོ་
སོར་འབྱེད་པའི་སྒོ་གཞན་མེད་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་རྒྱུ་མཚན་ཐེག་པ་གསུམ་སོ་སོར་འབྱེད་བྱེད་ནི་བསམ་པས་སེམས་བསྐྱེད་རྒྱ་ཆེ་ཆུང་དང། གང་ལ་ཆེད་དུ་བརྟེན་པའི་སྡེ་སྣོད་དང། དེ་ནས་བཤད་པ་ལྟར་གྱི་སྦྱོར་བ་དང། དེས་བསྒྲུབ་པའི་ཚོགས་རྒྱ་ཆེ་ཆུང། དེ་ལ་བརྟེན་པའི་འབྲས་བུ་མཆོག་དམན་ཏེ་ལྔས་འབྱེད་དགོས་པའི་ཕྱིར། མདོ་སྡེ་རྒྱན་ལས། བསམ་པ་དང་ནི་བཤད་ཉིད་དང། །སྦྱོར་བ་དང་ནི་ཚོགས་དག་དང། །འགྲུབ་པའི་རབ་ཏུ་དབྱེ་བ་ཡིས། །ཐེག་པ་རྣམ་པ་གསུམ་དུ་འདོད། །ཅེས་དང། དེའི་དབྱིག་འགྲེལ་ལས། དམན་པ་རྣམས་ནི་ཉན་ཐོས་ཀྱི་ཐེག་པའོ། །འབྲིང་རྣམས་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །མཆོག་རྣམས་ནི་ཐེག་པ་ཆེན་པོ་སྟེ། བསམ་པ་ཇི་ལྟ་བ་དང། འདོད་པ་ཇི་ལྟ་བར་ཆོས་བཤད་པ་ཡིན་ནོ། །ཆོས་བཤད་པ་ཇི་ལྟར་དེ་ལ་སྦྱོར་རོ། །སྦྱོར་བ་ཇི་ལྟ་བར་ཚོགས་སོགས་སོ། །ཚོགས་ཇི་ལྟ་བར་བྱང་ཆུབ་ཡང་དག་པར་འགྲུབ་བོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། འདིར་བསྟན་འཁོར་ལོ་དང་པོའི་ཆེད་དུ་བྱ་བའི་གདུལ་བྱ་བྱང་སེམས་ཡོད་པའི་ཕྱིར། དེར་ཐལ། སྐབས་འདིའི་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དེ་ལ་བྱང་སེམས་ཡོད་པའི་ཕྱིར་ན། མ་ཁྱབ། རྟགས་གྲུབ་སྟེ། རེ་ཞིག་འཁོར་ལོ་དང་པོའི་སྒྲས་ཟིན་ཙམ་བསྟན་ནས་གང་ཟག་གི་བདག་མེད་ལ་དཀྲི་དགོས་པའི་བྱང་སེམས་ཡོད་པ་གང་ཞིག །དེ་སྐབས་འདིའི་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། དང་པོའི་གདུལ་བྱས་དང་པོ་ལ་བརྟེན་ནས་དེ་ཙམ་
ཞིག་རྟོགས་ནུས་ལ། བར་པའི་དགོངས་གཞི་ཆོས་ཀྱི་བདག་མེད་རྟོགས་མི་ནུས་པས་དེ་ཉན་ཐོས་ཀྱི་ཐེག་པ་ཙམ་ལ་ཞུགས་པར་བཤད། ཐ་མའི་གདུལ་བྱས་ཐ་མ་ལ་བརྟེན་ནས་འཁོར་ལོ་སྔ་མ་གཉི་གའི་དགོངས་གཞི་གང་ཟག་དང་ཆོས་ཀྱི་བདག་མེད་གཉི་ག་ཚང་བར་རྟོགས་ནུས་པས་ཐེག་པ་ཐམས་ཅད་ལ་ཞུགས་པར་བཤད་པ་ཡིན་པའི་ཕྱིར། འདི་ཉིད་ལས། འཁོར་ལོ་དང་པོ་གསུངས་པའི་གདུལ་བྱ་ནི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་ངོ་བོ་ཉིད་མེད་པ་རྟོགས་པའི་སྣོད་དུ་རུང་ལ། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་ངོ་བོ་ཉིད་མེད་པ་རྟོགས་པའི་སྣོད་དུ་མི་རུང་བ་ལ་གསུངས་པར་དགོངས་འགྲེལ་གྱིས་ཤུགས་ཀྱིས་འགྲེལ་པས། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཐེག་པ་ཐམས་ཅད་ལ་ཞུགས་པའི་ཆེད་དུ་གསུངས་པའི་དོན་ནི་དེའོ། །ཞེས་གསུངས་པའི་ཕྱིར། དེར་མ་ཟད་བྱེ་མདོ་གཉིས་ལ་ཉན་ཐོས་པ་དང། དབུ་སེམས་གཉིས་ལ་ཐེག་ཆེན་པ་ཞེས་པའང་དེ་དང་དེའི་སྡེ་སྣོད་ལ་བརྟེན་ནས་གྲུབ་མཐའ་འཛིན་ཚུལ་ཡིན་གྱི། སྔ་མར་བྱང་སེམས་དང་ཕྱི་མར་ཉན་རང་འཕགས་པ་ཐམས་ཅད་ཡོང་བས་ཉན་ཐོས་དང་ཐེག་ཆེན་གང་ཟག་དངོས་ལ་བྱེད་མི་རུང་བའི་ཕྱིར་ཏེ། སྟག་ལོ་སོགས་སྔ་མ་མང་པོས་ཐེག་པ་གསུམ་དང་གྲུབ་མཐའ་བཞི་སྦྱར་བ་སོགས་འབྲེལ་མེད་མང་དུ་བཤད་པའི་འཁྲུལ་གཞིའང་འདི་འདྲ་ཡིན་པའི་ཕྱིར། ཐུབ་བསྟན་བྱི་དོར་ལས། ཐེག་ཆེན་པའི་གྲུབ་མཐའ་དང་ཐེག་ཆེན་པའི་གང་ཟག་གཅིག་ཏུ་འཁྲུལ་བའི་ནོར་བ་ཆེན་པོ་སྟེ། ཞེས་དང། སྟོང་ཐུན་ལས་ཀྱང་དེ་བཞིན་གསུངས་ལ། གྲུབ་མཐའ་རྩ་བར།
ཐེག་གསུམ་ལ་སྡུད་གསུམ་འདོད་ལྔར་དབྱེ་འཁྲུལ། །ཞེས་པ་རྩ་འགྲེལ་གྱིས་ཀྱང་ཁེགས་སོ། །གོང་དུ་འདོད་མི་ནུས་ཏེ། ཐེག་པ་དམན་པའི་སྡེ་སྣོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱར་ཐེག་ཆེན་གང་ཟག་འཇོག་པ་འབྲེལ་མེད་ཡིན་པའི་ཕྱིར། དེར་ཐལ། ཐེག་པ་ཆེན་པོར་འགྲོ་བ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་ལ་སློབ་པ་སོགས་བདུན་གྱི་སྒོ་ནས་འཇོག་པའི་ཕྱིར། རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང། །ཐབས་ལ་མཁས་པར་གྱུར་པ་དང། །ཡང་དག་འགྲུབ་པ་ཆེན་པོ་དང། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་དང། འགྲེལ་པ་ལས། ཆེན་པོ་ཉིད་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་ངེས་པར་བརྗོད་དེ་དམིགས་པ་ཆེན་པོ་ཉིད་ནི་མདོའི་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འདིར་བསྟན་འཁོར་ལོ་དང་པོའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་ཆེན་གང་ཟག་མེད་པ་སོགས་མི་འཐད་པར་ཐལ། དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་ལས། འོ་ན། འཁོར་ལོ་དང་པོའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཉན་ཐོས་ཀྱིས་ཁྱབ་པ་དང། འཁོར་ལོ་བར་བའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་ཆེན་གང་ཟག་གིས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ཞེས་སོགས་ཀྱིས་སྒྲུབ་ཚུལ་ཡོད་པའི་ཕྱིར་ན། མ་ཁྱབ་སྟེ། དང་པོ་གཉིས་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་ལ་ཞུགས་ཞེས་པའི་ཐེག་པ་གཉིས་དེ་དང་དེའི་ལམ་དངོས་ལ་བྱེད་ན་ཐེག་པ་
ཐམས་ཅད་ལ་ཞུགས་ཞེས་པ་འདི་ཐེག་པ་གསུམ་གའི་ལམ་དངོས་ལ་བྱེད་པ་ལས་འོས་མེད་པས་གཙོ་བོར་དེ་འགོག་པ་ཡིན་ལ། ཡང་དེར་ཐེག་དམན་རིགས་ཅན་དགོས་ཀྱང་ཐེག་དམན་ལམ་ཞུགས་མི་དགོས་པས་ཕ་རོལ་པོ་ཉན་ཐོས་ཀྱིས་ཁྱབ་པར་འདོད་པའང་བཀག་ཆོག་པའི་ཕྱིར། ཡང་ཁ་ཅིག །འཁོར་ལོ་དང་པོའི་སྐབས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་ཞེས་པ་ནི་ཉན་ཐོས་དངོས་ལ་བྱེད་པར་ཐལ། དགོངས་ལྡེམ་དགོངས་ཀྱི་སྒོ་ནས་དྲང་ངེས་འབྱེད་ཚུལ་འཁོར་ལོ་དང་པོར་གང་ཟག་གི་བདག་མེད་ལ་གཞུག་པའི་ཕྱིར་ཕུང་སོགས་བསྟན་པ་དེ་དགོས་དབང་གིས་གསུངས་པས་གཞུག་པ་ལྡེམ་དགོངས་སུ་འགྲོ་ཚུལ་ཤེས་ནས་དྲང་དོན་དུ་འགྲེལ་པ་དང། བར་བས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དེ་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཏན་ནས་མེད་པ་མ་ཡིན་པར་མཚན་ཉིད་གསུམ་སོ་སོའི་དབང་དུ་བྱས་པའི་མེད་ལུགས་རེ་ཡོད་པས་མཚན་ཉིད་ལྡེམ་དགོངས་དང། དོན་གཞན་ལ་དགོངས་པར་ཤེས་ནས་དྲང་དོན་དུ་འགྲེལ་པ་ཡིན་པ་གང་ཞིག །སྔ་མའི་སྒོ་ནས་བསྟན་པར་གཞུག་དགོས་ཀྱི་གདུལ་བྱ་དེར་ཉན་ཐོས་ཀྱིས་ཁྱབ་པའི་ཕྱིར། དེར་ཐལ། བློ་གྲོས་བརྟན་པའི་རྒྱན་གྱི་འགྲེལ་བཤད་ལས། ཉན་ཐོས་དག་མི་སྐྲག་ཅིང་བསྟན་པར་གཟུང་བ་དང་ཆོས་ཡོད་པར་བཤད་པའི་སྒོ་ནས་གང་ཟག་ལ་བདག་མེད་པར་རྟོག་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པའི་ཆོས་ཡོད་ཅེས་བཤད་པར་ནི་རྗེས་སུ་གཞུག་པའི་དགོངས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། ཕལ་ཆེ་བ་ལ་དགོངས་པའི་ཕྱིར། མཁས་
གྲུབ་རྟོགས་དཀའི་སྣང་བར་ཐེག་པ་ཐམས་ཅད་ལ་ཞུགས་ཞེས་པ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་ཐེག་ཆེན་རིགས་ཅན་ཡིན་ཀྱང་དབང་པོ་རྟུལ་བས་ཐེག་པ་གཞན་དུ་དཀྲིར་རུང་བ་ལ་གསུངས་པའང་སྔ་མའི་བཤད་པ་བཀོད་ཙམ་ཡིན་པས་རང་ལུགས་སུ་མི་རུང་ངོ་། །ཁ་ཅིག་ན་རེ། འདིར་བསྟན་འཁོར་ལོ་ཐ་མ་གསར་དུ་བསྐོར་བའི་ཚེ་དེའི་ཆེད་དུ་བྱ་བའི་གདུལ་བྱ་མེད་པར་ཐལ། དེ་དུས་ཀྱི་གདུལ་བྱ་ལ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་དོན་མ་ཚང་བའི་ཕྱིར། དེར་ཐལ། དེས་འཁོར་ལོ་ཐ་མ་ལ་བརྟེན་ནས་འཁོར་ལོ་དང་པོ་གཉིས་ཀྱི་དགོངས་དོན་མ་རྟོགས་པའི་ཕྱིར། དེར་ཐལ། དེ་ལ་བརྟེན་ནས་དེ་གཉིས་ཀྱི་དགོངས་པ་རྟོགས་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེའི་ཚེ་འཁོར་ལོ་ཐ་མ་གསུངས་མ་ཐག་ཡིན་པ་གང་ཞིག །དེ་ལ་བརྟེན་ནས་སྔ་མ་གཉིས་ཀྱི་དགོངས་དོན་རྟོགས་པ་དགོས་སོགས་ཆོས་བཞིའི་ནང་གི་དགོས་པ་ཡིན་པས། དེའི་སྔོན་དུ་དེའི་བརྗོད་དོན་ལ་ཐོས་སོགས་ཀྱིས་ཞུགས་པ་འགྲོ་དགོས་པའི་ཕྱིར། གཞན་ཡང་འདི་ཉིད་ལས། གདུལ་བྱ་ནི་ཐེག་པ་ཐམས་ཅད་ལ་ཞུགས་པ་སྟེ་སྔ་མ་གཉིས་ནི་ཐེག་པ་ཆེ་ཆུང་སོ་སོ་བ་ཡིན་ལ། འདི་ནི་གཉི་གའི་དབང་དུ་བྱས་པའོ་ཞེས་གསུངས་པ་དང་ཡང་མི་འགྲིག་པར་ཐལ། ཁྱོད་ཀྱིས་བཤད་ཚུལ་ལྟར་ན་འཁོར་ལོ་བར་བའི་ཆེད་དུ་བྱ་བའི་གདུལ་བྱའང་ཐེག་པ་ཐམས་ཅད་ལ་ཞུགས་པར་འཇོག་དགོས་པའི་ཕྱིར། དེར་ཐལ། དེས་འཁོར་ལོ་དང་པོ་དང་བར་བ་གཉི་གའི་དགོངས་གཞི་རྫོགས་པར་རྟོགས་པའི་ཕྱིར། ཁྱབ་སྟེ། དེ་ཐེག་པ་ཐམས་ཅད་ལ་ཞུགས་པའི་དོན་ཡིན་པའི་ཕྱིར།
རྟགས་ཁས། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ཐ་མའི་ཆེད་དུ་བྱ་བའི་གདུལ་བྱས་དེ་ལྟར་རྟོགས་པ་གང་ཞིག །བར་པའི་གདུལ་བྱ་ནི་དེ་ལས་ཀྱང་ལྷག་པར་དབང་པོ་རྣོ་བ་ཞིག་ཡིན་པའི་ཕྱིར། དེས་ན་འདིར། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་ཆེད་དུ་གསུངས་པའི་དོན་དེའོ། །ཞེས་སོགས་ཀྱང་འཁོར་ལོ་ཐ་མས་འཁོར་ལོ་དང་པོ་གཉིས་ཀྱི་དགོངས་པ་འགྲེལ་ཚུལ་སྟོན་པ་ཡིན་གྱི། དེའི་ཆེད་དུ་བྱ་བའི་གདུལ་བྱ་ངོས་བཟུང་བ་མིན་ཏེ། ཡང་དག་པར་ཞུགས་པའི་དོན་དེའོ་ཞེས་མ་གསུངས་པར། ཡང་དག་པར་ཞུགས་པའི་ཆེད་དུ་གསུངས་པའི་དོན་དེ་དེའོ་ཞེས་འབྱུང་བའི་ཕྱིར། དེས་ན་སོ་སོར་ཞུགས་པ་དང་ཐམས་ཅད་ལ་ཞུགས་པའི་གོ་དོན་སོ་སོའི་དགོངས་དོན་ལ་དོགས་པ་སྐྱེས་པ་དང་སྔ་མ་གཉི་གའི་དགོངས་དོན་ལ་དོགས་པ་སྐྱེས་ནས་ཞུགས་པའི་དོན་ཡིན་ཞེས་པཎ་ཆེན་བསོད་གྲགས་ཀྱི་དྲང་ངེས་རྣམ་འབྱེད་ལས་བཤད་དོ། །དེ་མི་འཐད་པར་ཐལ། གསུང་འདིས་དེའི་ཆེད་དུ་བྱ་བའི་གདུལ་བྱ་ངོས་བཟུང་བ་ཡིན་པའི་ཕྱིར། དེར་ཐལ། དེས་གདུལ་བྱ་ཇི་ལྟ་བུ་ཞིག་གི་ཆེད་དུ་གསུངས་ཚུལ་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། གདུལ་བྱ་ནི་ཐེག་པ་ཐམས་ཅད་ལ་ཞུགས་པ་སྟེ་ཞེས་དེས་གདུལ་བྱ་ངོས་བཟུང་བ་ཡིན་པ་བསྙོན་མེད་ལ། དེའི་ཆེད་དུ་གསུངས་པར་ཡང་གཞུང་ཚིག་གིས་དངོས་སུ་ཐོན་ཅིང་རང་གིས་ཀྱང་ཁས་བླངས་པའི་ཕྱིར། ཁྱབ་སྟེ། གདུལ་བྱ་འདི་ལྟ་བུ་ཞིག་གི་ཆེད་དུ་གསུངས་ཞེས་སྟོན་པ་ལ་དེ་ལྟ་བུའི་གདུལ་བྱ་དེ་ངོས་འཛིན་དགོས་པའི་ཕྱིར། བར་པའི་གདུལ་བྱ་ཐེག་པ་ཐམས་ཅད་ལ་ཞུགས་པར་ཐལ་བའི་སྐྱོན་
ཡང་འདྲ་བར་ཐལ། བར་བའི་གདུལ་བྱ་དེས་འཁོར་ལོ་དང་པོ་གཉི་གའི་སྒྲས་ཟིན་ལ་དོགས་པ་ཞུགས་པའི་ཕྱིར། དེར་ཐལ། དང་པོའི་སྒྲས་ཟིན་ལྟར་རང་མཚན་གྱིས་ཡོད་མཉམ་དུ་བཟུང་ན་རྟག་མཐའ་དང། བར་བའི་སྒྲས་ཟིན་ལྟར་རང་མཚན་གྱིས་མེད་མཉམ་དུ་བཟུང་ན་ཆད་མཐའ་འགྲོ་ཚུལ་ལ་དོགས་པ་ཆོད་དེ་སེམས་ཙམ་གྱི་ལྟ་བ་མཐར་ཐུག་རྙེད་པའི་ཕྱིར། བྱས་པ་ལ། དེ་འགལ་ཁྱབ་ཡིན་ཏེ། དང་པོའི་སྒྲས་ཟིན་ལ་དོགས་པ་ཆོད་ན་དེར་དོགས་པ་ཆོད་དགོས་པའི་ཕྱིར་ཟེར་ན། འོ་ན་བར་བའི་སྒྲས་ཟིན་ལའང་དོགས་པ་མེད་པར་ཐལ། དེར་དོགས་པ་ཆོད་པའི་ཕྱིར། དེར་ཐལ། དེའི་དགོངས་གཞི་རྟོགས་པའི་ཕྱིར། རྟགས་ཁས། གོང་དུ་འདོད་མི་ནུས་ཏེ། དེར་དོགས་པ་སྐྱེས་པའི་ཕྱིར། མ་གྲུབ་ན། དེར་དོགས་པ་ཞུགས་པ་དེ་ཐེག་པ་དེ་ལ་ཞུགས་པའི་དོན་དུ་རང་གིས་ཁས་བླངས་པ་དང་འགལ་ལོ། །ཁོ་ན་རེ། དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱར་ཐེག་པ་ཆེ་ཆུང་གཉི་གའི་གང་ཟག་ཡོད་པར་ཐལ། དགོངས་འགྲེལ་ཐེག་པ་ཆེ་ཆུང་གཉི་གའི་མདོའི་དགོངས་འགྲེལ་ཡིན་པའི་ཕྱིར། དེར་ཐལ། དེ་འཁོར་ལོ་རིམ་པ་གསུམ་གའི་དགོངས་འགྲེལ་ཡིན་པའི་ཕྱིར། དེར་ཐལ། འཁོར་ལོ་གསུམ་གའི་དྲང་ངེས་ཀྱི་ཁྱད་འབྱེད་པའི་དགོངས་འགྲེལ་ཡིན་པའི་ཕྱིར་ན། མ་ཁྱབ། ཚད་མ་རྣམ་འགྲེལ་ཆོས་ཅན། ཕྱི་རོལ་པའི་ལྟ་བ་སྟོན་པའི་བསྟན་བཅོས་ཡིན་པར་ཐལ། ཕྱི་ནང་གཉི་གའི་ལྟ་བའི་ཁྱད་པར་འབྱེད་པའི་བསྟན་བཅོས་ཡིན་པའི་ཕྱིར་ཏེ། སྟོན་པ་བསྟན་པ་ལྟ་བ་གསུམ་གྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་
པའི་བསྟན་བཅོས་ཡིན་པའི་ཕྱིར། ཁྱབ་པ་འགྲིག །གོང་དུ། དེར་ཐལ། འཁོར་ལོ་གསུམ་གའི་དགོངས་པ་འགྲེལ་པའི་ཕྱིར་ན། མ་ཁྱབ་སྟེ། བར་བའི་དགོངས་པ་གཙོ་བོ་འགྲེལ་ཅིང་དང་པོའི་དགོངས་པ་ཞར་བྱུང་ཙམ་དུ་འགྲེལ་པ་ཡིན་པས་དང་པོའི་དགོངས་འགྲེལ་དུ་མི་འཇོག་པར་ཡིག་ཆར་གསུངས་པ་བཞིན་ཡིན་པའི་ཕྱིར། བྱས་པ་ལ། ཡིག་ཆའི་བཤད་ཚུལ་ལའང་ནང་འགལ་ཡོད་པར་ཐལ། བཀའ་བསྟན་བཅོས་སྐབས་ཀྱི་མཐའ་དཔྱོད་ལས། འཁོར་ལོ་གསུམ་གའིདགོངས་འགྲེལ་ཀུན་བཏུས་དང། དབུ་མ་སྣང་བ་དང། དབུ་མ་རྒྱན་ལྟ་བུ། གསུང་རབ་ཐམས་ཅད་ཀྱི་དགོངས་འགྲེལ་ལམ་སྒྲོན་དང། ལམ་རིམ་གཉིས་དང་ཐུབ་དགོངས་ལྟ་བུ། ཞེས་འབྱུང་བས་དེ་དག་ཀྱང་ཐེག་པ་ཆེ་ཆུང་གཉི་གའི་བསྟན་བཅོས་སུ་འགྱུར་དགོས་པའི་ཕྱིར་ཟེར་ན། མི་མཚུངས་ཏེ། དགོངས་འགྲེལ་གྱིས་ཐེག་པ་ཆེ་ཆུང་གཉི་གའི་མདོའི་དགོངས་པ་འགྲེལ་ཀྱང་གཙོ་ཆེ་ཆུང་ཡོད། ཀུན་བཏུས་ཀྱིས་དེ་གཉི་གའི་དགོངས་པ་འགྲེལ་ཚུལ་ལ་གཙོ་ཆེ་ཆུང་མེད་པར་ཆ་མཉམ་དུ་འགྲེལ་པས་གཉི་གའི་དགོངས་འགྲེལ་དུ་འཇོག་དགོས་ཀྱང་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་རིགས་ཅན་ཡིན་པས་ངོ་བོ་ཐེག་ཆེན་གྱི་བསྟན་བཅོས་སུ་འཇོག་དགོས་པའི་ཕྱིར། ཁོ་ན་རེ། ཀུན་བཏུས་ཐེག་ཆེན་གྱི་བསྟན་བཅོས་མ་ཡིན་པར་ཐལ། གྲུབ་མཐའ་ཆེན་མོ་ལས། ཀུན་བཏུས་ལས་ལོངས་སྐུའང་མ་བསྟན་ལ། ས་བཅུ་ལའང་མིང་ཙམ་ལས་མེད་པས་ཐེག་ཆེན་གྱི་དགོངས་འགྲེལ་མིན་ནོ། །ཞེས་གསུངས་པའི་
ཕྱིར་ན། མ་ཁྱབ་སྟེ། ཐེག་ཆེན་ཐུན་མོང་མ་ཡིན་པའི་དེ་མིན་ཞེས་པའི་དོན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྒྱུད་སྡེ་སྤྱི་རྣམ་ལས། སྡོམ་རྣམ་པ་གཉིས་ནི་འཁོར་ལོ་ཐ་མའི་དགོངས་འགྲེལ་ལྟ་བ་གཙོ་བོར་སྟོན་པའི་བསྟན་བཅོས་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མི་འགལ་བར་ཐལ། གཏན་ལ་དབབ་པའི་སྡེ་དེ་ཐེག་པ་ཆེ་ཆུང་གཉི་གའི་སྡེ་སྣོད་ཡིན་པའི་ཕྱིར། དེར་ཐལ། དེ་དེ་གཉི་གའི་མངོན་པའི་སྡེ་སྣོད་ཡིན་པའི་ཕྱིར། དེར་ཐལ། ཀུན་བཏུས་ལས། གཏན་ལ་དབབ་པ་བསྟན་པའི་སྡེ་ནི་གཉི་གའི་མངོན་པའི་སྡེ་སྣོད་དོ། །ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེ་ལ་ནང་གསེས་ཀྱིས་ཐེག་པ་ཆེ་ཆུང་གི་མངོན་པ་གཉིས་འབྱེད་རྒྱུ་ཡོད་པའི་དོན་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ཐེག་པ་ཆེ་ཆུང་གཉི་གའི་སྡེ་སྣོད་ཀྱི་ཡིན་པ་ཡོད་པར་ཐལ། ཐེག་པ་ཆེ་ཆུང་ཐུན་མོང་གི་སྡེ་སྣོད་ཀྱི་ཡིན་པ་ཡོད་པའི་ཕྱིར་ན། མ་ཁྱབ། འོ་ན་ཐེག་པ་ཆེ་ཆུང་གཉི་གའི་ལམ་གྱི་ཡིན་པ་ཡོད་པར་ཐལ། ཐེག་པ་ཆེ་ཆུང་ཐུན་མོང་གི་ལམ་གྱི་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། སྐྱེས་བུ་ཆེ་འབྲིང་ཐུན་མོང་གི་ལམ་གྱི་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་དེ་ཡིན་པའི་ཕྱིར་ཏེ། རྗེ་བླ་མས། ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ཉན་ཐོས་དང་བྱང་སེམས་ཀྱི་སྡེ་སྣོད་མི་འགལ་བར་ཐལ། དེ་གཉི་གའི་ལམ་གྱི་གཞི་མཐུན་མེད་ཀྱང་སྡེ་སྣོད་ཀྱི་གཞི་མཐུན་བཞག་ཆོག་པའི་ཕྱིར། དེར་ཐལ། ཉན་ཐོས་དང་རང་རྒྱལ་གཉི་གའི་སྡེ་
སྣོད་ཀྱི་གཞི་མཐུན་བཞག་ཆོག་པའི་ཕྱིར་ན། མ་ཁྱབ། རང་རྒྱལ་གྱིས་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྟེན་ནས་ལམ་ལ་སློབ་པ་མ་གཏོགས་རང་གི་སྡེ་སྣོད་ཟུར་བ་མེད་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། ཀུན་བཏུས་ལས། རང་སངས་རྒྱས་ཀྱི་ཐེག་པ་གང་ཞེ་ན་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་བསམ་པ་ཅན་དང་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ། ཞེས་གསུངས་པའི་ཕྱིར། ཟུར་ཕྱི་མ་གྲུབ་སྟེ། དེའི་རྒྱུ་མཚན་གྱིས་བཀའ་ཐམས་ཅད་ཉན་ཐོས་ཀྱི་ཐེག་པའི་ཆོས་འཁོར་དང། བྱང་སེམས་ཀྱི་ཐེག་པའི་ཆོས་འཁོར་གཉིས་སུ་གྲངས་ངེས་པའི་ཕྱིར། མྱང་འདས་རྒྱ་ནག་མ་ལས། རིགས་ཀྱི་བུ་གཞན་ཡང་གང་ཟག་ལ་རྣམ་པ་གཉིས་ཏེ། དབང་པོ་འབྲིང་དང་དབང་པོ་རབ་བོ། དབང་པོ་འབྲིང་ལ་ནི་ཝ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དབང་པོ་རབ་ལ་ནི་མིའི་ནང་ནས་ཁྱུ་མཆོག་གི་རྒྱལ་པོ་ལྟ་བུ་བྱང་ཆུབ་སེམས་དཔའི་འཁོར་ལོ་བསྐོར་རོ། །རིགས་ཀྱི་བུ་དབང་པོ་ཐ་མ་ལ་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་མི་བསྐོར་ཏེ། དབང་པོ་ཐ་མ་ཞེས་བྱ་བ་ནི་ལོག་སྲེད་ཅན་དག་གོ །ཞེས་གསུངས་པའི་ཕྱིར། འདིས་ནི་པཎྚི་ཏ་གཞན་ཕན་བཟང་པོ་རིགས་མེད་ལ་མངོན་མཐོའི་ཆོས་འཁོར་ཟུར་དུ་བསྐོར་ཟེར་བ་དང། བྲམ་ཟེ་སཛྫ་ནས་རང་རྒྱལ་རིགས་ཅན་ལ་དེའི་ཆོས་འཁོར་ཟུར་དུ་བསྐོར་ཟེར་བ་གཉིས་ཀྱང་ཁེགས་སོ། །ཡང་ཁ་ཅིག་ཐེག་པ་ཆེ་ཆུང་གི་མདོའི་ཡིན་པ་ཡོད་པར་ཐལ། དབུ་སེམས་གཉི་གའི་མདོའི་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། ཤེར་མདོ་དེ་ཡིན་པའི་ཕྱིར།
དེར་ཐལ། དེ་དེ་གཉི་གས་རང་གཞུང་དུ་ཁས་ལེན་པའི་ཕྱིར་ན། མ་ཁྱབ་སྟེ། རང་རང་གིས་དེ་ལྟར་ཁས་ལེན་ཀྱང་སེམས་ཙམ་པས་གཞལ་ན་ཅིག་ཤོས་ཀྱི་རང་གཞུང་དུ་མ་སོང་བའི་ཕྱིར། དེར་ཐལ། དེས་དེ་དགོངས་པ་ཅན་ཡིན་པ་མ་ཤེས་པར་སྒྲ་ཇི་བཞིན་དུ་ཞེན་ནས་ཉམས་པར་བྱས་པ་ཡིན་གྱི། རང་གཞུང་བྱས་ཏེ་གཏན་ལ་བབ་པར་མ་སོང་བའི་ཕྱིར། རྣམ་བཤད་རིགས་པ་ལས། དེ་ལྟ་བས་ན་ཐེག་པ་ཆེན་པོ་ནི་དགོངས་པ་ཅན་གྱི་དོན་ཡིན་པའི་ཕྱིར་ཉམས་པར་བྱེད་ཀྱི་གཞུང་དུ་བྱས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། འོ་ན་ངོ་བོ་ཉིད་མེད་པར་སྨྲ་བའི་རང་གཞུང་དུ་གྱུར་པའི་མདོ་ཞིག་མེད་པར་ཐལ། འཁོར་ལོ་བར་མཐའ་གཉིས་གང་ཡང་དེར་མི་རུང་བའི་ཕྱིར། འདོད་མི་ནུས་ཏེ། དེའི་རང་གཞུང་དུ་གྱུར་པའི་མདོ་ཞིག་མེད་ན་མདོ་གང་གིའང་དགོངས་པ་མ་ཡིན་པར་འགྱུར་བའི་ཕྱིར་ཟེར་ན། དེའི་རང་གཞུང་དུ་གྱུར་པའི་མདོ་རིལ་བོ་ཞིག་འཇོག་དཀའ་ལ་ཤེར་མདོ་ལྟ་བུ་དེའི་རང་གཞུང་མིན་ཀྱང་གྲུབ་མཐའ་དེ་དེའི་དགོངས་པ་ཕལ་པར་འགྲོ་བ་འགལ་བ་མེད་པའི་ཕྱིར། ཁ་ཅིག་ན་རེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་ཞེས་པའི་དོན་དེའི་སྒྲས་ཟིན་ལྟར་ཁས་བླངས་པ་ལ་མཁས་པའི་རྩོད་པ་མི་འབྱུང་བའི་དོན་ཡིན་ཟེར་ན། མདོ་སྡེ་དགོངས་འགྲེལ་གྱི་སྒྲས་ཟིན་ལ་གནོད་བྱེད་སྟོན་པའི་མཁས་པ་མེད་པར་ཐལ། དེའི་དོན་འཐད་པའི་ཕྱིར། འདོད་ན། ཐལ་འགྱུར་བ་ལ་མཁས་པ་མེད་པར་ཐལ། དེས་དགོངས་འགྲེལ་གྱི་སྒྲས་ཟིན་ལ་གནོད་བྱེད་བསྟན་པའི་ཕྱིར། དེར་ཐལ། དེའི་སྒྲས་ཟིན་ལ་གནོད་བྱེད་བསྟན་ནས་དྲང་དོན་དུ་འགྲེལ་པའི་ཕྱིར།
འཇུག་པ་ལས། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་དྲང་དོན་དགོངས་པ་ཅན་དུ་གསུངས་པའི་མདོ་ངོས་འཛིན་པ་ན། རང་འགྲེལ་ལས། རྣམ་པ་དེ་ལྟ་བུའི་མདོ་སྡེ་གང་ཡིན་ཞེ་ན། ཇི་སྐད་དུ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། བཏགས་པ་དང། གཞན་གྱི་དབང་དང། ཡོངས་སུ་གྲུབ་པ་ཞེས་བྱ་བའི་རང་བཞིན་གསུམ་བསྟན་པ། ཞེས་སོགས་གསུངས་པའི་ཕྱིར། དེས་ན་དགོངས་འགྲེལ་གྱི་སྒྲས་ཟིན་ལ་རྒོལ་བའི་མཁས་པ་གཏན་མེད་པ་མ་ཡིན་པར་ཐལ། དེ་འདྲའི་མཁས་པ་ཙམ་ཡོད་ཀྱང་བརྟག་པ་མཐའ་ཆོད་པར་བྱས་པའི་མཁས་པ་མེད་པའམ། ཡང་ན་མདོ་རང་གི་སྟོན་ཚུལ་ཞལ་མི་གསལ་བའི་དབང་གིས་དེའི་དགོངས་པ་དེ་ལྟར་ཡིན་ནམ་མིན་ཞེས་རྩོད་པ་འོང་དོན་མེད་པའི་དོན་ཡིན་པའི་ཕྱིར། འདི་ཉིད་ལས། རྩོད་པ་ཡོད་མེད་ནི་མདོ་དེའི་དོན་ངོ་བོ་ཉིད་ཡོད་མེད་སྟོན་པས་དེ་ལྟར་གཏན་ལ་ཕབ་པ་ཡིན་མིན་ལ་མཁས་པས་བརྟགས་ན་རྩོད་པ་མེད་པ་ལ་བྱ་ཡི། རྩོད་པ་གཞན་མེད་པར་སྟོན་པ་མིན་ནོ། །ཞེས་དང། གྲུབ་མཐའ་ཆེན་མོ་ལས། མདོ་འདིས་དེ་ལྟར་བཤད་མི་བཤད་ལ་ཁ་མི་གསལ་བའི་དབང་གིས་རྩོད་པ་མེད་པས་རྩོད་གཞིའི་གནས་མིན་པ་ལགས་ཀྱི། དེ་ལྟར་བཤད་ཀྱང་དབུ་མ་པ་ལྟ་བུས་མི་འཐད་ཅེས་རྩོད་པ་མེད་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེའང་མདོ་དེའི་དོན་ལ་རྩོད་པ་འོང་ཚུལ་ལ་མདོ་རང་གི་སྒྲས་ཟིན་མི་གསལ་བའི་དབང་གིས་མདོ་དེའི་དགོངས་པ་དེ་ལྟར་ཡིན་ནམ་མིན་ཞེས་རྩོད་པ་གཅིག་དང།
མདོ་དེའི་དགོངས་པ་དེ་ལྟར་ཡིན་པར་ཐག་ཆོད་ཀྱང་དེ་དགོས་དབང་ཡིན་པས་རང་ལུགས་སུ་མི་རུང་ཞེས་རྩོད་ཚུལ་དང་གཉིས་ཡོད་པ་ལས། ཐལ་འགྱུར་བས་དགོངས་འགྲེལ་གྱི་དོན་ལ་རྩོད་ཚུལ་ནི་ཕྱི་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ངོ་བོ་ཉིད་མེད་པ་སོགས་ལྔ་པོ་དེ་འཁོར་ལོ་བར་མཐའ་གཉི་གའི་རྩོམ་གཞིར་འཇོག་པ་འདྲ་བར་ཐལ། འདི་ཉིད་ལས། འཁོར་ལོ་གསུམ་པ་བརྗོད་བྱ་གང་ལས་བརྩམས་པ་བར་བ་དང་འདྲ་ཞིང། ཞེས་གསུངས་པའི་ཕྱིར། འདོད་ན། ངོ་བོ་ཉིད་མེད་པ་སོགས་ལྔ་པོ་དེ་འཁོར་ལོ་བར་མཐའ་གཉི་གའི་སྒྲས་ཟིན་སྒྲ་ཇི་བཞིན་པ་ཡིན་པར་ཐལ། འདོད་པའི་ཕྱིར་ན། མ་ཁྱབ་སྟེ། བར་མཐའ་གཉི་གས་དེ་ལྔ་ག་ལ་བརྩམས་ཞེས་པ་དེ་གཉི་གའི་དགོངས་པ་མཐར་ཐུག་ཏུ་འཇོག་པའི་དོན་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། འདིར་བསྟན་འཁོར་ལོ་བར་བའི་སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པའི་ཕྱིར། དེར་ཐལ། དེའི་སྒྲས་ཟིན་སྒྲ་ཇི་བཞིན་པའི་ངོ་བོ་ཉིད་མེད་པ་ནི་ཆོས་ཐམས་ཅད་ལ་རང་བཞིན་གྱིས་གྲུབ་པའི་ངོ་བོ་ཉིད་མེད་པ་སོགས་ལ་བྱེད་དགོས་པས་དེའི་སྒྲས་ཟིན་ལྟར་གྱི་དེ་ལྔ་ཚད་མས་བསལ་བ་ཡིན། ཐ་མའི་སྒྲས་ཟིན་གྱི་ངོ་བོ་ཉིད་མེད་པ་ནི་མཚན་ཉིད་གསུམ་རང་རང་གི་ངོ་བོ་ཉིད་མེད་ལུགས་རེ་སྔར་བཤད་པ་ལྟར་ཡིན་པས་སྔ་ཕྱིའི་ངོ་བོ་ཉིད་མེད་པ་སོགས་མིང་འདྲའང་དོན་མི་འདྲ་བའི་ཕྱིར། ཁོ་ན་རེ། ངོ་བོ་ཉིད་མེད་པ་སོགས་ལྔ་བར་བའི་སྒྲས་ཟིན་སྒྲ་ཇི་བཞིན་པ་ཡིན་པར་ཐལ། བར་བའི་སྒྲས་ཟིན་ལ་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ངོ་བོ་ཉིད་མེད་པ་སོགས་སུ་མིང་མཐུན་པའི་གྲགས་
ཚོད་དང་བསྟུན་དགོས་པའི་ཕྱིར། མ་གྲུབ་ན། འདིར་བསྟན་འཁོར་ལོ་བར་པ་ལས་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པའི་དགོངས་གཞི་དྲི་མི་དགོས་པར་ཐལ། དེ་ལས་ངོ་བོ་ཉིད་མེད་པ་སོགས་སུ་མ་གསུངས་པའི་ཕྱིར། དེར་ཐལ། དེའི་སྒྲས་ཟིན་ལ་དེ་ལྟར་མ་གསུངས་པའི་ཕྱིར། རྟགས་ཁས། ཡང་ཁ་ཅིག་ན་རེ། འདི་ཉིད་ལས། མདོ་སྔ་མ་གཉིས་ཀྱི་སྒྲ་ཇི་བཞིན་པའི་དོན་ལ་སྐྱོན་གྱི་སྐབས་ཡོད་ལ་འདིར་མེད་པ་ནི་སྒྲ་ཇི་བཞིན་པའི་དོན་དེ་ལས་གཞན་དུ་དྲང་དགོས་མི་དགོས་ཀྱི་རྒྱུ་མཚན་གྱིས་ཡིན་ལ། ཞེས་འཁོར་ལོ་དང་པོ་གཉིས་ཀྱི་དགོངས་པ་གཞན་དུ་འདྲེན་དགོས་པར་མཐོང་ནས་དེའི་རྒྱུ་མཚན་གྱིས་མདོ་དེ་གཉིས་སྒྲ་ཇི་བཞིན་པར་མི་རུང་ཞེས་བསྒྲུབས་པ་མི་འཐད་པར་ཐལ། སྔོན་དུ་དེའི་སྒྲས་ཟིན་ལ་གནོད་བྱེད་མཐོང་ནས་དེ་རྗེས་དགོངས་པ་ཇི་འདྲ་ཞིག་ཏུ་འདྲེན་དགོས་སྙམ་དུ་དགོངས་གཞི་ཚོལ་བ་ལ་འཇུག་པ་ཡིན་པའི་ཕྱིར། དཔེར་ན་དོན་སྨྲའི་གྲུབ་མཐའ་ལ་གནོད་བྱེད་མཐོང་ནས་སེམས་ཙམ་དུ་འཇུག་པ་ཡིན་གྱི། སེམས་ཙམ་པའི་གྲུབ་མཐའ་འཐད་ལྡན་དུ་གོ་ནས་དེ་རྗེས་དོན་སྨྲའི་གྲུབ་མཐའ་ལ་གནོད་བྱེད་མཐོང་བ་མ་ཡིན་པ་དང། ཐར་པ་དོན་གཉེར་བཅོས་མིན་སྐྱེས་ནས་གཟོད་འཁོར་བ་ལ་ཞེན་ལོག་སྐྱེད་པ་མ་ཡིན་པ་བཞིན་ཡིན་པའི་ཕྱིར་ཟེར་ན། འདིར་བཤད་པའི་རིམ་པ་ནི་དོགས་པ་སྐྱེ་ཚུལ་གྱི་ཁྱད་ཅིག་ཡིན་ཏེ། ཕ་རོལ་པོ་ཁ་ཅིག་འདི་སྙམ་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་གསུང་བ་པོ་དང་ཆ་ཕྱེ་ནས་གསུང་བ་པོ་གཅིག་ཡིན་པས་གཅིག་གི་སྒྲས་ཟིན་ཁས་ལེན་ལ་གཅིག་ཁས་མི་ལེན་པ་ནང་
འགལ་ཏེ། ཕྱི་མ་ཤེས་བྱེད་དུ་རུང་ན་སྔ་མ་ཤེས་བྱེད་དུ་རུང་དགོས་སོ་ཞེ་ན། གསུང་བ་པོ་ལ་ཕྱོགས་གཅིག་ནས་འཁྲུལ་བ་བྱུང་བ་ཡིན་ན་ཁྱོད་བདེན་ཡང། སྟོན་པས་ནི་མཁྱེན་བཞིན་དུ་གསུངས་པ་ཡིན་པས་དེ་ལ་རང་གི་ལུགས་གཅིག་དང། གདུལ་བྱའི་དབང་གིས་ཡིན་པ་གཅིག་སྟེ་གཉིས་འབྱེད་དགོས་ལ། དེ་ལྟར་འབྱེད་པའང་རིགས་པས་འབྱེད་དགོས་པས་མཁས་པས་མཐའ་ཆོད་པར་དཔྱད་ན་རྩོད་པ་མི་འཇུག་པ་ནི་འཁོར་ལོ་ཐ་མ་ཡིན་པས་མདོ་དེ་གཉིས་ཀྱི་སྒྲས་ཟིན་ལའང་འཐད་མི་འཐད་ཀྱི་དབྱེ་བ་བྱེད་རུང་ཞེས་པའི་དོན་ཡིན་ཏེ། མདོར་བསྡུ་ན་སྟོན་པའི་བཀའ་ལ་འདི་ནི་དྲང་དོན་ནོ། །འདི་ནི་ངེས་དོན་ནོ་ཞེས་གྱ་ཚོམ་དུ་དྲང་ངེས་འབྱེད་མི་རུང་བས། སྔོན་ལ་མདོ་དེའི་དགོངས་པ་དེ་ཁོ་ན་ལྟར་གནས་སམ་གཞན་དུ་འདྲེན་དགོས་ཞེས་ལེགས་པར་བརྟགས་ཏེ་དེ་ནས་དྲང་ངེས་འབྱེད་དགོས་ཞེས་པ་ཡིན་པས་གོ་རིམ་འཆོལ་བའི་སྐྱོན་མེད་དོ། །ཁ་ཅིག་སྟོང་ཐུན་ལས། དེའི་ཕྱིར་གསུང་རབ་ཡིན་པ་ལ་འཁོར་ལོ་གསུམ་གང་རུང་གི་མདོ་ཡིན་པས་མ་ཁྱབ་ཀྱི། གསུམ་དུ་ཕྱེ་བ་ནི་གཙོ་བོའི་དབང་དུ་བྱས་པའི་དབྱེ་བའོ། །ཞེས་པའི་དོན་དུ་བསམ་ནས་བཀའ་ལ་འཁོར་ལོ་གསུམ་གང་རུང་གིས་མ་ཁྱབ་པར་འདོད་པ་མི་འཐད་པར་ཐལ། དེ་དྲིས་ཞུས་ཀྱི་འཁོར་ལོ་གསུམ་གང་རུང་ཡིན་པས་མ་ཁྱབ་ཅེས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། དེའི་གོང་དེ་མ་ཐག་ཏུ། དགོངས་འགྲེལ་ལས་འཁོར་ལོ་རིམ་པ་གསུམ་གསུངས་པ་ནི། ཞེས་པ་ནས། ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བགོ་བར་གསུངས་པ་ལྟ་བུ་རྣམས་བདག་མེད་གཏན་ལ་འབེབས་ཚུལ་མི་འདྲ་བ་
གསུམ་གྱི་སྒོ་ནས་དྲང་ངེས་སོ་སོར་འབྱེད་པ་འདི་འདྲ་བའི་དྲང་ངེས་དཔྱོད་པའི་གཞིར་འོང་དོན་མེད་དེ། ཤམ་ཐབས་ཟླུམ་པོར་བགོ་བར་གསུངས་པའི་སྟོན་ཚུལ་ནི་བདག་མེད་སྟོན་ཚུལ་གསུམ་པོ་གང་ཡང་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གསུང་རབ་ཅེས་སོགས་གསུངས་པའི་ཕྱིར། ཁྱབ་སྟེ། དྲི་བ་ཞུས་ནས་དྲང་ངེས་སོ་སོར་འབྱེད་རྒྱུའི་ཆོས་འཁོར་གཞིར་བཞག་འདུག་པའི་ཕྱིར་ཏེ། དེ་ནི་འདི་ཉིད་ལས། རང་གི་མཚན་ཉིད་ཡོད་པ་སོགས་སུ་སྟོན་པའི་འཁོར་ལོ་དྲང་དོན་དུ་སྟོན་པ་ཡིན་གྱི། ཞེས་སོགས་དང། འོག་ཏུའང། མདོ་སྡེ་གཞན་རྣམས་འདིའི་དྲང་ངེས་དཔྱོད་པའི་གཞིར་འོང་དོན་མེད་དོ། །ཞེས་གསུངས་པའི་དོན་བསྡུས་ནས་བཀྲལ་བ་ཡིན་པའི་ཕྱིར། དེས་ན་གསུང་རབ་ཐམས་ཅད་ཆོས་འཁོར་གསུམ་དུ་འདུ་བར་ཐལ། གསེར་ཕྲེང་ལས། ཆོས་འཁོར་གསུམ་གྱིས་གསུང་རབ་ཐམས་ཅད་བསྡུས་པ་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྤྱིར་ཆོས་ཀྱི་སྒོ་མོ་མཐའ་ཡས་ཀྱང་དེ་ཐམས་ཅད་སྡེ་ཚན་དུ་བསྡུས་ན་དུས་ཐོག་མཐའ་བར་དུ་གསུངས་པར་མི་འདུ་བ་མེད་པས་འཁོར་ལོ་རིམ་པ་གསུམ་དུ་བྱས་པ་ཡིན་པའི་ཕྱིར། རྣམ་བཤད་ལས། ཆོས་ཀྱི་འཁོར་ལོ་ཐོར་བུ་ཐོར་བུར་གསུངས་པ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་གོ་སླ་བར་བསྡུས་ནས་ཆོས་ཀྱི་འཁོར་ལོ་གསུམ་གྱི་མིང་གི་ཐ་སྙད་ཀྱིས་དངོས་སུ་གསུངས། ཞེས་དང། འདི་ཉིད་ལས་ཀྱང། དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྤྱི་ཁྱབ་ཏུ་འཁོར་
ལོ་གསུམ་གྱི་རྣམ་གཞག་དུས་ཀྱི་རིམ་པའི་སྒོ་ནས་འཇོག་པར་གྲུབ་ན་སྐབས་འདིར་དྲང་ངེས་སུ་འཇོག་རྒྱུའི་མདོ་གསུམ་ཡང་གོ་རིམ་ལྟར་དུས་ཀྱི་རིམ་པ་དེ་དང་འགྲིག་ཡོད་པས། བྱེ་བྲག་འདིར་བསྟན་འཁོར་ལོ་གསུམ་གྱི་འཇོག་ཚུལ་ཡང་དེས་འགྲུབ་པའི་ཕྱིར། དེ་ལྟར་ན་དུས་དང་པོར་གསུངས་པའི་མདོ་འཁོར་ལོ་དང་པོའི་མཚན་ཉིད་དུ་འཇོག་པ་གཞུང་འདིའི་དགོངས་པར་ཤིན་ཏུ་གསལ་ཏེ། འདི་ཉིད་ལས། དུས་དང་པོར་བདེན་པ་བཞི་ལ་བརྩམས་ནས་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པའི་འཁོར་ལོ་དང་པོ་དྲང་དོན་དུ་སྟོན་པ་ཡིན་གྱི། དུས་དང་པོར་གསུངས་ཚད་ཀྱི་གསུང་རབ་ཐམས་ཅད་ལ་མིན་ཏེ། དཔེར་ན་དུས་དང་པོར་ཝ་ར་ཎཱ་སིར་ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཞེས་པ་ལ་སོགས་པའི་བསླབ་བྱ་གསུངས་པ་ལ་འདིར་དོགས་པ་གཅོད་མི་དགོས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་དོགས་པ་གཅོད་ལུགས་ནི་གོང་དུ་འཁོར་ལོ་དང་པོ་གཉིས་དྲང་དོན་དང་ཐ་མ་ངེས་དོན་ཞེས་པའི་ཚིག་ཡང་ཡང་བྱུང་བ་ལ། འོ་ན་འཁོར་ལོ་དང་པོ་ཐམས་ཅད་དྲང་དོན་ཡིན་ནམ་ཞེ་ན་དེའི་ནང་ནས་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་དྲང་དོན་ཡིན་གྱི་འཁོར་ལོ་དང་པོ་ཐམས་ཅད་མིན་ཏེ། ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་གསུངས་པ་ལྟ་བུ་དུས་དང་པོར་ཡང་གདུལ་བྱའི་དབང་གིས་སྣ་ཚོགས་ཤིག་གསུངས་པས་དེ་ཐམས་ཅད་ལ་དོགས་པ་གཅོད་དོན་མེད་ཅེས་པ་ཡིན་པའི་ཕྱིར། གལ་ཏེ་དུས་དང་པོར་གསུངས་པའི་མདོ་འཁོར་ལོ་དང་པོའི་
དོན་མིན་ན་འཁོར་ལོ་དང་པོ་ཐམས་ཅད་དྲང་དོན་མ་ཡིན་ཏེ། དུས་དང་པོར་གསུངས་པའི་མདོ་ལ་བསླབ་བྱ་ཙམ་སྟོན་པའང་ཡོད་པའི་ཕྱིར་ཞེས་པའི་རྟགས་ཆོས་ལ་འབྲེལ་ཅིའང་མེད་དེ། དཔེར་ན། དངོས་པོ་ལ་ལྡན་མིན་གྱིས་མ་ཁྱབ་པར་ཐལ། དོན་བྱེད་ནུས་པར་གྱུར་པའི་གཟུགས་ཤེས་ལྡན་མིན་གསུམ་ག་ཡོད་པའི་ཕྱིར། བྱས་ན་འབྲེལ་བ་མ་གཏོགས། དངོས་པོ་ལ་ལྡན་མིན་གྱིས་མ་ཁྱབ་པར་ཐལ། ཤེས་བྱར་གྱུར་པའི་རྟག་པའང་ཡོད་པའི་ཕྱིར་བྱས་ན་འབྲེལ་མེད་པ་བཞིན་ཡིན་པའི་ཕྱིར། དེས་ན་གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་ལས། རྗེ་བླ་མས་དུས་དང་པོར་གསུངས་པའི་མདོ་ཡིན་ན་འཁོར་ལོ་དང་པོ་ཡིན་པས་ཁྱབ་པར་གཟུང་གིས་དོགས་ནས་དེ་འགོག་པའི་ཆེད་དུ་གསུངས་ཞེས་ལུང་འདིས་དུས་དང་པོར་གསུངས་པའི་མདོ་ལ་འཁོར་ལོ་དང་པོས་མ་ཁྱབ་པར་བསྟན་གསུངས་པའང་མཁས་པ་སྔ་མའི་བཤད་པའི་རྣམ་གྲངས་བཀོད་པ་ཙམ་ཡིན་ཏེ། ཐམས་ཅད་ལ་མིན་གསུངས་པ་འཁོར་ལོ་དང་པོ་ཙམ་ཡང་མིན་པ་ལ་བྱེད་ན། འཁོར་ལོ་དང་པོ་ཙམ་ལའང་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཞིག་དགོས་པར་འགྱུར་བ་ལ་འདིར་དེ་ལྟར་གསུངས་པའི་འཁོར་ལོ་དང་པོ་ཞེས་སྨོས་པས་དེ་ལྟར་མ་གསུངས་པ་ཞིག་ཀྱང་བསྟན་པའི་ཕྱིར་དང། རྗེ་བཙུན་དམ་པ་དེས་ཀྱང་སྤྱིར་བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་བར་ཡང་ཡང་གསུངས་པས་འཁོར་ལོ་དང་པོ་ལ་དྲིས་ཞུས་ཀྱི་འཁོར་ལོ་དང་པོས་ཁྱབ་པར་མི་བཞེད་སྣང་བའི་ཕྱིར་རོ། །གལ་ཏེ་བཀའ་ཐམས་ཅད་སྤྱིར་འཁོར་ལོ་གསུམ་དུ་གྲངས་
ངེས་ཀྱང་སྤྱིའི་འཁོར་ལོ་གསུམ་ནི་བརྗོད་བྱ་ཕྱོགས་མཐུན་གྱི་སྒོ་ནས་འཇོག་ཚུལ་རྒྱུད་སྡེ་སྤྱི་རྣམ་ལས་བཤད་པ་དེ་ཡིན་གྱི། དུས་དང་པོར་གསུངས་པའི་མདོ་སོགས་གསུམ་ལ་བྱེད་པ་མིན་ཟེར་ན། འོ་ན་འདི་ཉིད་ལས། འཁོར་ལོ་གསུམ་པ་ངེས་དོན་དུ་བཤད་པའང་སྔར་བཤད་པ་ལྟར་ལེགས་པར་ཕྱེ་བ་རྣམས་ཡིན་གྱི་ཐམས་ཅད་མིན་པ་ནི་མདོ་ཉིད་ལས་ཀྱང་ཤིན་ཏུ་གསལ་ལ། དཔེར་ན་མྱ་ངན་ལས་འདའ་ཁར་འདུལ་བ་མདོར་བསྡུས་ཞེས་བྱ་བ་རུང་མཐུན་དུ་གྲགས་པ་གསུངས་ཀྱང་དེ་མདོ་འདིས་ངེས་དོན་དུ་སྟོན་པ་མིན་པ་བཞིན་ནོ། །ཞེས་གསུངས་པའི་དགོངས་པ་ཇི་ལྟར་འགྲེལ། གོང་དུ་ཐམས་ཅད་མིན་ཞེས་པ་དེ་འཁོར་ལོ་དང་པོ་ཙམ་ཡང་མིན་པ་ལ་བྱེད་པ་ལྟར་ན་འདི་འཁོར་ལོ་ཐ་མ་མིན་ཞེས་པའི་དོན་དུ་འགྲོ་དགོས་ལ། དེ་ལྟ་ན་འཁོར་ལོ་ཐ་མ་ཐམས་ཅད་འཁོར་ལོ་ཐ་མ་མིན་ཞེས་པར་འགྱུར་རོ། །དེས་ན་མིན་རྒྱུ་དེ་དྲི་བ་ཞུས་ནས་ངེས་དོན་དུ་འགྲེལ་རྒྱུའི་མདོ་དང། ཐམས་ཅད་ཅེས་པ་འཁོར་ལོ་ཐ་མ་ལ་བྱེད་དགོས་ཏེ། འཁོར་ལོ་ཐ་མ་ལ་གྲུབ་དོན་གྱི་སྐབས་འདིར་བླ་ན་མ་མཆིས་ཞེས་སོགས་ཀྱིས་ངེས་དོན་དུ་བཤད་རྒྱུ་དེས་ཁྱབ་བམ་ཞེ་ན། དེའི་ནང་ནས་ལེགས་ཕྱེའི་ཆོས་འཁོར་རྣམས་དེ་ཡིན་གྱི། འཁོར་ལོ་ཐ་མ་ཙམ་ལ་འདིར་ངེས་དོན་དུ་བཤད་རྒྱུའི་མདོས་མ་ཁྱབ་སྟེ། འདུལ་བ་མདོར་བསྡུས་རུང་མཐུན་དུ་གྲགས་པ་དེ་སྟོན་པ་མྱ་ངན་ལས་འདའ་ཁར་གསུངས་པས་འཁོར་ལོ་ཐ་མ་ཡིན་ཀྱང་འདིར་དེ་ངེས་དོན་དུ་སྒྲུབ་མི་དགོས་པ་བཞིན་ཞེས་པའི་དོན་ཡིན་པ་ཤིན་ཏུ་གསལ་བའི་ཕྱིར་དང། དེ་འདོད་ན། འདུལ་བ་མདོར་བསྡུས་དེ་འཁོར་ལོ་ཐ་མ་ཡིན་ན་འདིར་ངེས་དོན་དུ་
བཤད་རྒྱུའི་མདོ་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་འཇོག་རིགས་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། དུས་ཐ་མར་གསུངས་པའི་མདོ་འཁོར་ལོ་ཐ་མའི་དོན་དུ་བྱས་ཏེ་དེ་ལ་འདིར་ངེས་དོན་དུ་བཤད་རྒྱུའི་མདོས་མ་ཁྱབ་པའི་སྐྱོན་ལ་བཞག་པ་མ་ཡིན་པ་གང་ཞིག །བརྗོད་བྱ་ཕྱོགས་མཐུན་གྱི་འཁོར་ལོ་ཐ་མ་ལ་དེས་མ་ཁྱབ་པའི་སྐྱོན་དུའང་མི་འཇོག དྲིས་ཞུས་ཀྱི་འཁོར་ལོ་ཐ་མ་ལ་དེས་མ་ཁྱབ་པའི་སྐྱོན་དུའང་མི་འཇོག་པའི་ཕྱིར། དང་པོ་མ་གྲུབ་ན་དངོས། གཉིས་པ་མ་གྲུབ་ན། འདུལ་བ་མདོར་བསྡུས་ཆོས་ཅན། བརྗོད་བྱ་ཕྱོགས་མཐུན་གྱི་འཁོར་ལོ་ཐ་མ་མ་ཡིན་པར་ཐལ། བརྗོད་བྱ་ཕྱོགས་མཐུན་གྱི་འཁོར་ལོ་དང་པོ་ཡིན་པའི་ཕྱིར། དེར་ཐལ། ལུང་སྡེ་བཞི་དེ་ཡིན་པའི་ཕྱིར། རྒྱུད་སྡེ་སྤྱི་རྣམ་ལས། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་ནི་འཁོར་ལོ་དང་པོའི་མདོ་དངོས་ཡིན་ཞིང། དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་སྒོ་ནས་འདུལ་བ་ལུང་དང། མདོ་དྲན་པ་ཉེར་བཞག་དང། མདོ་རྒྱ་ཆེར་རོལ་པ་དང། མདོ་སྡེ་ལས་བརྒྱ་པ་དང། མདོ་སྡེ་རྟོགས་བརྗོད་བརྒྱ་པ་ལ་སོགས་པའང་འཁོར་ལོ་དང་པོའི་མདོར་གཏོགས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་མ་གྲུབ་ན་དྲིས་ཞུས་ཀྱི་འཁོར་ལོ་ཐ་མ་ལ་འདིར་ངེས་དོན་དུ་བཤད་རྒྱུའི་མདོས་ཁྱབ་པར་ཐལ། དེ་ལ་ལེགས་ཕྱེའི་ཆོས་འཁོར་གྱིས་ཁྱབ་པའི་ཕྱིར། འདི་ཉིད་ལས། ངེས་དོན་དུ་བཤད་པའང་སྔར་བཤད་པ་ལྟར་ལེགས་པར་ཕྱེ་བ་རྣམས་ཡིན། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡིན་ཞེས་པའི་ཡིན་རྒྱུ་དང་ཐམས་ཅད་མིན་ཞེས་
པའི་མིན་རྒྱུ་གཉི་ག་བསྲེ་མི་རུང་བའི་ཕྱིར། དེས་ན་རྗེ་བླ་མས་མ་ཁྱབ་པའི་སྐྱོན་འཇོག་ཚུལ་འདིའང་དུས་ཐ་མར་གསུངས་པའི་མདོ་འཁོར་ལོ་ཐ་མའི་དོན་དུ་འཇོག་རྒྱུའི་དབང་དུ་བྱས་པར་མངོན་ཏེ། མྱ་ངན་ལས་འདའ་ཁར་ཞེས་སྨོས་པའི་དགོས་པ་དུས་ཐ་མར་གསུངས་པ་གོ་བའི་ཆེད་ཡིན་ལ། དེ་བཞི་འཁོར་ལོ་ཐ་མར་འབད་མེད་དུ་གྲུབ་པའི་དབང་དུ་བྱས་པར་སྣང་བའི་ཕྱིར་རོ། །དེ་བཞིན་དུ་འཁོར་ལོ་དང་པོ་ལ་དྲིས་ཞུས་ཀྱི་དེས་མ་ཁྱབ་པའི་སྐྱོན་དུ་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་གསུངས་པ་བཞག་པའང་ལུང་ཕྲན་ཚེགས་ལས། ཤམ་ཐབས་ཟླུམ་པོ་བགོ་བ་ལ་བསླབ་པར་བྱའོ་ཞེས་པ་ནི་དང་པོར་བཅས་པའི་འདུལ་བ་ཡིན་ལ། ཞེས་སོགས་གསུངས་པ་དེས་དུས་དང་པོར་གསུངས་པའི་མདོར་གྲུབ་པ་ཐུགས་ལ་བཞག་ནས་དེས་འཁོར་ལོ་དང་པོར་སྒྲུབ་སླ་བའི་དབང་དུ་བྱས་པ་ཡིན་ཏེ། ལུང་སྡེ་བཞིའི་ནང་ན་འཁོར་ལོ་གསུམ་གྱི་ཆ་འབྱེད་རྒྱུ་ཡོད་པ་འདི་དུས་ཀྱི་རིམ་པའི་དབང་དུ་བྱས་པ་མ་གཏོགས་གང་ལའང་མི་འགྲིག་གོ །སྤྱིར་འཁོར་ལོ་གསུམ་གྱི་འཇོག་ཚུལ་ལ་དུས་ཀྱི་རིམ་པའི་དབང་དུ་བྱས་པ་དང། བརྗོད་བྱ་ཕྱོགས་མཐུན་གྱི་དབང་དུ་བྱས་པ་གཉི་ག་རང་ལུགས་སུ་ཁས་ལེན་དགོས་ཀྱང། ཁྱབ་མཐའ་བཟུང་བའི་ཚེ་དུས་ཀྱི་རིམ་པའི་དེ་གཙོ་བོར་བྱེད་དགོས་ཏེ། ཀུན་མཁྱེན་བླ་མས་ཀྱང་རྒྱུད་སྡེ་སྤྱི་རྣམ་ལྟར་ན་ཞེས་བརྗོད་བྱ་ཕྱོགས་མཐུན་གྱི་འཁོར་ལོ་གསུམ་དུ་འབྱེད་ཚུལ་གསུངས་ནས་མཇུག་ཏུ་རྒྱུད་སྡེ་སྤྱི་རྣམ་གྱི་ལུགས་ཡིན་ནོ། །ཞེས་གསུངས་པའི་ཚིག་གི་ནུས་པ་ལ་དཔག་ན་དེ་ལྟར་བཤད་ལུགས་
བྱས་ཆོག་ཀྱང་འདིར་བཤད་བྱ་རྩ་བའི་གཞུང་གི་དངོས་ཟིན་དང་མཐུན་ཚབས་ཆེ་ཞིང་སྤྱི་ཁྱབ་ཏུ་འཇོག་བདེ་བ་ནི་དུས་ཀྱི་རིམ་པས་འཇོག་ཚུལ་འདི་ཡིན་པས་དེ་གཙོ་བོར་བྱེད་དགོས་ཞེས་པའི་དོན་ཡིན་པའི་ཕྱིར། ཡང་ཁོ་ན་རེ། འཁོར་ལོ་གསུམ་དུས་ཀྱི་རིམ་པའི་སྒོ་ནས་འཇོག་མི་རུང་བར་ཐལ། དེ་གསུམ་གཅིག་ཅར་བསྐོར་བ་ཡིན་པའི་ཕྱིར་ཏེ། ཐུན་མོང་མ་ཡིན་པའི་གདུལ་བྱ་ལ་དེ་ཡིན་པའི་ཕྱིར། ཁྱབ་སྟེ། གཅིག་ཅར་བསྐོར་ན་དང་པོ་བསྐོར་བའི་དུས་སུ་བར་མཐའ་གཉིས་ཀྱང་བསྐོར་བ་ཡིན་པས་དུས་སྔ་ཕྱིའི་སྒོ་ནས་འཇོག་ཚུལ་མེད་པའི་ཕྱིར་ཟེར་ན། ཁྱོད་རང་ལ་འཁོར་ལོ་གསུམ་གཅིག་ཅར་ཁོ་ནར་བསྐོར་བ་ཡིན་པར་ཐལ། རིམ་ཅན་དུ་མ་བསྐོར་བའི་ཕྱིར། དེར་ཐལ། རིམ་ཅན་དུ་བསྐོར་ན་དང་པོ་འདི་བསྐོར། དེ་རྗེས་འདི་བསྐོར་ཞེས་སྔ་ཕྱིའི་རིམ་པ་ཡོད་དགོས་པའི་ཕྱིར། འདོད་མི་ནུས་ཏེ། གདུལ་བྱ་ཐུན་མོང་བ་ལ་རིམ་ཅན་དུ་བསྐོར་བའི་ཕྱིར་དང། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉི་ག་དངོས་གནས་པར་ཁས་ལེན་དགོས་པའི་ཕྱིར། གཞན་ཡང་ཁྱོད་ལྟར་ན་འཁོར་ལོ་གསུམ་བརྗོད་བྱའི་སྒོ་ནས་ཀྱང་བཞག་མི་ཆོག་པར་ཐལ། འཁོར་ལོ་དང་པོའི་མདོ་ཚིག་དེས་བར་མཐའ་གཉིས་ཀྱི་བརྗོད་དོན་ཡང་བསྟན་པའི་ཕྱིར། དེར་ཐལ། འཁོར་ལོ་དང་པོ་བསྐོར་བའི་གསུང་གཅིག་པུ་དེས་བར་མཐའ་གཉིས་ཀྱང་བསྐོར་བའི་ཕྱིར། ཁྱབ་པ་འགྲིག །རྟགས་གྲུབ་སྟེ། དོན་ཚད་མེད་པའི་མདོ་རྒྱ་ནག་འགྲེལ་ཆེན་དུ་དྲངས་པ་ལས། དེ་བཞིན་གཤེགས་པས་ནི་གསུང་གཅིག་ཏུ་ཆོས་ཀྱི་འཁོར་ལོ་གསུམ་གསུངས་པར་མཛད་དོ། །ཞེས་གསུངས་པའི་ཕྱིར། འཁོར་ལོ་གསུམ་ཙམ་དུ་མ་
ཟད་སེམས་ཅན་ཐམས་ཅད་ལ་རང་རང་གི་ཁམས་དང་འཚམ་པའི་དྲིས་ལན་བརྗོད་བྱ་མི་འདྲ་བ་དེ་སྙེད་ཀྱང་གསུང་གཅིག་གིས་འདོམས་པའི་ཕྱིར། བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །ཞེས་དང། ལམ་རིམ་ཆེན་མོ་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡོད་ཀྱིས་དུས་གཅིག་ཏུ་དྲི་བ་མི་འདྲ་བ་ཁོ་ན་རེ་རེ་ནས་དྲིས་ཀྱང་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བཟུང་ནས་གསུང་གཅིག་གིས་དྲི་བ་ཐམས་ཅད་ཀྱི་ལན་མཛད་ཅིང་དེ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར། ཞེས་གསུངས་པའི་ཕྱིར། སྟོན་པའི་ངག་ཏུ་གྱུར་བའི་བདེན་གཞིའི་ཆོས་འཁོར་དེས་ཐེག་ཆེན་རིགས་ཅན་ལ་ཆོས་ཀྱི་བདག་མེད་དངོས་སུ་སྟོན་ན་དེའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་པ་ཞིག་ཀྱང་འཇོག་དགོས་པས་ཐེག་པ་ཆེ་ཆུང་གི་མདོ་དང་འཁོར་ལོ་གསུམ་གྱི་ངོས་འཛིན་འཆོལ་བར་ཐལ་བ་འཕེན་ཚུལ་དང་ལན་གྱི་ཞིབ་ཆ་འབྱེད་ཚུལ་ཀྱང་ཤེས་དགོས་སོ། །ཁོ་ན་རེ། འཁོར་ལོ་གསུམ་གྱི་འཇོག་ཚུལ་དུས་ཀྱི་རིམ་པའི་སྒོ་ནས་མི་འཇོག་པར་བརྗོད་བྱའི་སྒོ་ནས་འཇོག་དགོས་པར་ཐལ། འདི་ཉིད་ལས། དགོངས་འགྲེལ་ལས་འཁོར་ལོ་རིམ་པ་གསུམ་གསུངས་པ་ནི་འཁོར་གྱི་འདུ་ཐེབས་དང་སྟོན་པའི་སྐུ་ཚེའི་ཚིགས་ལ་སོགས་པས་འཇོག་པ་མིན་གྱི་བརྗོད་བྱའི་ངོས་ནས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དྲིས་ཞུས་ཀྱི་འཁོར་ལོ་གསུམ་དུ་འབྱེད་བྱེད་ཀྱི་གཙོ་བོ་འཁོར་གྱི་འདུ་
ཐེབས་དང་སྐུ་ཚེའི་ཚིགས་ཀྱིས་འཇོག་པ་མ་ཡིན་པར་བདག་མེད་གཉིས་སྟོན་ཚུལ་དང་དགག་བྱ་འགོག་ཚབས་ཆེ་ཆུང་གི་སྒོ་ནས་འཇོག་ཅེས་པའི་དོན་ཡིན་པས་དེས་སྤྱིར་འཁོར་ལོ་གསུམ་དུས་ཀྱི་རིམ་པའི་སྒོ་ནས་འཇོག་པ་ལ་མི་གནོད་པའི་ཕྱིར། དེར་ཐལ། འཁོར་འདུ་ཐེབས་དང་སྐུ་ཚེའི་ཚིགས་ཞེས་པ་སྐབས་འདིའི་དུས་ཀྱི་སྒོ་ནས་འཇོག་ཚུལ་མ་ཡིན་པའི་ཕྱིར་ཏེ། དང་པོ་ནི་མདོ་སྡེ་བསྐལ་བཟང་ལས། འདུས་པ་དང་པོ་ལ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའོ། །ཞེས་ལྟེང་རྒྱས་འོད་སྲུངས་འཁོར་བཅས་ལྔ་བརྒྱ། ག་ཡ་འོད་སྲུངས་འཁོར་བཅས་ལྔ་བརྒྱ། མཆོག་ཟུང་འཁོར་བཅས་ཉིས་བརྒྱ་ལྔ་བཅུ་སྟེ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་འདུན་ལ་འདུས་པ་དང་པོར་གསུངས་པས་འཁོར་ལོ་དང་པོ་དེ་རྣམས་ལ་བསྐོར་བ་དང། དེ་བཞིན་དུ་བར་བ་འདུས་པ་གཉིས་པ་ལ་གསུངས་པ་སོགས་མིན་ཞེས་པའི་དོན་ཡིན། འདུས་པ་དང་པོ་ལ་གསུངས་པས་འཁོར་ལོ་དང་པོར་འཇོག་ན་ཤེར་མདོའང་འཁོར་ལོ་དང་པོར་འགྱུར་ཏེ། གླེང་གཞིར་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་དེར་སྣང་བའི་ཕྱིར། འདི་ལ་ཁ་ཅིག །གླེང་གཞི་ལ་ལར་ལྔ་སྟོང་ཞེས་འབྱུང་བས་རྒྱས་འབྲིང་བསྡུས་གསུམ་བསྐོར་ཡུལ་མི་གཅིག་ཟེར། དེ་མི་འཐད་པར་ཐལ། དེ་གཉིས་ཀྱི་ཞུ་བ་པོ་མཐུན་པར་འབྱུང་ཞིང། ཞིང་དག་སྦྱོར་བའི་ཐད་དུ་གངྒའི་ལྷ་མོ་ལུང་བསྟན་པར་འདྲ་བས་དུས་གཅིག་ལ་གསུངས་པ་གདུལ་བྱས་ཐོས་ཚུལ་གྱིས་རྒྱས་བསྡུས་བྱུང་བ་མ་གཏོགས་མདོ་སྔ་ཕྱི་
བ་མ་ཡིན་པའི་ཕྱིར་ཏེ། འགྲེལ་པ་དོན་གསལ་ལས། དེ་ལ་བསྡུས་སོགས་རབ་དབྱེ་བས། །ཁྱད་པར་ཡོད་པ་ཁོ་ནར་ཟད། །ཅེས་གསུངས་པའི་ཕྱིར། འོན་ཀྱང་དེ་གཉིས་ཀྱི་གྲངས་མི་མཚུངས་པ་ནི་གསུང་བའི་ཚིག་ལ་རྒྱས་བསྡུས་ཀྱི་སྣང་ཚུལ་མི་འདྲ་བ་རུང་བ་ལྟར། གསུང་ཡུལ་གྱི་འཁོར་ལའང་མང་ཉུང་གི་སྣང་ཚུལ་མི་འདྲ་བ་འགལ་བ་མེད་མོད། སྔ་མ་འགའ་ཞིག་གང་ཟག་བགྲང་ན་ལྔ་སྟོང་ཡིན་ཀྱང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་འདུན་ཞེས་འབྱུང་བས། བཞི་ཚན་དུ་བསྡེབས་ཏེ་དགེ་འདུན་བགྲང་ན་སྟོང་ཉིས་བརྒྱ་ལྔ་བཅུར་འགྱུར་ཞེས་ཟེར་བ་དཔྱད་དགོས་སོ། །སྐུ་ཚེའི་ཚིགས་ཀྱི་སྒོ་ནས་འཇོག་ཚེ་སྐུ་ཚེའི་སྟོད་སྨད་བར་གསུམ་དུ་གསུངས་པ་ལ་བྱེད་དགོས་ཀྱང་བདེན་བཞིའི་ཆོས་འཁོར་ནི་དགུང་ལོ་སོ་ལྔ་པའི་ས་གའི་ཉ་ལ་སངས་རྒྱས་པ་དེ་ནས་བརྩིས་པའི་ཞག་ཞེ་དགུ་པ་རགས་རྩིས་ཀྱིས་ཆུ་སྟོད་ཟླ་བའི་ཚེས་བཞི་དང། ཞིབ་རྩིས་ལ་ཞག་མི་ཐུབ་དོར་བའི་དབང་དུ་བྱས་ན་ཚེས་དྲུག་ལ་བསྐོར་བ་ཡིན། དེའི་ཕྱི་ལོ་ནག་ཟླའི་ཚེས་བཅོ་ལྔ་ལ་ཤེར་མདོ་དང་དུས་འཁོར་རྩ་རྒྱུད་མཉམ་དུ་གསུངས་པ་ཡིན་པས་བར་དུ་ཟླ་བ་བཅུ་ཙམ་ལས་མེད་པར་སྐུ་ཚེའི་སྟོད་ཡིན་མིན་གཉིས་འབྱེད་མི་ཐུབ་པའི་ཕྱིར། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །ཤེར་རབ་ཕ་རོལ་ཕྱིན་ཚུལ་བཞིན། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་གསུངས་པའི་ཕྱིར། འོ་ན་དུས་དང་པོ་དང་བར་བར་ཡང་འཇོག་མི་ཐུབ་པར་ཐལ། བར་དུ་ཟླ་བ་བཅུ་ལས་མེད་པའི་ཕྱིར་ན། མི་མཚུངས་
ཏེ། དེ་གཉིས་བརྗོད་བྱ་སོགས་ཆེས་མི་འདྲ་ལ། ཕྱི་མའི་ལྷ་རྣམས་ཀྱིས་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་བསྒྲགས་པ་ལྟ་བུ་སྔ་མ་ལས་ལོགས་སུ་གྲགས་ཆེན་པོ་བྱུང་བས་སྣང་ཚོད་དེ་དང་བསྟུན་པ་ཡིན་ཞིང། སྐུ་ཚེའི་བར་དུ་འཇོག་པ་ལ་དེ་འདྲའི་རྒྱུ་མཚན་ཅིའང་མེད་པའི་ཕྱིར། ཕར་ཕྱིན་མཐའ་དཔྱོད་ལས། འཁོར་ལོ་གསུམ་བྱེད་པ་སྐུ་ཚེའི་ཚད་དང་འཁོར་འདུ་ཐེབས་ཀྱིས་མི་བྱེད་དེ། ཐུན་མོང་གི་སྣང་བ་གཙོ་ཆེ་བ་སོགས་ཤེས་དགོས། ཞེས་གསུངས་པའི་དགོངས་པའང་དེ་ཡིན་ཏེ། དཔེར་ན་ཀླུ་སྒྲུབ་ཀྱི་ཆོས་སྒྲ་དང་པོ་གཉིས་ཀྱི་བར་དུ་ཆེར་མ་འགྱང་ལ། ཆོས་སྒྲ་གསུམ་པ་དང་བར་དུ་ལོ་བརྒྱ་ཕྲག་དུ་མ་འགྱང་ཞིང་དེའི་བར་ལ་རྩོམ་པ་མཛད་པ་མང་ཡང་ཆོས་སྒྲ་གསུམ་པོ་གྲགས་ཆེ་ཚུལ་དང་བཤད་པའི་སྒོ་མི་འདྲ་ཚུལ་གྱི་སྟེང་ནས་བཞག་པ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། སངས་རྒྱས་ཚུལ་བསྟན་པའི་ཕྱི་ལོ་ཤེར་མདོ་དང་དུས་འཁོར་རྩ་རྒྱུད་གསུངས་པ་མི་འཐད་པར་ཐལ། དེ་དུས་ཀུན་དགའ་བོ་འཁོར་དུ་མེད་པས་དེའི་ཚེ་ཤེར་མདོ་གསུངས་པ་ཡིན་ན། མདོའི་གླེང་གཞི་ལས། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །ཞེས་གསུངས་པ་དང་འགལ། དུས་འཁོར་རྩ་རྒྱུད་ནི་འགྲེལ་ཆེན་དྲི་མེད་འོད་ལས། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་སྟོན་པར་མཛད་དེ། བཅུ་གཉིས་པ་ནག་པ་ཉ་ལ་ཤྲཱི་དྷཱ་ནྱཱ་ཀ་ཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་
གི་དཀྱིལ་འཁོར་གསུངས་སོ། །ཞེས་གསུངས་པས། བཅུ་གཉིས་པ་ཞེས་པ་དང་བསྟུན་ན་སངས་རྒྱས་པའི་ལོ་དེར་གསུངས་པར་བྱེད་དགོས། ཐེག་པ་གསུམ་སྟོན་པར་མཛད་དེ་ཞེས་པ་དང་བསྟུན་ན་འཁོར་ལོ་གསུམ་པོ་ཕལ་ཆེར་བསྐོར་ཟིན་ནས་མྱ་ངན་ལས་འདའ་རྒྱུའི་ལོ་དེའི་ནག་ཟླ་ལ་བྱེད་དགོས་པས། དུས་འཁོར་བ་སྔ་མ་རྣམས་ལུགས་དེ་གཉིས་གང་རུང་རེ་འདོད་པ་མ་གཏོགས་དེའི་ཕྱི་ལོའི་ནག་ཟླ་ལ་བྱེད་པ་ལུགས་གང་དང་ཡང་མི་མཐུན་པའི་ཕྱིར་ཟེར་ན། སྐྱོན་དང་པོ་མི་འཇུག་པར་ཐལ། ཤེར་མདོ་གསར་དུ་གསུངས་པའི་ཚེ་ཀུན་དགའ་བོ་མེད་ཀྱང་དེ་ཐོས་པ་འཛིན་པའི་མཆོག་ཡིན་པས་ཕྱིས་བསྐྱར་ནས་གསུངས་པའམ། སངས་རྒྱས་ཀྱི་མཐུས་དགེ་སློང་གཞན་ལས་ཐོས་པའང་སངས་རྒྱས་ལས་ཐོས་པར་བཞག་ཆོག་པ་དང། འདི་སྐད་བདག་གིས་ཐོས་ཞེས་པའང་དོན་འགྲེལ་ཚུལ་གསུམ་དུ་བྱེད་དགོས་པ་རྣམས་རྒྱན་སྣང་ལས་ཞིབ་ཏུ་གསུངས་པ་ཡིག་ཆར་གསལ་བ་ལྟར་ཡིན་པས། དོན་གྱི་སྡེ་ཚན་དང་ལེའུ་གོ་རིམ་ངེས་གཟུང་སོགས་བཀའ་བསྡུ་བའི་དུས་དང་བམ་གྲངས་སོགས་བསྒྱུར་བའི་དུས་སུ་བཀོད་པ་ཡིན་གྱི་ཐོག་མ་ནས་འདི་ལྟར་ཡོད་མི་དགོས་པའི་ཕྱིར། འོ་ན་དེ་དུས་ཀྱི་བརྒྱད་སྟོང་པ་ལ་གླེང་གཞི་དང་ཡོངས་གཏད་མ་ཚང་ན་ལེའུ་སོ་གཉིས་དང་ཤོ་ལོ་ཀ་བརྒྱད་སྟོང་མ་ལོང་བས་བརྒྱད་སྟོང་པར་འཇོག་མི་ཐུབ་པའམ། དེ་ལ་ཡང་ཚང་ན་ཕྱིས་ཀྱིས་དེ་ལ་ལྷག་པས་བརྒྱད་སྟོང་པ་མ་ཡིན་པར་ཐལ་ལོ་ཟེར་ན། གསར་དུ་ཚེས་པའི་ལོའང་ལོ་མཚན་ཉིད་པ་ཡིན་པས་ཟླ་བ་བཅུ་གཉིས་ཚང་དགོས་ཀྱང་ལོ་སར་མ་ཐག་ཟླ་བ་བཅུ་གཉིས་པ་
གྲུབ་མི་དགོས་པ་དང། སེམས་ནི་སྔ་མས་བྱང་ཆུབ་བར། །ཞེས་སོགས་ཀྱི་རིགས་པ་ལྟར་ཡིན་པས་སྐྱོན་མི་འཇུག་གོ །དུས་འཁོར་རྩ་རྒྱུད་ཀྱང་དེ་དང་མཉམ་དུ་གསུངས་པ་ལ་འགལ་བ་མེད་པར་ཐལ། འགྲེལ་ཆེན་གྱི་བཅུ་གཉིས་པ་ཞེས་པ་དེ་སངས་རྒྱས་པའི་ས་ག་ཟླ་བ་དེ་ནས་བརྩིས་པའི་བཅུ་གཉིས་པ་ལ་བྱས་ནས་ཀྱང་བཤད་ཆོག་པ་གང་ཞིག །ལོ་དེའི་བཅུ་གཉིས་པར་བྱེད་ནའང་དེ་དུས་འཁོར་རང་ལུགས་ཡིན་པས་ཡོངས་གྲགས་ལ་དེ་ལྟར་ཁས་ལེན་མི་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། བུ་སྟོན་དང་མཁས་གྲུབ་རྗེས་ཀྱང་དེ་ལྟར་གསུངས་པས་དུས་འཁོར་པ་ལ་དེ་འདྲའི་བཤད་པ་མ་བྱུང་བ་མི་འཐད་པའི་ཕྱིར། མཁས་གྲུབ་ཊཱིཀ་ཆེན་ལས། སངས་རྒྱས་པའི་དུས་དེ་ནས་བརྩིས་པའི་ཟླ་བ་བཅུ་གཉིས་པ་ནག་པའི་ཟླ་བ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མཁས་གྲུབ་ནོར་བཟང་བས་དུས་འཁོར་ལུགས་ལ་ལོ་མགོ་ནག་ཟླ་ནས་འཛིན་པ་དང་ས་ག་ནས་འཛིན་པ་གཉིས་བཤད་པས། དེ་ལྟར་ན་སངས་རྒྱས་པའི་ལོ་དེའི་བཅུ་གཉིས་པར་བྱས་ཆོག་པའི་ཕྱིར། རྟགས་གྲུབ་སྟེ། ལུག་ཁྱིམ་གྱི་རི་མོ་ཤར་བ་ནས་ལོ་མགོ་འཛིན་དགོས་ལ། དེ་རབ་བྱུང་གི་ལོ་ལྟ་བུར་ཧོར་ཟླ་གསུམ་པའི་ཚེས་གཅིག་ནས་ཤར་ནའང་ཚེས་ཞག་གི་ཟླ་བས་ཁྱིམ་ཞག་གི་ཟླ་བའི་དོད་མ་ཐུབ་པར་ཞག་གཅིག་མ་ལོང་ཙམ་རེ་ལྷག་པ་བསགས་ནས་དེའི་ཕྱི་ལོ་ལུག་ཁྱིམ་གྱི་རི་མོ་ཚེས་བཅུ་གཅིག་ལ་འཆར་བའི་ལོ་དེ་གཉིས་ལ་ཡར་ངོ་སྔོན་འགྲོ་ཅན་གྱི་ནག་ཟླ་ལོ་མགོར་བྱེད་དགོས། དེའི་
ཕྱི་ལོ་ཞག་བཅུ་གཅིག་པ་གཉིས་ཕྱི་ནུར་བྱས་པས་རགས་རྩིས་ཀྱིས་ཧོར་ཟླ་གསུམ་པའི་ཉི་ཤུ་གཉིས་ལ་འཆར་བས་ལོ་དེར་མར་ངོ་སྔོན་འགྲོ་ཅན་གྱི་ས་ག་ཟླ་བ་ལོ་མགོར་བྱེད་དགོས་པའི་ཕྱིར། ཟུར་ཕྱི་མ་དེར་ཐལ། ཉི་མས་ནག་པའི་སྐར་ཁྱིམ་གྱི་ཆ་གསུམ་ལ་ལོངས་སྤྱད་ཟིན་ཏེ་བཞི་ཆར་སླེབས་པ་ནས་ལུག་ཁྱིམ་གྱི་རི་མོ་ཤར་བས་ལུག་ཁྱིམ་དང་ས་ག་མཉམ་དུ་རྫོགས་པ་ཞིག་ཡོད་ལ། ལོ་དེར་ལུག་ཁྱིམ་དང་ས་ག་སྦྱོར་དགོས་པས་ལོ་མགོའང་དེ་ནས་འཛིན་པའི་ཕྱིར། དྲི་མེད་འོད་ལས། ལྷུན་པོའི་ལྷོའི་དུམ་བུ་འདིར་ལུག་ལ་ཉི་མ་གཉིས་པ་དཔྱིད་ཀྱི་དུས་ས་ག་ཟླ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་མཁས་གྲུབ་ཐམས་ཅད་མཁྱེན་པའི་དགོངས་པའང་འགྲེལ་ཆེན་དུ་ནག་ཟླའི་ཚེས་གཅིག་དང་ལུག་ཁྱིམ་སྦྱར་བའི་བཤད་པ་མང་བས་དེར་སྒོ་བསྟུན་པ་ཙམ་ཡིན་གྱི། རི་མོ་འཆར་སྔ་ཕྱིའི་དབང་གིས་ལོ་མགོ་འཛིན་ཚུལ་མི་འདྲ་བར་བྱེད་པ་འདི་མི་བཞེད་པ་མིན་ཏེ། མཁས་གྲུབ་རྗེའི་རིགས་ལྡན་དྲིས་ལན་ལས། དུས་བཞིའི་མཐར་ཟད་བྱེད་ཀྱི་ལོ་དཔྱིད་ཟླ་ར་བའི་གནམ་སྟོང་ལ་གཟའ་ཐམས་ཅད་སྐར་མ་ནམ་གྲུའི་སྟེང་དུ་སྟོངས་པ་ལ་ཞུགས་ནས་ངེས་པ་ཐམས་ཅད་སྟོང་པར་འགྱུར་ཞིང། སླར་ཡང་ནང་བར་ནས་ངེས་པ་ཐམས་ཅད་ཀྱི་མགོ་རྩོམ་པ་ན་ལོ་རབ་བྱུང་ཟླ་བ་དཔྱིད་ཟླ་འབྲིང་པོ་ནག་པས་ཉ་བ། གཟའ་ཉི་མ་སྐར་མ་ཐ་སྐར་སྦྱོར་བ་རྣམ་སེལ། བྱེད་པ་བྷ་ཝཾ་རྣམས་ཤར་ནས་ངེས་པ་ཐམས་ཅད་རིམ་བཞིན་དུ་འབྱུང་བ་ཡིན་པས། དེའི་ཕྱིར་ལོའི་དང་པོ་རབ་བྱུང་དང། ཟླ་བའི་དང་པོ་ནག་ཟླ། རྒྱུ་སྐར་དང་པོ་ཐ་སྐར།
གཟའི་དང་པོ་ཉི་མ། སྦྱོར་བའི་དང་པོ་རྣམ་སེལ། བྱེད་པའི་དང་པོ་བྷ་ཝཾ་དུ་བྱས་པ་ལགས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཟླ་བ་དང་པོ་ནག་ཟླར་བྱས་པ་ནི་དེ་འདྲའི་དུས་བྱེ་བྲག་པའི་དབང་དུ་བྱས་པ་ཡིན་གྱི། ལོ་ཐམས་ཅད་ལ་ངེས་གཟུང་མིན་པར་གསུངས་པའི་ཕྱིར། ཁོ་བོའི་ཕར་ཕྱིན་གྱི་མཆན་དུ་ཕྱི་དེ་ལོ་ཞེས་པ་ལ་བཤད་ཚུལ་གཞན་ཞིག་བྱས་ཡོད་པ། དེ་སྐབས་གོང་གི་རྩོད་པ་མ་སོང་བར་ལུགས་གཉི་གའི་ཞིབ་ཆ་མ་ཕྱེད་པ་ཡིན་ནོ། །ཁོ་ན་རེ། ནག་ཟླ་དང་ས་ག་གཉི་ག་ནས་ལོ་མགོ་འཛིན་ཚུལ་གཉིས་ཡོད་པ་མི་འཐད་པར་ཐལ། ལོ་སྔ་མར་ནག་ཟླ་ནས་ལོ་མགོ་གཟུང་ན་ཕྱི་མར་ས་ག་ནས་ལོ་མགོ་འཛིན་ཚུལ་མེད། ལོ་སྔ་མར་ས་ག་ནས་ལོ་མགོ་གཟུང་ན་ཕྱི་མར་ནག་པ་ནས་ལོ་མགོ་འཛིན་ཚུལ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལྟར་ན་ཟླ་བཤོལ་མ་ཡིན་པར་ལོ་གཅིག་པོ་དེའི་མགོ་མཇུག་ལ་ནག་ཟླ་གཉིས་འབྱུང་བའམ་ལོ་དེའི་མཇུག་གི་དབོ་ཟླ་དང་ཕྱི་མའི་ལོ་མགོའི་ས་ག་ཟླ་བ་གཉིས་ཀྱི་བར་ནས་ནག་ཟླ་ཞིག་ཆད་པར་ཐལ་བའི་སྐྱོན་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། ལོ་སྔ་མ་ས་ག་ནས་མགོ་བཟུང་ཕྱི་མ་ནག་ཟླ་ནས་མགོ་བཟུང་ན་ལོ་སྔ་མ་དེར་ནག་ཟླ་མ་ཚང་བར་ཐལ་བའམ། ལོ་སྔ་ཕྱིའི་ནག་ཟླ་གཉིས་བསྟུད་ནས་འོང་བར་ཐལ་བའི་ཕྱིར་ཟེར་ན། ཡར་ངོ་མར་ངོའི་མིང་འདོགས་ལུགས་ཙམ་སོ་སོར་སོང་བ་ཡིན་གྱི། ཟླ་བ་བཅུ་གཉིས་ལ་ཆད་ལྷག་བྱུང་བ་མིན་པས་སྐྱོན་མེད་ཚུལ་གྱི་ཞིབ་ཆ་ཡོད་པར་སྣང་ཡང་སྐབས་མ་ཡིན་པས་ཧ་ཅང་མ་སྤྲོས་ཏེ་དཔྱོད་པའི་སྒོ་ཙམ་བསྟན་པ་ཡིན་ནོ། །དེས་ན་ཤེར་མདོ་གསུངས་པ་དང་མཉམ་དུ་དུས་འཁོར་
རྩ་རྒྱུད་གསུངས་པར་བཤད་པ་ལ། འགྲེལ་ཆེན་ལས་ཐེག་པ་གསུམ་སྟོན་པར་མཛད་ནས་ཞེས་པའི་ལུང་གིས་ཀྱང་མི་གནོད་དེ། དེས་མདོ་ཕྱོགས་ལས་ཐེག་པ་གསུམ་དང་སྔགས་ཀྱི་རྒྱུད་རྣམས་གསུངས་ཞེས་པ་ཡིན་གྱི། གསུངས་པའི་གོ་རིམ་བསྟན་པ་མིན་ལ། མྱ་ངན་ལས་འདའ་བའི་ལོ་གསུངས་ནའང་སངས་རྒྱས་པའི་ཕྱི་ལོ་མ་གསུངས་མི་དགོས་པའི་ཕྱིར། ཉི་མ་ཐང་པའི་དུས་ཚིགས་ལས། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱི་དེ་ལོ་ནག་པ་ཟླ་བར་དུས་འཁོར་རྩ་རྒྱུད་གསུངས་པར་ཁས་ལེན་པ་དང། དེ་རྗེས་སླར་ཡང་མྱ་ངན་ལས་འདས་ལོ་ལྕགས་འབྲུག་ལ་དུས་འཁོར་རྩ་རྒྱུད་གསུངས་པར་ཁས་ལེན་པ་གཉིས་ལ་ནང་འགལ་ཅུང་ཟད་ཀྱང་མེད་དེ། སྟོན་པས་གདུལ་བྱའི་ངོ་བོར་དུས་དང་པོར་རྩ་རྒྱུད་སྔ་ཕྱི་རིམ་པར་དུ་མ་གསུངས་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། དཔེར་ན་སྟོན་པས་གདུལ་བྱའི་ངོ་བོ་ཤེར་ཕྱིན་གྱི་མདོ་དུས་སྔ་ཕྱི་རིམ་པར་དུ་མ་གསུངས་པའི་ཕྱིར་དང། ཁྱད་པར་བཀའ་བརྒྱད་སྟོང་པ་གཅིག་པོ་དེ་གདུལ་བྱའི་ངོ་བོར་དུས་སྔ་ཕྱི་རིམ་པར་ལན་གཉིས་གསུངས་པ་བཞིན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་དང། དཔལ་འཕྲེང་གི་མདོའང་གྲོང་ཁྱེར་མཐའ་མེད་དུ་བྱོན་ནས་བུ་མོ་དཔལ་འཕྲེང་ལ་གསུངས་ཏེ་སླར་རྒྱལ་བྱེད་ཚུལ་དུ་བྱོན་ནས་ཀུན་དགའ་བོ་ལ་གསུངས་ཚུལ་མདོ་རང་ཉིད་ལས་གསལ་བར་གསུངས་པའི་ཕྱིར། འདིས་ཀུན་དགའ་བོ་ལ་བསྐྱར་ནས་གསུང་བ་མི་འཐད་ཟེར་བ་རྣམས་ཁེགས་སོ། །ཐེག་པ་ཆེ་ཆུང་གི་བཀའ་བསྡུ་བ་པོའི་རྣམ་གཞག་ནི་སྐབས་འདིར་དོགས་པ་ཆུང་ཡང་སྤྱིར་མཁོ་ཆེ་བས་ཅུང་ཟད་བཤད་ན། ཉན་ཐོས་
སྡེ་པ་སྔ་མ་རྣམས་ཐེག་པ་ཆེན་པོའི་མདོ་སྡེ་སངས་རྒྱས་ཀྱིས་མ་གསུངས་པའི་སྒྲུབ་བྱེད་དུ་ཀུན་དགའ་བོ་སོགས་ཀྱིས་སྡེ་སྣོད་གསུམ་བསྡུ་བའི་ཚེ་མ་བསྡུས་པའི་ཕྱིར་ཞེས་ཟེར་ཏེ། ཕྱོགས་སྔ་འགོད་པའི་སྐབས་ཀྱི་དབུ་མ་སྙིང་པོ་ལས། ཐེག་ཆེན་སངས་རྒྱས་གསུང་མིན་ཏེ། །མདོ་སྡེ་སོགས་སུ་མ་བསྡུས་ཕྱིར། །རིག་བྱེད་མཐའ་ཡི་ལྟ་བ་བཞིན། །ཞེས་གསུངས་པའི་ཕྱིར། དེ་ལ་གྲུབ་མཐའ་གོང་མས་ལན་བྱེད་ཚུལ་ཡོད་དེ། ཀུན་དགའ་བོ་སོགས་ཀྱིས་མ་བཟུང་ན་བཀའ་མ་ཡིན་པས་མ་ཁྱབ་པར་ཉན་ཐོས་སྡེ་པ་རང་ལ་གྲགས་པའི་ལུང་གིས་བསྒྲུབས་པ་དང། ཀུན་དགའ་བོ་སོགས་ཀྱིས་མ་བསྡུས་ཀྱང་སྡུད་པ་པོ་མེད་མི་དགོས་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལ་གྲགས་པའི་ལུང་བཙུན་པ་བླ་མའི་མདོ་སྡེ་ལས་མདོ་དེ་འཛིན་པའི་ཉན་ཐོས་བཙུན་པ་བླ་མ་གཅིག་པུ་ལས་མེད་པར་གསུངས་པ་དང། ཀུན་དགའ་བོའི་མདོ་ལས་རང་ཉིད་སྟོན་པའི་དྲུང་ནས་ལོ་ཉི་ཤུ་ལྷག་ཙམ་ལ་དངོས་སུ་ཉན་ཅིང་དེས་སྔར་གསུངས་པའི་ཆོས་ཕུང་ཉིས་སྟོང་ཙམ་ཞིག་དགེ་སློང་གཞན་ལས་ཐོས་པར་གསུངས་ལ། སྔོན་གྱི་ལོ་དེ་སྙེད་ཅིག་ཏུ་ཉིས་སྟོང་པོ་དེ་ལས་མ་གསུངས་པར་ཁས་ལེན་མི་ནུས་པས་དེའི་རྟགས་ཀྱིས་ཀུན་དགའ་བོས་ལུང་ཐམས་ཅད་མ་བཟུང་བར་འགྲུབ་པ་དང། བ་ད་ལིའམ་འོད་སེལ་གྱི་མདོར་རྟ་ཅང་ཤེས་བཟང་པོའི་རྟེའུ་ཞེས་བྱ་བའི་མདོ་ཞིག་གསུངས་པ་དེའང་དེས་མ་བཟུང་བ་སོགས་དེ་འདྲ་དུ་མ་ཡོད་པའི་ཕྱིར་ཟེར། དབུ་མ་སྙིང་པོར་སྡོམ་ཚིག་བཀོད་པ་ལས། བླ་མ་ཀུན་དགའ་བ་ཏ་ལི། །སྡུག་བསྔལ་
ཕུང་པོ་ས་པ་དང། །འཆར་བྱེད་སྟོང་པ་འཆར་བ་དང། །གང་བོ་སྤངས་པ་རམས་པ་དང། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང། །ཞེས་བྱ་གཞན་ཡང་འགྲོ་བའི་མདོ། །རྩ་བའི་སྡུད་པར་མ་ཚང་བས། །རྒྱས་པ་མིན་པར་རྟོགས་པར་བྱ། །ཞེས་འབྱུང་ངོ་། །ཚིགས་བཅད་དེ་རྣམ་བཤད་རིགས་པར་བཀོད་པ་ལས། བླ་མ་ཀུན་དགའ་འོད་སེལ་དང། །སྡུག་བསྔལ་ཕུང་སྟོན་ས་སྟོན་དང། །འཆར་ཀ་སྟོང་ཉིད་ཆུ་ལས་སྐྱེས། །གང་བོ་ས་མཚོ་ཆུ་ཤིང་དང། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང། །འགྲོ་བའི་མདོ་དང་དེ་བཞིན་གཞན། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་འབྱུང་སྟེ། འགྱུར་ཁྱད་ཙམ་ལས་རྒྱ་དཔེ་ལ་གཅིག་ཏུ་ཡོད་པར་སྣང་ཞིང་འདྲེན་རྒྱུའི་མདོ་རྣམས་ཀྱང་གཅིག་པ་ཡིན་པར་སྣང་ངོ་། །འོན་ཀྱང་ཚིག་རྐང་ཐ་མ་གཉིས་ལ། རྩ་བའི་སྡུད་པར་མ་ཚང་བས། །རྒྱས་པ་མིན་པར་རྟོགས་པར་བྱ། །ཞེས་པའི་འགྱུར་ལྟར་ན་བཀའ་བསྡུ་བའི་དུས་ནས་མ་ཚང་བར་བྱེད་དགོས་ལ། དེ་ལྟ་ན་ཀུན་དགའ་བོས་མདོ་སྡེ་ཐམས་ཅད་བཟུང་བ་མིན་པར་བཤད་པ་དང་འགྲིག ཡང། ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པར་བྱ། །ཞེས་པ་དང། དེའི་ཐད་ཀྱི་འགྲེལ་པ་ལས། ཡང་དག་པར་བསྡུས་པའི་གཞི་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཛད་པ་གང་ཡིན་པ་དེའང་ད་ལྟར་ཉམས་ཏེ། ཞེས་པ་ལྟར་ན་དེ་དག་གིས་བསྡུས་ཀྱང་ད་ལྟ་ཡོངས་སུ་གྲགས་པར་ཡོད་མི་དགོས་ཞེས་པར་འགྱུར་ལ། དེ་ལྟར་བྱས་ན་དེ་རྣམས་ཀྱིས་བསྡུས་པའི་ལུང་ཡང་ད་ལྟ་སྡེ་པ་སོ་
སོས་འདོན་ཚུལ་མི་འདྲ་བ་མང་བས་གང་བསྡུས་པ་ལྟར་གནས་ཡོད་པར་མ་ངེས་པ་དང། ཤེར་མདོ་ཀུན་དགའ་བོས་བསྡུས་ཀྱང་ཁྱེད་རྣམས་ལ་གྲགས་མི་དགོས་ཞེས་སྐབས་དོན་དང་ཡང་འགྲིག་པས་འགྲེལ་རྒྱག་ཚུལ་གཉི་ག་རང་ལུགས་སུ་བྱེད་དགོས་སོ། །གཞན་ཡང་ཐེག་ཆེན་གྱི་མདོ་འགའ་ཞིག་དེ་རྣམས་ཀྱིས་མ་བསྡུས་ཀྱང་བཀའ་མིན་མི་དགོས་པར་ཐལ། དེ་མ་བསྡུས་པའི་རྒྱུ་མཚན་བཀའ་མིན་ནས་མ་བསྡུས་པ་མིན་གྱི། དེ་དག་གི་ ཡུལ་མིན་ནས་མ་བསྡུས་པ་ཡིན་པའི་ཕྱིར། རྟོག་གེ་འབར་བ ་ལས། བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་པོ་ཉན་ཐོས་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་རབ་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་ཟུར་གཉིས་པ་ཉན་ཐོས་ཆེན་པོ་རྣམས་ཀྱིས་མ་བསྡུས་ཀྱང་དེ་སྡུད་པ་པོ་མེད་མི་དགོས་པར་ཐལ། དེ་ཕྱག་ན་རྡོ་རྗེ་སོགས་ཀྱིས་བསྡུས་པའི་ཕྱིར། རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང། འཇམ་དབྱངས་དང། གསང་བའི་བདག་པོ་དང། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར། ཞེས་དང། རྒྱན་སྣང་ལས། དེ་བཞིན་གཤེགས་པས་གསང་བ་བསྟན་པའི་དབང་དུ་བྱས་ནས་བསྐལ་པ་བཟང་པོ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་དམ་པའི་ཆོས་ཀྱི་ཚོགས་བསྲུང་བ་ལ་རྣམ་པ་ཐམས་ཅད་དུ་བདག་པོར་བྱས་པ་ཡིན་པའི་ཕྱིར་དང། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་ལས་བསྟན་པ་གཏད་པ་ཡིན་པའི་
ཕྱིར་དང། གཞན་རྣམས་ཀྱི་ཁྱད་པར་བརྗོད་པ་མེད་པའི་ཕྱིར་ན་ལྕང་ལོ་ཅན་ན་བཞུགས་པ་ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཆེན་པོས་འཇིག་རྟེན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་སྡུད་པར་གསོལ་བ་འདེབས་པ་འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ་ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །ཞེས་གསུངས་པའི་ཕྱིར། རྟོག་གེ་འབར་བར་ཀུན་བཟང་གསང་བདག་ལས་ལོགས་སུ་བྱས་པ་ནི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་སྒྲོན་གསལ་དུ་དྲངས་པ་ལས། ཀུན་ཏུ་བཟང་པོའི་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ། །ཞེས་པའི་ཚིག་རིས་ལྟར་བྱས་པ་ཡིན་ལ། རང་ལུགས་དེ་གཉིས་གཅིག་ཏུ་བྱེད་དགོས་ཏེ། སྒྲོན་གསལ་ལས། བཙུན་པ་ཀུན་དགའ་བོ་ལ་སོགས་པ་སྡུད་པར་བྱེད་པར་ཅིའི་ཕྱིར་འཇིག་རྟེན་དུ་གྲགས། སྨྲས་པ། ཀུན་དགའ་བོ་ནི་འདིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟེ་ཕྱག་ན་རྡོ་རྗེ་ཡིན་ལ། རྡོ་རྗེ་འཆང་ཆེན་པོའང་དེ་ཉིད་ལས་གཞན་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། དེའི་རྒྱུ་མཚན་ཡང་ཕྱག་ན་རྡོ་རྗེ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བའི་གསང་མཚན་ཀུན་ཏུ་བཟང་པོ་ཡིན་པའི་ཕྱིར་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དབང་བསྐུར་ནས་དེ་ཉིད་ལ་བསྟན་པ་གཏད་དོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག །ཐེག་ཆེན་གྱི་བཀའ་བསྡུ་བ་པོ་དེ་ལྟར་བཞག་པ་མི་འཐད་པར་ཐལ། རྒྱུད་སྡེ་སྤྱི་རྣམ་ལས།
ཁ་ཅིག་ཐེག་ཆེན་གྱི་བཀའ་བསྡུ་བ་བྱུང་ཚུལ་ལ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ཀྱི་རི་བི་མ་ལ་སྭ་བྷཱ་ཝ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུ་འདུས་ནས། འཕགས་པ་འཇམ་དཔལ་དང། བྱམས་པ་དང། ཕྱག་ན་རྡོ་རྗེ་གསུམ་གྱིས་རིམ་པ་བཞིན་ཐེག་པ་ཆེན་པོའི་མངོན་པ་འདུལ་བ་མདོ་སྡེའི་སྡེ་སྣོད་གསུམ་བསྡུས་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ཞེས་པ་ནས། ཨེ་ཝཾ་གྱི་ཡི་གེ་གཉིས་ཀྱི་བརྡ་རྡོ་རྗེ་འཆང་ཉིད་ཀྱིས་བཤད་པ་དང་འགལ། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། ཐུན་མོང་བའི་ལུགས་ཀྱི་བཀའ་བསྡུ་ལྟར་སངས་རྒྱས་མྱ་ངན་ལས་འདའ་ཚུལ་བསྟན་རྗེས་སུ་དེ་རྣམས་ཀྱིས་བསྡུས་པ་མིན་ཞེས་པའི་དོན་ཡིན་པའི་ཕྱིར། མདོ་ཕྱོགས་ལའང་ཆོས་ཡང་དག་པར་སྡུད་པ་ལས། དགེ་སློང་དག །ངའི་གསུང་རབ་རྣམས་ཀྱི་ཐོག་མར། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་དང། བར་དུ་མཚམས་སྦྱོར་གྱི་ཚིག་རྣམས་ཆུག་ལ་སྡུས་ཤིག །ཅེས་དང། ལང་གཤེགས་ལས་ཀྱང། འདི་སྐད་བདག་གིས་ཐོས་ལ་སོགས། །ཤཱཀྱ་སེང་གེས་བཤད་པ་ཡིན། །ཞེས་འབྱུང་ཡང། སླར་འདི་ལྟར་སྡུས་ཤིག་ཅེས་རྗེས་སུ་གནང་བ་ཡིན་གྱི། བསྡུ་ས་ཡིན་པའི་གླེང་གཞིའི་དོན་བཤད་པ་མིན་པས་རྒྱུད་ལས་གླེང་གཞིའི་ཡི་གེ་བཞི་བཅུའི་དོན་བཤད་པ་སོགས་དང་མི་འདྲ་སྟེ། སྒྲོན་གསལ་གྱི་མཆན་ལས། མདོ་སྡེའི་ཕྱོགས་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་སུ་སྡེ་སྣོད་གསུམ་གྱི་བསྡུ་ས་
མཛད་པར་གསུངས་པ་བཞིན་དུ་འདུས་པ་སོགས་ལ་དེ་ལྟར་འདོད་པ་ཤིན་ཏུ་མི་རིགས་ཏེ། ཞེས་གསུངས་པའི་ཕྱིར། ཚུལ་འདིས་ཀྱང་བརྒྱད་སྟོང་པ་ཡོད་ན་གླེང་གཞི་ནས་བཟུང་ད་ལྟའི་འདི་བཞིན་ཡོད་མི་དགོས་པར་འགྲུབ་སྟེ། དེ་དགོས་ན་སངས་རྒྱས་མྱ་ངན་ལས་མ་འདས་བར་དུ་བརྒྱད་སྟོང་པ་མ་བྱུང་བར་ཐལ་བའི་ཕྱིར་རོ། །འོ་ན་ཀུན་དགའ་བོ་ཉན་ཐོས་མ་ཡིན་པར་ཁས་ལེན་ནམ་ཞེ་ན། གཅིག་ཏུ་ཁ་ཚོན་གཅོད་མི་རུང་སྟེ། དེ་ལ་སྤྲུལ་པ་གཅིག་ཀྱང་ཡོད་ལ་ཉན་ཐོས་དངོས་གནས་གཅིག་ཀྱང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཐུབ་བསྟན་བྱི་དོར་ལས། སྲས་སྒྲ་གཅན་འཛིན་དང། ཀུན་དགའ་བོ་དང། ལྷས་སྦྱིན་རྣམས་ཀྱང་བྱེ་བ་ཕྲག་བརྒྱ་ལ་སོགས་པར་གསུངས་སོ། །ཚུལ་འདི་ལྟར་གསུངས་པ་ལས་ན་རྒྱལ་པོ་ཟས་གཙང་མ་ལ་སོགས་པ་དེ་དག་ཀྱང་དེ་དང་དེའི་ཚུལ་བསྟན་པའི་སྤྲུལ་སྐུ་ཡིན་གྱི། གང་ཟག་རང་རྒྱུད་པ་མིན་ནོ། །ཞེས་དང། མཁས་གྲུབ་རྗེའི་དུས་འཁོར་ཟིན་བྲིས་ལས། དེ་ལ་ཀུན་དགའ་བོ་རྒྱུད་དོན་མི་ཤེས་པའི་ཆགས་བྲལ་གྱི་དཔེར་སྨོས་པ་ནི། ཆགས་བྲལ་གྱི་སྤྱོད་པ་དང་རྒྱ་ཆེན་པོའི་སྤྱོད་པ་དང། ཆགས་ཅན་གྱི་སྤྱོད་པ་གསུམ་གྱི་ནང་ནས་ཀུན་དགའ་བོ་དང་པོ་ལ་སྤྱོད་པའི་ཚུལ་བཟུང་བ་ཉིད་ཀྱི་ཆ་ནས། ཞེས་གསུངས་པའི་ཕྱིར། འདི་མདོ་ལུགས་ལའང་འདོད་དགོས་ཏེ། སུམ་ཅུ་རྩ་གསུམ་པའི་ལེའུ་ལས། འཇིག་རྟེན་མགོན་པོ་ཁྱོད་ནི་འཇིག་རྟེན་མཐོང་བ་བཞིན། །དེ་སྙེད་ཀྱི་ནི་ཤཱ་རིའི་བུ་དང་གསུས་པོ་ཆེ། །ཀ་པི་ན་དང་ནམ་གྲུ་ཀ་ཏ་ཡ་ནའི་བུ། །གང་བོ་དང་ནི་རབ་འབྱོར་འོད་སྲུང་
མཐོང་བར་གྱུར། །ཐོས་པ་རྒྱ་མཚོ་ལྟ་བུའི་དགེ་སློང་ཀུན་དགའ་བོ། །ཀུན་ཏུ་སངས་རྒྱས་རྣམས་ལ་ཞུ་བ་བདག་གིས་མཐོང། །ཞེས་སངས་རྒྱས་གང་དུ་བྱོན་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་སོགས་སུའང་དེ་ཉིད་ཀྱི་མཆོག་ཟུང་ཀུན་དགའ་བོ་སོགས་ཡོད་པར་གསུངས་པའི་ཕྱིར། འདི་ནི་དེང་དུས་ཆེན་པོའི་གོ་ས་རེར་སླེབས་པ་ན་འབྲེལ་མེད་ཀྱི་སྐྱེས་རབས་མང་པོ་ཁ་བདག་བྱས་ཏེ། དང་པོར་སངས་རྒྱས། བར་དུ་ཚོགས་བསགས། མཐར་འཁོར་བའི་གཏིང་རྡོར་ལྷུང་སྟེ་ཆགས་སྡང་གི་འཁོར་ལོ་བསྐོར་བའི་རྣམ་ཐར་རྣམས་དང་མི་མཚུངས་པར་ཚད་མའི་ལུང་གིས་གྲུབ་པའི་ཡུལ་ཡིན་ནོ། །གོང་གི་རྟགས་གཉིས་པ་གྲུབ་སྟེ། སྟོང་ཐུན་ལས། དེ་དག་ཐམས་ཅད་སྤྲུལ་པའ་ིཉན་ཐོས་ཡིན་པས་ཉན་ཐོས་མཚན་ཉིད་པ་མིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། འོ་ན་ལྔ་སྡེ་བཟང་པོ་ཉན་ཐོས་ཀྱི་རིགས་ཅན་མ་ཡིན་པའི་ཕྱིར། དེ་དག་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོར་བྱས་ནས་གསུངས་པའི་འཁོར་ལོ་དང་པོའི་མདོ་ཐེག་དམན་གྱི་སྡེ་སྣོད་མ་ཡིན་པར་ཐལ་ཞིང། བཅོམ་ལྡན་འདས་ཀྱི་དངོས་ཀྱི་འཁོར་ན་ཉན་ཐོས་མཚན་ཉིད་པའི་མཚན་གཞི་གཟུང་རྒྱུ་སུ་ཞིག་ཡོད་པ་སྨྲོས་ཤིག །ཅེས་གསུངས་པའི་ཕྱིར། ཁོ་ན་རེ། མདོ་དྲན་པ་ཉེར་བཞག་བརྗོད་བྱ་ཕྱོགས་མཐུན་གྱི་འཁོར་ལོ་དང་པོར་འཇོག་པ་མི་འཐད་པར་ཐལ། དེ་ཐེག་ཆེན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། མདོ་རང་ཉིད་ལས། དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། བུ་སྟོན་ཆོས་འབྱུང་ལས། འདི་ལོ་ཙཱ་བ་ཐེག་
ཆེན་དུ་མཛད། དཀར་ཆག་ཆེན་མོ་དག་ལས་ཐེག་ཆུང་དུ་བཤད་དོ། །ཞེས་པ་ལྟར་ལོ་ཙཱ་བས་བསྒྱུར་དུས་དེ་ལྟར་བཤད་པ་ཙམ་ཡིན་པའི་ཕྱིར། འོན་ཀྱང་རྒྱ་དཔེ་ལ་ལར་ཡང་ཐེག་ཆེན་དུ་བཤད་པ་ཡོད་པར་མངོན་ཏེ། སའི་སྟོད་འགྲེལ་ལས། ལུང་ཡང་ཉན་ཐོས་ཀྱི་ཐེག་པ་ནི་འོག་ནས་བརྗོད་པར་བྱའོ། །ཐེག་པ་ཆེན་པོ་བརྗོད་པར་བྱ་སྟེ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་མདོ་ལས། ཞེས་བར་སྲིད་ཀྱི་སྒྲུབ་བྱེད་དུ་འདྲེན་པའི་སྐབས་ཐེག་ཆེན་གྱི་ལུང་ཡིན་རྒྱུ་བྱས་ཏེ་དྲངས་སྣང་ངོ་། །ཡང་ཁ་ཅིག་ན་རེ། བཀའ་ཐམས་ཅད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་གྲངས་མ་ངེས་པར་ཐལ། ཉོན་མོངས་པའི་སྤྱོད་པ་ལ་བརྒྱད་ཁྲི་བཞི་སྟོང་དུ་གྲངས་མ་ངེས་པ་གང་ཞིག །ཆོས་ཕུང་གི་གྲངས་ནི་སེམས་ཅན་གྱི་ཉོན་མོངས་པའི་སྤྱོད་པའི་སྒོ་དང་བསྟུན་ནས་དེ་སྙེད་ཅིག་གསུངས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་ལས། འགྲོ་བ་སྤྱོད་པའི་སྒོ་རྣམས་ཇི་སྙེད་པ། །དེ་སྙེད་ཆོས་ཀྱི་སྒོ་ལ་རབ་ཞུགས་ཏེ། །ཞེས་དང། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉོན་མོངས་པའི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཞེས་བཤད་པ་ནི་གདུལ་བྱ་དབང་རྟུལ་ལ་བསྟན་པའི་དྲང་དོན་ཡིན་གྱི། དངོས་གནས་ལ་དེར་མི་འདུས་པའི་ཕྱིར། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཞེས་འབྱུང་བ་ནི་སེམས་ཅན་དབང་པོ་མཐུ་ཆུང་བ་རྣམས་གཟུང་བའི་ཕྱིར་དེ་བཞིན་གཤེགས་པས་བསྟན་གྱི། ཞེས་པ་ནས། སྤྱོད་པ་གང་ཡིན་པ་དེ་དག་སྐལ་བ་ཙམ་དུ་བསྟན་ཀྱང་
དེ་དག་རེ་རེས་ཀྱང་དེ་བས་ལྷག་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། རྐྱེན་འདི་ཁོ་ན་དང་འབྱུང་ཚུལ་ཡང་འདི་ཁོ་ན་ཉེས་དམིགས་འདི་ཙམ་ཁོ་ན་སྐྱེད་པ་ཞེས་ཁ་ཚོན་བཅད་པའི་སྤྱོད་པ་བྱེ་བྲག་པ་ཞིག་ངོས་བཟུང་སྟེ་འདི་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ལས་མེད་ཅེས་གྲངས་ངེས་པ་དང། ཆོས་ཕུང་གཅིག་ལའང་ཤོ་ལོ་ཀ་སོགས་ཀྱི་ཚད་བཟུང་སྟེ་འདི་འདྲ་བ་བརྒྱད་ཁྲི་བཞི་སྟོང་ལས་མེད་ཅེས་གྲངས་ངེས་བྱེད་མི་ནུས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། ནང་གསེས་རེ་རེ་ལ་དབྱེ་བ་ཚད་མེད་པ་ཡོད་ཀྱང་སྤྱི་སྡོམ་གྱི་གྲངས་ངེས་བྱས་ཆོག་པ་འགལ་བ་མེད་པའི་ཕྱིར། དེར་ཐལ། ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་པོ་རེ་རེ་ལའང་དབྱེ་བ་མཐའ་མེད་པ་ཡོད་ཀྱང་སྤྱིར་འདུས་བྱས་ཐམས་ཅད་ཕུང་པོ་ལྔར་གྲངས་ངེས་པ་དང། ཆོས་ཐམས་ཅད་ཁམས་བཅོ་བརྒྱད་དུ་གྲངས་ངེས་པ་མི་འགལ་བ་བཞིན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེའི་ནང་གི་སྤྱོད་པ་སྣ་གཅིག་གི་གཉེན་པོ་རྫོགས་པ་ལའང་མངོན་གྱུར་ཅུང་ཟད་མགོ་གནོན་པ་ལས་དང་པོ་བའི་སྐབས་ནས་བཟུང། དེའི་བག་ཆགས་ཤེས་སྒྲིབ་ཕྲ་མོ་སྤོང་བའི་རྒྱུན་མཐའི་ཡེ་ཤེས་དང་དེས་དྲངས་པའི་རྣམ་གྲོལ་ལམ་གྱི་བར་སྐྱེས་བུ་གསུམ་གྱི་ལམ་ཡོངས་སུ་རྫོགས་པ་ཞིག་དགོས་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་གྱིས་སྤྱོད་པ་སྣ་གཅིག་གི་གཉེན་པོ་ཆ་ཚང་ཡང་ཉན་ཐོས་རྣམས་ཀྱིས་མི་ཤེས་པའི་ཕྱིར། ཕལ་ཆེན་སྡེ་པའི་ལུང་ལས། འཇམ་དཔལ་གཞོན་ནུར་གྱུར་པས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་གང་དེ་བཞིན་གཤེགས་
པས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཞིག་མཁྱེན་པ་དེ་ཁྱོད་ཀྱི་ཤེས་སམ། རྟོགས་སམ། མཐོང་ངམ། དེ་དག་དང་མཐུན་པར་གཏམ་བརྗོད་པར་བྱེད་ནུས་སམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །ཞེས་གསུངས་ཤིང། འདི་ལས་འཕྲོས་ཏེ་ཉན་ཐོས་ཀྱིས་དེ་མི་ཤེས་ཤིང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མཉམ་པར་བྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པའི་བྱང་སེམས་ཀྱིས་སེམས་ཅན་གྱི་སྤྱོད་པ་མཐའ་དག་ཤེས་ཏེ་དེ་དང་མཐུན་པར་ཆོས་སྟོན་ནུས་པ་དང་དེའི་རྒྱུ་མཚན་གྱིས་ཉན་ཐོས་རྣམས་བྱང་སེམས་ལ་ཕྱག་བྱ་བར་བཤད་དོ། །ཁོ་ན་རེ། རབ་འབྱོར་གྱིས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་ཆ་ཚང་བར་ཤེས་པར་ཐལ། དེས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཚང་བར་སྤོང་བྱེད་ཀྱི་གཉེན་པོ་ཤེས་པའི་ཕྱིར་ན། མ་ཁྱབ། རྟགས་གྲུབ་སྟེ། དེས་ཉོན་མོངས་ཐམས་ཅད་ཀྱི་གཉེན་པོ་སྒོམ་ཤེས་པའི་ཕྱིར་ཏེ། ཉོན་མོངས་ཐམས་ཅད་སྤངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཉོན་མོངས་ཡིན་ན་ཁྱོད་ཀྱི་རྩ་བར་གྱུར་པའི་ཆོས་ཀྱི་བདག་འཛིན་ཡོད་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་ཀྱིས་དེ་བསྟན་པའི་དགོངས་པ་དང། གདུལ་བྱས་དེའི་ཉམས་ལེན་ཡོངས་སུ་རྫོགས་པ་ལ་རྩ་བ་བག་ཆགས་དང་བཅས་པ་སྤངས་ཏེ་སླར་སློབ་རྒྱུ་མེད་པ་ཞིག་དགོས་པ་གང་ཞིག །ཉན་རང་གི་ཐེག་པ་ནི་རེ་ཞིག་ངལ་གསོ་བའི་དྲང་དོན་ཡིན་པས་དེའི་དགྲ་བཅོམ་རྣམས་ནི་ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་ཤིང་སློབ་པའི་བྱ་བ་དང་བཅས་པ་ཀུན་རྫོབ་པའི་སྐྱབས་སུ་གསུངས་པའི་ཕྱིར། ཡང་ཁ་ཅིག །རྣམ་བཤད་ལས། འདི་ནི་བླ་ན་མ་མཆིས་པ་ཞེས་ཉེ་ཚིག་སྨོས་པའི་
མཚན་གཞིར་མདོ་སྡེ་དགོངས་པ་ངེས་འགྲེལ་རིལ་པོ་འཛིན་པའང་མི་འཐད་དེ། དེར་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་བཅུས་སྟོན་པ་ལ་དྲི་བ་མི་འདྲ་བ་རེ་རེ་མཛད་པའི་དྲིས་ལན་གཞན་རྣམས་འདིའི་མཚན་གཞིར་འབྲེལ་མེད་པའི་ཕྱིར་རོ། །དེས་ན་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་དྲང་དོན་དང་ངེས་དོན་ཞུས་པའི་ལན་སྟོན་པས་བཀའ་སྩལ་བ་དེ་ཉིད་ཡིན་ཞེས་གསུངས་པ་ལ་བརྟེན་ནས་འདི་ནི་བླ་ན་མ་མཆིས་ཞེས་ཉེ་ཚིག་སྨོས་པའི་མཚན་གཞིར་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་གཅིག་པུ་འཛིན་ཟེར་ན། མི་འཐད་པར་ཐལ། སྐབས་འདིར་ལེགས་པར་ཕྱེ་ཚུལ་ངོ་བོ་ཉིད་གསུམ་ལ་བདེན་པར་ཡོད་མཉམ་དང། མེད་མཉམ་དང། ཡོད་མེད་ཆ་ཕྱེ་བ་གསུམ་ལ་དྲང་ངེས་སུ་འཇོག་ཚུལ་དྲིས་ལན་གྱིས་གཏན་ལ་ཕབ་པའི་གྲུབ་དོན་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་ངོ་བོ་ཉིད་གསུམ་ལ་བདེན་པར་ཡོད་མེད་ཁྱད་པར་ལེགས་པར་ཕྱེ་བའི་མདོ་ཐམས་ཅད་ངེས་དོན་དུ་འདིས་གྲུབ་དགོས་པས་དེ་ཐམས་ཅད་འདི་ནི་བླ་ན་མ་མཆིས་པ་དང་ངེས་པའི་དོན་དུ་བཤད་པའི་མདོར་འཇོག་དགོས་པའི་ཕྱིར། དེར་ཐལ། དེ་དག་ངེས་དོན་དུ་སྒྲུབ་པ་འདིར་སྐབས་སུ་མ་བབ་པ་དང་སྒྲུབ་མི་ནུས་པ་གང་ཡང་མ་ཡིན་པའི་ཕྱིར་ཏེ། དཔེར་ན། མདོ་རེ་རེ་ནས་མ་སྨོས་ཀྱང་མཚན་ཉིད་གསུམ་ལ་ཆ་མ་ཕྱེ་བ་རང་བཞིན་གྱིས་མེད་མཉམ་དུ་སྟོན་ཚུལ་འདྲ་བའི་མདོ་ཚིག་ཡུམ་རྒྱས་འབྲིང་བསྡུས་པ་གང་གི་ནང་དུ་བྱུང་ཡང་འདིས་དྲང་དོན་དུ་བསྟན་པར་འགྲོ་བ་བཞིན་ཡིན་པའི་ཕྱིར། དེས་ན་ཡོན་
ཏན་འབྱུང་གནས་ཀྱི་ལེའུ། ཚུལ་བཞིན་ཀུན་ཏུ་དྲི་བའི་ལེའུ་གཉིས་ཀྱང་དེ་ཡིན་ལ། དེར་མ་ཟད་ལང་གཤེགས་དང་རྒྱན་སྟུག་པོ་བཀོད་པ། འོད་སྲུང་གིས་ཞུས་པ་རྣམས་ཀྱང་དེའི་མཚན་གཞིར་འོངས་ཏེ། འདི་ཉིད་ལས། འདི་ནི་ཞེས་ཉེ་ཚིག་སྨོས་པ་ནི་དེ་མ་ཐག་ཏུ་སྨོས་པའི་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་དགོངས་འགྲེལ་དང་དེ་བཞིན་དུ་ཕྱེ་བ་རྣམས་ལ་ཟེར་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར་དང། དེ་བཞིན་ཕྱེ་བ་རྣམས་ཞེས་མང་ཚིག་སྨོས་པའི་དགོས་པ་ཡོད་པའི་ཕྱིར། དེས་ན་ཀུན་མཁྱེན་བླ་མས། བསྟན་ཚུལ་འདི་ནི་ཞེས་བརྗོད་བྱའི་ངོས་ནས་བཤད་པའི་མཚན་གཞི་ལེགས་བཤད་སྙིང་པོ་ལྟར་དང། ཆོས་འཁོར་སྐོར་བཞིན་པའི་ལེའུ་འདི་ནི་ཞེས་རྗོད་བྱེད་ལ་སྦྱར་ན་རྣམ་བཤད་ལྟར་བྱའོ། །ཞེས་བརྗོད་བྱ་རྗོད་བྱེད་ལ་སོ་སོར་སྦྱར་ཏེ་ཡབ་སྲས་དགོངས་པ་གཅིག་ཏུ་བསྒྲུབས་པ་ནི་ལེགས་བཤད་ཆེན་པོ་ཡིན་ཏེ། རྗོད་བྱེད་ཀྱི་ཆ་ནས་ཉེ་ཚིག་སྨོས་པའི་ཚེ་སྐོར་བཞིན་པ་འདི་ནི་ཟེར་དགོས་པས་ལང་གཤེགས་སོགས་ཡོང་དོན་མེད་ཀྱང། བརྗོད་བྱའི་ཆ་ནས་ཉེ་ཚིག་སྨོས་པའི་ཚེ་མཚན་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཕྱེ་བའི་འཁོར་ལོ་ཐ་མ་འདི་ནི་ཟེར་དགོས་པས་རང་དང་སྟོན་ཚུལ་མཚུངས་པའི་མདོ་ལང་གཤེགས་སོགས་ཐམས་ཅད་ཡོད་པའི་ཕྱིར་ཏེ། གྲུབ་དོན་འདི་འཁོར་ལོ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ཐམས་ཅད་ཀྱི་གྲུབ་དོན་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། ལང་གཤེགས་འདིར་བསྟན་འཁོར་ལོ་ཐ་མ་མ་ཡིན་པར་ཐལ། དེ་འདིར་བསྟན་འཁོར་ལོ་ཐ་མ་དངོས་མ་ཡིན་པར་དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་འཁོར་
ལོ་ཐ་མར་འཇོག་དགོས་པའི་ཕྱིར། དེར་ཐལ། གྲུབ་མཐའ་ཆེན་མོ་ལས། འཁོར་ལོ་ཐ་མའི་མཚན་གཞི་དགོངས་འགྲེལ་དང་དེའི་འཕགས་ཞུས་ཀྱི་ལེའུ་གཉིས་དངོས་ཡིན་ལ། ཕྱོགས་གཏོགས་རྒྱན་སྟུག་པོ་བཀོད་པ་སོགས་ཡིན། དབུ་མ་པས་གཞལ་ན་ལང་གཤེགས། མདོ་སྡེ་ས་བཅུ་པ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་འཁོར་ལོ་ཐ་མའི་ཕྱོགས་མིན་ཀྱང། སེམས་ཙམ་པས་འདི་དག་དྲངས་ནས་ཤེར་ཕྱོགས་དྲང་དོན་དུ་བསྒྲུབས་པས་ལེགས་ཕྱེའི་ཕྱོགས་གཏོགས་ཀྱི་མདོར་འཇོག་དགོས། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེ་རྣམས་ཀྱིས་བརྗོད་བྱ་སྟོན་ཚུལ་དང་འདྲ་བའི་དོན་ཡིན་པའི་ཕྱིར། ཡང་ཁ་ཅིག་ཡིག་ཆར་དགོངས་འགྲེལ་རིལ་པོ་འདིར་བསྟན་འཁོར་ལོ་ཐ་མ་མ་ཡིན་པར་གསུངས་པ་མི་འཐད་པར་ཐལ། དགོངས་འགྲེལ་རིལ་པོ་དང་དགོངས་འགྲེལ་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། དགོངས་འགྲེལ་རིལ་པོ་དེ་དགོངས་འགྲེལ་གྱི་ལེའུ་བཅུ་ཚོགས་པའི་གཞུང་གཅིག་ཡིན་པའི་ཕྱིར། དེར་ཐལ། དགོངས་འགྲེལ་རིལ་པོ་ལ་ལེའུ་བཅུ་ཡོད་པའི་ཕྱིར་ཏེ། དེ་དང་དགོངས་འགྲེལ་གཉིས་ལ་མང་ཉུང་མེད་པའི་ཕྱིར་ན། མ་ཁྱབ་སྟེ། རིལ་པོ་ཞེས་པ་ཡོངས་རྫོགས་ཀྱི་དོན་ཡིན་པ་གང་ཞིག །དགོངས་འགྲེལ་གྱི་ལེའུ་བཅུ་ཡོངས་རྫོགས་དང་དགོངས་འགྲེལ་ལ་མང་ཉུང་འབྱེད་མི་ཐུབ་ཀྱང་ལེའུ་བཅུ་ཡོངས་རྫོགས་ལ་ལེའུ་བཅུ་རེ་ཡོད་པར་ཁས་ལེན་མི་རུང་བའི་ཕྱིར་ཏེ། དེ་ལྟ་ན་ལེའུ་བརྒྱ་ཡོད་པར་ཐལ་བའི་ཕྱིར། དཔེར་ན་མདུན་གྱི་སྐྱེས་བུ་ལན་འདེབས་པ་པོ་འདིའི་ལུས་ཡོངས་རྫོགས་དང་འདིའི་ལུས་ཆེ་ཆུང་དང་གཅིག་གི་གོ་སར་གཅིག་ཆུད་མི་ཆུད་ཀྱི་ཁྱད་མེད་ཀྱང་
ལུས་ཡོངས་རྫོགས་ལ་ཡན་ལག་ལྔ་དང་དབང་པོ་ལྔ་སོགས་ཡོད་པར་འཇོག་མི་ཐུབ་པའི་ཕྱིར། ལུས་ཡོངས་རྫོགས་ལ་མིག་ཡོད་པས་བརྒྱ་བྱིན་ལྟ་བུར་ཐལ་བ་དང། ལུས་ཡོངས་རྫོགས་ལ་སྐྲ་དང་སོ་སེན་སོགས་སྐྱེ་བར་ཐལ་བ་དང། མེད་ན་དབང་པོ་ལྔ་ཚང་བའི་མི་ལུས་གཅིག་མེད་པར་ཐལ་བ་སོགས་ཚིག་གི་འཁྲི་ཚུལ་ཤེས་སླ་ཞིང་རིགས་ལམ་བྱང་བའི་ཡན་ལག་ཏུ་སྤྲོས་པས་ཆོག་གོ །འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ་དགོས་འགྲེལ་ལས་གསུངས་པ་འདི་སྒྲ་ཇི་བཞིན་པར་འདོད་པའི་ལུགས་སུ་རློམ་ཡང་མདོའི་དགོངས་དོན་ལས་གཞན་དུ་སོང་བ་མང་སྟེ། འདི་ཉིད་ལས། ཁ་ཅིག་མདོ་འདི་ལ་བརྟེན་ནས་དུས་གསུམ་པར་གསུངས་པའི་མདོ་ཐམས་ཅད་ངེས་དོན་དུ་བསྒྲུབས་ནས་གཞན་སྡེའི་རིགས་ཅན་བདག་ཏུ་སྨྲ་བ་ལ་ཞེན་པ་རྣམས་དྲང་བའི་ཕྱིར་དུ་གསུངས་པ་འགའ་ཞིག་སྒྲ་ཇི་བཞིན་པར་འདོད་ཅིང། ཆོས་ཉིད་མ་གཏོགས་པའི་ཆོས་ཅན་ཐམས་ཅད་འཁྲུལ་པའི་བློས་རློམ་པ་མ་གཏོགས་པ་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་ཅིང་ཆོས་ཉིད་བདེན་པར་གྲུབ་པའི་བདེན་མི་བདེན་རྣམ་པར་ཕྱེ་བ་ནི་སྔར་བཤད་པའི་ལེགས་པ་རྣམ་པར་ཕྱེ་བའི་དོན་དུ་འདོད་དོ། །ཞེས་པ་ལྟར་གྱི་ཕྱོགས་སྔ་སྨྲ་བ་བོ་ནི་དོལ་པོ་ཤེས་རབ་རྒྱལ་མཚན་སོགས་སྙིང་པོ་རྟག་བརྟན་འདོད་པ་རྣམས་ཡིན་ལ། དེ་དག་གིས་རང་གི་གྲུབ་མཐའི་ཁུངས་སུ་བྱེད་རྒྱུའི་མདོ་ནི་བདེ་གཤེགས་སྙིང་པོའི་མདོ། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ། མྱ་ངན་ལས་འདས་པ་ཆེན་པོའི་མདོ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ། དཔལ་འཕྲེང་སེང་གེའི་ང་རོས་ཞུས་པའི་མདོ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ། འཕེལ་བ་དང་འགྲིབ་
པ་མེད་པར་བསྟན་པའི་མདོ། རྔ་བོ་ཆེ་ཆེན་པོའི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། མདོ་དགོངས་འགྲེལ་རྣམས་ཡིན་ཞིང་དེ་བཅུ་ལ་ཇོ་མོ་ནང་པས་སྙིང་པོའི་མདོ་བཅུ་ཞེས་ཟེར་རོ། །ཡང་འདི་ཉིད་ལས། གཞན་དག་གིས་ནི་མདོ་འདིས་དྲང་ངེས་ཕྱེ་བ་ལྟར་ཡིན་ན་ཕྱོགས་སྔ་མས་སྨྲ་བ་ལྟར་འགྱུར་རོ་སྙམ་ནས་དྲང་ངེས་ཀྱི་ཚུལ་དེ་སྒྲ་ཇི་བཞིན་པ་མིན་ནོ་ཞེས་འགོག་གོ །ཞེས་གསུངས་པའི་ཕྱོགས་སྔ་མའང་རྒྱུད་སྡེ་སྤྱི་རྣམ་ལས། བུ་སྟོན་རིན་པོ་ཆེས་མདོ་བཅུ་པོ་དེ་བཀའ་ཐ་མའི་མདོ་ཡིན་ཞིང། མདོ་དེ་དག་ལས་ཇོ་ནང་པས་འདོད་པ་ལྟར་དུ་བསྟན་པའི་དབང་དུ་མཛད་ནས་དེ་དག་དྲང་དོན་དུ་བཞེད་ལ། ངོ་བོ་ཉིད་ཀྱི་སྐུ་དང་བདེ་གཤེགས་སྙིང་པོ་དོན་གཅིག་པར་མཛད་ནས་དེ་སེམས་ཅན་གྱི་རྒྱུད་ལ་མེད་པར་བཞེད་ཅིང་བཀའ་བར་བ་ཁོ་ན་ངེས་དོན་དུ་བཞེད་དོ། །མདོ་བཅུ་བོ་དེ་བརྗོད་བྱ་ཕྱོགས་མཐུན་དུ་འདོད་པ་མི་འཐད་དེ། ཞེས་སོགས་གསུངས་སོ། །ཡང་ལ་ལས་ནི་དྲང་ངེས་ཀྱི་ཚུལ་འདིར་གསུང་བ་སྒྲ་ཇི་བཞིན་དུ་བྱེད་ཀྱང་འདོད་ལ། ཤེར་མདོ་དྲང་དོན་བྱེད་མི་བདེ་བས་འགལ་བ་སྤོང་བར་འདོད་ནས་བར་མཐའ་གཉིས་ཀྱི་མཚན་གཞི་གོ་བཟློག་ནས་འཇོག་སྟེ། སྟོང་ཐུན་ལས། དགོངས་འགྲེལ་ལས་འཁོར་ལོ་ཐ་མ་ངེས་དོན་དུ་གསུངས་པས་འཁོར་ལོ་ཐ་མ་ངེས་དོན་ཡིན་ཞིང་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་སོགས་འཁོར་ལོ་ཐ་མའི་མདོ་ཡིན་ནོ་ཞེས་ཟེར་རོ། །ཞེས་དང། རྣམ་བཤད་ལས། འཁོར་ལོ་བར་ཐ་གཉིས་ཀྱི་དྲང་ངེས་ཀྱི་ཐ་སྙད་སོར་བཞག་བྱས་ནས་མདོའི་མཚན་གཞི་གོ་ཟློག་པ་ནི་དོན་ལ་ཅུང་ཟད་
ཀྱང་མ་དཔྱད་པ་ཚིག་འབའ་ཞིག་ལ་བརྟེན་པར་གསལ་ལོ། །ཞེས་གསུངས་པས། འདི་ལྟར་སྨྲ་བའི་བོད་སྔ་མ་མང་པོ་བྱུང་ལ། ཡར་འབྲོག་པ་རིན་ཆེན་ཏོག་གིས་ཀྱང། ཆོས་ཀྱི་འཁོར་ལོ་གསུམ་པ་ནི། །ཤེར་ཕྱིན་ཕལ་ཆེན་ཆོས་པད་དཀར། །དེ་སོགས་ཁྱབ་བྱེད་དབུ་མ་ཆེ། །ཟབ་ཡངས་རྩོད་པ་དང་བྲལ་བའོ། །ཞེས་དང། ཡུམ་ལས་ཆོས་སྐོར་ལན་གཉིས་ཞེས། །འབྱུང་ཕྱིར་འཁོར་ལོ་བར་བར་འདོད། །ཅེ་ན་བདེན་མོད་གཞུང་འདིའི་དོན། །ཐེག་ཆུང་གཅིག་ཤོས་གཉིས་སུ་འདོད། །དཔེར་ན་སྡེ་སྣོད་གསུམ་གཉིས་བཞིན། །ཞེས་འཁོར་ལོ་གསུམ་སྐས་ཀྱི་གདང་བུ་ལྟར་ཕྱི་མ་ཕྱི་མ་མཐོ་སྟེ། དེའི་ཕྱིར་ཤེར་མདོ་འཁོར་ལོ་ཐ་མ་ཡིན་ལ། དགོངས་འགྲེལ་སོགས་སྙིང་པོ་རྟག་བརྟན་སྟོན་པའི་མདོ་རྣམས་འཁོར་ལོ་ཐ་མ་མིན་ཏེ་རྟག་བརྟན་བཤད་པ་དྲང་དོན་ཡིན་ཞིང་འཁོར་ལོ་ཐ་མ་ངེས་དོན་དུ་གསུངས་པའི་ཕྱིར། ཤེར་མདོ་རང་ཉིད་ལས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་། །ཞེས་གསུངས་པས་ཀྱང་དེ་འཁོར་ལོ་བར་བ་ཡིན་པར་མི་འགྲུབ་སྟེ། འདིའི་གཉིས་པ་ཞེས་པ་འཁོར་ལོ་གསུམ་གྱི་གཉིས་པ་མིན་གྱི་ཐེག་པ་དམན་པའི་ཆོས་འཁོར་དང་ཐེག་ཆེན་པའི་གཉིས་སུ་ཕྱེ་བའི་གཉིས་པ་ཡིན་ཏེ། དཔེར་ན་མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང། །ཞེས་པའི་སྡེ་སྣོད་གཉིས་པ་ལ་སྡེ་སྣོད་གསུམ་དུ་ཕྱེ་བའི་གཉིས་པ་མི་དགོས་པ་བཞིན་ཡིན་པའི་ཕྱིར་ཞེས་འདོད་ཅིང་དོལ་པོ་བ་ཚིག་ངན་གྱིས་ཚར་བཅད་མོད། དགོངས་འགྲེལ་སྙིང་པོ་རྟག་བརྟན་སྟོན་པའི་མདོར་རང་གིས་ཀྱང་ཁས་བླངས་ནས་ཐོག་ཏོག་དང་དབང་པོ་རྡོ་རྗེ་སོགས་བྲི་
བའི་ངལ་བ་བྱས་པ་ནི་རལ་གྲི་དགྲ་ལ་ཤོར་ཏེ་ཤུབས་ཀྱི་སྟེང་ནས་དཔའ་སྐད་འདོན་པ་དང་འདྲ་བས་སྙིང་པོ་ཅིའང་མེད་དོ། །འདིའི་འཁྲུལ་གཞིའང་སྙིང་པོ་རྟག་བརྟན་དང་བདེ་གཤེགས་སྙིང་པོ་དོན་གཅིག་ཏུ་འཁྲུལ་བ་དང། གཟུངས་རྒྱལ་གྱི་མདོ་ལས་གསུངས་པའི་གདུལ་བྱ་བཀྲི་བའི་རིམ་པ་གསུམ་དང་དགོངས་འགྲེལ་གྱི་འཁོར་ལོ་གསུམ་རིམ་པ་བཞིན་དུ་སྦྱོར་དགོས་པར་བཟུང་ཞིང་དེ་གསུམ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཆོག་ཏུ་འགྲོ་དགོས་སྙམ་དུ་འཁྲུལ་བའི་སྐྱོན་ཡིན་ཏེ། སྟོང་ཐུན་ལས། ཁ་ཅིག་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ། ནོར་བུ་མཁན་མཁས་པས་ནོར་བུ་སྦྱོང་བའི་ཚུལ་ཞེས་པ་ནས། འདིས་འཁོར་ལོ་རིམ་པ་གསུམ་གྱིས་རིམ་པ་བཞིན་བདེ་བར་གཤེགས་པའི་སྙིང་པོ་ལ་སྒྲིབ་པའི་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་དག་སྦྱོང་བར་བསྟན་པ་ཡིན་ལ། དེའི་ཕྱིར་འཁོར་ལོ་ཐ་མ་ཉིད་ངེས་པའི་དོན་ནོ་ཞེས་སྨྲའོ། །ཞེས་པ་ལྟར་རོ། །དེ་མི་འཐད་པའི་ཚུལ་ཡང་དེ་ཉིད་ལས། དེ་ལྟར་ན་དཔེ་དོན་ཆོས་མཐུན་སྦྱོར་བ་ན་ནོར་བུ་གཅིག་ཉིད་སྦྱོང་བྱེད་གསུམ་གྱིས་རིམ་ཅན་དུ་སྦྱོང་བ་ལྟར། གདུལ་བྱ་གཅིག་ཉིད་ཀྱི་རྒྱུད་ཀྱི་དྲི་མ་ཕྲ་རགས་གསུམ་སྦྱོང་བྱེད་འཁོར་ལོ་གསུམ་གྱིས་རིམ་ཅན་དུ་སྦྱོང་བར་ཁས་ལེན་དགོས་ལ། དེ་ལྟར་དགོངས་འགྲེལ་ལས་འཁོར་ལོ་གསུམ་གྱི་གདུལ་བྱའི་རིགས་ཐ་དད་པར་བཤད་པ་དང་འགལ་བའི་ཕྱིར་དང། རང་གིས་ཀྱང་གདུལ་བྱའི་རིགས་ཐ་དད་དུ་སྨྲས་པ་དང་ཁས་བླངས་འགལ་ཞིང། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆེད་དུ་
བྱ་བའི་གདུལ་བྱ་ཡིན་ན་ཐེག་པ་གསུམ་ལ་རིམ་ཅན་དུ་འཇུག་པས་ཁྱབ་པར་ཐལ་བའི་ཕྱིར་རོ། །གཞན་ཡང་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་ཞེས་པ་ནི་མཐར་ཐུག་ཐེག་པ་གཅིག་ཏུ་སྟོན་པ་ལ་ཟེར་བ་ཡིན་ལ། འཁོར་ལོ་ཐ་མ་ལས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པར་གོང་དུ་བཤད་ཟིན་པ་ལྟར་ཡིན་པས་འབྲེལ་མེད་དོ། །ཞེས་དང། རྣམ་བཤད་ལས། མདོ་སྡེ་འདི་ཉིད་དུ་གཞན་དབང་ཡོངས་གྲུབ་བདེན་པར་གྲུབ་པ་དང་མཐར་ཐུག་ཐེག་པ་གསུམ་དུ་བསྟན་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང། འཕགས་པ་དཔལ་འཕྲེང་གི་མདོ་ལ་སོགས་པར་ཆོས་ཐམས་ཅད་བདེན་པས་སྟོང་ཞིང་དྲི་མ་གློ་བུར་བ་ཡིན་པ་དང། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པར་ཐེག་པ་ཆེན་པོ་རྒྱུད་བླ་མས་ལེགས་པར་བསྒྲུབས་པས་དེ་དག་གི་དོན་གཅིག་ཡིན་མིན་བསམ་པར་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །ལུགས་སྔ་མ་གཉི་གས་སྙིང་པོའི་མདོ་བཅུ་ཞེས་བརྗོད་བྱ་ཕྱོགས་མཐུན་དུ་བྱེད་ནའང། དགོངས་འགྲེལ་གྱིས་མཐར་ཐུག་ཐེག་པ་གསུམ་དུ་སྟོན་ལ། དཔལ་འཕྲེང་གི་མདོ་དང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་ལས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་དང། ཡང་དགོངས་འགྲེལ་གྱིས་དྲང་ངེས་སུ་འཇོག་ཚུལ་སྒྲ་ཇི་བཞིན་པ་ཡིན་མིན་གྱི་སྒོ་ནས་བཤད་ལ། ཡེ་ཤེས་སྣང་བ་རྒྱན་གྱི་མདོས་བློ་གྲོས་མི་ཟད་པ་ལྟར་བདེན་གཉིས་གཙོ་བོར་བསྟན་ཚུལ་གྱི་སྒོ་ནས་བཤད་པ་སོགས་གནད་ཆེ་ས་ལ་མི་མཐུན་པ་མང་དུ་ཡོད་པས་ཕྱོགས་གཅིག་ཏུ་བྱར་མི་རུང་བའི་ཚུལ་སོགས་ཀྱང་སྟོང་ཐུན་ན་གསལ་བས་དེར་ཤེས་པར་བྱའོ། །སྐབས་འདིར་སྙིང་
པོའི་མདོ་བཅུར་གྲགས་པའི་ནང་གི་བདེ་གཤེགས་སྙིང་པོའི་མདོ་དེ་དྲང་ངེས་གང་ཡིན་སྙམ་ན་འདི་ལ་ཁ་ཅིག་ན་རེ། དེ་དྲང་དོན་ཡིན་པར་ཐལ། གཞན་སྡེའི་ལྟ་བ་ལ་གོམས་པ་ཆེ་བ་འགའ་ཞིག་རྗེས་སུ་གཟུང་བའི་ཕྱིར་གསུངས་པའི་དྲང་དོན་དགོངས་པ་ཅན་གྱི་མདོ་ཡིན་པའི་ཕྱིར། ཕར་ཕྱིན་མཐའ་དཔྱོད་ལས། སྙིང་པོ་རྟག་བརྟན་གསུང་ཡུལ་གཞན་སྡེའམ་སྔོན་གཞན་སྡེའི་ལྟ་བར་གོམས་ཆེས་པས་རེ་ཞིག་གང་ཟག་གི་བདག་མེད་ཐུན་མོང་པའང་བསྟན་མི་རུང་བའི་གང་ཟག་ཡིན་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དེ་སྙིང་པོ་རྟག་བརྟན་སྟོན་པའི་མདོར་མི་འཇོག་ན་ཇོ་ནང་པས་ཁུངས་སུ་བྱེད་ཅིང་སྒྲ་ཇི་བཞིན་པར་འདོད་རྒྱུའི་མདོ་བཅུའི་ནང་དུ་སྙིང་པོ་རྟག་བརྟན་སྟོན་པའི་མདོ་གཅིག་མེད་དགོས་ལ་དེ་མི་རིགས་པའི་ཕྱིར་ཏེ། འདི་ཉིད་ལས། གཞན་སྡེའི་རིགས་ཅན་བདག་ཏུ་སྨྲ་བ་ལ་ཞེན་པ་རྣམས་དྲང་བའི་ཕྱིར་དུ་གསུངས་པ་འགའ་ཞིག་སྒྲ་ཇི་བཞིན་པར་འདོད་ཅིང། ཞེས་གསུངས་པའི་ཕྱིར་དང། མདོ་དེ་ལོགས་སུ་ཡོད་ན་སྙིང་པོའི་མདོ་བཅུ་གཅིག་བྱེད་དགོས་པའི་ཕྱིར། གཞན་ཡང་ཇོ་ནང་པས་གྲུབ་མཐའི་རྩ་བར་བྱེད་རྒྱུའི་བདེ་གཤེགས་སྙིང་པོའི་མདོ་དེ་རྒྱུད་བླ་མར་རིགས་སྒྲུབ་བྱེད་དཔེ་དགུ་དོན་དགུ་སོགས་ཀྱི་བཤད་བྱ་རྩ་བར་གྱུར་པའི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་བྱེད་པར་ཐལ། སྟོང་ཐུན་ལས། སྙིང་པོའི་མདོ་ལ་སོགས་པ་རྣམས་ཀྱི་དགོངས་པ་འགྲེལ་པའི་ཚེ་ནི་རྒྱུད་བླ་རྩ་འགྲེལ་དུ་མཐར་ཐུག་གི་ཐེག་པ་གཅིག་ཏུ་བཤད། ཅེས་དང། རྒྱུད་སྡེ་
སྤྱི་རྣམ་ལས། དེ་དག་གིས་བདེ་གཤེགས་སྙིང་པོ་དང་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་དོན་གཅིག་ཅིང། བདེན་པར་གྲུབ་པ། རྟག་བརྟན་ཐེར་ཟུག འདུས་མ་བྱས་ཀྱི་མཚན་དཔེས་བརྒྱན་པ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཁོར་བ་ཐོག་མ་མེད་པ་ནས་ཉོན་མོངས་པའི་སྦུབས་ན་རང་ཆས་སུ་ཡོད་པ་དེ་དཔེ་དགུ་དོན་དགུའི་སྒོ་ནས་བསྟན་པར་འདོད་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དཔེ་དགུའི་དང་པོ་གླེང་གཞིའི་ཚུལ་གྱིས་བསྟན་ཅིང། ལྷག་མ་བརྒྱད་གཞུང་དོན་དངོས་བྱས་ཏེ་སྟོན་པའི་མདོ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་འདི་ཉིད་ལས་གཞན་དུ་འོས་མེད་པའི་ཕྱིར་ཟེར་ན། སྐྱོན་དེ་དག་མི་འཇུག་པར་ཐལ། ལང་གཤེགས་ལས་དྲང་དོན་དུ་འགྲེལ་རྒྱུའི་སྙིང་པོ་རྟག་བརྟན་སྟོན་པའི་མདོ་ནི་དྲང་དོན་ཡིན་ཞིང་དེའི་མིང་ལའང་གཞུང་དུ་མར་བདེ་གཤེགས་སྙིང་པོའི་མདོ་ཞེས་བཤད། དེ་རང་ཉིད་བོད་དུ་མ་འགྱུར་བས་ད་ལྟ་ཡིག་ཆ་སོགས་སུ་དྲངས་ཡོད་པ་འདི་དེའི་བཤད་པ་ལང་གཤེགས་སུ་བཀོད་པའི་ཚིག་རྣམས་ཡིན། རྒྱུད་བླ་མའི་བཤད་བྱ་དཔེ་དགུ་དོན་དགུ་སོགས་སྟོན་པའི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ད་ལྟ་བོད་དུ་འགྱུར་ཡོད་པ་འདི་ནི་ངེས་དོན་སྟོང་ཉིད་གཙོ་བོར་གཏན་ལ་འབེབས་པ་ཤེར་མདོ་དང་འདྲ་བའི་ཕྱིར། རྒྱུད་བླ་དར་ཊཱིཀ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་མདོའང་ཤེར་ཕྱིན་གྱི་མདོ་དང་འདྲ་བར། ཞེས་པ་ནས། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྒྲ་ཇི་བཞིན་པ་མིན་པའི་དྲང་དོན་དུ་བྱེད་ན་འོག་ནས་ཁམས་བསྟན་པའི་དགོས་པ་སྟོན་པའི་རྩོད་ལན་འབྲེལ་བ་ཅུང་ཟད་ཀྱང་མེད་པར་འགྱུར།
ཞེས་གསུངས་པའི་ཕྱིར་ཏེ། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང། །ཞེས་སོགས་ཀྱི་སྐབས་སུ་ཤེར་མདོ་དང་མི་ཟློས་པའི་རྩོད་སྤོང་མཛད་པ་གང་ཞིག །མདོ་གཉིས་ཀ་བརྗོད་བྱ་སྟོན་ཚུལ་མི་འདྲ་ན་ཟློས་སམ་སྙམ་པའི་རྩོད་པ་འོང་དོན་མེད་པའི་ཕྱིར། དེ་ལ་ཁོ་ན་རེ། ལང་གཤེགས་སུ་བཀོད་པའི་ཚིག་དེ་ཇི་ལྟ་བ་བཞིན་ད་ལྟ་འགྱུར་བའི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་འདིར་མེད་ཀྱང། ལང་གཤེགས་ཀྱི་མདོ་འདིའི་གོང་འོག་ཀུན་ཏུ་བཤད་པའི་དོན་བསྡུས་ནས་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། ལང་གཤེགས་སུ་བདེ་གཤེགས་སྙིང་པོའི་མདོ་བཀོད་པ་ལས། རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། ཞེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དཔེ་དང་པོའི་སྐབས་སུ། ཇི་ལྟར་དེ་བཞིན་གཤེགས་པས་སྤྲུལ་པའི་པདྨ་ཁ་དོག་ངན་པ། དྲི་ང་བ་སྨད་པར་འོས་པ་མངོན་པར་དགའ་བར་འགྱུར་བ་མ་ཡིན་པ་འདི་དག་དང། དེ་བཞིན་གཤེགས་པའི་གཟུགས་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་པ་དག་པདྨའི་སྙིང་པོ་འདི་དག་ལ་སྐྱིལ་མོ་ཀྲུང་བཅས་ཤིང་འཁོད་དེ། ཞེས་པ་ནས། ཉོན་མོངས་པའི་སྦུབས་སུ་གྱུར་པ་དེ་དག་གི་ནང་ན་ང་འདྲ་བར་ཡེ་ཤེས་དང་ལྡན་པ། མིག་དང་ལྡན་པའི་དེ་བཞིན་གཤེགས་པ་མང་པོ་འཁོད་ཅིང་སྐྱིལ་མོ་ཀྲུང་བཅས་ནས་མི་གཡོ་བར་འཁོད་པ་མཐོང་སྟེ། ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་ཅན་དུ་གྱུར་པ་དེ་དག་
གི་ནང་ན་དེ་བཞིན་གཤེགས་པའི་ཆོས་ཉིད་མི་གཡོ་ཞིང་སྲིད་པའི་འགྲོ་བ་ཐམས་ཅད་ཀྱིས་མ་གོས་པ་དག་མཐོང་ནས། ཞེས་དང། དཔེ་བདུན་པའི་སྐབས་སུ། སེམས་ཅན་ཉོན་མོངས་པ་སྣ་ཚོགས་ཀྱི་དཀྲི་བས་དཀྲིས་པར་གྱུར་པ་རྣམས་ཀྱི་ནང་ནའང་དེ་བཞིན་གཤེགས་པའི་ལུས་ང་ཅི་འདྲ་བ་ཡོད་པར་མཐོང་ངོ་། །ཞེས་དང། ངས་ནི་ཉོན་མོངས་དཀྲིས་པའི་ནང་དག་ན། །རྒྱལ་བའི་སྐུ་ནི་མཉམ་པར་གཞག་གྱུར་ལ། །དེ་ནི་གཡོ་བ་མེད་ཅིང་མི་འགྱུར་ཡང། །ཞེས་དང། དཔེ་ལྔ་བའི་སྐབས་སུ། སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་དང། མི་འཇིགས་པ་དང། མ་འདྲེས་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང། ཞེས་སོགས་ཀྱི་ཚིག་སྣ་བསྡུས་པ་ཡིན། ཡང་ལང་གཤེགས་སུ་བཀོད་པའི་ལུང་གི་འཕྲོར། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར། ཕུང་པོ་དང་ཁམས་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ། བརྟན་པ། ཐེར་ཟུག་པར་ནི་བརྗོད་ན། ཞེས་པའང་དཔེ་བདུན་པའི་སྐབས་སུ། ཡོངས་སུ་དཀྲིས་པ་བདེ་བར་གཤེགས་པའི་གཟུགས། །རིན་ཆེན་བྱས་པ་རས་དུམ་དཀྲིས་པ་དེ། །ཞེས་སོགས་དང། དཔེ་དྲུག་པའི་སྐབས་སུ། དེ་བཞིན་གཤེགས་པའང་འཇིག་རྟེན་ན་གནས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང། སྲེད་པ་དང་མ་
རིག་པའི་ཉོན་མོངས་པའི་ཕྱི་ཤུན་གྱི་སྦུབས་ཀྱིས་ཀུན་ཏུ་དཀྲིས་པར་མཐོང་ངོ་། །ཞེས་དང། དཔེ་ལྔ་པའི་སྐབས་སུ། དེར་དེ་ལོ་ནི་མི་ཉུང་བ་ཞིག་ཏུ། །དེ་ལྟར་གནས་ཀྱང་མི་འཇིག་ཆོས་ཅན་ནོ། །ཞེས་རྟག་བརྟན་དུ་གསུངས་པའི་ཕྱིར་དང། །དཔལ་འཕྲེང་གི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྟག་བརྟན་ཐེར་ཟུག་པ་ལགས་སོ། །ཞེས་འབྱུང་ལ། སྙིང་པོ་རྟག་བརྟན་སྟོན་པའི་མདོ་ཞེས་པ་སྤྱི་མིང་ཡིན་པས་སྒེར་དུ་འཇོག་མི་དགོས་ཀྱི་སྙིང་པོའི་མདོ་བཅུ་ག་དེར་འཇོག་ཅེས་ཟེར་འདོད་པ་ཡིན་ནམ་སྙམ། འོ་ན་མངོན་རྟོགས་རྒྱན་ལས། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་རང་ཆས་སུ་ཡོད་པ་དང་དེ་ཉིད་རྟག་བརྟན་ཐེར་ཟུག་ཏུ་བཤད་པར་ཐལ། དེར་ཡང་ཐམས་ཅད་ལ་ཁྱབ་ཅེས་པ་དང། རྟག་ཅེས་པའི་ཚིག་རིས་ཙམ་བྱུང་བའི་ཕྱིར། བྱས་པ་ལ། མི་མཚུངས་ཏེ། རྒྱན་གྱི་དེས་སངས་རྒྱས་ཀྱི་མཛད་པས་ཁྱབ་པ་ལ་དེ་ལྟར་བཤད་པ་ཡིན་པའི་ཕྱིར་ཟེར་ན། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དོན་ཡང་དེ་ལྟར་ཡིན་ཏེ། རྒྱུད་བླ་མས་མདོ་དེའི་དགོངས་པ་བཀྲོལ་བ་ཡིན་པར་ཕྱོགས་གཉི་ག་མཐུན་ལ། དེར་སངས་རྒྱས་ཀྱི་སྐུས་ཐམས་ཅད་ལ་ཁྱབ་ཚུལ་དྲང་ངེས་ཀྱི་གསུང་རབ་སོགས་མཛད་པ་འཕྲིན་ལས་ཀྱིས་ཁྱབ་པ་དང། འཁོར་འདས་གཉི་ག་དེ་བཞིན་ཉིད་དུ་རོ་གཅིག་པ་དང། མ་འོངས་པ་ན་སངས་རྒྱས་ཀྱི་སའི་ཡོན་ཏན་མཐའ་དག་འབྱུང་རུང་གི་རིགས་གཉིས་ཡོད་པ་
དང་གསུམ་གྱི་དོན་དུ་བཀྲལ་བའི་ཕྱིར། དེར་ཐལ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་མདོར་བསྟན་ཏེ་རྒྱས་བཤད་དུ་དཔེ་དོན་བཅོ་བརྒྱད་སྦྱར་ནས་གསུངས་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་ཀྱི་སྐུས་ཁྱབ་ཅེས་པའི་ཁྱབ་ལུགས་འདི་ལྟར་གོ་དགོས་ཀྱི། རྒྱུ་ཚོགས་གཉིས་གང་ཡང་མ་བསྒྲུབས་གོང་ནས་སངས་རྒྱས་རང་ཆས་སུ་ཡོད་པར་བཟུང་ན་མདོ་འདིའི་དགོངས་པར་གཏན་མི་འགྲོ་ཞེས་པ་ཡིན་པས། ཇོ་ནང་པས་མདོ་འདིའི་དགོངས་པ་ལེན་ཚུལ་ཕྱིན་ཅི་ལོག་ཏུ་སོང་ཡོད་པ་རྒྱུད་བླ་མས་མདོ་འདི་འགྲེལ་ཚུལ་ལ་བལྟས་ན་ཤིན་ཏུ་གསལ་བའི་ཕྱིར། དེར་ཐལ། རྒྱུད་བླ་མས་འགྲེལ་ཚུལ་འདི་ལེགས་པར་གོ་ན་འདིའི་བཤད་བྱའི་བདེ་གཤེགས་སྙིང་པོའི་མདོ་སོགས་བརྗོད་བྱ་ཤེར་མདོ་དང་ཕྱོགས་མཐུན་པར་སེམས་བདེན་སྟོང་གཙོ་བོར་བསྟན་པ་ཡིན་པས། རྟག་བརྟན་གྱི་སྙིང་པོ་བདེན་གྲུབ་མ་བསྟན་པར་མ་ཟད་འགོག་བྱེད་མཐར་ཐུག་ཏུ་སོང་ཡོད་པར་རྗེ་བདག་ཉིད་ཆེན་པོས་གསུངས་པའི་ཕྱིར། རྒྱུད་སྡེ་སྤྱི་རྣམ་ལས། རྗེ་རིན་པོ་ཆེའི་བཞེད་པས་བཀའ་བར་བའི་ཕྱོགས་མཐུན་གྱི་མདོ། བདེ་གཤེགས་སྙིང་པོའི་མདོ་དང། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང། སོར་མོའི་འཕྲེང་བ་ལ་ཕན་པའི་མདོ་དང། འཕགས་པ་དཔལ་འཕྲེང་གི་མདོ་ལ་སོགས་པའི་དགོངས་པ་གཙོ་བོར་འགྲེལ་ལ། དགོངས་པ་ཐལ་འགྱུར་དུ་གནས་ཤིང་འཕགས་པ་ཐོགས་མེད་ཀྱིས་ཀྱང་ཐལ་འགྱུར་དུ་བཀྲལ་བར་བཞེད་དེ།
ཇོ་ནང་པའི་གྲུབ་མཐའ་ལ་འདི་ལས་གནོད་པ་མེད་གསུང་ངོ་། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེ་བཞིན་གཤེགས་པའི་སྙིང་པོའ་ིམདོ་སོགས་བརྗོད་བྱ་ཕྱོགས་མཐུན་གྱི་འཁོར་ལོ་བར་བ་ཡིན་པར་ཐལ། ལུང་དེའི་དོན་འཐད་པའི་ཕྱིར། འདོད་ན། འཁོར་ལོ་བར་པ་ཡིན་པར་ཐལ། འདོད་པའི་ཕྱིར་ན། མ་ཁྱབ། འདོད་མི་ནུས་ཏེ། འཁོར་ལོ་གསུམ་པ་ཡིན་པའི་ཕྱིར། རྒྱུད་བླ་དར་ཊཱིཀ་ལས། སླར་ཡང་བླ་མའི་རྒྱུད་འཁོར་ལོ་གསུམ་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ། ཞེས་གསུངས་པའི་ཕྱིར་ཏེ། རྒྱུད་བླ་མའམ་ཕྱི་མ་དངོས་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་ལ་བྱེད་པས་འདིར་བཤད་བྱའི་མིང་འཆད་བྱེད་ལ་བཏགས་པ་ཡིན་པའི་ཕྱིར། དེར་ཐལ། རྒྱུད་ཅེས་པ་སེམས་ཀྱི་ཆོས་ཉིད་ལ་བྱས་ནས་དེ་གཙོ་བོར་གཏན་ལ་འབེབས་པའི་འཁོར་ལོ་བར་བ་ཤེར་མདོ་རྒྱུད་སྔ་མར་བཞག་སྟེ། འཁོར་ལོ་གསུམ་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་དེ་ལ་ལྟོས་པས་རྒྱུད་ཕྱི་མར་བཞག་པ་ཡིན་པའི་ཕྱིར། འདུས་པ་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང། །མི་འཕྲོག་པ་ཡིས་རབ་ཕྱེ་བ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་གསུམ་ལས་རྒྱུ་རྒྱུད་དམ་རང་བཞིན་གྱི་རྒྱུད་དེ་འདིར་བཤད་བྱའི་གཙོ་བོར་བྱས་པའི་སྟེང་ནས་སྒྲ་དོན་བཤད་དགོས་པའི་ཕྱིར། དེ་ཙམ་མདོ་སྔགས་གཉི་ག་འདྲ་ལ་ཆོས་ཉིད་ཀྱི་ངོས་འཛིན་མི་འདྲའང་རྒྱུ་རྒྱུད་སེམས་ཀྱི་ཆོས་ཉིད་ལ་འཇོག་པ་ཙམ་དབུ་སེམས་གཉི་གའང་འདྲ་བའི་ཕྱིར། སྦས་དོན་ཀུན་གསལ་ལས།
ཤཱནྟི་པ་དང་ཨ་བྷྱཱ་ཀ་རས་རྒྱུ་རྒྱུད་སེམས་ཀྱི་ཆོས་ཉིད་ལ་བཤད་དོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་གཤེགས་པའི་མདོའི་ཚིག་རིས་ཙམ་ལ་སེམས་ཅན་རྣམས་ཀྱི་ནང་ནས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཡོད་ཅེས་པ་འགའ་ཞིག་བྱུང་མོད་ཀྱང། སྐབས་གཞན་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་ཉིད་ཆུད་མི་ཟ་བ་ཡོད་པས། ཞེས་དང། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན། ཞེས་ཞིབ་ཆ་ཕྱེ་ནས་གསུངས་ཡོད་པ་དེ་མ་ཕྱེ་བར་གསུངས་པའི་སྐབས་རྣམས་ལ་སྦྱོར་དགོས་པ་སྤྱི་ལུགས་ཡིན་པའི་ཕྱིར་དང། མདོའི་མཚན་ལའང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཞེས་འབྱུང་བའི་སྙིང་པོ་ནི་རིགས་སམ་ཁམས་ལ་བྱེད་དགོས་པ་གང་ཞིག །རྒྱུད་བླ་མ་ལས། རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །ཞེས་དང། ཐོགས་འགྲེལ་ལས། འདིར་ཁམས་ཀྱི་དོན་ནི་རྒྱུའི་དོན་ནོ། །ཞེས་གསུངས་པས། ཁྱེད་ཅག་སངས་རྒྱས་ཀྱི་རྒྱུ་ཡོད་པར་གསུངས་པ་རྒྱུ་མཚན་དུ་བྱས་ནས་འབྲས་བུ་སངས་རྒྱས་ཡོད་པར་འདོད་པ་ནི་གྲངས་ཅན་པའི་ལུགས་ངན་གྲ་མ་ཉམས་པ་ཡིན་ནོ། །ཁོ་ན་རེ། སྙིང་པོ་རྟག་བརྟན་སྟོན་པའི་མདོའི་སྒྲས་ཟིན་འགོག་མི་རིགས་པར་ཐལ། སྙིང་པོ་རྟག་བརྟན་ཁས་ལེན་དགོས་པའི་ཕྱིར། དེར་ཐལ། དེ་བཞིན་གཤེགས་པའི་སྙིང་པོ་མི་འཇིག་པའི་རྟག་པ་དང། རྒྱུན་མི་འཆད་པའི་བརྟན་པར་ཁས་ལེན་དགོས་པའི་ཕྱིར་ན། མ་ཁྱབ། ཁྱོད་རང་ལ་ཀུན་གཞིའི་རྣམ་ཤེས་གང་ཟག་གི་བདག་ཏུ་ཁས་ལེན་པར་ཐལ། དེ་གང་ཟག་གི་མཚན་གཞིར་གྱུར་པའི་བདག་ཏུ་ཁས་ལེན་པའི་ཕྱིར། ཁྱབ་པ་འགྲིག །ཤེར་མདོ་འཁོར་ལོ་ཐ་མ་ཡིན་
པའི་བཤད་ཚུལ་གཅིག་སློབ་དཔོན་ཡང་དག་བདེན་པས་ཀྱང་བྱས་ཏེ། དེའི་བརྗེད་བྱང་རྣམ་པ་གཉིས་ཡོད་པ་ལས་གཅིག་སྔར་དྲངས་པ་དེ་ཉིད་ཡིན་པར་མདོའི་ངོས་འཛིན་དཀྱུས་དང་མཐུན་ལ། སྡེ་པ་རྣམས་ཀྱི་ལྟ་བ་བསྟན་པའི་བརྗེད་བྱང་ལས། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་ཆོས་ཀྱི་འཁོར་ལོ་གཉིས་པ་ཞེས་བྱ་སྟེ། འཕགས་པ་སངས་རྒྱས་ཕལ་པོ་ཆེ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ནི་ཆོས་ཀྱི་འཁོར་ལོ་གསུམ་པ་ཞེས་བྱ་སྟེ། ཆེན་པོ་ཁོ་ནའི་ཆེད་དུ་ཡིན་གྱི་ཆུང་ངུ་ནི་མ་ཡིན་ནོ། །ཞེས་སྔ་མ་ལས་བཟློག་སྟེ་བཤད་ལ། ཤེར་མདོ་གསུངས་པའི་ཚེ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ཞེས་པའི་དོན་དུས་གཉིས་པར་གསུངས་པའི་ཆོས་འཁོར་ཡིན་པ་ལ་བྱ་ཡི། འཁོར་ལོ་གཉིས་པ་ཡིན་པའི་དོན་མིན་ནོ་ཞེས་འདོད་པར་ཝེན་ཚེག་གིས་བཤད་དོ། །སློབ་དཔོན་འདིས་ཤེར་མདོ་འཁོར་ལོ་གསུམ་པར་བཤད་ཀྱང་དགོངས་འགྲེལ་ལས་གསུམ་པ་འདི་ནི་སྨོས་པའི་གསུམ་པ་དུས་གསུམ་པར་གསུངས་པ་ལ་བྱེད་ཅེས་དགོངས་པ་ལེན་གྱི། འདི་ནི་ཞེས་ཉེ་ཚིག་སྨོས་པའི་གསུམ་པ་དེར་སྔོན་གསུངས་པའི་མདོ་ཞིག་འཇོག་ཅེས་བསྙོན་མི་གདེང་ངོ་། །རྒྱ་གར་གྱི་སློབ་དཔོན་བྷ་བྱས་ཤེར་མདོ་འཁོར་ལོ་ཐ་མར་འདོད་པའི་ཚུལ་གཅིག་རྒྱ་ནག་འགྲེལ་ཆེན་དུ་གསུངས་པའང་ལེགས་ལྡན་དང་མཚན་མཐུན་པ་ཞིག་ཡིན་གྱི་ལེགས་ལྡན་འབྱེད་མིན་ནོ། །དེ་དག་གི་དོན་བསྡུས་ན་མདོ་འདིའི་དགོངས་པ་ནི་རང་མཚན་གྱིས་གྲུབ་མ་གྲུབ་ཆ་ཕྱེ་མ་ཕྱེས་ཀྱི་སྒོ་ནས་དྲང་ངེས་སུ་འཇོག་པ་ཡིན་གྱི། དུས་འདི་དང་འདིའི་ཚེ་གསུངས་པ་དྲང་དོན་དང་
ངེས་དོན་ནོ་ཞེས་འབྱེད་པ་མིན་པས། དོལ་པོ་པ་དང་ཡར་འབྲོག་པ་སོགས་ཀྱི་བཤད་ཚུལ་དེ་ནི་དྲིས་ཞུས་སོགས་སུ་ཆོས་རྣམས་རང་མཚན་གྱིས་ཡོད་མཉམ་དུ་གསུངས་པ་དང་མེད་མཉམ་དུ་གསུངས་པ་གཉིས་ཅི་ལ་དགོངས་ཞེས་དྲིས། ལན་དུ་དེ་གཉིས་ཀྱི་དགོངས་གཞི་བསྟན་ནས་དོན་དེ་ལྟར་གོ་དགོས་ཀྱི་སྒྲ་ཇི་བཞིན་དུ་བཟུང་ན་རྟག་ཆད་ཀྱི་མཐར་འགྲོ་ཞེས་བཤད་པས། རང་མཚན་གྱིས་ཡོད་མེད་ཆ་ཕྱེ་སྟེ་གསུངས་པ་ལྟར་བཟུང་ན་དབུ་མའི་ལམ་ཡང་དག་པར་འགྲོ་ཞེས་གསུངས་པའི་ཚུལ་ལ་ཞིབ་ཏུ་མ་བརྟགས་པའི་སྐྱོན་ཡིན་ཏེ། ཁྱེད་ཅག་གིས་དུས་འདིའི་སྐབས་སུ་གསུངས་པ་དྲང་དོན་དང། འདིའི་སྐབས་སུ་གསུངས་པ་ངེས་དོན་ཡིན་ཞེས་པ་འདིའི་དོན་དུ་བསམས་ནས་ཐ་མའི་སྐབས་སུ་གསུངས་ཚད་ངེས་དོན་ཡིན་མིན་རྩོད་པའི་ཕྱིར། ཁྱབ་སྟེ། ཁྱེད་ཅག་ལྟར་ན་དུས་དང་པོར་གསུངས་པ་དང་བར་དུ་གསུངས་པ་རྣམས་ཅི་ལ་དགོངས་ཟེར་དགོས་པ་ལ། མདོ་ལས་དེའི་ནང་ནས་བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་བྱེ་བྲག་པ་རེ་དམིགས་ཀྱིས་བསལ་ནས་དྲིས་པའི་ཕྱིར། འདི་ཉིད་ལས། དེ་གཉི་གས་ཀྱང་མདོ་འདིར་མདོ་སྡེ་ལ་འགལ་སྤོང་གི་དྲི་བ་བྱུང་ལུགས་དང་དེ་ལ་སྟོན་པས་ལན་བཏབ་ལུགས་དང་དེ་ལ་བརྟེན་ནས་དྲང་ངེས་སུ་བཞག་ལུགས་རྣམས་ལ་ཞིབ་ཏུ་མ་བརྟགས་པར་དྲང་ངེས་ཀྱི་རྣམ་དབྱེ་བྱས་པའི་སྐབས་ཙམ་ཞིག་ལ་རྩོད་པར་སྣང་ངོ་། །ཞེས་སོ། །གྲུབ་པའི་དབང་ཕྱུག་བྱེ་བ་གཤེགས་པའི་བཤུལ། །གྲུབ་མཐའ་གོང་མ་གཉིས་ལས་རྣམ་རིག་པའི། །གྲུབ་མཐའི་རྩ་བ་ལེགས་ཕྱེའི་ཆོས་འཁོར་གྱི། །གྲུབ་དོན་སྙིང་པོར་དྲིལ་བ་འདི་ཡིན་ནོ། །འབད་པ་བློ་ཡི་གྲོགས་ལྡན་ཞིང། །རྣམ་དཔྱོད་བརྩོན་
པས་ཡོངས་བཟུང་བ། །སྐལ་བཟང་དེ་ཡིས་འདིར་ཞུགས་ཏེ། །མདོ་སྔགས་ལམ་བཟང་བགྲོད་པར་རིགས། །ལེགས་བཤད་འགྲན་ཟླ་དང་བྲལ་བ་འདི་མཁས་པའི་དབང་པོ་ལྷ་བཙུན་སྤྲུལ་པའི་སྐུ་བློ་བཟང་དགེ་ལེགས་བསྟན་འཛིན་གྱིས་གསོལ་བ་ནན་ཏན་དུ་བཏབ་སྟེ། འཕྲལ་དུ་བཀའ་རྩོམ་མཛད་ནས་ཆོས་འཁོར་གྱི་ཐད་དུ་སླེབས་པའི་མཚམས་སུ་སྐུལ་བ་པོ་ཉིད་མྱུར་བར་རང་ཡུལ་དུ་ལྡོག་དགོས་བྱུང་སྟེ། འཕྲོ་མ་སླར་ཤིན་ཏུ་རྒྱས་པ་ཞིག་གནང་དགོས་ཞེས་ཡང་ཡང་ཞུས་ཡོད་ཀྱང། འཕྲོ་མ་ལྗགས་རྩོམ་མ་མཛད་པར་ཐད་འདིར་འཇོག་པར་མཛད་པ་ནི་ཕྱིས་འབྱུང་གི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་ཡོད་པར་མངོན་ནོ། །