Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
སྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of དགོངས་པ་ཟང་ཐལ་
[Clear Hits]

 
previousསྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པ།next

སྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པ།


JKT015_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པར་སྤྲོ་ན། མཐའ་བསྐོར་གྱི་པད་འདབ་ཉི་ཤུ་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས་ཟླ་བའི་གདན་རེ་རེའི་སྟེང་དུ། ཞི་བའི་སྒྲོལ་མ་དཀར་མོ་ཤིན་ཏུ་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་ཨཏྤལ་བསྣམས་པ། སའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་མཐིང་ག་གཡོན་ཨུཏྤ་ལར་གནས་པའི་རྡོ་རྗེ་བསྣམས་པ། ཆུའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ནོར་བུ་མེ་ཤེལ་བསྣམས་པ། མེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་ནོར་བུ་ཆུ་ཤེལ་ཆུ་བོའི་རྒྱུན་འབེབས་བཞིན་པ་བསྣམས་པ། རླུང་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་འཁོར་ལོས་མཚན་པའི་རི་རབ་བསྣམས་པ། རྒྱས་པའི་སྒྲོལ་མ་སེར་མོ་སྒེག་པའི་ཉམས་ཅན་གཡས་རིན་པོ་ཆེ་དང་གཡོན་ལྕགས་ཀྱུ་བསྣམས་པ། རྡོ་རྗེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ལྗང་མོ་གཡོན་སྣ་ཚོགས་རྡོ་རྗེ་བསྣམས་པ། མཚོན་ཆའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སྔོན་མོ་གཡོན་རལ་གྲི་བསྣམས་པ། རྒྱལ་པོའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ལྕགས་ཀྱུ་བསྣམས་པ། ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་དགྲ་སྟ་བསྣམས་པ། དབང་གི་སྒྲོལ་མ་དམར་མོ་


JKT015_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པའི་ཉམས་ཅན་གཡས་པདྨའི་ལྕགས་ཀྱུ་དང་། གཡོན་ཞགས་པ་བསྣམས་པ། ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་ཕུར་པ་བསྣམས་པ། གླང་ཆེན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དུད་ཀ་གཡོན་མདུང་ཐུང་བསྣམས་པ། སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་མེ་ཕུང་འབར་བ་བསྣམས་པ། སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ནོར་བུ་ཆུ་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་བསྣམས་པ། དྲག་པོའི་སྒྲོལ་མ་ནག་མོ་ཁྲོས་པའི་ཉམས་ཅན་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ། ནད་ཀྱི་འཇིགས་པ་ལས་སྐྱོབ་བའི་སྒྲོལ་མ་ལྗང་སེར་གཡོན་ཨ་རུ་ར་བདུད་རྩིའི་འོད་ཟེར་འཕྲོ་བ་བསྣམས་པ། འཆི་བའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ཚེའི་བུམ་པ་བསྣམས་པ། ཕོངས་པའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་གཏེར་ཆེན་པོའི་བུམ་པ་བཟང་པོ་བསྣམས་པ། དོན་ཉམས་པའི་འཇིགས་པ་ལས་སྐྱོབ་ཅིང་འདོད་དགུའི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བའི་སྒྲོལ་མ་ལྗང་སེར་ཕྱག་གཡོན་དཔལ་བེའུ་བསྣམས་པ། ལས་བཞིའི་སྒྲོལ་མ་མ་གཏོགས་པ་གཞན་ཐམས་ཅད་ཞི་ཞིང་འཛུམ་ལ་དགྱེས་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་ཤིང་། གཡོན་མེ་


JKT015_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཨུཏྤལ་སྔོན་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་ཞིང་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བའི་ཟེའུ་འབྲུར་སོ་སོའི་ཕྱག་མཚན་གྱིས་མཚན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཏེ་ཞབས་གཡས་ཅུང་ཟད་བརྐྱངས་ཤིང་གཡོན་བསྐུམས་པའི་རོལ་སྟབས་ཀྱིས་རང་འོད་འཁྲིགས་པའི་ཀློང་ན་བཞུགས་པའི་ཡེ་ཤེས་སྒྱུ་མའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། ཅེས་སྦྱར།། །།


previousསྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པ།next