Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།

2 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྩ་དབང་རྒྱལ་ཐབས་སྤྱི་བླུགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  


2 occurrences of ཁྲོལ་བུ་
[Clear Hits]

 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྩ་དབང་རྒྱལ་ཐབས་སྤྱི་བླུགས།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྩ་དབང་རྒྱལ་ཐབས་སྤྱི་བླུགས།


JLAZ010_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྩ་དབང་རྒྱལ་ཐབས་སྤྱི་བླུགས་བཞུགསཿ ནང་ནུས་པ་འཇུག་པའི་དབང་ངོ་། །


JLAZ010_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་དོན་གྱི་ལྷ་ལ་འདུདཿ གསང་ཆེན་རྡོ་རྗེ་ཐེག་པ་ནིཿ འཇུག་སྒོ་དབང་ལ་དམ་ཚིག་སྲོགཿ རང་བཞིན་གནས་ལུགས་བརྗོད་བྲལ་ཏེཿ དེ་ཕྱིར་སྐལ་བ་མཆོག་ལྡན་གྱིཿ སློབ་མ་རྗེས་སུ་བཟུང་བའི་ཕྱིརཿ རྩ་དབང་རྒྱལ་ཐབས་སྤྱི་བླུགས་བསྟནཿ ས་མ་ཡཿ དབེན་ཞིང་ཉམས་དགའི་གནས་མཆོག་ཏུཿ དཀྱིལ་འཁོར་བཅའ་གཞི་ལེགས་པར་བསྒྲིགསཿ དབུས་སུ་རཏྣའི་བུམ་པ་ལཿ ཁ་རྒྱན་མགུལ་ཆིངས་བཅུད་ཀྱིས་གཏམསཿ གཡས་སུ་རང་གཞུང་པོ་ཏི་དངཿ གཡོན་དུ་གསང་རྫས་བྷཉྫ་འགོདཿ སྟེང་དུ་མེ་ལོང་སིནྡྷུར་བཅསཿ རྡོ་རྗེ་སེམས་དཔའི་མེ་ལོང་དངཿ རིག་ཙཀ་རྣམས་ལ་ལྡིང་གུར་ཕུབཿ བགེགས་བསྐྲད་རིག་འཛིན་འདུས་པ་ཡིཿ ལས་གཞུང་བསྲང་ཞིང་ནུས་ལྡན་སབཿ ཏིང་ངེ་འཛིན་གྱིས་བདག་འཇུག་བླངཿ དེ་ནས་སློབ་མ་གྲལ་ལ་འཁོདཿ ལས་བུམ་ཆུས་བཀྲུས་བགེགས་གནས་དབྱུངཿ སྲུང་འཁོར་བསྒོམ་ཞིང་ལོ་རྒྱུས་བཤདཿ མཎྜལ་འབུམ་ཞིང་གསོལ་བ་གདབཿ ཧོཿ བདག་ནི་སྐལ་ལྡན་རིགས་ཀྱི་བུཿ ཐུགས་རྗེ་ཆེན་པོས་རྗེས་བཟུང་ལཿ དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུཿ འཇུག་ཅིང་སྨིན་པར་མཛད་དུ་གསོལཿ ཚར་གསུམ་ཞུ་ཞིང་ལན་སྦྱིན་པཿ ཧོཿ གསང་བ་མཆོག་གི་དཀྱིལ་འཁོར་འདིརཿ འཇུག་པར་དཀའ་ལ་ཁེ་ཉེན་ཆེཿ དམ་ཚིག་ཉམས་ན་བརླག་འགྱུར་པསཿ དམ་


JLAZ010_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་དབང་བསྐུར་སྦྱིན་པར་བྱཿ ཞེས་བསྒྲག་སྐྱབས་སེམས་སྡོམ་པ་འབོགཿ ཡན་ལག་བདུན་པས་ཚོགས་བསགས་བྱཿ དེས་ནི་དབང་གི་གཞི་རྟེན་འགྱུརཿ དེ་རྗེས་སློབ་བུ་ལྟར་བསྐྱེད་ནསཿ ཡེ་ཤེས་དབབ་ལ་ནན་ཏན་བྱཿ ཏིཥྛ་བཛྲས་རྒྱས་གདབ་ལཿ བུམ་པ་སྤྱི་བོའི་གཙུག་ཏུ་བསྐུརཿ ཧཱུྃ་བཀྲ་ཤིས་བུམ་པ་ལྷའི་གཞལ་ཡསཿ ལྷ་དང་གཉིས་མེད་བདུད་རྩིའི་ཆུསཿ སྐལ་ལྡན་བུ་ལ་དབང་བསྐུར་བསཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ རྣམ་སྨིན་རིགས་འཛིན་ཉེར་ཐོབ་ཅིངཿ ཀུན་ཏུ་འོད་ཀྱིས་ས་ནོན་ཤོགཿ རྩ་སྔགས་དང་ཀཱ་ཡ་ཨབྷི་ཥིཉྩ་ཨོཾཿ གསང་རྫས་བདེ་སྐྱོང་མགྲིན་པར་བཞགཿ ཧཱུྃཿ ཡབ་ཡུམ་སྦྱོར་པའི་བྱང་ཆུབ་སེམསཿ དཀར་དམར་བྷན་དྷའི་ནང་དུ་བསྐྱིལཿ སྐལ་ལྡན་བུ་ལ་དབང་བསྐུར་བསཿ རྩ་ཁམས་ཡི་གེའི་རྣམ་པར་སྨིནཿ ཚེ་ལ་དབང་པའི་རིག་འཛིན་ཐོབཿ པདྨ་ཅན་གྱི་ས་ནོན་ཤོགཿ རྩ་སྔགས་དང་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ མཚན་ལྡན་གཟུངས་མ་ལག་ཏུ་གཏདཿ ཧཱུྃཿ ཆོས་རྣམས་ཀུན་ཀྱི་འབྱུང་གནས་ཏེཿ བདེ་བ་ཆེན་པོ་གསང་བའི་ཡུམཿ རིགས་ཀྱི་བུ་ལ་སྦྱིན་པ་ཡིསཿ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུརཿ ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབཿ འཁོར་ལོ་ཚོགས་ཆེན་ས་ནོན་ཤོགཿ རྩ་སྔགས་དང་ཙིཏྟ་ཨ་བྷི་


JLAZ010_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩ་ཧཱུྃཿ འཁར་བའི་མེ་ལོང་ཟླུམ་པོའི་སྟེངཿ རྡོ་རྗེ་སེམས་དཔའི་མེ་ལོང་བསྟནཿ ཧོཿ ཀ་དག་མེ་ལོང་གཙང་མའི་ངོགསཿ ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལཿ བརྡ་རྟགས་རྫོགས་པའི་དབང་བསྐུར་བསཿ དྲི་མེད་རིག་པའི་གནས་ལུགས་རྟོགསཿ ལྷུན་འགྲུབ་རིགས་འཛིན་ཉེར་ཐོབ་ནསཿ བདེ་བ་ཆེན་པོའི་ས་ནོན་ཤོགཿ རྩ་སྔགས་དང་དྷརྨཱའ་དྷཱརྟུ་ཨ་བྟི་ཥིཉྩ་ཧཱུྃཿ གནས་ལུགས་དོན་གྱི་ངོ་སྤྲོད་གདབཿ མཐའ་བྲལ་ངང་དུ་མཉམ་པར་བཞགཿ ཕཊ་ཅེས་བརྗོད་ལ་སོགས་རིག་དབྱེཿ ཨཱཿཞེས་བརྗོད་ལ་དོན་ངོ་སྤྲོདཿ དེ་ནས་གླེགས་བམ་བཀའ་གཏད་བྱཿ ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོཿ ལོངས་སྐུ་རྒྱལ་བ་རིགས་ལྔཿ སྤྲུལ་སྐུུ་དགའ་བར་རྡོ་རྗེཿ སློབ་དཔོན་འཇམ་དཔལ་བཤེས་གཉེནཿ རིག་འཛིན་ཤྲཱི་སིངྷཿ པཎ་ཆེན་བི་མ་ལ་མི་ཏྲཿ ཨོ་རྒྱན་པདྨ་ཐོད་ཕྲེངཿ མཁའ་འགྲོ་ཡེ་ཤེས་འཚོ་རྒྱལཿ མངའ་བདག་ཁྲི་སྲོང་ལྡེའུ་བཙནཿ རྒྱལ་སྲས་དྲི་མེད་འོད་ཟེརཿ ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མཿ ཡི་དམ་མཁའ་འགྲོ་རྒྱ་མཚོཿ ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིསཿ དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལཿ བྱིན་


JLAZ010_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་ཏུ་གསོལཿ རྟོགས་པ་སྤར་དུ་གསོལཿ བརྟུལ་ཞུགས་བསྐྱེད་དུ་གསོལཿ བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལཿ ལན་གསུམ་བརྗོད་ཅིང་དོན་བརྒྱུད་འཕོཿ ཤེས་པ་གཏད་མེད་ངང་ལ་གཞགཿ དེ་ནས་དམ་ཚིག་བསྒོ་བ་ནིཿ རྣམ་དབྱེ་བཤད་ལ་རྗེས་ཟློས་བྱཿ རྩ་བ་སྐུ་གསུང་ཐུགས་མཆོག་དངཿ ཡན་ལག་དམ་ཚིག་ཉི་ཤུ་ལྔཿ མེད་དང་གཅིག་པུ་ཕྱལ་བ་སོགསཿ ཆོ་ག་བཞིན་དུ་བསྲུང་བར་བགྱིཿ ཞེས་བརྗོད་གཏང་རག་མཎྜལ་འབུལཿ སླར་ཡང་བྲན་དུ་ཁས་བླང་ཕྱིརཿ གཙོ་བོས་ཇི་ལྟར་བཀའ་སྩལ་པཿ དེ་དག་ཐམས་ཅད་བདག་གིས་བགྱིཿ ལན་གསུམ་བརྗོད་ཅིང་དགེ་བ་བསྔོཿ རྗེས་གྱི་བྱ་བ་སྤྱི་དང་མཐུནཿ ས་མ་ཡཿ འདི་ཁོ་ནའོཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྩ་དབང་རྒྱལ་ཐབས་སྤྱི་བླུགས།next