སློབ་བུ་མེ་ལོང་རྡོ་རྗེས་བསྐུལ་ངོར།
ན་མོ་གུ་རུ། རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས་ཤིག །འཆི་བ་སྙིང་ནས་དྲན་པར་བྱིན་གྱིས་རློབས་ཤིག །འཁོར་བ་སྡུག་བསྔལ་ཤེས་པར་བྱིན་གྱིས་རློབས་ཤིག །ལས་འབྲས་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས་ཤིག །བླ་མ་སངས་རྒྱས་མཐོང་བར་བྱིན་གྱིས་རློབས་ཤིག །འགྲོ་དྲུག་ཕ་མར་ཤེས་པར་བྱིན་གྱིས་རློབས་ཤིག །ཆོས་ཀུན་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས་ཤིག །དཀོར་ནག་དུག་ལྔ་སྤོང་བར་བྱིན་གྱིས་རློབས་ཤིག །དབེན་གནས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས་ཤིགྋ །ངེས་འབྱུང་སྐྱོ་ཤས་སྐྱེ་བར་བྱིན་གྱིས་རློབས་ཤིག །སྣང་བའི་བདེན་འཛིན་ཞིག་པར་བྱིན་གྱིས་རློབས་ཤིག །འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས་ཤིག །ཉིན་མཚན་
ཆོས་ལ་འདའ་བར་བྱིན་གྱིས་རློབས་ཤིག །སྤྲོས་བྲལ་ལྟ་བ་རྟོགས་པར་བྱིན་གྱིས་རློབས་ཤིག །འོད་གསལ་ཁོར་ཡུག་འཆར་བར་བྱིན་གྱིས་རློབས་ཤིག །རང་གྲོལ་སྤྱོད་པས་བོགས་དབྱུངས་བྱིན་གྱིས་རློབས་ཤིག །སྐུ་གསུམ་འབྲས་བུ་འགྲུབ་པར་བྱིན་གྱིས་རློབས་ཤིག །ཚེ་དང་སྒྲུབ་པ་སྙོམས་པར བྱིན་གྱིས་རློབས་ཤིག །གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་རློབས་ཤིག །རང་དོན་ཆོས་སྐུ་མངོན་གྱུར་བྱིན་གྱིས་རློབས་ཤིག །གཞན་དོན་གཟུགས་སྐུ་འབྱུང་བར་བྱིན་གྱིས་རློབས་ཤིག །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས་ཤིག །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས་ཤིག །སྐད་ཅིག་ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་སྟན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག །སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་
འདེབས་སོ། །དམིགས་མེད་ཐུགས་རྗེའི་ཀློང་ནས་གཟིགས་ཤིང་དགོངས་ཏེ། །བདག་དང་མཁའ་མཉམ་འགྲོ་ཀུན་ཕྱམས་གཅིག་ཉིད་དུ། །ཡང་དག་མངོན་པར་སངས་རྒྱས་འགྲུབ་པར་མཛོད་ཅིག །ཅེས་པའང་རང་གི་སློབ་བུ་མེ་ལོང་རྡོ་རྗེས་གསེར་གྱི་མེ་ཏོག་དང་དངུལ་གྱི་ཚིག་རྒྱན་བཅས་བསྐུལ་ངོར་བྱ་བྲལ་རྒན་བུས་དེ་མ་ཐག་ཏུ་ཤར་མར་བྲིས་པ་དོན་ལྡན་དུ་གྱུར་ཅིག་གུ།
ཤོག་སྟོང་།