Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

1 occurrence of གཡར་ཁང་
[Clear Hits]


  
collapse section
  
 collapse section
  
གྲགས་རྒྱན་གློ་བུར་དོལ་རྒྱལ་དུ་གསར་སྐྱེས་ཇི་ལྟར་བྱུང་བའི་སྐྱེ་བརྒྱུད་བཤད་པ།
  
  
 
  


1 occurrence of གཡར་ཁང་
[Clear Hits]

 
previousགྲགས་རྒྱན་གློ་བུར་དོལ་རྒྱལ་དུ་གསར་སྐྱེས་ཇི་ལྟར་བྱུང་བའི་སྐྱེ་བརྒྱུད་བཤད་པ། next

གྲགས་རྒྱན་གློ་བུར་དོལ་རྒྱལ་དུ་གསར་སྐྱེས་ཇི་ལྟར་བྱུང་བའི་སྐྱེ་བརྒྱུད་བཤད་པ།


JSD005_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གླེང་གཞི་ཤུགས་ལྡན་གྱི་ཞེན་ཡུལ་སུན་དབྱུང་བ་ལ་གསུམ་སྟེ། གྲགས་རྒྱན་གློ་བུར་དོལ་རྒྱལ་དུ་གསར་སྐྱེས་ཇི་ལྟར་བྱུང་བའི་སྐྱེ་བརྒྱུད་བཤད་པ།


JSD005_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རིག་འཛིན་ནུས་ལྡན་རྣམས་ཀྱིས་བསྒྲལ་འདྲེན་ཇི་ལྟར་མཛད་ཚུལ་བཤད་པ། ཕུང་འགོང་སྐྱབས་གནས་སུ་བཟུང་བ་རྣམས་བཀའ་གདམས་རིང་ལུགས་གཙང་མ་ལས་ཉམས་ཚུལ་བཤད་པའོ། །དང་པོ་ནི། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་འབྲས་སྤུངས་བློ་གསལ་གླིང་གི་པཎ་ཆེན་བསོད་ནམས་གྲགས་པ། དེའི་ཡང་སྲིད་བསོད་ནམས་ཡེ་ཤེས་དབང་པོ། དེའི་ཡང་སྲིད་ངག་དབང་བསོད་ནམས་དགེ་ལེགས་ཏེ། དེ་རྣམས་གྲགས་རྒྱན་གྱི་སྐུ་ཕྲེང་དུ་འདྲེན་པ་བ་ཡང་གོང་མ་མཁས་གྲགས་ཅན་བྱུང་བ་དེ་དག་གི་ཞབས་འདྲེན་དུ་འགྲོ་བ་ལས་བསྟོད་ཡུལ་གྱི་ཆེ་ཡོན་དུ་མི་འགྲོ་བས་འོས་འཐད་མ་མཐོང་། འདིར་སྐབས་བབ་འབྲས་སྤུངས་གཟིམས་ཁང་གོང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ལོ་རྒྱུས་ཅུང་ཟད་འཆད་ན། ཁོང་ནི་རབ་བྱུང་བཅུ་པའི་ས་མོ་ལུག་སྤྱི་ལོ་ཆིག་སྟོང་


JSD005_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་བརྒྱ་ཉི་ཤུ་ཐམ་པ་ལ་སྟོད་ལུང་གད་ཁ་སར་སྐུ་འཁྲུངས་པ་དེ་ཉིད་ཀྱིས་ཐོག་མར་པཎ་ཆེན་བློ་བཟང་ཆོས་རྒྱན་བསྟེན། དེ་རྗེས་གོང་ས་ལྔ་པ་ཆེན་པོའི་དྲུང་ནས། རྒྱ་སོག་དཔོན་རིགས་མང་པོ་དང་ལྷན་དུ། རྡོར་ཕྲེང་དང་ཀྲྀ་ཡ་སྦྲགས་མའི་དཀྱིལ་འཁོར་ཞེ་ལྔའི་དབང་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ལུང་སོགས་གསན་པ་ཡིན་འདུག་ཀྱང་། མི་རིང་བར་བླ་སློབ་བར་དམ་སེལ་ངན་པ་ཞིག་བྱུང་ཡོད་པ་གདོན་མི་ཟ་སྟེ། ཅིའི་ཕྱིར་ཞེ་ན། ཁྲི་བྱང་རིན་པོ་ཆེས་མཛད་པའི་ཤུགས་ལྡན་རྟོགས་བརྗོད་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོ་ལས། རྒྱལ་དབང་ལྔ་པ་ཆེན་པོ་དང་། གྲགས་རྒྱན་རང་ཉིད་བཅས་ཉི་ཟླ་ལྟ་བུའི་སྐྱེས་ཆེན་རྣམ་གཉིས་གློ་བུར་རྐྱེན་དབང་སྟབས་ཀྱིས་རེ་ཞིག་ཞལ་འཛོམ་གྱི་གོ་སྐབས་རིང་བར་གྱུར་ཞེས་


JSD005_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་། དེ་སྐབས་གོང་ས་ལྔ་པ་ཆེན་པོའི་བཀའ་ལུང་སྤྱི་བོས་ནོད་པའི་སྡེ་སྲིད་བསོད་ནམས་ཆོས་འཕེལ་ལམ། བསོད་ནམས་རབ་བརྟན་ཞེས་ཀྱང་གྲགས་པ་སོགས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ལ་དབང་བ་རྣམས་གྲགས་རྒྱན་ལ་ཁོང་ཁྲོ་མི་བཟོད་པ་འབར་ནས་སྐུ་བཀྲོངས་པའི་འཕྲོས་གཏམ་བྱུང་ལུགས་ལ་དཔགས་ན་གོང་ས་མཆོག་གི་ཐུགས་དང་འགལ་བ་ཤིན་ཏུ་གསལ། དེར་མ་ཟད་སྐབས་དེར་གོང་ས་ལྔ་པ་རང་ལའང་དམ་གྲིབ་ཕོག་པའི་ཚུལ་གསུང་རྣམ་དུ་ཀུ་ལ་ཀ་པའི་ནང་དུ། ཚེས་བཅོ་ལྔ་ལ་གཟའ་འཛིན་འདུག་པ་དང་བསྟུན། མ་ཤའི་ལས་སྦྱོར་བྱེད་རྩིས་ཀྱིས་ཚེས་བཅུ་གཅིག་ནས་བསྙེན་མཚམས་ཤིན་ཏུ་དམ་པར་བཅད་དེ་འཇམ་དཀར་གྱི་བཟླས་བརྗོད་བཙུགས་པ་ཚ་རྟིང་ཁར་རང་དབང་དང་བྲལ་བའི་གཉིད་ཀྱིས་ནོན་པར། རེ་ཞིག་ཐུན་བཞག་


JSD005_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཁམས་གསེང་བའི་ཐབས་འདྲ་བྱས། ཇའི་སང་སྡེ་པར་ཕྱི་དྲོ་ད་ལྟའི་འདི་འདྲ་མིན་ཙམ་བྱུང་ན་མ་གཏོགས་དགེ་སྦྱོར་ཚད་ལྡན མི་ཡོང་བ་སྣང་ཞེས་གླེང་བརྗོད་ཀྱང་བཏང་། དེ་ཡང་སྤྲུལ་པའི་སྐུ་གཉན་ཚད་ཀྱིས་བསྙུང་བར། གླིང་སྟོད་ཆོས་རྗེ་དང་། བྱང་ངོས་ནས་ཀྱིས་འཕྲོད་བསྟེན་མཛད་པས་གཞི་མེད་དུ་དྭངས་པས་སོག་ཡུལ་དུ་ཙན་ཐོན་གྱི་ཉེ་ལེན་ལ་སྡེ་པའི་སྐུ་གཞོགས་ནས་སྡེ་པ་ནོར་བུ་བཏང་བས་བཀའ་ལུང་བསྒྱུར་སྐབས་སྐྱོན་མེད་་དེ་ག་ཡོད་འདུག་ཀྱང་། ཚ་རྟིང་ཁར་གློ་བུར་བསྙུན་པས་ཚོགས་ཆེན་དུ་མང་ཇ་དང་། གནས་ཆུང་ལྕོག་ཏུ་སྐུ་ཕེབས་ཚ་གྲུལ་ཞིང་སྡེ་པར་འཕྲོས་ཕུལ་བར་༜བརྟེན་ལྷ་ས་ནས་ཉིན་མཚམས་ལ་ཕེབས་པས་ཁ་སང་རྗེས་གནང་ངེད་རང་གིས་བཤོལ་བས་འཚེར་བ་བྱུང་། ད་ལམ་ཅིས་ཀྱང་འགྲོ་དགོས་ཞེས་ཇའི་སང་སྡེ་


JSD005_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱུད་དེ་གསུངས་པ་མཚམས་ལ་ཧར་འདོན་བྱས་ཏེ་གཟིམས་ཁང་གོང་དུ་ཕྱིན། མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ་ཀྱང་འབྱུང་པོ་ཞིག་གིས་བརླམས་པས་ཐུགས་མི་ཟིན་འདུག་པས་ཕན་ཐོགས་མེད་པས་ཚེས་བཅུ་གསུམ་གྱི་ཚ་རྟིང་ཁར་ཞིང་བརྗེས་སྣང་། ཞེས་གསུངས་པ་འདི་ལ་ཚད་མར་འཛིན དགོས། དེས་ན་ད་ལྟ་དགེ་ལྡན་པ་ཀུན། སྡེ་པ་བསོད་ནམས་ཆོས་འཕེལ་དང་། ནང་སོ་ནོར་བུ་སྐ་མཆེད་ངན་མཐུན་གྱིས་མགྲིན་པར་དར་བརྫངས་རྒྱབ་སྟེ་བཀྲོངས་ཚུལ་དང་། ཤུགས་ལྡན་བསྟོད་པར། ལོག་སྨོན་ཀུན་ཚོགས་དར་གྱིས་མགུལ་བཅིངས་ཚེ། ཞེས་རྐེ་བསྡམས་ཏེ་བཀྲོངས་ཚུལ་མི་འདྲ་བ་གཉིས་བྱུང་བ་ལ་གོང་དུ་ཀུན་མཁྱེན་རྒྱལ་དབང་ལྔ་པའི་གསུངས་དེས་ལོ་རྒྱུས་མཐུན་མིན་གཉིས་ཀ་བཞར་ཚར་བ་འདི་ལ་ཡིད་རྟོན་དགོས། དོན་དུ་གྲགས་རྒྱན་


JSD005_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་སོ་བརྒྱད་པ་མེ་སྤྲེལ་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་ཉིན་འདས་གྲོངས་སུ་གྱུར་ཏེ། སྐུ་གདུང་འབྲས་སྤུངས་སྔགས་པའི་ཆོས་རང་ཞུགས་ལ་ཕུལ་བ་ན་མེས་མ་ཚིག་པ་དངུལ་གདུང་ནང་དུ་རིལ་པོ་བཅུག་སྟེ། གཟིམས་ཁང་གོང་རང་དུ་བཞག་པར་སྐུ་གདུང་ཞབས་ཕྱི་བ་རྣམས་ཀྱང་སྡོད་མི་བཟོད་པའི་ཚེགས་སྒྲ་དང་སྡིག་སྒྲ། མཆོད་རྟེན་ནང་ནས་སྐད་ངན་དང་ཙིར་སྒྲ་རྒྱབ་པ་སོགས་བྱུང་བ་ན། གནས་ཆུང་ཆོས་སྐྱོང་བཀའ་ལུང་ ི་བཞིན་དངུལ་གདུང་ལྷུ་ཕྲལ་ནས། སྐུ་གདུང་ཤིང་སྒམ་ནང་བཅུག་སྟེ་ཡར་ཆབ་གཙང་པོར་སྐྱུར་བ་རིམ་གྱིས་ཁྱེར་བ་ལྷོ་ཁ་དོལ་གྱི་མདར་ཆགས་པ་དེང་བཅུ་བཞི་༔ སྐབས་དོལ་ཆུ་མིག་དཀར་མོར་ཡོད་པས་དོལ་རྒྱལ་ཞེས་མིང་དེ་ནས་ཐོགས། གྲགས་རྒྱན་གཤེགས་ཁར་བླ་མ་དང་དམ་ཚིག་ཉམས་པས་མ་ཚད་སྨོན་ལམ་


JSD005_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པ་ཞིག་བཏབ་ཡོད་པར་ངེས་ཏེ། མི་དབང་པཎྜི་ཏ་སངས་རྒྱས་རྒྱ་མཚོས་མཛད་པའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན ཐབས་ལེའུ་བརྒྱ་དང་བཅུ་གཉིས་པ་ལས། ལུགས་མཐུན་དམ་ལ་གནས་པའི་རྒྱལ་པོ་དང་། །དེ་མིན་དམ་སྲི་འབྱུང་པོའི་རིགས་ལ་སོགས། །ཞེས་པའི་ཐད་ཀྱི་འགྲེལ་པ་ན་ལུགས་མཐུན་རྒྱལ་པོ་སྐུ་ལྔ་སོགས་ཡིན། དེ་མིན་དོལ་ཆུ་མིག་དཀར་མོར་གནས་པ་སོགས། བླ་མའི་རིགས་སྨོན་ལམ་ལོག་པ་དང་བཙུན་པ་⇨ སྡོམ་ཉམས་འདྲེར་སྐྱེས་པ་ཞེས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །གྲགས་རྒྱན་གཤེགས་ཁ་ནས་བཟུང་ལྔ་པ་ཆེན་པོའི་གཟིགས་སྣང་དུ་ཆོ་འཕྲུལ་གྱི་རྣམ་པ་བྱུང་ཚུལ་རྣམས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀུ་ལའི་ནང་དུ་འདི་ལྟར། ཚེས་བདུན་ནས་དཔལ་ལྡན་རེ་མ་ཏིའི་མདོས་བསྐང་བཙུགས་པའི་རྡོ་རྗེ་སློབ་


JSD005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དུ་ཕྱིན། ཆོས་སྐྱོང་ཆེན་པོའང་ཁོག་ཏུ་ཞུགས་ཏེ་ཕེབས། གསོལ་ཇ་ཁང་གི་ནང་དུ་གདོན་གྱི་འཚུབ་ཅིག་འདུག་གསུངས། མཚམས་ཀྱི་སྐབས་ཚེས་བཅུ་བདུན་ནས་བཟུང་ཉམས་སྣང་གི་འཁྲུལ་ངོར་ཆ་དཀར་ཆོས་མཛད་དང་ལྷན་དུ་སྤྲེའུ་བྱིས་པ་ལོ་བརྒྱད་པ་ཙམ་དོམ་ལྤགས་ལྟ་བུའི་ཁ་དོག་ནག་ཅིང་མིག་དམར་སེར་དུ་འཁྱིལ་བ་ཞིག་རེས་རྗེས་སུ་འབྲངས། སྐབས་འགར་མཇིང་པར་ཞོན་ནས་འོང་བ་ཞིག་བྱུང་བ་དང་མཐུན་པ་འདྲ། ཞེས་དང་། ཆོས་སྐྱོང་ཆེན་པོས་སྤྲུལ་པའི་སྐུའི་པུར་བཞུ་དུས་ཉེ་འཁོར་དུ་བསྡད་པ་མི་འགབ་པས་པོ་ཏཱ་ལར་སོང་གསུངས་པ་བཞིན་ཉེར་གཉིས་ལ་འོང་། ཞག་བདུན་གྱི་བར་འཕགས་པ་མཆེད་ཀྱི་དྲུང་དུ་མཆོད་པ་སྨོན་ལམ་བཟླས་བརྗོད་སོགས་དགེ་སྦྱོར་ལ་བརྩོན་པར་བྱས། ལས་སྒྲིབ་དག་པའི་ལྟས་བཟང་པོ་འདྲ་


JSD005_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

འོང་དུ་རེ་ཡང་ནུབ་གཅིག་རྨི་ལམ་དུ་བཙུན་པ་ཞིག་གིས་ཟན་ཧྲིལ་མོ་སྦོམ་ཕྲ་མཛུབ་མོ་ཙམ་མཁྱིད་གང་གི་ཚད་རྩ་རྩེའི་རྣམ་པ་ཡོད་ཁུལ་ཞིག་མདུན་དུ་བཞག་སྟེ་འདི་སྡེ་བ་སྐྱིད་རུ་བ་ཡིན་ཟེར་བའི་མུས་ལ་ཟན་དེ་སྲོག་ཆགས་ལྟར་འགྲོ་བ་དང་། ཡང་རྫོང་གི་རྟ་ལམ་དུ་དམག་གིས་འཚངས་པས་ཇའི་སང་སྡེ་པ་དང་ལྷན་ཅིག་ཆར་འབབ་པའི་མུན་ཁྲོད་ལ་མཆིལ་ལྷམ་ཡང་མ་གྱོན་པར་ལྟག་སྒོ་ནས་ཐོན་ཏེ་བྲོས་འགྲོ་བ་སོགས་ངན་པ་འབའ་ཞིག་བྱུང་། ཞེས་དང་། དབྱར་ཐོག་འདིར་འགོང་པོའི་འཚུབ་སྔར་དང་མི་འདྲ་བའི་ཆེ་བ་འདུག་པར་ཟླ་བ་དགུ་པའི་ཚེས་དགུ་ནས་བདུན་གཅིག་གི་བར་ཡང་ཟབ་རྡོ་རྗེ་གྲོ་ལོད་བསྒྲུབས་པས་ཚ་ངར་གྱི་དབལ་གཅོག་པ་ལ་ཕན་པར་བྱུང་། ཞེས་དང་། ས་ཁྱི་ཟླ་བ་གསུམ་པའི་ཚེས་གཅིག་གི་སྲོད་འཁོར་ལ་ཉ་ཤུར་སྐྱ་རིལ་གྱིས་ཇའི་སང་སྡེ་པ་བརྒྱུད་


JSD005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྡེ་པ་བསྙུང་ལུགས་འདི་བཞིན་བྱུང་ཟེར་བར་ཟ་ཡིག་དང་། བྱིན་རླབས་རྟེན་སོགས་བསྐུར། ནམ་འོག་ལ་ཡོང་རྩིས་ཀྱིས་རྟ་བསུ་བ་ཐོངས་བྱས་ཀྱང་ནམ་སངས་ལས་མ་འབྱོར། ཚེས་གཉིས་ཀྱི་ཞོགས་པ་ལྷ་སར་ཕྱིན། སྐུ་གྲིབ་བསྙུན་གཞི་བབས་ཤིན་ཏུ་ལྕི་བ་འདུག་པས་བཅོས་ཀ་ཎྜཱ འགྲོ་མདོག་མ་ཁ་ཡང་། ཟ་ཡིག །དུག་དབྱུངས། སྨན་བཅོས་ཐབས་སྣ་ཚོགས་བྱས་རུང་། ཚེས་གསུམ་གྱི་ཉིན་ཕྱེད་ལ་ཞལ་མ་བཞུགས་པར་འཕོ་བ་་བཏབ། བྱང་མི་མང་བའི་སྒྲ་དང་བཅས་དེ་ཙམ་གྱི་གནད་དུ་འགྲོ་མདོག་ཁ་བ་ཞིག་མ་བྱུང་། ཞེས་དང་། ཆོས་སྐྱོང་ཆེན་པོས་སྡེ་པར་འདྲེ་སྣ་ཟུག་པས་གཟིམས་༔ ཁང་གོང་གི་མཆོད་རྟེན་རྣམས་གཞན་དུ་སྤོ་དགོས་ཚུལ་ལོ་སྔ་མ་སྟོད་ལུང་ཆུ་ཚན་ལ་བྱོན་སྐབས་དགེ་བསྐོས་གཉིས་བརྒྱུད་དེ་ལབ་པ་ཡིན་ཡང་དངུལ་གདུང་


JSD005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་ཕྲལ་ནས་འཇོག་པ་ཙམ་ལས་མ་སྤོས་པའི་སྐྱོན་གྱིས་ནད་གཞི་ཚུག་པ་ཡིན། ད་ལྟ་འཚུབ་ཆེར་སོང་བས་གཟིམས་ཁང་གོང་སྤོ་དགོས་གསུངས་པར་རྒྱལ་བརྫོངས་ལྟ་བུས་གོ་ཆོད་པས་ཁང་པ་བཤིག་མ་དགོས་པ་ཡོང་མི་ཡོང་གི་གླེང་གཞི་མང་དུ་བྱུང་རུང་བདེན་མི་བདེན་ཇི་ལྟར་ཡང་མཆོད་རྟེན་བརྒྱད་པོ་མ་ཕྲལ་བའི་སྐབས་མཆོད་རྟེན་ནང་ནས་སྐད་དང་། ཙིར་སྒྲ་བརྒྱབ་ཟེར་བས་མཚོན་པའི་རྣམ་རྟོག་འདྲེ་ལངས་ཀྱིས་ཁ་ཚོན་མ་ཆོད་པས་སྐྱ་ཆས་ཚོ་སྟོད་ལུང་མདའ་དང་། ཤིང་ཆ་རྣམས་ཤར་ཆུ་སྦུག་ཏུ་བསྐྱལ། གཟིམས་ཁང་བཤིག་ཤུལ་དུ་གྲྭ་ཚང་གིས་ཁྲོ་རོལ་སླང་གང་མ་ཞིག་དང་། གྲྭ་ཚང་གསུམ་ནས་བསྡུས་པའི་དགེ་འདུན་བརྒྱ་སྐོར་གྱིས་གསུང་རབ་བསྒྲགས་ཞེས་གསུངས་ཤིང་། གཞན་ཡང་ལྔ་པ་ཆེན་པོའི་མནལ་ལམ་དུ། གདུགས་ངུར་སྨྲིག་མདོག་ཀ་བཞིའི་ཚད་


JSD005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་པ་འཁོར་བ་ཞིག་ཡང་ཡང་བྱུང་ཞིང་དེ་བྱུང་རེས་ཀྱི་ཕྱི་ནང་ཅི་རིགས་སུ་འཚུབ་རེ་འོང་བ་དང་། རིན་ཆེན་སྒང་པ་དབང་རྒྱལ་རྡོ་རྗེར་རྟ་མགྲིན་གྱི་རྗེས་གནང་སྩལ་སྐབས་རླུང་སོགས་རྐྱེན་ཡེ་མེད་པར་གཏོར་གསོལ་ཅོག་སྟེང་ནས་ལྷུང་པ་དང་། གསོལ་ཚིགས་གནང་སྐབས་གསོལ་ཚིགས་ཀྱང་དོན་མེད་དུ་མགོ་འཇུག་ལྡོག་པ། སྐབས་ཤིག་རྩེ་ཕོ་བྲང་པོ་ཏཱ་ལ་ཡང་ཡོམ་ཡོམ་དུ་འདར་བ་སོགས་ཆོ་འཕྲུལ་ཡང་ཡང་བསྟན་པ་དང་། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་མང་པོ་སྟེང་གྲིབ་ཀྱིས་འདས་གྲོངས་བྱུང་བ་དང་། གྲྭ་ཚང་གི་མཚམས་ཁག་པ་རྣམས་ཡོད་སར་དགོང་མོ་མར་མེའི་འོད་ལ་༉ གཟུགས་མི་མཐོང་བའི་ལག་པ་ཆེན་པོས་མར་མེ་བསྒྲིབ་པ་དང་གསོད་པ། ཆབ་གསང་འགྲོ་མཁན་དང་། གྲྭ་གཟུགས་བོང་བུའི་མགོ་ཅན་ཟླ་གམ་གྱོན་པར་


JSD005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པ། སྐས་འགོའི་སྐས་རུ་མི་ནག་རྒྱ་ལུ་ཆས་སུ་འཁྲུལ་ནས་གཡང་ལ་བསྐྱར་གྲབ་བྱས་པ། འགའ་ཞིག་ལ་ཞུགས་ཏེ་ནད་པ་ཡིན་ཁུལ་གྱི་རྩ་སྟོན་པ་སོགས་མང་པོ་བྱུང་། ནད་པ་དེ་རིགས་ལ་ཨེམ་ཆི་དར་མོ་སྨན་རམ་པ་རང་འཕྲོད་ཅིང་། ཁོང་མཚན་རྒྱུའི་འབྱུང་པོ་དང་གྲོགས་མཆེད་ལྟ་བུ་ཡིན་ཚོད འདུག །སྐབས་ཤིག་ཁོང་གིས་གྲྭ་པ་ནད་པ་ཞིག་གི་རྩར་བྱོན་པས་རྒྱལ་ཆེན་གྱིས་གནོད་པར་ཤེས་ཏེ། ཁྱོད་ཀྱི་ན་ཚ་དེ་འདི་ཁ་རང་དུ་འདུག་ཅེས་སྙིང་ཁར་ ོ ཕྱག་མཛུབ་བཙུགས་པས། ཁ་རོག་བཞུགས། མིས་ཤེས་ཡོང་ཞེས་ཤུབ་བུར་བརྗོད་པ། དེར་སྨན་པ་དར་མོ་བས་འཇམ་འགྲོས་ཀྱིས་གསེད་བཀྲོལ་གནང་ནས་དྲག་པ་དང་། གྲགས་རྒྱན་ཞལ་བཞུགས་སྐབས་གསོལ་སྨན་འབུལ་མིའི་སྨན་པ་འབྲས་ཉང་པོ་ཁམས་ཚན་གྱི་ཨེམ་ཆིར་ཞིག་ཡོད་པ་དེར། གྲགས་རྒྱན་


JSD005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་རྗེས་ནུབ་གཅིག་ཉམས་དང་རྨི་ལམ་འདྲེས་མ་ལྟ་བུ་ཤིན་ཏུ་གསལ་བར་གྲགས་རྒྱན་གྱི་གསོལ་དཔོན་བྱུང་སྟེ། བླ་མ་སྐུ་ཁམས་ཅུང་མི་བདེ་བ་ཡོད་པས། ཁྱེད་གདན་འདྲེན་པར་གཏོང་གནང་མཛད་བྱུང་ཟེར། དེར་ངེད་ལ་རྟ་མེད་ཇི་ལྟར་བྱེད་བྱས་པར། རྟ་ཁྲིད་ཡོད་ཟེར་བ་ལྟར་སྨན་པས་སྨན་སོགས་ཁྱེར་ཏེ་སོང་བ་ན་འབྲས་སྤུངས་ལྕགས་རིའི་ཕྱིའི་རྡོ་བཅལ་དུ་རྟ་དཀར་པོ་སྒ་ཆས་རང་འགྲིགས་ཤིག་འདུག་པར་ཞོན་ནས་ཨ་ཙ་ར་གཉིས་ཀྱིས་ཁྲིད་དེ་རྐྱང་ཐང་སྒང་དུ་སླེབས་པ་ན། དེར་རྒྱལ་བ་ཐམས་ཅད་མཁྱེན་པ་ཕྱོགས་ཕེབས་སྐབས་ཀྱི་བཞུགས་སྒར་ལྟ་བུའི་སྒར་ཆེན་ཞིག་གི་དབུས་ཀྱི་དབུ་གུར་དུ་ཁྲི་ཆེན་པོ་ཞིག་གི་སྟེང་ན་གྲགས་རྒྱན་སྔར་ཞལ་བཞུགས་སྐབས་ལྟར་མངོན་སུམ་དུ་བཞུགས་འདུག་པ་མཇལ་སྐབས་གྲགས་རྒྱན་ནས། ངོས་


JSD005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་རྒྱབ་སྐེད་པའི་སྨད་འདི་ཚོར་ཤུ་ཐོར་ལྟ་བུ་ཅུང་ཟད་ཐོན་ཏེ་མི་བདེ་བ་ཡོད་ཅེས་ཨེམ་ཆིར་ཕྱག་རྩ་བསྟན་པ་དང་། གསོལ་སྨན་འབུལ་བཞེས། སྨན་ཡོན་གནང་བ་རྣམས་སྨན་སྒྲོར་བླུགས་ཏེ་ཚུར་ལོག་ཡོང་བ་སོགས་མངོན་སུམ་པ་ལྟར་བྱུང་། སང་གཉིད་སད་སྐབས། བླ་མ་ནི་སྐུ་འདས་ཟིན་ཀྱང་། མདང་ནུབ་ཀྱི་མངོན་སུམ་པ་ལྟར་བྱུང་བ་ཇི་ཡིན་སྙམ་དོགས་ཏེ་སྨན་སྒྲོ་ཁ་ཕྱེས་ཏེ་བལྟས་པས་སྨན་ཡོན་གནང་བ་རྣམས་དངོས་སུ་ཡོད་པ་བྱུང་བ་དང་ཞེས་སོ། །ཡང་ལྷ་སའི་ཕྱོགས་སུ་ནད་ཡམས་མཆེད་ཅིང་མི་མང་པོ་ཤི་བ་དང་། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་མང་པོ་འདས་གྲོངས་སོང་བ་སོགས་ཡུལ་ཁམས་ལ་མི་ཤིས་པའི་མཚན་མ་ངན་པ་སྣ་ཚོགས་མུ་མཐུད་གཏོང་བཞིན་རྣམ་སྨིན་སྲིད་པའི་བར་དོ་ཡིད་ཀྱི་ལུས་ཅན་དེ། མེ་བྱ། ས་ཁྱི། ས་ཕག །ལྕགས་བྱི། ལྕགས་


JSD005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གླང་སྟེ་ལོ་ལྔའི་རིང་འཁྲུལ་སྣང་འཁོར་བའི་བག་ཆགས་དང་འགྲོགས་བཞིན་དུ་དབུས་གཡོར་ཕྱོགས་སུ་འཁྱམས་འཁྱམས་གཙང་ཕྱོགས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་རྒྱན་ཞབས་དྲུང་དུ་སྐྱབས་འཚོལ་འགྲོ་བར་བརྩམས་ཚེ་ཎྜཱདགོན་པའི་གླིང་བསྐོར་གྱི་ལམ་དུ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀག་ནས་ནང་དུ་མ་བཏང་ཅེས་པའི་ལོ་རྒྱུས་འདི་ལྟར་ན་དོལ་རྒྱལ་གསོན་པོའི་སྐབས་ནས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཐུགས་རྗེའི་ལྕགས་ཀྱུ་རྣོན་པོའི་ཡུལ་དུ་གྱུར་པའི་དད་དམ་གྱི་ཨ་ལོང་སྲ་བརྟན་ཅིག་མེད་པ་ཡང་མཐོང་ཐུབ། དེ་ནས་རིམ་གྱིས་སོང་སོང་བ་ལས་དཔལ་ས་སྐྱར་སླེབས་པའི་ཚེ། བདག་ཆེན་བསོད་ནམས་རིན་ཆེན་དགུང་གྲངས་བཅུ་བདུན་དུ་ཕེབས་པ་ལྕགས་མོ་གླང་ལོར་ས་སྐྱའི་


JSD005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྩེ་རྙིང་མར་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་འདུས་པ་སུམ་བརྒྱ་ལྷག་ཙམ་ལ་གནང་བའི་སར་མཚན་མོ་རྡོ་ཆར་འབེབས་པ་དང་། མང་པོ་ལ་གནོད་འཚེ་དང་ཆོ་འཕྲུལ་སྣ་ཚོགས་བསྟན་པའི་སྐབས། བདག་ཆེན་གྱི་མནལ་ལམ་དུ་ས་སྐྱའི་ཕུན་ཚོགས་གླིང་བརྩེ་ཆེན་ལྷ་ཁང་འགག་ན་བན་གཟུགས་ཤིག་གཟིགས་ནས་མི་མཁྱེན་པ་ལྟར་མཛད་ནས་ཁྱོད་སུ་ཡིན་གསུངས་པ་ལ། ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་སྦ་གསང་མེད་པར་རང་གི་ཡིན་ལུགས་དྲང་པོར་ཞུས་ནས། ཁྱེད་ཀྱིས་ང་ལ་ཟས་སྐལ་ཞིག་སྩོལ་ཞེས་གསོལ་བས། ཁའུ་སྐྱེད་ལྷས་སུ་རྒྱལ་མཁར་བརྩིགས་ནས་འདྲེ་ཁྱོད་རེ་ཞིག་དེར་སྡོད་ཅེས་བླ་ཡིད་ཆགས་པའི་རྟེན་དུ་བྱིན་པ་དང་། དེ་བཞིན་སྲས་ས་ཆེན་ཀུན་བློས་ཀྱང་ས་སྐྱའི་བྱང་ངོས་དགོན་པའི་ཕྱི་རོལ་དུ་རྨུག་ཆུང་མགོན་ཁང་བཟོས་ནས་
དེར་དོལ་རྒྱལ་ཆགས་རྟེན་བྱས་པ་འདི་དག་ལོ་རྒྱུས་ཡོངས་གྲགས་ལྟར་བཀོད་པ་ཡིན་ནོ། །


previousགྲགས་རྒྱན་གློ་བུར་དོལ་རྒྱལ་དུ་གསར་སྐྱེས་ཇི་ལྟར་བྱུང་བའི་སྐྱེ་བརྒྱུད་བཤད་པ། next