Nitartha Digital Library
Tibetan
 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


KMC011_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བསྒོམ་ན། བརྟན་དང་གཡོ་བའི་དངོས་པོ་སྣོད་བཅུད་ཀྱི་ཁོངས་སུ་གཏོགས་པ་གང་ཡིན་པ། ཐ་ན་རྩྭ་དང་ཤིང་ཕྲ་མོ་ལྕུག་མ་དང་། ཤིང་གཞན་ལ་འཁྲིལ་ཏེ་སྐྱེས་པ་འཁྲི་ཤིང་ལ་སོགས་པའི་སྒྲས། རྣམ་པ་གང་ཅིའང་རུང་བ་རྣམས་བདག་རང་གི་སེམས་ལྷན་སྐྱེས་ཀྱི་དངོས་པོའི་རང་བཞིན་ཏེ་ངོ་བོ་ཉིད་ལས་གཞན་མ་ཡིན་པ། དོན་དམ་པའི་དེ་ཁོ་ན་ཉིད་རང་རིག་སྟོང་ཉིད་ངེས་པར་བསྒོམ་པར་བྱའོ། །དེ་རྣམས་ཀྱི་དམ་པ་དེ་ལས་ཕུལ་དུ་བྱུང་བ་གཅིག་གཞན་དུ་ཡོད་པ་མིན་ནོ་ཞེས་སྔར་གསུངས་པའི་བསྒོམ་རིམ་ལ་བསྟོད་པ་དང་རང་རིག་བསྒོམ་པར་སྟོན་པ་ཡིན་ནོ། །གསུམ་པ་ནི། རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །རང་རིག་ཕྱིར་ན་བསྒོམ་པ་ཉིད། །རང་གིས་རིག་པའི་འགྱུར་བ་ལས། །མནན་པ་ལས་ནི་ལས་སྐྱེས་ཏེ། །རང་གིས་འཕྲོག་ཅིང་རང་གིས་བྱེད། །རང་རིག་རྒྱལ་པོ་རང་གཙོ་བོ། །ཞེས་གསུངས་ཏེ། བདག་ལ་སོགས་པ་ཐམས་ཅད་ཕྱག་རྒྱ་ཆེན་པོར་བསྒོམ་པས་ཅིར་འགྱུར་ཞེ་ན། སློབ་དཔོན་ཤནྟི་པས། དེ་ཁོ་ན་ཉིད་བདུན་གྱིས་རང་རིག་མཆོག་གི་དོན་སྟོན་པར་བཞེད་དེ།


KMC011_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་རང་གིས་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་དེ་ཉིད་ཆོས་ཐམས་ཅད་ལ་གདོད་ནས་གནས་པ། ལམ་སྒོམ་པ་པོས་རང་རིག་པ་རྟོགས་པར་གྱུར་ནས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་དངོས་གྲུབ་ཏུ་འགྱུར་བ་འབྲས་བུའི་དེ་ཁོ་ན་ཉིད་དང་། རྟོགས་པ་མ་སྐྱེས་ཀྱི་བར་དུ་རང་རིག་རྟོགས་པའི་ཕྱིར་དུ་ནི་ལྟ་སྒོམ་འབྲེལ་བར་བསྒོམ་པ་ཉིད་རྒྱུའི་དེ་ཁོ་ན་ཉིད་དེ་དངོས་གྲུབ་བསྐྱེད་པའི་དོན་ནོ། །ནིའི་སྒྲ་ངེས་བཟུང་ངོ་། །དེ་ལྟ་བུའི་རང་གིས་རིག་པའི་ཡེ་ཤེས་ཀྱི་འགྱུར་བ་སྟེ། རང་བཞིན་དེས་ལས་ཀྱི་མཆོག་བྱེད་པ་ལས་ཀྱི་དེ་ཁོ་ན་ཉིད་དང་། འབྲོག་འགྱུར་དུ་མནན་པ་དང་། ཁ་ཅིག་ཏུ་སྤངས་པ་ཞེས་བསྒྱུར་བས་རྣམ་རྟོག་མནན་པའམ། གནོད་པའི་སྒྲིབ་གཉིས་སྤངས་པ་ལས་རྟོགས་པའི་ལས་སྐྱེས་ཏེ་དེ་ནི་ལམ་གྱི་དེ་ཁོ་ན་ཉིད་དང་། སྤངས་རྟོགས་དེ་དག་བྱང་ཆུབ་སེམས་དཔའ་རང་གི་སྐྱོན་འཕྲོག་ཅིང་འཇོམས་ལ་ཡོན་ཏན་སྡུད་ཅིང་རང་གིས་དབང་དུ་བྱེད་པ་མ་གཏོགས་བྱེད་པ་པོ་གཞན་མེད་པ་ནི་བྱེད་པ་པོའི་དེ་ཁོ་ན་ཉིད་དང་། འཇིག་རྟེན་གྱི་དབང་ཕྱུག་ཏུ་གྱུར་པ་རང་རིག་ཉིད་རྒྱལ་པོ་ནི་དབང་ཕྱུག་གི་དེ་ཁོ་ན་ཉིད་དང་། རང་གཞན་གྱི་དོན་གཉིས་


KMC011_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པས་རང་གཙོ་བོ་སྟེ་ཁྱབ་བདག་གི་དེ་ཁོ་ན་ཉིད་དོ་ཞེས་བཤད་ཅིང་། དཔལ་ནཱ་རོ་པས་སེམས་འགྲེལ་དང་སྦྱར་ནས་ངེས་དོན་གྱི་འཆད་ཚུལ་མཛད་དོ། །འདིར་གཞུང་གི་འགྱུར་དང་འཆད་ཚུལ་མི་འདྲ་བ་མང་ཞིང་། མནན་པ་སོགས་ཀྱི་དོན། ཆོས་ཐམས་ཅད་ཡེ་ཤེས་སུ་བསྟན་ན་འཁོར་བའི་ལས་གང་ལས་བྱུང་སྙམ་ན། རང་རིག་ངོ་བོ་སྟོང་ཉིད་དུ་གནས་ཀྱང་དེའི་འགྱུར་བ་མ་རིག་པ་ལས་རྒྱུད་རྣམ་པར་རྟོག་པས་ཟིལ་གྱིས་མནན་པ་ལས་ཟག་བཅས་ཀྱི་ལས་བསགས། དེའང་དགེ་བའི་ལས་སྐྱེས་པས་རང་གིས་རང་སྐྱོན་འཕྲོགམི་དགེ་བའི་ལས་སྐྱེས་པའི་རང་གིས་འཁོར་བའི་སྡུག་བསྔལ་བྱེད་པས་བདེ་སྡུག་ཐམས་ཅད་རང་རིག་ལ་རག་ལས་པས་རང་རིག་ཉིད་འཁོར་འདས་ཐམས་ཅད་ཀྱི་རྒྱལ་པོའམ་གཙོ་བོ་ལྟ་བུའི་དོན་ཡིན་པ་རྒྱ་བོད་མང་དག་གིས་བཤད་དོ། །བཞི་པ་ནི། འདོད་ཆགས་ཞེ་སྡང་ཕྲག་དོག་དང་། །དེ་བཞིན་གཏི་མུག་ང་རྒྱལ་ཉིད། །དེ་ཀུན་དེ་གནས་ཉམས་དགའ་བར། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ཏེ། མ་རྟོགས་པའི་ཚེ་གཟུང་འཛིན་གྱི་དབང་གིས་འདོད་ཆགས་དང་། ཞེ་སྡང་དང་།


KMC011_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་དང་། དེ་བཞིན་དུ་གཏི་མུག་དང་། ང་རྒྱལ་ཉིད་དེ་ཉོན་མོངས་པ་ལྔ་པོ་དེ་དག་སྟོབས་ཤིན་ཏུ་ཆེ་བ་ཡིན་མོད་ཀྱིས་ཀྱང་། དེ་དག་ཀུན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞི་བ་ཆེན་པོ་དེར་གནས་གྱུར་པ། དཔེར་ན། བུད་ཤིང་བསྲེགས་པས་མེར་གྱུར་པ་ལྟ་བུའོ། །དེ་ལྟར་ན་ཉོན་མོངས་པ་དེ་དག་གནས་གྱུར་པའི་ཚེ་སྦས་པའི་ཚུལ་དུ་ཡོད་དམ་ཞེ་ན། མཆོག་ཏུ་མི་འགྱུར་བའི་ཉམས་དགའ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་གྱུར་ནས། ཉོན་མོངས་རྣམས་ཀྱི་ཡེ་ཤེས་ཀྱི་ཡོན་ཏན་གྱི་བཅུ་དྲུག་གི་ཆར་ཡང་སྐྱོན་བྱེད་པར་མི་ཕོད་དོ། །དེ་རྟོགས་པའི་སྐད་ཅིག་ལ་དེ་ཁོ་ན་ཉིད་མངོན་དུ་འགྱུར་བ་ཡིན་ནོ། །བཞི་པ་དམ་ཚིག་ཕྱག་རྒྱའི་རྣལ་འབྱོར་ལ་ལྔ། ངོ་བོ་ཕུན་ཚོགས། རྟོགས་པ་ཕུན་ཚོགས། སྤངས་པ་ཕུན་ཚོགས། ཐབས་གཞན་པས་ལྷག་པ། རྒྱུན་དུ་བསྒོམ་པར་གདམས་པའོ། །དང་པོ་ནི། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། །ཐབས་དང་ཤེས་རབ་རང་བཞིན་ལས། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་གསུངས་ཏེ། འདི་ལ་བཞི།


KMC011_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དོན་ནི། འཕགས་པའི་ཆོས་ཐམས་ཅད་འབྱུང་བ་ཆོས་ཀྱི་དབྱིངས་ནི་འདིར་ཆོས་འབྱུང་གི་སྒྲས་བསྟན་པ་ལས་སྐྱེས་པའི་ཡེ་ཤེས་ནི། བརྟན་གཡོ་ཀུན་ལ་ཁྱབ་པས་མཁའ་མཉམ་ལྷན་ཅིག་སྐྱེས་པ་དེ་ཡང་སྒྲུབ་པའི་ཐབས་དང་བཅས་ཤིང་ལྡན་པར་གྱུར་པས། དེས་ན་ཐབས་བསྐྱེད་རིམ་ཟུང་འབྲེལ་དང་། ཤེས་རབ་རང་བྱུང་གི་ཡེ་ཤེས་ཀྱི་རང་བཞིན་ལས་འཇིག་རྟེན་གསུམ་པོ་ནི། འདིར་དུས་གསུམ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཏེ། སྲིད་པའི་འཇིག་རྟེན་རྣམ་པར་དག་པའི་རྡོ་རྗེ་གསུམ་ཡིན་པས། དེ་ལས་སྐྱེས་པའི་ཕྱིར་ཤེས་རབ་ཆོས་སྐུ་དང་དེ་ལས་བྱུང་བ་གཟུགས་སྐུ་གཉིས་སྤྲུལ་ཞིང་འབྱུང་ངོ་། །དེ་ལྟ་བུའི་ཡེ་ཤེས་དེ་རྟེན་བྱང་སེམས་ཁུ་བའི་རྣམ་པ་བཅོམ་ལྡན་འདས་སྐུ་གཉིས་ཀྱི་རྒྱུ་མཐུན་མཁའ་མཉམ་གྱི་ལྷན་སྐྱེས་རྟོག་མེད་ཡིན་ལ། དེའི་ཟག་བཅས་ཞུ་བདེ་དང་ཟག་མེད་ལྷན་སྐྱེས་ཀྱི་བདེ་བ་དང་དབྱེར་མེད་དུ་གྱུར་བ་ནི་འདོད་མ་སྟེ་ཕུལ་དུ་བྱུང་བའི་ཤེས་རབ་མར་བརྗོད་དོ། །མདོ་སྔགས་སྤྱི་དོན་ལྟར་ན། ཆོས་ནི་སྣང་བ་རྟེན་འབྲེལ། འབྱུང་བ་ནི་དེའི་རང་བཞིན་ཆོས་ཉིད། དེ་ལས་སྐྱེས་པའི་ཡེ་ཤེས་ནི་ནམ་


KMC011_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་མཉམ་པའི་ཆོས་ཉིད་དང་ལྷན་ཅིག་ཏུ་ཐབས་སྙིང་རྗེ་ཆེན་པོ་དབྱེར་མེད་ཉམས་སུ་བླངས་པས་དོན་མངོན་དུ་འགྱུར་བ་དང་། སྦས་དོན་དུ། ཆོས་འབྱུང་གི་སྒྲས་བརྗོད་པ་ཤེས་རབ་ཀྱི་པདྨའམ་ལྟེ་འོག་ཨ་ཐུང་ལས་སྐྱེས་པའི་ལྷན་སྐྱེས་ཡེ་ཤེས་ནི་ནམ་མཁའ་དང་མཉམ་པའི་ཤེས་རབ་སྟོང་པ་ཉིད་དང་ལྷན་ཅིག་པ་སྟེ་དབྱེར་མེད་པའི་ཐབས་ཞུ་བདེ་དང་བཅས་པའོ། །དེ་ལྟར་ཐབས་བདེ་བ་དང་ཤེས་རབ་སྟོང་པའི་རང་བཞིན་ལས་ཆོས་ཐམས་ཅད་བྱུང་བས་འཇིག་རྟེན་གསུམ་པོའང་དེ་ལས་སྐྱེས་པ་སྟེ་བྱུང་བའོ། །དེའི་ཡང་རྟེན་ཁུ་བའི་རྣམ་པ་ལས་སྐྱེས་པའི་བདེ་བས་རྣམ་རྟོག་བཅོམ་ཞིང་ཡེ་ཤེས་དང་ལྡན་པར་བྱེད་པས་ཐབས་ཧེ་རུ་ཀའི་ངོ་བོ་ཡིན་ལ། བརྟེན་པ་དེའི་བདེ་བ་ནི་འདོད་མ་སྟེ་ཤེས་རབ་བདག་མེད་མར་བརྗོད་པར་གསུངས་ཏེ། དེ་དག་ནི་རྒྱལ་བ་རང་བྱུང་ཞབས་ཀྱིས་འཆད་ཚུལ་ལྟར་རོ། །ངེས་དོན། རྗེ་མར་པས་བཞེད་པ་ལྟར་ན། ཆོས་འབྱུང་རང་བཞིན་གྱིས་འོད་གསལ་བ། དེ་ལས་སྐྱེས་པའི་ཡེ་ཤེས་ནི། སྣང་བ་མཆེད་པ་ཉེར་ཐོབ་སྟེ་ལུགས་ལས་ལྡོག་པར་སྐྱེས་པའི་ཡེ་ཤེས་གསུམ་མོ། །དེ་ཡང་ནམ་མཁའ་དང་མཉམ་པ་


KMC011_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྟོང་པ་འོད་གསལ་བའི་ཡེ་ཤེས་ལྷན་ཅིག་ཏུ་སྐྱེའོ། །ཐབས་དང་བཅས་པ་ལྟ་རྒོད་འཁྱུད་པ་གཉིས་སྤྲོད་ཀྱི་ཉོན་མོངས་ལུགས་འབྱུང་གི་དགའ་བ་དང་སྟོང་པ་བཞི། ལུགས་ལྡོག་ཏུ་བསྐྱེད་རྫོགས་ཀྱི་མཐུས་བསྒྲུབས་པས། མཁའ་མཉམ་ལྷན་སྐྱེས་བདེ་སྟོང་རྒྱ་ཆེ་བ་ལས། འཇིག་རྟེན་གསུམ་ཐམས་ཅད་བདེ་སྟོང་གཉིས་མེད་དུ་འགྱུར། ཞེས་ལེགས་པར་གསུངས་སོ། །གཉིས་པ་ནི། གཅིག་དང་དུ་མ་བྲལ་བ་དེ། །སྐད་ཅིག་གཅིག་ལ་མཆོག་དགའ་བ། །རང་གིས་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གསུངས་ཏེ། འདིའང་ཕྱི་རུ་བདག་མེད་ཤེས་རབ་མའི་ཡེ་ཤེས་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་བསྟན་ལ། འདིར་ནང་གི་དོན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ནི་གཅིག་དང་དུ་མའི་རིག་པས་དཔྱད་པའི་སྒྲོ་བསྐུར་དང་བྲལ་བ་སྟེ། མཆོག་དགའི་རྗེས་ཐོག་ཏུ་སྐྱེས་པའི་མཚན་ཉིད་བྲལ་བའམ་བསམ་གྱིས་མི་ཁྱབ་པའི་སྐད་ཅིག་མ་གཅིག་ལ་མཆོག་ཏུ་དགའ་བ་ཆེན་པོ་ལ་བརྟེན་ཏེ་རྟོག་པ་སོ་སོ་རང་གིས་རིག་པའི་ཡེ་


KMC011_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འདི་ནི་ངག་གི་ལམ་གྱིས་བརྗོད་པའི་ཡུལ་ལས་འདས་ཤིང་རྣལ་འབྱོར་ཅན་གྱིས་ལོངས་སྤྱོད་པའི་ཡུལ་ཡིན་ཏེ། འདི་ནི་བླ་མའི་བྱིན་རླབས་ལ་བརྟེན་ནས་བདག་བྱིན་གྱིས་བརླབ་པའི་རིམ་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རྣམ་པ་ཀུན་མཁྱེན་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་དེ་ལྟ་བུའི་ཚུལ་གྱིས་མངོན་དུ་བྱ་བ་ཡིན་ནོ། །གསུམ་པ་ནི། ས་དང་ཆུ་དང་རླུང་དང་ནི། །མེ་དང་ནམ་མཁའ་ཉིད་དག་དང་། །རང་བཞིན་རིག་པའི་ཚོར་བ་ཡིས། །ཀུན་གྱིས་སྐད་ཅིག་མི་གནོན་ཏེ། །མཐོ་རིས་མི་ཡུལ་རྐང་འོག་གི། སྐད་ཅིག་ལས་ནི་གཟུགས་གཅིག་འགྱུར། །རང་གཞན་ཆ་ཡི་རྣམ་རྟོག་གིས། །གནོན་པ་ཉིད་ནི་ནུས་པ་མིན། །ཅེས་གསུངས་ཏེ། འདིའང་ཕྱི་རོལ་ལམ་ཚིག་དོན་ལྟར་ན། ཡེ་ཤེས་དེ་ཐོབ་པས་མཐོང་བའི་ཆོས་ལ་ཕན་ཡོན་འབྱུང་བ་ནི། རྣལ་འབྱོར་པ་དེ་འདོད་ན་ས་ལ་འཐུར་དུ་འཛུལ་བ་དང་གྱེན་དུ་འབྱུང་བར་བྱེད་པ་དང་། རྩིག་པ་ལ་ཐད་ཀར་འགྲོ་བ་དང་། རི་ལ་མི་རྡུགས་པར་འགྲོ་བ་དང་། དུག་དང་མཚོན་ལ་སོགས་པས་མི་གནོད་པ་དང་། ཆུའི་སྟེང་དུ་འདུག་པ་དང་། འོག་ཏུ་མི་བྱིང་བར་ཉལ་བ་དང་། འཆག་པ་དང་། ཆར་ལ་


KMC011_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་གནོད་པ་མེད་པ་དང་། དེ་ལྟར་མེ་དང་། རླུང་དང་། ནམ་མཁའ་ཉིད་ལའང་སྦྱར་བ་དག་དང་། དེ་བཞིན་དུ་རང་རྒྱུད་དང་གཞན་གྱི་ལུས་ངག་གི་རྣམ་རིག་གིས་བསྐྱེད་པའི་བདེ་སྡུག་བཏང་སྙོམ་གསུམ་པོ་ཡིས་གདུང་བ་ཀུན་གྱིས་ལྷན་སྐྱེས་དོན་དམ་པའི་སྐད་ཅིག་མཚན་ཉིད་དང་བྲལ་བར་གྱུར་པ་དེ་ལས་འབྱུང་བའི་ཁམས་ཀྱིས་ཚུར་ཟིལ་གྱིས་མི་ནོན་ཞིང་གནོད་པར་མི་འགྱུར་ཏེ། མཐོ་རིས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ལྷ་གནས་གསུམ་དང་མི་ཡུལ་སའི་སྟེང་དུ་གནས་པ་དང་། རྐང་འོག་སྟེ་ས་འོག་གི་དམྱལ་བ་དང་ཡི་དྭགས་རྣམས་ཀྱི་གནས་གང་དུ་འཁོད་པའི་དུད་འགྲོ་སྟེ། བརྟན་གཡོ་མ་ལུས་པ་རྣལ་འབྱོར་པ་དེའི་ཡེ་ཤེས་ཀྱི་རྟོགས་པ་ཤར་བའི་སྐད་ཅིག་ལས་ནི། སྣང་སྲིད་ཕྱག་རྒྱ་ཆེན་པོའམ་དམ་ཚིག་གི་ཕྱག་རྒྱ་འབྲས་བུ་ཆོས་དང་གཟུགས་སྐུ་ཐ་མི་དད་པ་གཅིག་ཏུ་འགྱུར་ཞིང་། དེ་འདྲ་བའི་ཡེ་ཤེས་ལ་རང་གཞན་གཉིས་སུ་འཛིན་པའི་ཆའི་རྣམ་རྟོག་གིས་ཀྱང་ཟིལ་གྱིས་གནོན་པ་ཉིད་ནི་ནུས་པ་མ་ཡིན་ཏེ། རྣམ་རྟོག་གཉིས་མེད་ཡེ་ཤེས་སུ་གྱུར་པའི་ཕྱིར་རོ། །སྦས་དོན་དུ། རེག་པ་ས་དང་།


KMC011_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཤེར་བ་ཆུ་དང་། གཡོ་བ་རླུང་དང་། དྲོ་བ་མེ་དང་། བདེ་བ་ནམ་མཁའ་ཉིད་དང་། དེ་དག་རྣམས་ནི་རང་གི་ལུས་དང་། གཞན་ཕྱི་རོལ་དུ་གནས་པའི་སྟོབས་རིག་པ་ལས་བདེ་བ་ཆེན་པོའི་ཚོར་བ་ཉམས་སུ་མྱོང་བ་ཡིས་སྔ་མ་ཀུན་གྱི་གནོད་པས་གནོད་པ་མེད་ཅིང་སྐད་ཅིག་མ་གཅིག་ཏུ་རྣམ་པར་མི་ནོན་པའི་མཐུ་ཐོབ་སྟེ་མཐོ་རིས་དང་མི་ཡུལ་རྐང་འོག་ཀླུའི་འཇིག་རྟེན་ལ་སོགས་པ་ས་གསུམ་པོ་སྐད་ཅིག་ཙམ་ལས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟུགས་གཅིག་ཏུ་འགྱུར་ཏེ། རང་གཞན་གཟུང་འཛིན་གྱི་ཆའི་རྣམ་རྟོག་གིས་གནོད་པར་བྱ་བ་ཉིད་ནི་ནུས་པ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བས་སོ། །བཞི་པ་ནི། ཐམས་ཅད་རིག་བྱེད་གྲུབ་མཐའ་དང་། །དེ་བཞིན་ལས་རྒྱས་ལ་སོགས་པས། །སྲིད་པ་དག་འགྱུར་དངོས་གྲུབ་མིན། །ཡང་ནི་སྲིད་མཐར་སྐྱེ་བར་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །དེ་མེད་པས་ནི་དངོས་གྲུབ་མེད། །གང་གིས་མི་ཤེས་ཀྱེ་རྡོ་རྗེ། །དེ་ཡི་ངལ་བ་དོན་མེད་འགྱུར། །ཅེས་གསུངས་ཏེ། ཡེ་ཤེས་ཁྱད་པར་ཅན་འདི་ལས་ཕྱི་རོལ་དུ་གྱུར་པའི་ཐབས་ཐམས་ཅད་དེ། མཆོད་སྦྱིན་དང་། སྲིད་སྲུང་དང་། སྙན་


KMC011_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དངགས་དང་། ངེས་བརྗོད་དེ་རིག་བྱེད་བཞི་དང་ཉན་ཐོས་ལ་སོགས་པ་ལྟ་བ་དང་སྤྱོད་པ་སྣ་ཚོགས་པའི་གྲུབ་མཐའ་དང་། དེ་བཞིན་དུ་ལས་རྒྱས་པར་བསྒྲུབ་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་འཁྲུལ་འཁོར་བསྒྲུབ་པ་དང་། གཞན་ཡང་བྱ་བའི་རྒྱུད་ལ་སོགས་པ་རྣམས་ཀྱི་དཀའ་ཐུབ་ལ་འབད་པས་ནི་སྲིད་པ་རྩད་ནས་དག་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་མ་ཡིན་ལ། སྲིད་པ་མ་དག་ན་སླར་སྲིད་པའི་རྩེ་མོའི་བར་ནས་སྲིད་པ་མཐའ་མེད་པར་སྐྱེ་ཞིང་འཁོར་བར་འགྱུར་རོ། །དེ་ལྟར་སྐྱེས་ཀྱང་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དང་། དེ་རྟོགས་པའི་ཐབས་མེད་པས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་མེད་དོ། །རྒྱུ་མཚན་དེས་ན་གང་གིས་ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ། རྣལ་འབྱོར་བླ་མེད་ལ་སོགས་པའི་རྒྱུད་དང་ཐེག་ཆེན་ཐམས་ཅད་ཀྱི་ཁྱབ་བྱེད་དེ་མི་ཤེས་ཤིང་། ཐབས་ཤེས་ཡ་བྲལ་རེ་ལ་བརྟེན་ཅིང་བརྩོན་པར་བྱས་ཀྱང་དེའི་ངལ་བ་དོན་མེད་པར་འགྱུར་རོ། །ཞེས་པའི་ཤུགས་ལས་འདི་ཤེས་པས་བླ་ན་མེད་པའི་སངས་རྒྱས་མྱུར་དུ་འགྲུབ་བོ། །ཞེས་


KMC011_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །ངེས་དོན་ནི། ལས་ཀྱི་ཕྱག་རྒྱ་རྣམ་པར་སྤངས་ཏེ་དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་ཕྱག་རྒྱ་ཆེན་པོ་མངོན་དུ་གྲུབ་པར་བྱས་ན་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་གྱི། གཞན་དུ་ངལ་བ་དོན་མེད་པར་འགྱུར་རོ། །ལྔ་པ་ནི། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་རྣམ་པར་བཞག །ཅེས་གསུངས་ཏེ། དེས་ན་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་འདོད་པས་ཡེ་ཤེས་དེ་ཉིད་རྒྱུན་ཆགས་སུ་ཉམས་སུ་ལེན་པར་བྱ་བའི་དཔེ་ཇི་ལྟར་ན། ཆུ་བོའི་ཚོགས་ཀྱི་རྒྱུན་ནི་སྔ་ཕྱིར་རབ་ཏུ་འབབ་པ་ཆད་པ་མེད་པར་འཇུག་པ་ལ་རྒྱུན་ཆགས་པ་ལྟར། སྒྲུབ་པ་པོས་རྟག་ཏུ་སྦྱོར་བ་ལ་མངོན་པར་སྤྲོ་བ་དང་། མར་མེའི་སྡོང་བུ་སྣུམ་དང་རྗེས་སུ་འབྲེལ་བ་རྩེ་མོ་རབ་བཅིངས་ནི། པྲ་བྷནྡྷ་ཞེས་བྱུང་བའང་རྒྱུན་དུ་ལྡན་པར་འབར་བ་ལྟར། རྟག་ཏུ་སྦྱོར་བ་དེ་ཉིད་རྣལ་འབྱོར་ཟུང་འཇུག་གི་ལམ་ལ་གུས་པའི་སྦྱོར་བ་དང་འབྲེལ་བའི་ཚུལ་གྱིས། ཉིན་དང་མཚན་མོའི་དུས་ཀུན་ཏུ་ལྷན་སྐྱེས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་མཉམ་བཞག་རྩེ་


KMC011_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ལས་མི་གཡོ་བའི་དོན་ནོ། །ངེས་དོན་ནི། ཆུ་བོའི་རྒྱུན་ནི་བྱང་ཆུབ་ཀྱི་སེམས་དང་མར་མེའི་རྩེ་མོ་ནི་གཏུམ་མོའི་མེ་སྟེ། དེ་གཉིས་ཀྱི་སྦྱོར་བ་འབར་འཛག་གི་ཉམས་ལེན་རྣལ་འབྱོར་ཅན་གྱིས་ཉིན་མཚན་དུ་མཉམ་པར་བཞག་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་འགྱུར་རོ། །དེ་ལྟར་ན་ལས་དང་ཆོས་དང་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་དང་རྣམ་པ་བཞིའི་རྫོགས་པའི་རིམ་པ་བསྟན་པ་ཡིན་ནོ། །གསུམ་པ་ལེའུའི་མཚན་ནི། རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་འདུ་བའི་ལེའུ་སྟེ་བརྒྱད་པའོ།། །། ཞེས་གསུངས་ཏེ། རྣལ་འབྱོར་མའི་ཐབས་ཤེས་གཉིས་ཀྱི་དཀྱིལ་འཁོར་ལོ་ཞེས་བྱ་བ། ཕྱི་རོལ་དུ་གཞལ་ཡས་ཁང་དུ་འདུ་བ་དང་། ནང་དུ་ལྷན་སྐྱེས་རྫོགས་རིམ་གྱི་འཁོར་ལོར་འདུ་བའི་ཚུལ་རྒྱས་པར་བསྟན་པའི་ལེའུ་བརྒྱད་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།དགུ་པ་རྣམ་པར་དག་པའི་ལེའུ་འབྱུང་སྟེ། ལེའུའི་འབྲེལ་ནི། བསྐྱེད་པའི་རིམ་པ་ཉམས་སུ་ལེན་པ་དེ་ལ་ཡང་རྣམ་པར་དག་པ་ལེགས་པར་ཤེས་དགོས་པས། དེའི་དེ་མ་ཐག་ཏུ་ལེའུ་འདི་གསུངས་པ་འབྲེལ་ལོ། །བསྟན་བཤད་ཀྱི་འབྲེལ་ནི།


KMC011_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་དུ་ཡེ་ཤེས་རྣམ་ཤེས་གསུངས་པའི་ཡེ་ཤེས་དང་རྣམ་པར་ཤེས་པའི་རྣམ་དག་ལ་སོགས་པ་ལེའུ་འདི་ནས་རྒྱས་པར་འཆད་པའོ། །བརྗོད་བྱ། ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དག་པ། རྗོད་བྱེད། དེ་སྟོན་པའི་ངགམངོན་རྟོགས་ཐུན་མཚམས་རྣམས་སུ་ཀུན་རྫོབ་དང་དོན་དམ་གྱི་རྣམ་པར་དག་པ་དྲན་པར་བྱེད་པའོ། །སྦས་དོན་གྱི་འབྲེལ་ནི། ལྷན་སྐྱེས་ཀྱི་མི་མཐུན་ཕྱོགས་ཐ་མལ་གྱི་རྟོག་པ་དང་ལྷར་འཛིན་གྱི་རྟོག་པའང་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་ངོ་བོར་དག་པར་བྱེད་པའོ། །འདི་ལ་གསུམ། མཚམས་སྦྱར་བ། ལེའུའི་གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་མཆོག་ཏུ་རྣམ་པར་དག་པའི་ལེའུ་བཤད་པར་བྱའོ། །ཞེས་གསུངས་ཏེ། རྣལ་འབྱོར་མའི་འཁོར་ལོའི་འདུ་བ་གསུངས་པའི་རྗེས་དེ་ནས། གཟུང་འཛིན་གྱི་དངོས་པོ་རྣམས་ལྷ་དང་དེ་ཁོ་ན་ཉིད་མཆོག་ཏུ་རྣམ་པར་དག་པར་སྟོན་པའི་ལེའུ་འདི་བཤད་པར་བྱའོ་ཞེས་སོ། །གཉིས་པ་ལ་གཉིས། རྣམ་པར་དག་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་


KMC011_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་གསུངས་ཏེ། ཡང་དག་པར་ངེས་པའི་དོན་གཟུགས་ལ་སོགས་པ་ཕྱི་ནང་གི་དངོས་པོ་ཐམས་ཅད་སྤྱིའི་རྣམ་པར་དག་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་སུ་བརྗོད་པ་ཡིན་ལ། མཆོག་མ་ཡིན་པའི་དག་པ་ནི་ཕྱི་ནས་སྦྱང་གཞི་སྦྱོང་བྱེད་རེ་རེའི་དབྱེ་བ་ཡིས་ཀུན་རྫོབ་ལྷ་རྣམས་ཀྱི་ནི་རྣམ་པར་དག་པར་བརྗོད་པར་བྱའོ། །གཉིས་པ་ལ་གཉིས། དོན་དམ་མཆོག་གི་དག་པ་དང་། ཀུན་རྫོབ་ལྷའི་དག་པའོ། །དང་པོ་ལ་གསུམ། ཐུན་མོང་བ་དེ་བཞིན་ཉིད་ཀྱི་དག་པ། ཐུན་མོང་མ་ཡིན་པ་རང་རིག་པའི་དག་པ། མ་དག་པ་ངོས་བཟུང་ཞིང་དག་པར་སྒོམ་པའི་ཚུལ་ལོ། །དང་པོ་ནི། ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་གསུངས་ཏེ། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་ཕུང་པོ་ལྔ་དང་། མིག་རྣ་སྣ་ལྕེ་ལུས་ཡིད་དེ་དབང་པོ་དྲུག་དང་། མིག་གི་སྐྱེ་མཆེད་སོགས་དྲུག་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ཆེན་པོ་ལྔ་སྟེ་དངོས་པོ་


KMC011_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་ལེགས་པར་དཔྱད་ན་སོ་སོའི་རང་བཞིན་དུ་གྲུབ་པ་མེད་པས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནོ། །དེ་ལྟ་ན་ལམ་གྱིས་ཅི་བྱ་ཞེ་ན། རང་བཞིན་རྣམ་དག་དེའང་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་མ་རིག་པའི་དབང་གིས་འཁྲུལ་པ་བསྐྱེད་པས་ན་གཟུང་འཛིན་ལས་བྱུང་བའི་ཉོན་མོངས་པ་བདག་མེད་པར་མཐོང་བས་སྤང་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ལ་སྒྲིབ་པ་བསྒོམ་པས་སྤང་བར་བྱ་བ་ཤེས་བྱའི་སྒྲིབ་པ་ཡང་རྣམ་པར་དག་པ་ཆེན་པོས་སྦྱང་བར་བྱའོ། །གཉིས་པ་ནི། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གི་རིག་པའི་བདེ་བ་མཆོག །གཟུགས་ལ་སོགས་པའི་ཡུལ་རྣམས་དང་། །གཞན་ཡང་རྣལ་འབྱོར་པས་མཐོང་བ། །དངོས་པོ་དེ་ཀུན་དག་པ་སྟེ། །འདི་ལྟར་འགྲོ་བ་སངས་རྒྱས་འགྱུར། །ཅེས་གསུངས་ཏེ། རང་རིག་ནི་གསལ་ལ་མི་རྟོག་པའི་བདག་ཉིད་དེ། དབང་གི་ཡེ་ཤེས་ལ་སོགས་པས་མཚོན་ནས་སོ་སོ་རང་གིས་རིག་པར་བྱ་བ་རྣལ་འབྱོར་ཅན་གྱི་མངོན་སུམ་པའི་ཡུལ་གཞན་གྱིས་བརྗོད་དུ་


KMC011_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་པ་རང་བཞིན་གྱིས་དག་པ་འདི་ཉིད། ཐོག་མ་མེད་པ་ནས་སྒྲིབ་གསུམ་གྱི་དྲི་མ་དང་བྲལ་བ་ལ། ལྷའི་དག་པ་སོགས་རྣམ་པར་རྟོག་པ་དང་བཅས་པའི་དག་པ་གཞན་གྱིས་རྣམ་པར་གྲོལ་བ་ལ་ལྟོས་པ་མ་ཡིན་ཅིང་། ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྣམས་ནི་འཁྲུལ་པས་སྒྲོ་བཏགས་པ་ཡིན་པས། ཡུལ་གྱི་འཁྲུལ་པ་དག་པས་ཡུལ་ཅན་ཀྱང་དག་པར་འགྱུར་ལ། དེ་ལྟར་གཟུང་འཛིན་གྱི་དག་པའི་ཕྱིར་སོ་སོ་རང་གིས་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་ནི་མཆོག་ཏུ་དག་པར་འགྱུར་བ་དང་། རྒྱུ་མཚན་དེས་གཟུགས་སྒྲ་དྲི་རོ་རེག་ཆོས་ཏེ་ཡུལ་རྣམས་དང་། གཞན་ཡང་འདིར་མ་སྨོས་པའི་གཟུགས་སྡུག་མི་སྡུག་སོགས་རྣལ་འབྱོར་པས་སྣོད་བཅུད་གང་མཐོང་བའི་དངོས་པོ་དེ་ཀུན་རང་རིག་ལྷན་སྐྱེས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་དག་པ་སྟེ། ཚུལ་འདི་དང་འོག་ཏུ་གསུངས་པར་འགྱུར་བ་ལྟར་འགྲོ་བ་རྣམས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་དོན་དམ་པའི་སངས་རྒྱས་ཀྱི་བདག་ཉིད་དུ་འགྱུར་པ་ཡིན་ནོ། །རང་བྱུང་ཞབས་ཀྱིས། འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ་རྒྱས་པར་རྒྱུད་བླ་མ་ལས་པདྨ་


KMC011_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་བུང་བ་སོགས་ཀྱིས་བསྟན་པའི་ལུང་དང་སྦྱར་བར་མཛད་དོ། །གསུམ་པ་ལ་གཉིས། ངོ་བོ་ངོས་བཟུང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །ཞེས་གསུངས་ཏེ། རྡོ་རྗེ་སྙིང་པོས་གསོལ་བ། ཀྱེ་བཅོམ་ལྡན་འདས་ཞེས་བོས་ནས། དེ་ལྟར་དངོས་པོ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལགས་ན། རྣམ་པར་མ་དག་པའི་སྤང་བྱ་དེ་གང་ལགས། ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། ཐ་མལ་པའི་གཟུགས་ལ་སོགས་པ་སྒྲོ་བཏགས་པ་ནི་མ་དག་པའོ། །དེ་རྒྱུ་མཚན་ཅིའི་སླད་དུ་ཞེ་ན། གཟུང་བར་བྱ་བ་ཡུལ་དང་འཛིན་པར་བྱེད་པའི་སེམས་ཐ་དད་པའི་དངོས་པོ་ཉིད་དུ་ཞེན་པའི་ཕྱིར་རོ། །གཉིས་པ་ནི། རྡོ་རྗེ་སྙིང་པོས་གསོལ་བ། ཀྱེ་བཅོམ་ལྡན་འདས་གཟུང་བ་དང་འཛིན་པ་ཡང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་གཟུགས་ནི་གཟུང་བར་བྱ། །སྒྲ་ནི་རྣ་བས་མཉན་པར་བྱ། །དྲི་ནི་སྣ་


KMC011_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཚོར་བར་བྱ། །ལྕེ་ཡིས་རོ་ནི་རིག་པར་བྱ། །དངོས་པོ་ལུས་ཀྱིས་རེག་པར་བྱ། །ཡིད་ཀྱིས་བདེ་སོགས་འཐོབ་པ་ནི། །དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པ་ཉིད། །ཅེས་གསུངས་ཏེ། སེམས་དཔའ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་བ། ཀྱེ་བཅོམ་ལྡན་འདས། གཟུང་བའི་ཡུལ་དང་འཛིན་པའི་ཤེས་པ་ཞེས་བཏགས་པའང་གང་ལགས་ཞུས་པའི་ལན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གི་དབང་པོ་ལས་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་དག་ནི་འཛིན་པའོ། །སྔོན་པོ་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་གཟུགས་རྣམས་ནི་གཟུང་བར་བྱ་བའོ། །སྒྲ་རྣམས་ནི་གཟུང་བ་དང་རྣ་བའི་རྣམ་པར་ཤེས་པས་མཉན་པར་བྱ་བ་ནི་འཛིན་པའོ། །དེ་བཞིན་དུ་དྲི་ནི་སྣ་ཡི་རྣམ་ཤེས་ཀྱིས་ཚོར་བར་བྱ་བ་དང་། རོ་ནི་ལྕེ་ཡི་རྣམ་ཤེས་ཀྱིས་མྱང་ཞིང་རིག་པར་བྱ་བ་དང་། འཇམ་རྩུབ་སོགས་ཀྱི་དངོས་པོ་རྣམས་ལུས་ཀྱི་རྣམ་ཤེས་ཀྱིས་རེག་པར་བྱ་བ་དང་། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པར་ཡུལ་བདེ་བ་དང་སོགས་པས་མི་བདེ་བ་དང་བར་མའི་ཆོས་འདུས་བྱས་དང་འདུས་མ་བྱས་རྣམས་ཕན་ཚུན་ལྟོས་


KMC011_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་དུ་གཟུང་བ་དང་འཛིན་པར་སྣང་བ་ཐོབ་པའོ། །འདི་ནི་ཡང་དག་པ་མ་ཡིན་པའི་རྟོག་པ་སྟེ། ཇི་སྐད་དུ། གཉིས་དང་གཅིག་ལྟར་བརྗོད་པར་སྣང་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ་ཆོས་ཀྱི་མཚན་ཉིད་དོ། །ཞེས་བཤད་པ་བཞིན་ནོ། །དེ་ལྟར་མ་དག་པ་སྣང་བ་དེ་དག་མཆོག་གི་དག་པ་དང་ལྷའི་དག་པས་འཛིན་ཞེན་སྤངས་ཏེ་ཉོན་མོངས་པའི་དུག་མེད་པར་བྱས་ནས་ནི་བསྟེན་པར་བྱ་བ་དངོས་པོ་འདི་དག་དག་པ་ཤེས་པས་བསྟེན་པར་བྱ་བ་ཉིད་དོ། །གཉིས་པ་ལྷའི་དག་པ་ལ་གསུམ། ཕུང་པོ་ལྔ་ཕྱིའི་འཕར་མ་སྐྱེ་མཆེད་དང་བཅས་པའི་རྣམ་དགཧེ་རུ་ཀ་ཁམས་དང་ཉོན་མོངས་ཀྱི་རྣམ་དགདེ་ཁོ་ནའི་དག་པའོ། །དང་པོ་ནི། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ཡང་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །རྟག་ཏུ་འདི་དག་རྣམ་དག་པས། །དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། །ནང་གི་འཕར་མ་ལའོ། །དེ་ནས་ཕྱི་ཡི་འཕར་མ་བཤད། །དབང་ལྡན་དུ་ནི་པུཀྐཱ་སཱི། །མེར་ནི་དེ་བཞིན་རི་ཁྲོད་


KMC011_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མ། །བདེན་བྲལ་གདོལ་པ་མོ་བཞག་ཅིང་། །རླུང་དུ་གཡུང་མོ་རྣམ་པར་བཞག །ཕྱི་མ་ལྷ་མོ་དཀར་མོ་སོགས། །དབང་དཀར་གཤིན་རྗེ་ཆོམ་རྐུན་མ། །ཆུ་བདག་ཕྱོགས་སུ་རོ་ལངས་མ། །ལུས་ངན་པོར་ནི་གྷསྨ་རཱི། །འོག་ཏུ་ས་སྤྱོད་མ་ཞེས་བརྗོད། །སྟེང་དུ་མཁའ་སྤྱོད་མ་ཞེས་བཤད། །བསྐྱེད་པའི་རིམ་པ་ཉིད་ཀྱི་ཕྱོགས། །སྲིད་དང་ཞི་བའི་རང་བཞིན་གྱིས། །ལྷ་མོ་འདི་གཉིས་རྣམ་པར་གནས། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མར་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨཱ་རཱི་རབ་གྲགས། །རེག་ལ་ས་སྤྱོད་མ་ཞེས་བཤད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །རྟག་ཏུ་འདི་རྣམས་རྣམ་དག་པས། །དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། །ཅེས་གསུངས་ཏེ། འོ་ན་ཕུང་སོགས་དུག་མེད་དུ་སྦྱོང་བའི་དག་པ་ཇི་ལྟ་བུ་ཞེ་ན། གནས་སྐབས་བསྐྱེད་པའི་རིམ་པ་ལྷ་འདི་དག་གི་རྣམ་པས་སྦྱངས་ནས་ལྷའི་ཞེན་པ་སྔར་བསྟན་པའི་མཆོག་གི་དག་པས་སྦྱངས་པས་རྣམ་པར་དག་པ་ཉིད་དུ་འགྱུར་རོ། །དེའང་ཁ་དོག་དང་དབྱིབས་སུ་གྲུབ་པས་གཟུགས། དེ་མང་པོ་སྤུངས་པས་ཕུང་པོ་སྟེ་མ་དག་པའི་


KMC011_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ཕུང་པོ་ནི་ལྷ་མོ་རྡོ་རྗེ་མ་དོན་དམ་དང་ཀུན་རྫོབ་ཟུང་དུ་འཇུག་པའི་ངོ་བོ་ཡིན་ཏེ། ཐ་མལ་གྱི་ཞེན་པ་སྦྱོང་བའི་ཕྱིར་དེའི་ངོ་བོར་བལྟའོ། །དེ་བཞིན་དུ་བདེ་སྡུག་སོགས་ཉམས་སུ་མྱོང་བས་ཚོར་བ་སྟེ་དེའི་ཕུང་པོ་ལའང་གསང་བའི་དཀར་མོར་རྣམ་པར་དག་པར་བརྗོད་དོ། །མཚན་མར་འཛིན་པས་འདུ་ཤེས་ཏེ་དེའི་ཕུང་པོ་ནི་ཆུའི་རྣལ་འབྱོར་མའོ། །རྒྱུ་རྐྱེན་གྱིས་སེམས་གཞན་འདུ་བྱེད་པའི་ཕུང་པོ་ནི་རྡོ་རྗེ་མཁའ་འགྲོ་མ། ཡུལ་རྣམ་པར་རིག་པས་རྣམ་པར་ཤེས་པའི་ཕུང་པོ་ནི་བདག་མེད་རྣལ་འབྱོར་མའི་ཚུལ་གྱིས་ནི་གནས་སོ། །འདིར་ཚུལ་ནི་རྗེས་སུ་མཐུན་པའི་དོན་དུ་བཤད་དོ། །དེ་ལྟར་གཞིའི་སྐབས་སུ་རྟག་ཏུ་ཕུང་པོ་ལྔ་པོ་འདི་དག་རྣམས་ལམ་རྣལ་འབྱོར་མའི་རྣམ་པར་དག་པས་སྦྱངས་པས་འབྲས་བུ་དེ་ཁོ་ན་ཉིད་དུ་རྣལ་འབྱོར་པས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་དག་ནི་ནང་གི་འཕར་མ་ལ་གནས་པའོ། །ཚིག་འདི་མེད་པའི་རྒྱ་དཔེ་མང་ཞིང་འགྱུར་འགའ་ཞིག་ཏུ་མ་བྱུང་ངོ་། །དེ་ནས་ཞར་བྱུང་ཕྱི་རོལ་གྱི་འཕར་མ་ལ་གནས་པའི་ལྷ་མོ་རྣམས་བཤད་པ། བྱང་ཤར་དབང་ལྡན་དུ་ནི་ལྷ་མོ་པུཀྐ་སཱི། ཤར་ལྷོ་མེར་ནི་དེ་བཞིན་དུ་རི་


KMC011_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་མ། ལྷོ་ནུབ་བདེན་བྲལ་དུ་ནི་གདོལ་པ་མོ་བཞག་ཅིང་། ནུབ་བྱང་རླུང་དུ་གཡུང་མོ་རྣམ་པར་བཞག་པ་རྣམས་མཚམས་སོ། །དེ་བཞིན་དུ་འཕར་མ་ཕྱི་མ་དེ་ཉིད་ཀྱི་ཕྱོགས་བཞིར་ལྷ་མོ་དཀར་མོ་ལ་སོགས་པའི་རིམ་པ་བསྟན་པ་ནི། ཤར་དབང་པོར་དཀར་མོ། ལྷོ་གཤིན་རྗེར་ཆོམ་རྐུན་མ། ནུབ་ཆུ་བདག་གི་ཕྱོགས་སུ་རོ་ལངས་མ། བྱང་ལུས་ངན་པོར་ནི་གྷསྨ་རཱི་སྟེ་ཕྱོགས་བཞིའོ། །འོག་ཏུ་ས་སྤྱོད་མ་ཞེས་བརྗོད་དེ། སྟེང་དུ་མཁའ་སྤྱོད་མ་ཞེས་བཤད་པ་རྣམས་ནི་འདིར་བསྐྱེད་པའི་རིམ་པ་འདི་ཉིད་ཀྱི་ཕྱོགས་ལ་བསྟན་ཡང་དོན་དུ་སྲིད་པ་དང་ཞི་བའི་རང་བཞིན་གྱིས་རྣམ་པར་དག་པ་ལྷ་མོ་འདི་རྣམས་སམ། ཡང་ན། མཁའ་སྤྱོད་ས་སྤྱོད་འདི་གཉིས་རྣམ་པར་གནས་སོ། །ཕྱིའི་ཡུལ་དྲུག་གི་དག་པ་ཡང་། སྦྱང་གཞི་འབྱུང་བ་ཆེན་པོ་ལ་སོགས་པའི་གཟུགས་ཐམས་ཅད་ལ་ནི་སྦྱོང་བྱེད་ཀྱི་ལྷ་མོ་དཀར་མོར་རྟག་ཏུ་བཤད་ཅིང་། སྒྲ་ལ་སྦྱོང་བྱེད་ཆོམ་རྐུན་མར་རབ་ཏུ་གྲགས་པ་དང་། དྲིའི་ཆ་དག་བྱེད་ལ་རོ་ལངས་མ་དང་། རོ་ལ་གྷསྨ་རཱིར་རབ་ཏུ་གྲགས་པ་དང་། རེག་བྱ་ལ་ས་སྤྱོད་མ་ཞེས་བཤད་པ་དང་། ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ་


KMC011_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དུས་རྟག་ཏུ་ཡུལ་དྲུག་པོ་འདི་རྣམས་རྣམ་པར་དག་བྱེད་ལྷ་མོ་དྲུག་ཏུ་བསྒོམས་པས་དེ་ཁོ་ན་ཉིད་དུ་རྣལ་འབྱོར་པས་ཀྱང་འགྲུབ་པར་འགྱུར་རོ། །གཉིས་པ་ནི། ཕྱག་གི་དག་པ་སྟོང་པ་ཉིད། །བདུད་དག་པ་ལས་ཞབས་རྣམས་ཉིད། །རྣམ་ཐར་བརྒྱད་ཀྱིས་ཞལ་རྣམས་ཉིད། །རྡོ་རྗེ་གསུམ་གྱིས་དག་པའི་སྤྱན། །ས་ནི་པུཀྐ་སཱི་ཞེས་བཤད། །ཆུ་ཁམས་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་བའི་དཀར་མོ་ཉིད། །གཏི་མུག་དེ་བཞིན་རྡོ་རྗེར་བཤད། །ཞེ་སྡང་ལ་སོགས་རྣམ་སྦྱོང་བ། །བསྐྱེད་པའི་རིམ་པའི་ཕྱོགས་ལས་ནི། །འདིས་ནི་ཕུང་པོ་སྦྱོང་བར་བྱ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཧེ་རུ་ཀའི་དག་པ་རྒྱས་པ་འོག་ནས་འཆད་པར་འགྱུར་མོད་ཀྱི། འདིར་མིང་ཙམ་བསྟན་པ་ནི། བསྐྱེད་རིམ་རྣམ་རྟོག་སྦྱོང་བྱེད་སྐབས་སུ་བསྟན་པའི་ཡབ་ཧེ་རུ་ཀའི་ཕྱག་བཅུ་དྲུག་གི་རྣམ་པར་དག་པ་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་


KMC011_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་། སྟོང་པ་ཉིད་དང་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ནི་ཕུང་པོ་ལྔའོ། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མཐའ་མེད་པ་སྟོང་པ་ཉིད་དེ་ཁམས་ལྔའོ། །དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དེ་སྐྱེ་མཆེད་ལྔའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་བཅུ་དྲུག་པ་སྟེ། དེ་བཞིན་དུ་སྙིང་རྗེ་བཅུ་དྲུག་ཀྱང་རྣམ་པར་དག་པའོ། །བདུད་བཞི་གོང་དུ་བཤད་པའམ། ཡང་ན་བསྡུ་བའི་དངོས་པོ་བཞི་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པ་སྟེ། བཞི་པོ་དག་པ་ལས་ནི་ཞབས་བཞི་པོ་རྣམས་ཉིད་ཀྱི་རྣམ་པར་དག་པའོ། །རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་ལ་ལྟ་བ་དང་། ནང་གཟུགས་ཅན་མ་ཡིན་པས་གཟུགས་ལ་ལྟ་བ་དང་། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་སྙོམས་པར་འཇུག་པ་ལ་གནས་པ་དང་། ནམ་མཁའ་


KMC011_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་། འགོག་པ་ལ་སྙོམས་པར་འཇུག་པའི་རྣམ་ཐར་ཏེ། བརྒྱད་པོ་འདི་རྣམས་རྣམ་པར་དག་པ་ཉིད་ཀྱིས་ཞལ་བརྒྱད་པོ་རྣམས་ཀྱི་རྣམ་པར་དག་པ་ཉིད་དོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་གྱི་རྣམ་པར་དག་པའི་སྤྱན་གསུམ་གསུམ་དང་ལྡན་པའོ། །གཞན་ཡང་ལུས་ཀྱི་སའི་ཁམས་དག་པ་ནི་པུཀྐ་སཱི་ཞེས་བཤད་ལ། ཆུའི་ཁམས་ནི་རྔོན་པ་མ་ཞེས་བརྗོད་པ་དང་། མེ་ཁམས་ནི་གཏུམ་མོར་ཤེས་པར་བྱ་བ་དང་། རླུང་ཁམས་ནི་གཡུང་མོར་རབ་ཏུ་གྲགས་པ་སྟེ་ཁམས་བཞི་རྣམ་པར་དག་པའོ། །ཉོན་མོངས་པའི་རང་བཞིན་ལྷ་མོ་ལྔར་དག་པ་རིགས་ལྔ་དང་ཐ་མི་དད་པ་ཡང་། ཞེ་སྡང་དག་པའི་མི་བསྐྱོད་པ་ཞེས་སྐབས་གཞན་དུ་བཤད་པ་འདིར་གཙོ་བོ་དང་དབྱེར་མེད་པའི་རྡོ་རྗེ་བདག་མེད་མ་དང་། འདོད་ཆགས་དག་པ་འོད་དཔག་མེད་ཆུའི་རྣལ་འབྱོར་མ་དང་། ཕྲག་དོག་དག་པ་དོན་ཡོད་གྲུབ་པ་རྡོ་རྗེ་མཁའ་འགྲོ་མ་དང་། སེར་སྣ་དག་པ་རིན་ཆེན་འབྱུང་ལྡན་གསང་བའི་


KMC011_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་ཉིད་དང་། གཏི་མུག་དག་པ་རྣམ་པར་སྣང་མཛད་སྔ་མ་དེ་བཞིན་དུ་རྡོ་རྗེར་བཤད་པ་ཡང་ལྷ་མོ་རྡོ་རྗེ་མའོ། །འདིར་ཞེ་སྡང་ལ་སོགས་པའི་ཉོན་མོངས་ལྔ་པོ་རྣམ་པར་སྦྱོང་བ་ལྟར། བསྐྱེད་པའི་རིམ་པའི་ཕྱོགས་གཞན་ལ་ནི། ལྷ་མོ་ལྔ་པོ་འདིས་ནི་ཕུང་པོ་ལྔ་པོ་སྦྱོང་བའི་བྱ་བ་བྱེད་པའང་མི་འགལ་ཏེ། སྦྱང་བྱ་སོ་སོ་བ་མང་པོ་སྦྱོང་བྱེད་རེ་རེས་ཀྱང་སྦྱོང་བར་ནུས་ཤིང་། སྦྱངས་འབྲས་རིགས་ལྔར་དག་པ་ཁོ་ནའོ། །གསུམ་པ་ནི། གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། །དེ་ཉིད་མི་ཤེས་འཇིག་རྟེན་མི་གྲོལ་ཞིང་། །དེ་ཉིད་རྣམ་སྤངས་དངོས་གྲུབ་རྙེད་མི་འགྱུར། །དེ་ཕྱིར་དྲི་མེད་སྒྲ་མེད་གཟུགས་ཉིད་མེད། །རོ་དང་སེམས་ཀྱི་རྣམ་པར་དག་པ་མེད། །རེག་མེད་ཆོས་མེད་ཐམས་ཅད་རྣམ་པར་དག །རང་བཞིན་དག་པའི་འགྲོ་ལ་འགྲོ་བར་ཤེས། །ཞེས་གསུངས་ཏེ། གཟུགས་སོགས་དངོས་པོ་གང་དང་འཛིན་པའམ་ཉོན་མོངས་པ་གང་གིས་འཇིག་རྟེན་པ་རྣམས་སྲིད་པར་འཆིང་བར་འགྱུར་བ་དེ་དང་དེའི་རྣམ་པར་དག་པ་ཤེས་པས་ནི་ཉོན་མོངས་པའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ།


KMC011_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་དེ་ཁོ་ན་ཉིད་ཤེས་པས་སོ། །འདི་ལྟ་བུའི་རྣམ་པར་དག་པ་དེ་ཉིད་མི་ཤེས་པས་འཇིག་རྟེན་པ་རྣམས་འཆིང་བ་ལས་མི་གྲོལ་ཞིང་། དེ་ཁོ་ན་ཉིད་སྒོམ་པ་རྣམ་པར་སྤངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྙེད་པར་མི་འགྱུར་རོ། །དེའི་ཕྱིར་སྦྱང་གཞི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཉོན་མོངས་པ་རྣམས་ལྷར་དག་ལ། ལྷ་རྣམས་ཡེ་ཤེས་སུ་དག་ཅིང་ཡེ་ཤེས་ནི་གཟུང་འཛིན་དང་བྲལ་བའི་ཕྱིར་དོན་དམ་པར་དྲི་སྣོམ་པ་མི་དམིགས་པས་ཡུལ་དྲི་མེད་ལ། ཐོས་པ་མེད་པས་ཡུལ་སྒྲ་མེད་དོ། །དེ་བཞིན་གཟུགས་ཉིད་ཀྱི་རང་བཞིན་ཀྱང་མེད་ལ་རོ་མྱོང་བ་དང་ཡུལ་རོ་དང་དེ་དག་གི་འཛིན་པའི་སེམས་ཀྱི་རྣམ་པར་དག་པའང་རང་བཞིན་དུ་གྲུབ་པ་མེད་ལ། ལུས་མེད་པ་ལ་རེག་པ་མེད་དོ། །ཡིད་མེད་པས་ཆོས་ཀྱང་མེད་པར་གྱུར་ཏེ། ཐམས་ཅད་ཀྱང་བདེན་པའི་གཅིག་དང་དུ་མའི་རྣམ་པ་དང་བྲལ་བའི་ཕྱིར་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་རང་བཞིན་དག་པའི་འགྲོ་བ་སྒྱུ་མ་ལྟ་བུ་ལ་དེ་ལྟ་བུའི་འགྲོ་བའི་རྣམ་པར་རབ་ཏུ་ཤེས་པས་དག་པ་ཆེན་པོ་ཞེས་བྱའོ། །འདི་རྣམས་ཀྱི་ངེས་དོན་ཀྱང་། ཤེས་བྱའི་གནས་ལུགས་ཐམས་ཅད་


KMC011_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་དག་པ་རྣལ་འབྱོར་མ་བཅོ་ལྔ་ཨཱ་ལིའི་རང་བཞིན་ཕྱི་ནང་གཞན་གསུམ་འཕྲོ་ཞིང་སྡུད་པ་གཞི་ལམ་འབྲས་བུ་ཐམས་ཅད་ཀྱི་རྣམ་དབྱེར་འགྲོ་བ་རིག་པར་བྱའོ། །གསུམ་པ་ལེའུའི་མཚན་ནི། རྣམ་པར་དག་པ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །། ཞེས་གསུངས་ཏེ། དོན་དམ་པའི་དེ་བཞིན་ཉིད་དང་། ཀུན་རྫོབ་བསྐྱེད་རིམ་གྱི་ལྷ་སོ་སོའི་རྣམ་པར་དག་པ་གཉིས་སུ་ཕྱེ་ནས་རོ་མཉམ་པའི་དག་པ་བསྟན་པ་ཞེས་བྱ་བའི་ལེའུ་དགུ་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།བཅུ་པ་དབང་བསྐུར་བའི་ལེའུ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། དེ་ལྟར་བསྟན་པའི་བསྐྱེད་རྫོགས་ཀྱི་རིམ་པ་རྣམས་བསྒོམ་པ་ལ་རྒྱུད་སྣོད་དུ་རུང་བ་དགོས་པས་རིམ་གཉིས་ཀྱི་རྣམ་དག་བཤད་པའི་དེ་མ་ཐག་ཏུ་རྒྱུད་སྨིན་པར་བྱེད་པ་དབང་གི་ཆོ་ག་རྣམས་གསུངས་པ་འབྲེལ་ལོ། །བསྟན་བཤད་ཀྱི་འབྲེལ་ནི། ལེའུ་དང་པོར་བྱེད་རྒྱུ་དང་ཞེས་ལམ་མངོན་དུ་བྱེད་པའི་རྒྱུ་དབང་ཡིན་པར་མདོར་བསྟན་པ་ཉིད་ལེའུ་འདིར་རྒྱས་པར་འཆད་པའོ། །བརྗོད་བྱ། མ་སྨིན་པ་སྨིན་པར་བྱེད་པའི་དབང་གི་རྣམ་པར་བཞག་པ་རྣམས་ཡིན་ལ། རྗོད་བྱེད། ལེའུ་འདི་ཉིད་ཀྱི་


KMC011_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་རྣམས་སོ། །མངོན་པར་རྟོགས་པ་ནི། ལམ་གྱི་གཞིའི་རིམ་པ་སྟེ་བསྐྱེད་རྫོགས་དེ་དག་ཀྱང་དབང་དོན་དང་རྗེས་སུ་མཐུན་པས་འབྲེལ་ལོ། །སྦས་དོན་གྱི་འབྲེལ་ནི། མཚན་འཛིན་གྱི་རྟོག་པའི་དྲི་མ་འཁྲུད་པ་དང་། སྒྲིབ་བྲལ་འབྲས་བུའི་ལྷན་སྐྱེས་ཀྱི་ནུས་པ་འཇོག་པའོ། །དགོས་པ་ནི། དབང་བསྐུར་བས་རྒྱུད་ཉན་པ་དང་ལམ་སྒོམ་པ་དང་གཞན་རྗེས་སུ་འཛིན་པའི་སློབ་དཔོན་དུ་འགྱུར་བའོ། །འདི་ལ་གསུམ། མཚམས་སྦྱར་བ། ལེའུའི་གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཇི་ལྟར་དཀྱིལ་འཁོར་གྱི། །རིམ་པ་ཡང་དག་རབ་ཏུ་བཤད། །གང་གིས་སློབ་མ་དབང་བསྐུར་བའི། །ཆོ་གའང་རབ་ཏུ་བཤད་པར་བྱ། །ཞེས་གསུངས་ཏེ། རྣམ་པར་དག་པ་གསུངས་ཟིན་པ་དེ་ནས་སློབ་དཔོན་གྱིས་ལས་ཀྱི་རིམ་པའི་ཐོག་མར་ཇི་ལྟར་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་རྣམས་ཀྱང་ཕྱིན་ཅི་མ་ལོག་པ་ཡང་དག་པར་རབ་ཏུ་བཤད་ཅིང་། ཚུལ་གང་གིས་སློབ་མ་ལ་དབང་བསྐུར་བའི་ཆོ་གའང་མཆོག་ཏུ་གསལ་བར་རབ་ཏུ་བཤད་པར་བྱའོ་ཞེས་ཞལ་གྱིས་བཞེས་པ་ལ། རྗེ་མར་པས། ལེའུ་འདིས་ནི་ཇོ་བོ་གཞན་གྱིས་བྱས་པའི་དཀྱིལ་


KMC011_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ཆོ་ག་ལ་རག་མི་ལུས་པར་རྒྱུད་ཀྱི་དོན་བསྡེབས་ནས་དཀྱིལ་འཁོར་གྱི་ཆོ་ག་སློང་བའོ། །ཞེས་སོ། །གཉིས་པ་ནི། རིན་ཆེན་རྒྱན་འདྲ་དང་དྲི་མེད་འོད་དུ་རྗེ་མར་པའི་དགོངས་པ་ལྟར་རྒྱུད་དོན་ལག་ལེན་དུ་བསྡེབས་པའི་ཕྱིར་ཚིག་གོང་འོག་དཀྲུགས་ནས་འཆད་པར་མཛད་ཀྱང་། སྐབས་འདིར་དོན་བསྡེབས་སྤྱི་དོན་ལས་ཤེས་པའི་དབང་དུ་བྱས་ཤིང་། འདིར་རྒྱུད་རྐྱང་གི་ཚིག་དོན་འབྲུ་སྦྱོར་ཙམ་འཆད་ཉན་སླ་བར་བསམ་ནས་གར་དབང་ཐམས་ཅད་མཁྱེན་པའི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །དེ་ལ་བདུན། ས་བཟུང་བའི་གནས་དང་རྡུལ་ཚོན་སོགས་བསྟན་པ། གོང་མ་གསུམ་དང་དགའ་བཞིའི་ཁྱད་པར། དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ། དབང་བཞི་པའི་གནས་ལུགས། འབྱུང་བའི་ཕུང་པོའི་དྲིས་ལན། ལྷན་སྐྱེས་ཀྱི་མཚན་ཉིད། དོན་དམ་བྱང་ཆུབ་ཀྱི་སེམས་བཤད་པའོ། །དང་པོ་ནི། དང་པོར་ལྷ་ཡི་བདག་ཉིད་ཀྱི། །རྣལ་འབྱོར་པས་ནི་ནོར་འཛིན་སྦྱང་། །འབད་པས་ཧཱུྃ་ལས་རྡོ་རྗེ་ཅན། །བྱས་ཏེ་ཕྱི་ནས་དཀྱིལ་འཁོར་བྲི། །ཚལ་དང་སྐྱེ་བོ་མེད་གནས་དང་། །བྱང་ཆུབ་སེམས་དཔའི་ཁྱིམ་དང་ནི། །དཀྱིལ་


KMC011_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཁང་པའི་ནང་དུ་ཡང་། །དཀྱིལ་འཁོར་དམ་པ་རབ་ཏུ་བཞེངས། །རྡུལ་ཚོན་དམ་པའི་ཚོན་དང་ནི། །ཡང་ན་འབྲིང་པོ་ཉིད་ཀྱིས་ཏེ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་འབྲས་ལ་སོགས་པས་སོ། །དེ་ནས་དཀྱིལ་འཁོར་ཁྲུ་གསུམ་དང་། །མཐེ་བོང་གསུམ་ནི་ལྷག་པར་བྱ། །ཞེས་གསུངས་ཏེ། དཀྱིལ་འཁོར་གྱི་ལས་རིམ་ལ་འཇུག་པའི་དང་པོར་ཧེ་རུ་ཀའམ། བདག་མེད་མའི་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས་བསྐྱེད་རིམ་ལྷའི་བདག་ཉིད་ཀྱི་རྣལ་འབྱོར་དང་ལྡན་པས་ནི། ས་གཞིའི་མིང་གི་རྣམ་གྲངས་ནོར་འཛིན་གྱི་མ་དག་པའི་ཆ་རྣམ་པར་སྦྱང་ངོ་། །དེ་ཡང་བསྒོམ་པ་ལ་བརྩོན་པ་ནི་འབད་པས་ཞེས་བསྟན་ལ། ཇི་ལྟར་ཞེ་ན། རཾ་ཡིག་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ས་གཞིར་གུར་སོགས་རྡོ་རྗེའི་རང་བཞིན་ཅན་དུ་བྱས་ནས་ས་གཞི་བྱིན་གྱིས་བརླབས་པར་བྱས་ཏེ། ས་བཟུང་བ་དང་སྲུང་བའི་ཕྱི་ནས་ཡབ་ཡུམ་གང་ཡིན་པའི་དཀྱིལ་འཁོར་བྲིའོ། །གནས་གང་དུ་འབྲི་ཞེ་ན། ཚལ་གྱི་སྒྲས་ནགས་ཁྲོད་དང་སྐྱེད་མོས་ཚལ་ཡང་རུང་ལ། སྐྱེ་བོ་མ་རུངས་པ་དང་མ་དད་པ་མེད་པའི་གནས་དང་། བྱང་ཆུབ་སེམས་དཔས་ཉེ་བར་


KMC011_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པའི་ཁྱིམ་དང་ནི་དེས་མཚོན་ནས་སྐུ་གཟུགས་བཞུགས་པའི་ལྷ་ཁང་སོགས་དང་གང་དུ་དཀྱིལ་འཁོར་འབྲི་བའི་དོན་དུ་འདུ་བྱས་པའི་ཁང་པའི་ནང་དུ་ཡང་། བཅོམ་ལྡན་འདས་ཡབ་ཡུམ་གྱི་དཀྱིལ་འཁོར་དམ་པ་སྟེ་མཚན་ཉིད་དང་ལྡན་པ་རབ་ཏུ་བཞེངས་སོ། །དེ་ལྟ་ན་འབྲི་བའི་རྫས་ཅི་འདྲ་བདག་གིས་བྱ་ཞེ་ན། རྡུལ་ཚོན་དམ་པའི་ཚོན་ནི་རིན་ཐང་ཆེ་བའི་ཚོན་ནམ་བོད་ཀྱི་བླ་མ་གོང་མ་དགསྔར་ཆར་འབེབས་ཀྱི་ཚེ་གསུངས་པའི་རྡུལ་ཚོན་མཆོག་ཡིན་པས་དེ་ལ་དགོངས་པར་འཆད་པ་ནི། སློབ་དཔོན་བྷ་བ་བྷ་དྲས་རྡུལ་ཚོན་དམ་པ་ཞེས་པ་མིའི་རུས་པའི་ཚོན་གྱིས་བྲིའོ། །ཞེས་བཤད་པ་ལྟར་རོ། །འགྱུར་གཞན་དུ། མཆོག་གི་ཚོན་གྱིས་བྲི་བའམ། ཞེས་དང་བཟང་པོའི་ཚོན་ཞེས་བྱུང་ལ། ཌྷཾ་ག་ད་ཤས། ལྷ་རྫས་ཀྱི་ཚོན་གྱིས་བྲི་བར་བྱ་བའང་བཤད་པས་མཆོག་དུར་ཁྲོད་ཀྱི་རྫས་སམ། འབྲིང་རིན་པོ་ཆེ་ལྔའི་ཕྱེ་མ་སྟེ། དེའང་ཁ་སྦྱོར་དྲི་མེད་དུ། ཨིནྡྲ་ནཱི་ལ། མུ་ཏིགབཻ་ཌཱུཪྱ། ཟླ་བ་ཆུ་ཤེལ། མ་ར་ཀ་ཏ་ཞེས་བྱ་བ་སོགས་པའམ། ཡང་ན། མུ་མེན། དུང་། བྱེ་རུ། གསེར་དངུལ་ཅེས་བཤད་པའམ། དེའང་མ་འབྱོར་ན་འབྲས་


KMC011_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལ་སོགས་པའི་ཁོངས་ནས་གྲོ་ནས་སམ་རྡོ་རྒྱུས་སོགས་ཁ་དོག་རིགས་ལྔར་བསྒྱུར་བས་སོ། །དེ་ནས་དཀྱིལ་འཁོར་དེ་ལྟར་འབྲི་བའི་སྔོན་དུ་ཐིག་གདབ་དགོས་ཤིང་། ཚད་ཀྱང་ཇི་ལྟར་བྱེད་ཅེ་ན། ཞེང་ཚད་སོར་མོ་ཉེར་བཞི་ལ་ཁྲུར་བྱས་པའི་སློབ་དཔོན་གྱི་རྐྱང་ཁྲུ་གསུམ་ལ་མཐེ་བོང་གི་སོར་གསུམ་ནི་ལྷག་པར་བྱ་སྟེ། སྨིན་མཚམས་ནས་གསང་གནས་ཀྱི་བར་བྱང་སེམས་འཇུག་པའི་ལམ་ལ་ཁྲུ་གསུམ་དང་མཐེ་བོང་གི་སོར་གསུམ་ཡོད་པ་དང་སྦྱོར་བ་སེམས་འགྲེལ་རྣམས་སུ་བཤད་པ་དང་། ཁྲུ་གསུམ་གྱིས་བྷ་གའི་ཟུར་གསུམ་དང་། མཐེ་བོང་གསུམ་གྱིས་ཞུ་བདེ་མི་རྟོག་པ་གསུམ་མཚོན་པའོ། །དེ་རྣམས་ཀྱི་ངེས་དོན་དཔལ་ནཱ་རོ་པས། དང་པོར་ལྷའི་བདག་ཉིད་གསུངས་པ་ཡང་། ཆོས་ལོངས་སྤྲུལ་པ་ལྷན་སྐྱེས་གཅིག་ཏུ་འདྲེས་པའི་བདག་ཉིད་མཆོག་ཏུ་མི་འགྱུར་བའི་ལྷ་དང་། འབྲི་བའི་ས་སྐྱེད་མོས་ཚལ་ཞེས་སོགས་ལ། ཡིད་དུ་འོང་བའི་གནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ཅན་ཆོས་འབྱུང་གི་ནང་དུ་སོན་པའི་སྟོང་ཉིད་དང་སྙིང་རྗེ་བཅུ་དྲུག་དག་པ་དང་། ཐིག་ནི་སྐུ་གསུང་ཐུགས་གཅིག་ཏུ་གྱུར་པ་རྡོ་རྗེ་སེམས་དཔས་


KMC011_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འདེབས་པ་སོགས་གསུངས་ཤིང་། རྡུལ་ཚོན་གྱི་ངེས་དོན་ཁ་སྦྱོར་དྲི་མེད་ལས། རིན་ཆེན་ནི་སེམས། ལྔ་ནི་དབང་པོ། ཕྱེ་མ་རྡུལ་ཕྲ་རབ་ཀྱི་བརྡས་ནམ་མཁའི་དཀྱིལ་འཁོར་ཁྱབ་པ། འབྲས་ལ་སོགས་པ་ཕུབ་མ་མེད་པས་སྙིང་པོའི་དོན་མཚོན་པ་དང་། དཀྱིལ་འཁོར་ཁྲུ་གསུམ་ནི་རྡོ་རྗེ་གསུམ། མཐེ་བོང་གསུམ་ལྷག་པ་ལྷན་སྐྱེས་ཡེ་ཤེས། ཆ་གསུམ་དགའ་བ་མཆོག་དགའ་དགའ་བྲལ་ལོ་ཞེས་བཤད་དོ། །གཉིས་པ་གོང་མ་གསུམ་དང་དགའ་བཞིའི་ཁྱད་པར་བཤད་པ་ལ་བཞི། རྟེན་འདུ་བྱ་ཞིང་གསང་དབང་དང་ཤེར་དབང་བསྐུར་བའི་ཚུལ། དེ་ལས་བྱུང་བའི་ཡེ་ཤེས་བཤད་པ། དེ་ལ་བརྟགས་པའི་མཐའ་བསལ་བ། དགའ་བ་བཞི་བཤད་པའོ། །དང་པོ་ནི། དེར་ནི་རིགས་ལྔ་ལས་བྱུང་བའི། །རིག་མ་བཟང་མོ་རྣམ་པར་གཞུག །ཡང་ན་ཇི་ལྟར་གང་རྙེད་དེ། །དེ་ལྟར་བཅུ་དྲུག་ལོན་པ་ཉིད། །ཇི་སྲིད་ཁུ་བ་ལྡན་འགྱུར་པ། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། །ཕྱག་རྒྱའི་གདོང་ཡང་བཅིངས་པ་དང་། །ཐབས་ཀྱི་གདོང་ཡང་དེ་བཞིན་ནོ། །བསྟེན་པ་དེ་ལས་གང་བྱུང་བ། །སློབ་མའི་མཁར་ནི་ལྷུང་བར་བྱ། །རོ་མཉམ་སློབ་


KMC011_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ཡང་བྱ་བར་བྱ། །རང་རིག་ཡེ་ཤེས་ཉིད་དུ་འགྱུར། །ཅེས་གསུངས་ཏེ། དེར་ནི་ཞེས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བར་བཤད་པའི་ཚེ། དེར་འཇུག་པའི་ཆོ་ག་རྣམས་བསྡུས་ཤིང་། དེ་ནས་རྗེ་མར་པའི་བཞེད་པ་ལྟར། ཆུ་ཅོད་པན་རྡོ་རྗེ་དྲིལ་བུ་མིང་ནས་བརྩམས་ཏེ། བུམ་དབང་ཡོངས་སུ་རྫོགས་པར་གྲུབ་པའི་རྗེས་སུ་ལུས་དང་བྷ་ག་དང་སེམས་ཀྱི་དཀྱིལ་འཁོར་དེར་ནི། རིག་མ་མེད་པ་གསང་བའི་དབང་སོགས་སྦྱིན་པའི་ཐབས་མེད་པས། དེའི་མཚན་ཉིད་རིགས་ལྔའི་དབྱེ་བ་སྔར་ལེའུ་ལྔ་པ་སོགས་སུ་གསུངས་པ་ལྟར་ལས་བྱུང་བའི་རིག་མ་བཞིན་མཛེས་ཤིང་ཐེག་པ་འདི་ལ་གུས་པས་བཟང་མོ་རྣམ་པ་ཀུན་ཏུ་གཞུག་ཅིང་བཞག་པར་བྱ་ལ། ཇི་སྐད་བཤད་པ་མ་རྙེད་པས་ཡང་ན་སྤྱོད་པའི་ལེའུར་བསྟན་པ་བཞིན་ཇི་ལྟར་རིགས་པ་གང་རྙེད་དེ་བཟུང་དུ་རུང་ངོ་། །དེ་ལྟ་བུའི་ནང་ནས་ཀྱང་ལོ་བཅུ་དྲུག་ལོན་པ་ནི་མཆོག་ཡིན་པས་མཚོན་པ་ཙམ་སྟེ། བཅུ་གཉིས་ནས་ཉེར་ལྔ་མན་ཆད་ཀྱི་ལང་ཚོ་དང་ལྡན་པ་ཉིད་དང་། སློབ་དཔོན་དང་རིག་མ་ལྷའི་རྣལ་འབྱོར་ལ་གནས་པའི་ངང་ནས་སྙོམས་པར་ཞུགས་པས་


KMC011_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཇི་སྲིད་དཀར་ཆའི་ཁུ་བ་ལྡན་པར་གྱུར་པ་དེ་སྲིད་ཕྱག་རྒྱ་མ་བསྟེན་པར་བྱ་ཞིང་། གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ། ལས་ཀྱི་ཕྱག་རྒྱའི་གདོང་ཡང་དར་ལ་སོགས་པས་མིག་དགབ་ནས་བཅིངས་པ་དང་། ཐབས་ཀྱི་ཞེས་པ་སློབ་མའི་གདོང་ཡང་དེ་བཞིན་དུ་བཅིངས་པའི་དགོས་པ་ཡང་། ངོ་ཚ་བ་དང་ཐེ་ཚོམ་སོགས་མ་དག་པའི་རྟོག་པ་མི་བསྐྱེད་པའི་ཆེད་དུ་ཡིན་ནོ། །སློབ་དཔོན་གྱིས་ལས་ཀྱི་ཕྱག་རྒྱ་མ་བསྟེན་པ་དེ་ལས་གང་བྱུང་བ་དཀར་དམར་གྱི་རྫས་གསང་བ་དེ། ཆོ་ག་ཇི་ལྟ་བས་མིག་དང་ལག་པའི་ཡུལ་མིན་པར། སློབ་མའི་ཁར་ནི་ལྷུང་བ་སྟེ་སྦྱིན་པར་བྱ་ཞིང་མྱང་བས་བདེ་བ་བསྐྱེད་དུ་གཞུག་གོ། །ཚུལ་དེས་གསང་བའི་དམ་ཚིག་དཔོག་པ་ལ་སོགས་པ་ལྷན་སྐྱེས་བདེ་བར་རོ་མཉམ་པར་བསྐུར་ནས། ཤེས་རབ་ཡེ་ཤེས་ཀྱང་ཐབས་ཤེས་རོ་མཉམ་པ་སློབ་མའི་སྤྱོད་ཡུལ་ཉིད་དེ་སྣོད་དུ་རུང་ངེས་པ་ལ་སྔར་སྨོས་པའི་ལས་ཀྱི་ཕྱག་རྒྱའི་དབྱེ་བ་གང་རིགས་པ་གཏད་ཅིང་འདུ་ཤེས་གསུམ་ལྡན་གྱི་ཆོ་གས་དེ་ཉིད་ལ་ཡང་ཚུལ་དང་མཐུན་པའི་བྱ་བར་སྤྱད་པར་བྱ་བའི་ཚེ། ཉམས་སུ་མྱོང་བ་རང་རིག་ཡེ་ཤེས་ལྷན་


KMC011_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རྣམ་པར་མི་རྟོག་པ་ཉིད་མངོན་སུམ་དུ་འགྱུར་རོ། །གཉིས་པ་ནི། རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་ཉིད། །དེ་ཉིད་འགྲོ་བའི་བདག་ཉིད་དེ། །དེ་ཉིད་ཐམས་ཅད་ཁྱབ་པ་པོ། །ཐམས་ཅད་ལུས་ལ་རྣམ་པར་གནས། །དངོས་དང་དངོས་མེད་དེ་ལས་བྱུང་། །ན་རྣམས་གང་རྣམས་དེ་རྣམས་དང་། །རྣམ་པར་ཤེས་པ་ཀུན་གྱི་ཚུལ། །ཅེས་གསུངས་ཏེ། དེའང་སྔར་གསུངས་པའི་ཀུན་རྫོབ་འཇིག་རྟེན་པ་དཔེ་དང་། དོན་དམ་འཇིག་རྟེན་ལས་འདས་པ་དོན་གྱི་ལྷན་སྐྱེས་གཉིས་སུ་འགྱུར་བ་ལས། སློབ་མའི་དབང་པོའི་ཁྱད་པར་གྱིས་ཅི་རིགས་སུ་སྐྱེ་བ་ཡོད་མོད་ཀྱི་འདིར། གཙོ་བོར་ཕྱི་མའི་ངེས་པ་དང་མཐུན་པར་གསུངས་ཏེ། རང་རིག་ཡེ་ཤེས་དེ་ནི་རང་དང་གཞན་དུ་ཡང་དག་པར་རིག་པ་སྟེ་མངོན་པར་ཞེན་པའི་གཉིས་འཛིན་སྤངས་པ་ཐོག་མཐའ་མེད་པས་ནམ་མཁའ་དང་མཉམ་པ། སྒྲིབ་གཉིས་ཀྱིས་མ་གོས་པས་


KMC011_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་རྡུལ་ཏེ་དྲི་མ་དང་བྲལ་བ། གང་གི་རང་བཞིན་དུའང་མ་གྲུབ་པས་སྟོང་པ་ཉིད། དངོས་པོ་སྣང་བ་སྒྱུ་མ་ལྟ་བུ་དང་། དངོས་མེད་འོད་གསལ་དབྱེར་མེད་ཟུང་དུ་འཇུག་པའི་བདག་ཉིད་མཆོག་ཏུ་གྱུར་པ། ཐབས་སྙིང་རྗེ་རྣམ་པ་གསུམ་དང་། ཤེས་རབ་སྣང་མེད་སྟོང་ཆེན་ཐ་མི་དད་པར་ཤིན་ཏུ་འདྲེས་ཤིང་། ཆགས་པ་དགའ་བ་མཆོག་དགའ་དང་། ཆགས་བྲལ་ཁྱོད་དགའ་སོ་སོར་འཛིན་པ་གང་ཡིན་པ་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་རྣམ་པར་དབྱེ་བ་མེད་པར་འདྲེས་པའི་ཡེ་ཤེས་དེ་ཉིད་སྲོག་ཆགས་རྣམས་ཀྱི་འཚོ་བའི་རྟེན་དུ་གྱུར་པས་སྲོག་སྟེ། ལྷན་སྐྱེས་ཐམས་ཅད་སྟོང་པ་འོད་གསལ་བ་དེ་སེམས་ཅན་དུ་གྱུར་པ་ཐམས་ཅད་ཀྱི་འཁོར་བའི་གནས་སྐབས་ཀུན་ཏུ་འཚོ་ཞིང་གནས་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །འདི་ལས་ཨ་ཧཾ་གིས་མཚོན་པའི་མི་ཤིགས་པ་སྲོག་གི་རྟེན་དུ་གནས་པའང་ཤུགས་ཀྱིས་འགྲུབ་བོ། །དེ་ཉིད་ཡི་གེ་དམ་པ་ཞེས་པའི་དོན་ཡི་གེ་དམ་པ་ཨའི་དོན་སྐྱེ་བ་མེད་པ་ཉིད་དམ། ཡང་ན་ཡི་གེའི་སྐད་དོད་ཨཱཀྵ་ར་འགྱུར་བ་མེད་པ་ལ་འཇུག་པས། ཡེ་ཤེས་དེ་ཉིད་ངོ་བོ་མི་འགྱུར་བའི་བདེ་བར་


KMC011_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་། བྱེད་ལས་ཁམས་གསུམ་སྤྲོ་བ་དང་བསྡུ་བའི་གཞི་མཆོག་གམ་དམ་པ་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བ་མ་ལུས་པའི་བདག་ཉིད་དེ་འགྲོ་བ་རྣམས་ལྷན་སྐྱེས་འགྱུར་མེད་ལས་གཞན་མིན་ལ། དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་བརྟན་གཡོ་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པ་པོ་སྟེ། ལུས་ལ་ཡེ་ཤེས་ཆེན་པོ་གནས་པའི་ངེས་པ་སྔར་བཤད་པ་བཞིན། སྣོད་བཅུད་ཐམས་ཅད་ཀྱི་ལུས་ལ་རང་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་གནས་སོ། །དེས་ན་དངོས་པོ་འཁོར་བ་དང་། དངོས་མེད་མྱང་འདས་ཀྱང་དེའི་རང་བཞིན་ལས་བྱུང་ཞིང་། གཞན་རྣམས་དབང་པོ་དྲུག་དང་གང་རྣམས་སྣོད་ཀྱི་འཇིག་རྟེན་དང་། དེ་རྣམས་བཅུད་ཀྱི་སེམས་ཅན་རྣམས་དང་། གཞན་ཡང་རྣམ་པར་ཤེས་པ་དག་པའི་སེམས་དང་མ་དག་པའི་སེམས་ཀྱི་སྣང་བ་ལས་ཤར་བའི་དངོས་པོ་ཀུན་གྱི་ཚུལ་དུ་འགྱུར་ཏེ། ཚུལ་གྱི་སྒྲས་འདྲ་བ་དང་ཀུན་རྫོབ་ཀྱི་བདེན་པ་སྟོན་པས་སོ། །གསུམ་པ་ནི། སྐྱེས་བུ་སྔོན་རབས་དབང་ཕྱུག་དང་། །བདག་དང་གསོ་བ་སེམས་ཅན་དང་། །དུས་དང་གང་ཟག་ཉིད་དང་ནི། །དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་


KMC011_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་གསུངས་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་མ་རྟོགས་པ་ལ་བརྟེན་ནས། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་རྣམས་ལས་སྐྱེས་བུ་ཞེས་པ་གྲངས་ཅན་པ་རྣམས་རྡུལ་མུན་སྙིང་སྟོབས་ཆ་མཉམ་ལ་བྱ་ཞིང་། ཆ་མི་མཉམ་པས་བདེ་འགྲོ་དང་ངན་འགྲོར་འགྲོ་ལ། རྩ་བའི་རང་བཞིན་འགྱུར་བ་མིན། །ཆེན་པོ་བདུན་སོགས་རང་བཞིན་འགྱུར། །བཅུ་དྲུག་པོ་ནི་འགྱུར་བ་སྟེ། །ཞེས་སོགས་སྨྲ་བའོ། །སྔོན་རབས་ཞེས་པ་རིག་བྱེད་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས། ཐམས་ཅད་ཀྱི་ཚེ་འཇིག་པ་དང་སྐྱེ་བ་རྣམ་པར་སྤངས་པའི་ཤེས་པ་རྟག་པ་ཡོད་དོ་ཞེས་འཛིན་པ་དང་། དབང་ཕྱུག་ཅེས་པ། དབང་ཕྱུག་འགྲོ་བའི་བྱེད་པ་པོར་སྨྲ་བ་རྣམས་དང་། བདག་འདོད་པ་ནི་བྱེ་བྲག་པ་སྟེ་ཚངས་པའི་ཡེ་ཤེས་སྨྲ་བ་རྣམས་ཀྱིས་བདག་རྟག་པ་གཅིག་པུ་གཙོ་བོ་ཞེས་ལྟ་ཞིང་དེས་བདག་ཉིད་སྐྱེ་བར་བྱེད། འཚོ་བར་བྱེད། འཆིང་བར་བྱེད། འཆིང་བ་དང་གྲོལ་བར་བྱེད་ཅེས་འདོད་པ་དང་། གསོ་བའམ་གཅེར་བུ་པ་ནི་བརྟན་གཡོ་ཐམས་ཅད་སྲོག་དང་བཅས་པ་ཡིན་ནོ་ཞེས་སྲོག་གི་སྡེ་ཚན་དགུ་ཁས་


KMC011_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་དང་། སེམས་ཅན་རྒྱུར་སྨྲ་བ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་བི་ཀྲ་མ་ཝ་ཏི་ཞེས་པ་ཚད་མར་བྱེད་པ་རྣམས་ཀྱི་ལུགས་དང་། དུས་རྒྱུར་སྨྲ་བ་རྣམས་སྐྱེ་དགུ་འདི་དག་དུས་ཀྱིས་སྤྲོ་བསྡུ་བྱེད་དོ་ཞེས་ལྟ་ཞིང་། དུས་ནི་འབྱུང་པོ་རྣམས་འཚེད་ཅིང་། །དུས་ནི་སྐྱེ་དགུ་སྡུད་པར་བྱེད། །ཅེས་ཟེར་བ་དང་། གང་ཟག་སྨྲ་བ་ཁ་ཅིག་ལས་ཀྱིས་གང་ཞིང་དེ་རྣམས་ཀྱིས་འགྲོ་བར་ཟག་པར་བྱེད་པ་ཉིད་ཀྱིས་གང་ཟག་ཅེས་ཟེར་བའམ། ཉན་ཐོས་གནས་མ་བུ་པ་སོགས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་ཁས་ལེན་པ་དང་། བྷ་བ་བྷ་དྲ་སོགས་ཀྱིས་གང་དུ་རྣམ་པར་ཤེས་པའི་ཚུལ་ཞེས་པ་འདིར་ཡང་དྲངས་ནས་དེས་སེམས་ཙམ་སྨྲ་བ་བསྟན་པར་བཞེད་པས་དེ་སོགས་སོ་སོའི་ལྟ་བ་རྣམ་པར་བརྟག་པ་དེ་རྣམས་དང་ནི་ཡང་དག་པ་མ་ཡིན་པའི། སྣང་བ། རྟོག་པ། མདོར་ན་ལུང་གིས་གྲུབ་པ་དང་འཇིག་རྟེན་ལ་གྲགས་པའི་དངོས་པོ་ཀུན་གྱི་རང་བཞིན་འདི་དག་དཔྱད་ངོར་བདེན་དངོས་སུ་མ་གྲུབ་ལ་འཁྲུལ་ངོར་སྣ་ཚོགས་སུ་སྣང་བས་བདེན་རྫུན་གཉིས་སུ་མ་གྲུབ་པས་མིང་ཇི་ལྟར་འདོགས་ཀྱང་། དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་


KMC011_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་བཞིན་དུ་དོན་དུ་ལྷན་སྐྱེས་འོད་གསལ་བ་སྒྱུ་མའི་གཟུགས་ཀྱིས་ཡང་དག་པར་གནས་པ་ཉིད་དུ་རྟོགས་པར་བྱའོ། །བཞི་པ་ལ་གསུམ། དགའ་བཞི་བསྡུས་ཏེ་བསྟན་ཅིང་འཁོར་ཐེ་ཚོམ་དུ་གྱུར་པ། ལྷན་སྐྱེས་ཀྱི་སྒྲོ་འདོགས་བཅད་པ། ལམ་བསྒོམ་པའི་ཉམས་མྱོང་དང་གསུམ་གྱི། དང་པོ་ནི། དང་པོ་དགའ་བ་ཙམ་ཉིད་དེ། །གཉིས་པའི་གྲངས་ལ་མཆོག་དགའ་ཉིད། །གསུམ་པ་ལ་ནི་དགའ་བྲལ་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །རྡོ་རྗེ་སྙིང་པོ་ལ་སོགས་ཀུན། །མཁས་པས་དེ་སྐད་ངེས་ཐོས་ནས། །མཆོག་ཏུ་ངོ་མཚར་གྱུར་ནས་ནི། །བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར། །དང་པོ་དགའ་བ་འགྲོ་བའི་གཟུགས། །དེ་བཞིན་མཆོག་དགའ་འགྲོ་བ་ཉིད། །དགའ་བྲལ་དགའ་བའང་འགྲོ་བ་ཉིད། །གསུམ་ལ་ལྷན་ཅིག་སྐྱེས་པ་མེད། །ཞེས་གསུངས་ཏེ། རྣལ་འབྱོར་པ་གང་གིས་དགའ་བའི་རིམ་པ་ཉམས་སུ་མྱོང་བའི་དུས་དང་པོ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ལ་འཆར་བ་ནི་དགའ་བ་ཙམ་ལས་ཁྱད་པར་གྱི་ཆོས་གཞན་མེད་པ་ཉིད་དེ། བདེ་བ་ཆུང་ཞིང་ཆགས་པས་རེག་པ་སོགས་འདོད་པས་སོ། །གཉིས་པའི་


KMC011_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཅན་རྣམ་པར་སྨིན་པའི་སྐད་ཅིག་མ་ལ་འཆར་བ་ནི་མཆོག་ཏུ་དགའ་བ་ཉིད་དེ་བདེ་བ་ཆེ་ཞིང་ལྷག་པར་བདེ་བ་འདོད་པས་སོ། །གསུམ་པ་རྣམ་པར་ཉེད་པའི་སྐད་ཅིག་མ་ལ་འཆར་བ་ནི་དགའ་བྲལ་གྱི་དགའ་བ་བཤད་དེ། བདེ་བས་ཚིམས་ནས་སླར་བདེ་བ་ཐོབ་འདོད་ཀྱི་ཆགས་པ་དང་བྲལ་བས་སོ། །བཞི་པ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལ་འཆར་བ་ཁོ་ན་རྟོགས་མེད་ལྷན་ཅིག་སྐྱེས་པའི་དགའ་བར་བརྗོད་དེ། རྟོག་པ་དང་བྲལ་ཞིང་བདེ་སྟོང་རོ་མཉམ་པས་སོ། །རྡོ་རྗེ་སྙིང་པོ་སོགས་ཤློ་ཀ་གཅིག་གི་ཐད་འདིར། འགོས་འགྱུར་དུ། དེ་བཞིན་གཤེགས་པ་ཐམས་ཅད་དང་། །རྡོ་རྗེ་སྙིང་སོགས་མཁས་པ་ནི། །ཀུན་གྱིས་དེ་སྐད་ངེས་ཐོས་ནས། །ཞེས་བསྒྱུར་ཅིང་། ནག་པོ་དཀའ་འགྲེལ་སོགས་རྒྱ་འགྲེལ་ལས་ཀྱང་དེ་དང་མཐུན་པར་འགྲེལ་པ་དང་། འགོས་ལོ་གཞོན་ནུའི་ཞབས་ཀྱིས། དེ་བཞིན་གཤེགས་པ་ཞེས་པ་ལྟར་ན་འདུས་པ་བཞིན། འདིར་ཡང་དེ་བཞིན་གཤེགས་པའི་འཁོར་ཡོད་པར་བསྟན་ཞེས་གསུངས་པ་མ་ཟད། རང་བྱུང་རྒྱལ་བས་ཀྱང་དེ་ལྟར་བཞེད་པས། དེའི་ཚེ་འཁོར་དུ་འདུས་པའི་དེ་བཞིན་གཤེགས་པ་ཐམས་


KMC011_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་། རྡོ་རྗེ་སྙིང་པོ་ལ་སོགས་པའི་མཁས་པ་བྱང་ཆུབ་སེམས་དཔའ་རྣམས། གསུང་དེ་ལ་གཞན་དང་མི་འདྲ་བར་མཆོག་ཏུ་ངོ་མཚར་ཞིང་ཐེ་ཚོམ་གྱི་དོགས་པ་དང་བཅས་པས། རྟོག་མེད་དུ་བརྒྱལ་ཞིང་ས་གཞི་ལ་འགྱེལ་བར་གྱུར་ཏོ། །ཞེས་དྲང་དོན་དང་། དེའི་ཚེ་ལྷན་སྐྱེས་མངོན་དུ་གྱུར་པས་གཟུང་འཛིན་གྱི་གཉིས་སྣང་མི་གཡོ་བར་ཡེ་ཤེས་ཆེན་པོའི་ངང་དུ་སོང་བ་ནི་བརྒྱལ་བ་དང་འགྱེལ་བ་སྟེ་ངེས་དོན་ནོ། །དྲང་དོན་དུ་བརྒྱལ་བ་སོགས་བསྟན་པའི་རྒྱུ་མཚན་ཡང་ཅི་ཞེ་ན། དང་པོ་དགའ་བ་འགྲོ་བའི་གཟུགས་ཞེས་པ་འགྱུར་བཅས་རྣམ་པར་རྟོག་པ་དང་འབྲེལ་བའོ། །དེ་བཞིན་དུ་མཆོག་དགའ་ཡང་བདེ་བ་ལ་དམིགས་པས་ཟག་བཅས་སུ་འགྲོ་བ་ཉིད་དང་། དགའ་བྲལ་གྱི་དགའ་བའང་རྟོག་པ་དང་བཅས་པས་འགྲོ་བ་ཉིད་ཡིན་པས། གསུམ་པོ་དེ་ལ་ལྷན་ཅིག་སྐྱེས་པ་མེད་པར་གསུངས་པ་དང་། སྔར་ཆོས་ཐམས་ཅད་ལ་ལྷན་སྐྱེས་ཀྱིས་ཁྱབ་པར་གསུངས་པ་གཉིས་ཐེ་ཚོམ་དུ་གྱུར་པའི་དོན་ཏོ། །འདི་དག་གི་ངེས་དོན། ཁམས་བྱང་ཆུབ་ཀྱི་སེམས་ཀྱི་རྟོག་པའི་རིམ་པ་ཡིན་ཏེ། ཕུང་པོ་དང་སྐྱེ་མཆེད་ཀྱི་རྣམ་རྟོག་རྣམས་དེ་


KMC011_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དང་སྙིང་རྗེ་ཆེན་པོ་ལ་སོགས་པ་ཡིན་ལ། མཆོག་ཏུ་ངོ་མཚར་དུ་གྱུར་པ་ནི་དགའ་བ་སྟེ་འདོད་ཆགས། བརྒྱལ་བ་ནི་མཆོག་དགའ་སྟེ་གཏི་མུགའགྱེལ་བ་ནི་དགའ་བྲལ་ཏེ་ཞེ་སྡང་། དེ་གསུམ་ནི་ཉོན་མོངས་པ་དང་བཅས་པས་ལྷན་ཅིག་སྐྱེས་པ་མ་ཡིན་ལ། རྟོག་པ་གསུམ་པོ་འདི་ལ་རྟོག་པ་དང་བྲལ་བ་མེད་དོ་ཞེས་བྱ་བའོ། །གཉིས་པ་ནི། བཅོམ་ལྡན་བཀའ་སྩལ་ཀྱེ་རྡོ་རྗེ། །སངས་རྒྱས་ཀུན་གྱི་སྐུ་གཅིག་པ། །རྡོ་རྗེ་སྙིང་པོས་རྟོགས་བྱའི་ཕྱིར། །ཐེ་ཚོམ་ལེགས་པར་སེལ་བ་ནི། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱིས་རྣམ་པར་སྤངས། །དེ་ཡང་དགའ་བྲལ་དང་པོར་མཚོན། །དགའ་བ་གསུམ་པོ་རྣམས་པར་སྤངས། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་སོམ་ཉི་བསལ་བའི་ཆེད་དུ་བཀའ་སྩལ་པ་ནི། ཐབས་ཤེས་གཉིས་སུ་མེད་པའི་ཀྱེའི་རྡོ་རྗེ། སངས་རྒྱས་ཀུན་གྱི་རྡོ་རྗེ་གསུམ་མི་ཕྱེད་པའི་སྐུ་གཅིག་པའི་ཟུང་འཇུག་དོན་དམ་ལྷན་སྐྱེས་དེ།


KMC011_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་གཞན་གྱི་སྣང་ངོར། སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རྟོགས་པར་བྱ་བའི་ཕྱིར། ཐེ་ཚོམ་དཔྱིས་ཕྱིན་པ་ལེགས་པར་སེལ་བ་ནི། ལྷན་སྐྱེས་དེ་ལ་མཆོག་དགའི་འདོད་ཆགས་མེད་ཅིང་དགའ་བྲལ་གྱི་ཆགས་བྲལ་ཡང་མེད་ལ། དེ་གཉིས་མིན་གྱི་དབུ་མ་དགའ་བ་དང་པོའི་རྟོག་པར་ཡང་དམིགས་པར་མི་འགྱུར་རོ། །དེ་ལྟར་དགའ་བ་གསུམ་པོའི་རྟོག་པ་སྤངས་པ་ཉིད་ཀྱི་ཕྱིར། ལྷན་ཅིག་སྐྱེས་པ་དེ་ལ་དྲི་མ་གདོད་ནས་ཟད་པ་བྱང་བ་དང་། འགྱུར་མེད་ཀྱི་བདེ་བ་ཆེན་པོ་ཡོངས་སུ་ཆུབ་ཅིང་རྟོགས་པས་འོད་གསལ་མངོན་པར་བྱང་ཆུབ་ཅེས་བརྗོད་དོ། །དེ་ལྟ་ན་བྱང་ཆུབ་ཆོས་ཐམས་ཅད་ཀྱི་ངོ་བོར་གནས་ན། ཇི་ལྟར་དགའ་བ་གསུམ་ལ་དེ་མེད་ཅེས་དོགས་པ་ལ། ཡང་ན། བཤད་པའི་རྣམ་གྲངས་གཞི་གནས་ཚུལ་གྱི་དབང་དུ་བྱས་ཏེ་ལྷན་སྐྱེས་བྱང་ཆུབ་དེ་ཉིད་དགའ་བ་གསུམ་པོ་ཐམས་ཅད་ཀྱི་བདག་ཉིད་དེ་དག་པའི་རང་བཞིན་ནི་དེ་ཡིན་པའི་ཕྱིར་རོ། །ཡང་ན། ལམ་རྟོགས་ཚུལ་གྱི་དབང་དུ་བྱས་ནས་གསུམ་པོ་དེ་རྣམས་དྲི་མ་དང་རྗེས་སུ་འབྲེལ་ཞིང་མ་དག་པས་དགའ་བ་གསུམ་པོ་ཀུན་གྱིས་ལྷན་སྐྱེས་ཀྱི་བྱང་ཆུབ་རྣམ་པ་


KMC011_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཤིང་བྲལ། ཅེས་བཤད་པ་མི་འགལ་ལ། ལྷན་སྐྱེས་དེ་ཡང་ཁམས་འཕོས་ཏེ་བདེ་བ་ཉམས་པའི་དགའ་བྲལ་དེའི་དང་པོའམ་སྔོན་དུ་མཚོན་པར་བྱ་ཞིང་། གོང་གི་དགའ་བ་གསུམ་པོའི་རྟོག་པ་རྣམ་པར་སྤངས་པའོ། །དེ་ཡང་དགའ་བྲལ་དང་པོར་མཚོན། ཞེས་པ་ལ། རྗེ་བཙུན་མཻ་ཏྲི་པ་ལྟར་ན། མཆོག་དགའི་མཐའ་དང་། དགའ་བྲལ་གྱི་དང་པོར་ལྷན་སྐྱེས་མཚོན་པའི་དོན་དུ་འཆད་ཅིང་། དཔལ་ནཱ་རོ་པས། དགའ་བྲལ་དང་པོར་ཡོད་པ་སྤངས་པས་མཚོན་པར་གྱུར་པའི་ལྷན་སྐྱེས་བཞི་པར་བཞེད་པ་གཉིས་ཀས་ཀྱང་དགའ་བའི་རྟོག་པ་དང་བཅས་པ་གསུམ་པོ་རྣམ་པར་སྤང་དགོས་པར་མཐུན་ཅིང་། རང་བྱུང་བའི་ཞལ་སྔ་ནས། ཡང་ན་གཟུང་འཛིན་ཀུན་གྱིས་རྣམ་པར་སྤངས་པ་སྟེ། འོན་ཀྱང་མཚོན་བྱེད་ཀྱི་དབང་དུ་བྱས་ནས་དེ་ཡང་དགའ་བྲལ་གྱི་དང་པོར་རྟོག་བྲལ་མ་འཁྲུལ་བའི་ངོ་བོར་མཚོན་ཏེ་དགའ་བ་གསུམ་པོ་ནི་རྣམ་པར་སྤངས་པ་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་ནི། དང་པོ་སྤྲིན་དང་འདྲ་བ་ཡིན། །གྲུབ་པ་སྒྱུ་མ་ལྟ་བུར་འགྱུར། །གཉིད་ལོག་སད་པ་མི་ཕྱེད་པ། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །དངོས་གྲུབ་མཚན་


KMC011_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མི་ཕྱེད་པའི། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་གསུངས་ཏེ། འདིའང་རང་བྱིན་རླབས་ལ་སྦྱར་ན་དགའ་བ་བཞིའམ་སྟོང་པ་བཞིའི་རིམ་པའི་རྫོགས་རིམ་བསྒོམ་པས་དང་པོར་མཚན་མ་སྤྲིན་ནམ་དུ་བ་ལྟ་བུ་ཞེས་པ་སྒྲིབ་བཅས་སྲབ་མོས་གཡོགས་པའི་ཟླ་བ་དང་འདྲ་བའམ་དངོས་པོ་རྣམས་མི་རྟག་པར་ཤེས་པ་ཡིན་ལ། དེ་ནས་ཅུང་ཟད་གྲུབ་པའི་རྟགས་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་སེམས་ཀྱི་སྤྲུལ་པ་མེད་བཞིན་དུ་སྣང་བར་འགྱུར་ཞིང་། དེའི་འོག་ཏུ་གཉིད་ལོག་པ་དང་སད་པའི་རྣམ་པ་སོ་སོར་མི་ཕྱེད་པ་དུས་རྟག་ཏུ་རྨི་ལམ་དང་འདྲ་བར་ཡུལ་དང་ཡུལ་ཅན་ཐ་མི་དད་པ་མཉམ་བཞག་གིས་ཉིན་སྒྱུ་ལུས་དང་མཚན་འོད་གསལ་བ་ཁོར་ཡུག་ཏུ་འགྱུར་བའི་མཐར། མཆོག་གི་དངོས་གྲུབ་བདེ་སྟོང་མཚན་ཉིད་ཐ་དད་དུ་མི་ཕྱེད་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རྟོགས་པ་སློབ་པ་དང་མི་སློབ་པ་ལ་གནས་པའི་རྣལ་འབྱོར་པ་ཡིས་འགྲུབ་བོ། །དཀྱིལ་འཁོར་འཁོར་ལོ་ལ་སྦྱར་ན། ལྷན་སྐྱེས་ཀྱི་རྣལ་འབྱོར་ལ་འབད་པས་དང་པོར་ཉམས་མྱོང་སྤྲིན་དང་འདྲ་བར་གཡོ་ཞིང་མི་བརྟན་ལ། ལྷན་སྐྱེས་གྲུབ་པ་ན་གསལ་ལ་


KMC011_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་པ་སྒྱུ་མ་ལྟ་བུར་འབྱུང་། གོམས་པས་མཉམ་རྗེས་འདྲེས་ཏེ་གཉིད་ལོག་པ་དང་སད་པའི་གནས་སྐབས་དབྱེར་མི་ཕྱེད་པར་དུས་རྟག་ཏུ་ཆོས་ཐམས་ཅད་རང་བཞིན་མེད་པ་རྨི་ལམ་གྱི་སྣང་བ་དང་འདྲ་བར་འགྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་ཉིད་བདེ་སྟོང་དབྱེར་མི་ཕྱེད་པ་དེ་ནི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་རྣལ་འབྱོར་པ་ཡིས་འགྲུབ་བོ་ཞེས་སོ། །དེ་ལ་སྔ་མ་ནི་རང་བྱུང་ཡབ་སྲས་ཀྱི་བཞེད་པ་ཡིན་ལ། ཕྱི་མ་ནི་སྐབས་འདིས་བསྟན་དོན་དངོས་སོ། །གསུམ་པ་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ་ལ་ལྔ། དཀྱིལ་འཁོར་འབྲི་ཞིང་རྒྱན་བཀོད་པ། དེའི་འོག་ཏུ་ཐིག་གདབ་པ། དེའི་ཡང་ཐོག་མར་བསྙེན་པ་དང་ས་ཆོག་སོགས་བྱ་བ། ནང་དཀྱིལ་འབྲི་བ། བདག་ཉིད་འཇུག་པ་གར་དང་བཅས་པའོ། །དང་པོ་ནི། སྟོན་པས་དཀྱིལ་འཁོར་འདི་སྐད་གསུངས། །གྲུ་བཞི་ཡང་དག་འབར་བ་ཉིད། །སྒོ་བཞི་གཟི་བརྗིད་ཆེན་པོ་སྟེ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཕྲེང་བ་ལ་སོགས་རྔ་ཡབ་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །རྡོ་རྗེ་སྲད་བུ་མཉམ་པར་ལྡན། །མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན། །གདུག་པ་མར་མེ་


KMC011_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དྲི། །བུམ་པ་བརྒྱད་ལ་སོགས་པ་ལྡན། །དེ་ཡང་ཡལ་ག་ལ་སོགས་བརྒྱན། །མགྲིན་པ་གོས་ཀྱིས་བཀབ་པ་དང་། །རིན་ཆེན་ལྔ་ནི་ཡོངས་སུ་གཞུག །རྣམ་པར་རྒྱལ་བ་ཤར་དུ་སྦྱིན། །ཅེས་གསུངས་ཏེ། ལམ་སྟོན་པར་མཛད་པས་རྡུལ་ཚོན་གྱི་དཀྱིལ་འཁོར་བྱ་བའི་ཆོ་ག་འདི་སྐད་གསུངས་ཏེ། གྲུ་བཞི་འོད་ཟེར་ལྔ་ཡང་དག་པར་འབར་བ་མི་མཉམ་པ་མེད་པ་ཉིད་དང་། སྒོ་བཞི་རྟ་བབས་བཞི་དང་བཅས་པ་གཟི་བརྗིད་ཆེན་པོ་སྟེ། རྩིག་པ་དང་ཕ་གུའི་སྟེང་གི་གསེར་གྱི་སྐ་རགས་བཞི་ལས་མ་ཀ་རའི་ཁ་ནས་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བས་བརྒྱན་པའི་བར་དུ། མེ་ཏོག་གི་ཕྲེང་བ་དང་ལ་སོགས་པའི་ཁོངས་སུ་ཉི་ཟླ་དྲིལ་བུ་མེ་ལོང་རྔ་ཡབ་དང་ལྡན་པ། སྒོ་ཡི་ཡ་ཕུབ་ཀྱི་བར་གདུང་འདེགས་པའི་ཀ་བའམ་ཁྱམས་ཀྱི་ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པ་དང་། རྡོ་རྗེ་སྲད་བུ་མཉམ་པར་ལྡན་པ་ནི། ཁ་ཅིག་ཕྱོགས་བཞིའི་ཐིག་དང་། ལ་ལས་རྡོ་རྗེའི་གདུང་དང་། རེ་ཁཱ་ལྔ་ལ་འཆད་མོད་ཀྱང་། གོང་མ་དག་པདྨའི་མུ་ཁྱུད་ཀྱི་རྡོ་རྗེའི་ཕྲེང་བ་སྲད་བུ་སྐོར་བ་ལྟར་འཁོར་བ་ལ་ངོས་བཟུང་ཞིང་། ཕྱིའི་ཁྱམས་སམ་སྟེགས་བུ་


KMC011_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མེ་ཏོག་སྣ་ཚོགས་ཀྱིས་མཚོན་ཏེ་དཔག་བསམ་གྱི་ཤིང་བུམ་བཟང་ལས་འཐོན་པས་ཉེ་བར་བརྒྱན་ལ། འདོད་ཡོན་གྱི་སྣམ་བུ་ལ་གདུག་པ་མ་ནག་མོ། མར་མེ་མ་དམར་མོ། དེ་བཞིན་དུ་དྲི་ཆབ་མ་སེར་མོ། དེས་མཚོན་པའི་ལྷ་མོ་བཅུ་དྲུག་པོ་མཆོད་རྫས་འཛིན་པ་རྣམས་འཁོད་པ་དང་། བུམ་པ་བརྒྱད་ནི་ནང་གི་ལྷ་སྣམ་ལ་ཕྱོགས་སུ་གཉིས་གཉིས་རྒྱན་དང་བཅས་པ་འབྲི་བ་དང་། ལ་སོགས་པ་ལྡན། ཞེས་སྟ་གོན་གྱི་སྐབས་ཀྱི་བུམ་པ་ཡང་བསྟན་ཏེ། དེའི་གྲངས་ཅི་རིགས་པ་དེ་ཡང་ལྗོན་ཤིང་གི་ཡལ་ག་ལ་སོགས་པ་ལོ་འབྲས་ཡོད་པས་ཁ་བརྒྱན་ཞིང་མགྲིན་པ་གོས་ཀྱི་སྒྲས་རས་ཁ་ཚར་མ་ཉམས་པའི་མགུལ་དཀྲིས་ཀྱིས་བཀབ་པ་སྲད་བུས་བཅིངས་པ་དང་། ནང་དུ་རིན་ཆེན་ལྔ་ནི་ཁྲོལ་བུར་བླུགས་ཤིང་དེས་མཚོན་ཏེ་སྨན་ལྔ་འབྲུ་ལྔ་དྲི་ལྔ་སྙིང་པོ་ལྔ་རྣམས་ཡོངས་སུ་གཞུག་པ་དང་ལྡན་པའི་རྣམ་པར་རྒྱལ་བའི་བུམ་པ་ཤར་སྒོའི་ཕྱི་རོལ་དུ་སྦྱིན་ཞིང་དགོད་ལ། ལྷ་བུམ་གཞན་ཡོད་ན་སོ་སོའི་ཕྱོགས་དང་། ལས་བུམ་བྱང་ཤར་དུ་འགོད་དོ། །དཀྱིལ་འཁོར་གྱི་ངེས་དོན་ནི། གྲུ་བཞི་ཆོས་ཐམས་ཅད་མཉམ་པ་ཉིད། འོད་ལྔ་ཡེ་ཤེས་ལྔ། སྒོ་བཞི་


KMC011_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཉེར་བཞགགཟི་བརྗིད་བདུད་བཞི་གནོན་པ། དོ་ཤལ་དང་དོ་ཤལ་ཕྱེད་པ་རྩ་ཉོན་དང་ཉེ་ཉོན་དག་པ། མེ་ཏོག་ཕྲེང་བ་སོགས་བྱང་ཆུབ་ཀྱི་ཡན་ལག་བདུན། རྔ་ཡབ་ལམ་གྱི་ཡེ་ཤེས། ཀ་བ་བརྒྱད་རྣམ་ཐར་བརྒྱད། རྡོ་རྗེའི་སྲད་བུ་ཚད་མེད་བཞི། སྟེགས་བུ་རྫུ་འཕྲུལ་རྐང་བཞི། མེ་ཏོག་སོགས་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་རང་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །གསར་པ་ལེགས་པར་བཀལ་བ་དང་། །ཤིན་ཏུ་ཚད་མ་མཛེས་པ་ཡི། །སྲད་བུས་ཤེས་རབ་ཅན་གྱིས་གདབ། །ཅེས་གསུངས་ཏེ། ལས་ཐིག་སྔོན་དུ་འགྲོ་བས་ཡེ་ཤེས་ཀྱི་ཐིག་ཀྱང་། སློབ་དཔོན་རང་འདོད་ལྷ་གཙོ་བོ་དང་། གྲོགས་གཞོན་ནུ་མ་ལས་ཐམས་ཅད་པའི་གཟུགས་ཀྱིས་ནི། དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པའི་ཐིག་སྐུད་གསར་པ་རས་ཀྱི་སྲད་བུ་ཁ་དོག་ལྔ་ལེགས་པར་ཏེ། འཇུར་མདུད་མེད་ཅིང་ཆ་སྙོམས་པར་བཀལ་བ་དང་། ཤིན་ཏུ་ཚད་མ་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམས་སུ་སྒོའི་ཉི་ཤུའི་ཆ་ཁ་དོག་བསྒྱུར་བ་མཛེས་པའི་སྲད་བུས་སློབ་དཔོན་སློབ་མ་ཐིག་གི་ལས་སོགས་དེ་


KMC011_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཅུ་པོ་ཁོང་དུ་ཆུད་པའི་ཤེས་རབ་ཅན་གྱིས་གདབ་པའི་ཆོ་གས་གདབ་པར་བྱའོ། །གསུམ་པ་ནི། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །གོང་དུ་གསུངས་པའི་སྔགས་ཉིད་ཀྱིས། །མཁས་པས་འཛིན་མ་རྣམ་པར་སྦྱང་། །གོང་གིས་ཨ་སོགས་སྔགས་ཀྱིས་ནི། །དེ་ལ་གཏོར་མ་རྣམ་པར་སྦྱིན། །ཇི་ལྟར་བསམ་གཏན་དེ་བཞིན་འདིར། །བསྲུང་བ་ཇི་ལྟར་གསུངས་པ་ཉིད། །གང་ཞིག་དབང་ནི་རབ་ཕྱེ་བ། །རང་གི་དཀྱིལ་འཁོར་ཆོ་གས་སྦྱིན། །མཆོད་དང་གསོལ་བ་གདབ་པ་ཉིད། །ཇི་ལྟར་བཤད་པ་དེ་བཞིན་འདིར། །ཅེས་གསུངས་ཏེ། དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་ཐོག་མར་སློབ་དཔོན་གྱིས་བསྙེན་པ་བྱ་བའི་དུས་སུ་འཁོར་ལོའི་བདག་པོ་སྟེ་གཙོ་བོ་ཡབ་ཡུམ་སོ་སོའི་སྙིང་པོ་སོགས་ཀྱི་བཟླས་པ་འབུམ་ཕྲག་གཅིག་དང་དཀྱིལ་འཁོར་ཅན་གྱི་སྟེ་ཡབ་ལ་ལྷ་མོ་དགུ་དང་ཡུམ་གྱི་བཅུ་བཞི་ལའང་སྔ་མ་དེ་བཞིན་དུ་སོ་སོའི་སྔགས་ཁྲི་ཕྲག་རེ་བཟླ་བ་གྲངས་ཀྱི་བསྙེན་པའོ། །གོང་དུ་སྔགས་ཀྱི་ལེའུར་གསུངས་པའི་ཨོཾ་རཀྵའི་སྔགས་ཉིད་ཀྱིས། སློབ་དཔོན་ལས་ཀྱི་རིམ་པ་ལ་མཁས་པས་འཛིན་མ་


KMC011_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ས་རྣམ་པར་སྦྱང་། གོང་གི་ཨ་ཀཱ་རོ་སོགས་སྔགས་ཀྱིས་ནི་སའི་ལྷ་མོ་དང་གཞི་བདག་དེ་ལ་གཏོར་མ་རྣམ་པར་སྦྱིན་ལ། དེ་ནས་ལེའུ་གསུམ་པར་སྲུང་འཁོར་གྱི་བསམ་གཏན་གསུངས་པ་དེ་བཞིན་དུ་འདིར་ཡང་ས་བསྲུང་བའི་ཕྱིར། སྲུང་བ་རྒྱས་བསྡུས་རྩ་རྒྱུད་དང་བཤད་རྒྱུད་ལས་ཇི་ལྟར་གསུངས་པ་ཉིད་བསྒོམ་ཞིང་། སློབ་མ་གང་ཞིག་དཀྱིལ་འཁོར་དུ་འཇུག་པ་གྲུབ་ནས་དབང་བསྐུར་བ་ནི་རབ་ཏུ་དབྱེ་བ། འདིའི་གོང་འོག་སྡེབ་པ་དང་། བཤད་རྒྱུད་སོགས་ཀྱི་ཁ་བསྐངས་ཏེ་རང་རང་གི་དཀྱིལ་འཁོར་གྱི་ཆོ་གས་ཡོངས་སུ་རྫོགས་པར་སྦྱིན་ནོ། །ས་བཟུང་བའི་ཚེ་སློབ་དཔོན་དང་དཀྱིལ་འཁོར་སྒྲུབ་པའི་ལྷ་དང་། དབང་རེ་རེའི་སྔོན་དུ་མཆོད་པ་དང་གསོལ་བ་གདབ་པ་ཉིད་ནི། རྩ་བཤད་ཀྱི་རྒྱུད་རྣམས་དང་དེ་ཉིད་བསྡུས་པ་ལས་ཇི་ལྟར་བཤད་པ་དེ་བཞིན་དུ་འདིར་བྱའོ། །བཞི་པ་ནི། འཕར་མ་གཉིས་བཟང་རྣམ་བྲིས་ནས། །མྱུར་དུ་དཀར་མོ་ལ་སོགས་བྲི། །ཤར་དུ་གྲི་གུག་རྣམ་པར་བྲི། །ལྷོ་དང་ནུབ་ཏུའང་དེ་བཞིན་ནོ། །བྱང་དང་མེ་ཡི་མཚམས་དང་ནི། །བདེན་བྲལ་རླུང་དུའང་དེ་བཞིན་ནོ། །དབང་ལྡན་དུ་ནི་ཅི་


KMC011_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། །དེ་ལྟ་དེ་ལྟར་འོག་དང་སྟེང་། །ཞེས་གསུངས་ཏེ། དཀྱིལ་འཁོར་འབྲི་བ་སྔར་གསུངས་པའི་འཕར་མ་རིམ་པ་གཉིས་ཡན་ལ་རིམ་པ་གཅིག་ཚད་སྙོམས་པས་བཟང་པོ་རྣམ་པར་བྲིས་ནས། འགྱང་ན་བར་ཆད་འོང་བས་དེའི་མོད་ལ་མྱུར་དུ་ལྷ་མོ་དཀར་མོ་ལ་སོགས་པའི་མཚན་མ་བྲིའོ། །ཇི་ལྟར་ཞེ་ན་འདིར་ཕྱག་མཚན་ཏེ། ཤར་དུ་གྲི་གུག་རྣམ་པར་བྲི་བས་མཚོན་ཏེ། ཡབ་ཀྱི་དཀྱིལ་འཁོར་དུ་ལྷ་མོ་བརྒྱད་ཀྱི་ཕྱག་མཚན་དང་། ཡུམ་ལ་ཤར་གྱི་འདབ་མར་བྲིས་པ་དེ་བཞིན་དུ་ལྷོ་དང་ནུབ་ཏུའང་དེ་བཞིན་དང་བྱང་དང་མེའི་མཚམས་དང་ནི། བདེན་བྲལ་རླུང་དུའང་དེ་བཞིན་ནོ། །དབང་ལྡན་དུ་ནི་ཅི་སྐད་གསུངས་པའི་ཕྱག་མཚན་གྲི་གུག་འབྲི་བར་བྱས་ལ། དེ་ལྟ་དང་དེ་ལྟར་འོག་ནུབ་ཀྱི་ནུབ་དང་སྟེང་ཤར་གྱི་ཤར་དུ་གྲི་གུག་བྲི་སྟེ། ལྷ་མོ་བཅོ་ལྔའི་གཡས་ཀྱི་ཕྱག་མཚན་དེ་ཉིད་ཡིན་པས་སོ། །ལྔ་པ་ནི། རྡོ་རྗེ་སེམས་དཔའི་བསྙེམས་བྱས་ནས། །རྐང་པ་གཡས་པ་བརྐྱང་བྱས་ཏེ། །ཕྱག་གཉིས་ཀྱེ་རྡོ་རྗེ་སྦྱོར་བས། །སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད། །ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །


KMC011_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་བསྙེམས་པ་བྱས་ནས་ནི། །ཧི་ཧི་རྣམ་པས་འཇིགས་བྱེད་བདག །ཅེས་གསུངས་ཏེ། དཀྱིལ་འཁོར་སྒྲུབ་མཆོད་ཕྱི་རོལ་གཏོར་མ་བཏང་ཚར་ནས། སློབ་དཔོན་རྡོ་རྗེ་སེམས་དཔའ་སྟེ་གཙོ་བོའི་བསྙེམས་པའི་ང་རྒྱལ་བྱས་ནས། རྐང་པ་གཡས་པ་བརྐྱང་པའི་སྟངས་སྟབས་བྱས་ཏེ་ཤར་སྒོ་སོགས་སུ་ཞལ་ཕྱག་བསྡུས་པ་ཕྱག་གཉིས་ཀྱཻ་རྡོ་རྗེའི་སྦྱོར་བས་སྒོ་དབྱེ་མེ་ཏོག་དབུལ་བ་སོགས་སྔོན་དུ་འགྲོ་བས། སློབ་མ་ལྟར་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པ་ཉིད་ཀྱིས་གཙོ་བོ་ལས་དབང་བླང་བ་ཤུགས་ཀྱིས་གྲུབ་ལ། དེའང་ལས་བུམ་གྱིས་ཁྲུས་དང་གཙང་སྦྲ་ལ་གནས་ཤིང་དྲི་ཞིམ་པོས་ལུས་བྱུག་ནས་སྣ་ཚོགས་པའི་རྒྱན་གྱི་དབྱེ་བ་རྣམ་པ་དྲུག་དང་གོས་ཀྱིས་རྣམ་པར་བརྒྱན་ཏེ། ཧེ་རུ་ཀ་བསྐྱོད་པའི་གར་གྱིས་ཧཱུྃ་ཧཱུྃ་ཞེས་བསྙེམས་པ་བྱས་ནས་ནི། བདག་མེད་མ་བདེ་བའི་གར་དང་ཧཱི་ཧཱི་ཞེས་པས་བདུད་རྣམ་པར་འཇིགས་ཤིང་མྱོས་པར་བྱེད་པའི་བདག་ཉིད་དུ་བྱའོ། །འདིས་ས་ཆོག་གི་སྐབས་སུའང་རྒྱས་པར་བཤད་རྒྱུད་རྡོ་རྗེ་མགུར་ལས་འབྱུང་བའི་གར་རྒྱས་པའམ། བསྡུ་ན་འདི་ཙམ་བྱ་བའང་ཤུགས་ལས་བསྟན་ཏོ། །འདི་རྣམས་ཀྱི་


KMC011_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་དོན་ཀྱང་ནཱ་རོ་པ་དང་ཌྷཾ་ག་ད་ཤ་རྣམས་ཀྱིས་ཤིན་ཏུ་རྒྱས་པར་བཤད་དོ། །བཞི་པ་དབང་བཞི་པའི་གནས་ལུགས་ནི། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་ཅིང་འཛིན་པའང་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་གཅི་བའང་མེད། །སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང་། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་དང་ང་རྒྱལ་མེད་ཅིང་མཐོང་བྱ་མེད། །བསྒོམ་དང་སྒོམ་པ་པོ་མེད་བཤེས་དང་དགྲ་མེད་ཅིང་། །རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །ཞེས་གསུངས་ཏེ། དབང་གསུམ་པ་ཤེས་རབ་ཡེ་ཤེས་ཉམས་སུ་མྱོང་བའི་ཕྱི་ནས། དཔེ་དང་དོན་གྱི་དེ་ཁོ་ན་ཉིད་ཡང་དག་པར་བཤད་པ། རྣམ་རྟོག་མཚན་མའི་དྲི་མ་དང་བྲལ་བ་རྣམ་པར་དག་པའི་ཡེ་ཤེས་བདེ་བ་ཆེན་པོའི་གཟུགས་སམ་རང་བཞིན་ཅན་དང་། ཀུན་ནས་ཉོན་མོངས་པ་དང་བཅས་པའི་འཁོར་བ་དང་དེ་དག་


KMC011_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་བྱང་བ་གཉིས་སུ་འཛིན་པའི་རྣམ་པར་རྟོག་པ་ལ། དོན་དམ་པར་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཐམས་ཅད་རང་བཞིན་མེད་པས་ངོ་བོ་མཉམ་པ་ཉིད་ཟུང་དུ་འཇུག་པའི་ཕྱིར་རོ། །དེས་ན་མཆོག་དགར་ནི་བླ་ན་མེད་པའི་ཤེས་རབ་སྤྲོས་མེད་དོན་དམ་པའི་ལྷན་སྐྱེས་སོ། །དེའི་རང་བཞིན་དུ་གཉིས་སུ་མི་དམིགས་པས་བསྒོམ་པར་བྱ་བའི་ཡུལ་མེད་ཅིང་སྒོམ་པ་པོའི་གང་ཟག་ཏུའང་མེད་དེ། མཚན་འཛིན་དང་བྲལ་བས་སོ། །རྣལ་འབྱོར་པའི་ལུས་སུ་སྣང་བ་དག་ཀྱང་ལྷན་སྐྱེས་ལས་གཞན་དུ་གྲུབ་པ་མེད་ཅིང་གང་གཟུང་བའི་ཡུལ་གཟུགས་སོགས་མ་དག་པ་མེད་ཅིང་། དེ་རྣམས་འཛིན་པའི་དབང་ཤེས་ཀྱི་ཞེན་པའི་དྲི་མའང་མེད་དོ། །དེས་ན་ལུས་མེད་པས་ལུས་ཀྱི་མི་གཙང་བའི་རྫས་ཤ་དང་ཁྲག་ཀྱང་མེད་ཅིང་བཤང་བ་དང་གཅི་བའང་མེད་པས་སྐྱུག་བྲོ་བར་ལྟ་བ་དང་། བདག་དང་བདག་གིར་འཛིན་པའི་རྨོངས་པ་མེད་ལ། ཁྲུས་དང་དག་བྱེད་ཀྱི་གཙང་སྦྲར་འཛིན་པ་མེད་པས་མཆོད་ཕྱིར་ཐོགས་ཚངས་སྐུད་འཆང་བ་དང་། ཆུས་དག་པར་ཞེན་པ་མེད་པ་དང་། ཚུལ་བཞིན་མ་ཡིན་པའི་ཉོན་མོངས་རང་


KMC011_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སར་དག་པ་ཉིད་ཀྱི་ཕྱིར། འདོད་ཆགས་མེད་པས་དེ་ལ་བརྟེན་པའི་ཞེ་སྡང་བ་མེད་པ་དང་། ཀུན་ཏུ་རྨོངས་པའི་གཏི་མུག་མེད་ཅིང་གཞན་ལ་ཕྲག་དོག་པ་མེད་ལ། བདག་གིར་བ་ལ་སེར་སྣ་དང་བདག་ལ་ང་རྒྱལ་བའང་མེད་ཅིང་། མཐོང་བར་བྱ་བའི་ཤེས་བྱ་ཤེས་བྱེད་ཀྱང་སོ་སོར་མ་གྲུབ་པས་མེད་དོ། །ཉོན་མོངས་མེད་པའི་ཚེ། དེའི་གཉེན་པོ་བསྒོམ་བྱ་དང་སྒོམ་པ་པོ་མེད་ལ། མཛའ་བཤེས་དང་དེ་ལས་ལྡོག་པའི་དགྲར་འཛིན་པའམ། ཡང་ན་ཤཱནྟི་པའི་བཞེད་པ་ལྟར་ན། དགེ་བའི་བཤེས་གཉེན་སངས་རྒྱས་སོགས་དང་། དགྲ་སྡིག་གྲོགས་དང་མུ་སྟེགས་ལྟ་བ་ངན་པ་ལ་སྤང་བླང་གི་ཞེན་པ་རོ་མཉམ་པས་ཐ་དད་པ་མེད་ཅིང་། མདོར་ན་ཐམས་ཅད་ཀྱང་ལྷན་སྐྱེས་སོ། །ཞེས་པའི་རློམ་སེམས་ཙམ་ཡང་མེད་པའི་རྣམ་པར་མི་རྟོག་པའི་ལྷན་ཅིག་སྐྱེས་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་གནས་སྣ་ཚོགས་པ་ཉིད་དོ་ཞེས་པའི་དོན་སྒྲ་ཇི་བཞིན་པར་གསུངས་སོ། །ལྔ་པ་འབྱུང་བའི་ཕུང་པོའི་དྲིས་ལན་བསྟན་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྡོ་རྗེ་སྙིང་པོས་འདི་སྐད་གསོལ། །གཟོད་ནས་རང་བཞིན་མེད་པ་ཡི། །ལུས་ཀྱི་རང་


KMC011_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དག་པ་ནི། །ཅི་སླད་འབྱུང་བའི་བདག་ཉིད་ལགས། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །མཁའ་འགྲོ་བདེ་བ་སྦྱིན་པས་གསུངས། །རློམ་སེམས་མེད་པའི་རང་བཞིན་བདག །ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ལ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་བ། རྡོ་རྗེ་འཆང་ཆེན་པོ་ཁྱོད་ཀྱིས་འཁོར་བ་རྣམ་བྱང་མཐའ་དག་ཐོག་མའམ་གཟོད་ནས་རང་བཞིན་མེད་པའི་ལུས་ཀྱི་རང་བཞིན་ལྷན་སྐྱེས་སུ་དག་པ་ནི་རྒྱས་པར་བཀའ་སྩལ་པ་དེ་ལྟར་གདོད་ནས་མེད་པ་ཡིན་ན། ཅིའི་སླད་དུ་སྐྱེ་འཇིག་མེད་པའི་ལུས་འབྱུང་བའི་བདག་ཉིད་ཅན་དུ་འབྱུང་བ་ལགས། ཞེས་ཞུས་པའི་རྗེས་དེ་ནས་བཅོམ་ལྡན་འདས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཅན་ཤེས་རབ་སྟོང་པའི་རང་བཞིན་གྱི་མཁའ་འགྲོ་མ་རྣམས་ལ་བདེ་བ་ཆེན་པོའི་ཐབས་སྦྱིན་པར་མཛད་པའི་ལན་ནི་འདི་སྐད་ཅེས་གསུངས་སོ། །འགྱུར་འདིར་རློམས་སེམས་ནི་བཤད་མ་ཐག་པ་ལྟར་ལ། གཞན་དུ་ཁྲོ་གཉེར་དང་། དབའ་རླབས་མེད་པ་ཞེས་བྱུང་བ་ནི་རྣམ་རྟོག་གི་དོན་ཏེ། བྱིས་པ་སོ་སོའི་སྐྱེ་བོས་རྣམ་རྟོག་གིས་སྒྲོ་


KMC011_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པའི་རིམ་པའམ་རྒྱུན་ཆགས་པ་མེད་པའི་རང་བཞིན་དོན་དམ་པ་ལྷན་སྐྱེས་བདེ་བའི་ངོ་བོ་དེ་ཉིད། ཀུན་རྫོབ་རྟེན་འབྲེལ་གྱི་བདག་ཉིད་འབྱུང་བ་བཞི་ཐམས་ཅད་ཚོགས་པ་མ་དག་པའི་ལྷན་སྐྱེས་ཟག་བཅས་ཀྱི་ལུས་སུ་སྣང་བ་ལ་རྣམ་པར་གནས་པ་ལས་འབྱུང་ངོ་། །གཉིས་པ་ནི། ཀྱེ་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོའི་ཕུང་པོ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བོལླ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བའི་ཆོས་ཀྱིས་ནི། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཁུ་བའི་རྣམ་པ་ལས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཅེས་གསུངས་ཏེ། སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་སླར་གསོལ་བ། ཀྱེ་བཅོམ་ལྡན་འདས་ཅིའི་སླད་དུ་ལྷན་སྐྱེས་ལས་ཀུན་རྫོབ་ཀྱི་འབྱུང་བ་ཆེན་པོའི་ཕུང་པོ་གྲུབ་པ་ལགས། བཅོམ་ལྡན་འདས་ཀྱིས་ཞུས་པའི་ལན་བཀའ་སྩལ་པ། མངལ་སྐྱེས་ཀྱི་ལུས་འགྲུབ་པའི་རྒྱུ་ཞུ་བདེའི་ལྷན་


KMC011_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ནི་འབྱུང་བ་ལས་སྐྱེ་བ་སྟེ་དེའང་ཕ་དང་མའི་བོ་ལ་དང་ཀཀྐོ་ལ་སྟེ་རྡོ་རྗེ་དང་པདྨ་སྦྱོར་བས་ཐོག་མར་རེག་པ་སྲ་བའི་ཆོས་འབྱུང་བ་ཉིད་ཀྱིས། མངལ་གྱི་སེམས་ཅན་གྱི་ཤ་དང་རུས་པ་སོགས་སའི་ཁམས་ནི་དེ་ལས་སྐྱེ་བར་འགྱུར་ཏེ་དགའ་བའི་སྐད་ཅིག་གི་མཐུས་སོ། །ཕ་མའི་བྱང་སེམས་ཁུ་བའི་རྣམ་པར་ཞུ་བ་ལས། དེའི་ཁྲག་སོགས་ཆུ་ཡི་ཁམས་ནི་མཆོག་དགའ་ལས་འབྱུང་བར་འགྱུར་ཞིང་། བསྐྱོད་ཅིང་སྲུབས་པ་ལས་ནི་དྲོད་མེའི་ཁམས་སྐྱེ་སྟེ་ཁྱད་དགའ་དང་། བྱང་སེམས་རྩ་སྒྲུབས་ནས་འགྲོ་ཞིང་གཡོ་བ་ལས་དེའི་ལུས་ཀྱི་རླུང་གི་ཁམས་སྐྱེད་བྱེད་དུ་རབ་ཏུ་གྲགས་ཤིང་གྲུབ་ལ། བདེ་བ་ཟག་བཅས་ལྷན་སྐྱེས་གཟུགས་སུ་མ་གྲུབ་ནམ་མཁའ་ཉིད་ཀྱི་ཁམས་ཡིན་ཏེ། དེའི་མཐུས་བུ་ག་དགུ་དང་ནང་གི་སྟོང་ཆ་དང་རྩ་སྦུབས་ལ་སོགས་པ་འབྱུང་ཞིང་། དེ་ལྟར་འབྱུང་བ་ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལས་ཕུང་པོར་གྱུར་པ་གང་གི་ཕྱིར་འབྱུང་བ་ཆེ་དང་བདེ་བ་ཕུང་པོའི་རྟེན་དུ་གྱུར་པ་འདུས་བྱས་འགྱུར་བ་ཅན་ཡིན་པ་དེའི་ཕྱིར་ཞུ་བདེ་ལས་སྐྱེས་པའི་བདེ་བ་དེ་ནི་དོན་དམ་པའི་དེ་ཁོ་ན་ཉིད་མ་ཡིན་ནོ། །དྲུག་པ་ལྷན་


KMC011_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་མཚན་ཉིད་ནི། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་གསུངས་ཏེ། གཞི་དུས་ཐབས་ཤེས་དབྱེར་མེད་པའི་རང་བཞིན་དུ་ལྷན་ཅིག་སྐྱེས་པས། ལམ་དུས་ཀྱང་གནས་ལུགས་གཤིས་ཀྱི་ངོ་བོར་གང་སྐྱེས་པ་དེ་ཉིད་དོན་གྱི་ལྷན་ཅིག་སྐྱེས་པ་ཞེས་བྱ་བར་དེ་ལ་བརྗོད་པར་བྱ་བ་ཡིན་ཏེ། སྐྱེ་བ་མེད་པ་རང་བཞིན་གྱི་གནས་ལུགས་ཉེར་ལེན་གྱི་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར། འབྲས་དུས་ཟུང་འཇུག་གི་ཡེ་ཤེས་ལྷན་ཅིག་སྐྱེས་པ་ཞེས་པའང་བརྗོད་དོ། །དེས་ན་འཁོར་བ་དང་མྱང་འདས་ཀྱི་རྣམ་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་སྡོམ་པ་དེ་ཉིད་དུ་གཅིག་པའོ་ཞེས་སོ། །མཁས་གྲུབ་འགའ་ཞིག་གིས། ཞུ་བདེ་དཔེའི་ལྷན་ཅིག་སྐྱེས་པ་གོམས་པས་ཟག་མེད་ཀྱི་ཡེ་ཤེས་གང་སྐྱེས་པ་དེ་ལ་དོན་གྱི་ལྷན་ཅིག་སྐྱེས་པར་བརྗོད་པ་དང་། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དང་དབྱེར་མེད་པས་རང་བཞིན་ལྷན་སྐྱེས་ཞེས་ཀྱང་བརྗོད་ཅིང་། རྣམ་པ་སྣ་ཚོགས་པའི་ཆོས་རྣམས་ཆོས་ཉིད་སྟོང་པ་ཉིད་དུ་སྡོམ་པ་དང་རོ་གཅིག་ཏུ་གྱུར་པ་


KMC011_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཤད་ཚུལ་མི་འདྲ་བ་མང་ངོ་། །འདི་ཡང་ངེས་དོན་ལྟར་བཤད་པ་ཉིད་དོ། །བདུན་པ་དོན་དམ་བྱང་ཆུབ་ཀྱི་སེམས་བཤད་པ་ནི། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཡོ་གི་སྙིང་རྗེ་ཐབས་སུ་འགྱུར། །སྟོང་པ་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་དང་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ལ་བཏབ་པའི་ཤེས་རབ་སྟོང་པ་ཉིད་ཀྱི་ཕྱག་རྒྱ་དེ་ལས་ཀྱི་ཕྱག་རྒྱའམ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་རྒྱུ་དང་བྲལ་བ་ཡིན་ཀྱང་། ཡོ་གི་སྟེ་དེ་དང་དབྱེར་མེད་དུ་སྦྱོར་བའི་མཚན་མེད་ཀྱི་སྙིང་རྗེ་མི་འགྱུར་བའི་བདེ་བ་ཆེན་པོ་ཐབས་སུ་འགྱུར་ཏེ། དེ་ལྟ་ན་ཤེས་རབ་སྟོང་པ་དང་ཐབས་སྙིང་རྗེ་དབྱེར་མེད་པའི་ཟུང་དུ་འཇུག་པ་ལས། དོན་དམ་པའི་བྱང་ཆུབ་གཉིས་སུ་མེད་པའི་ཡེ་ཤེས་དང་། སེམས་སྒྱུ་མ་ལ་སོགས་པའི་རང་


KMC011_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཐོབ་བྱ་ཐོབ་བྱེད་ཀྱི་ངོ་བོ་མེད་ཀྱང་བདེན་པ་གཉིས་རྗེས་སུ་འབྲེལ་བ་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བྱ་ཞེས་རྒྱལ་བ་རྣམས་ཀྱིས་རབ་ཏུ་བརྗོད་དོ། །དེ་ལྟ་ནའང་ཐབས་བསྐྱེད་རིམ་གྱི་ཕྱོགས་རྣམས་འདི་ལ་དགོས་སམ་སྙམ་ན། ཐབས་ཐམས་ཅད་ཀྱང་རྫོགས་རིམ་འདིར་དོན་གྱིས་ཚང་བས་ལོགས་སུ་མི་དགོས་པར་སྟོན་ཏེ། སྙིང་པོ་ཉེ་སྙིང་སོགས་སྔགས་ཀྱི་བཟླས་བརྗོད་མེད་དོ། །དེ་བཞིན་དུ་ཁ་ན་མ་ཐོ་བ་སྤངས་པ་དང་གོ་ས་གསུམ་བརྗེ་བ་དང་སྨྱུང་བར་གནས་པ་སོགས་ཀྱི་དཀའ་ཐུབ་མེད་པ་དང་མར་སོགས་ལྷ་མཆོད་པའི་རྫས་ཀྱི་སྦྱིན་སྲེག་མེད་ལ། གཙོ་འཁོར་གྱི་ལྷ་དཀྱིལ་འཁོར་ཅན་སྒོམ་པ་ཡང་མེད་ཅིང་། དཀྱིལ་འཁོར་རྟེན་གཞལ་ཡས་ཁང་སྒོམ་པ་ཡང་ནི་མེད་མོད་ཀྱི། དོན་དམ་ལྷན་སྐྱེས་དེ་ནི་འགྲོ་བའི་ཡིད་མཚན་རྟོག་ལས་སྐྱོབ་པའི་སྔགས་བཟླས་པ་དང་། དེ་ཉིད་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པས་ཁ་ན་མ་ཐོ་བ་དང་བྲལ་བའི་དཀའ་ཐུབ་དང་། སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་རྣམ་རྟོག་སྲེག་པས་དེ་སྦྱིན་སྲེག་དང་། དེ་ནི་ཐབས་བདེ་བ་ཆེན་པོ་ལ་རོལ་པས་དཀྱིལ་འཁོར་ཅན་ཏེ་ལྷ་དང་ཤེས་རབ་


KMC011_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པའི་ཕྱིར་དེ་ནི་དཀྱིལ་འཁོར་ཉིད་ཀྱང་ཡིན་ལ། དོན་མདོར་བསྡུས་ན་ནི་དོན་དམ་བྱང་ཆུབ་ཀྱི་སེམས་སུ་ནི་ཆོས་ཐམས་ཅད་རོ་གཅིག་ཏུ་འདུས་པར་གྱུར་པའི་རང་བཞིན་ནམ་གཟུགས་ཅན་ནོ། །ཞེས་རྫོགས་རིམ་ངེས་དོན་གྱི་བཤད་ཚུལ་དུ་གསུངས་སོ། །དབང་འདི་རྣམས་ཀྱི་ངེས་དོན་འབུམ་ཕྲག་ལྔ་པ་དང་དབང་རབ་ཏུ་བྱེད་པའི་རྒྱུད་སོགས་ལས་བསྟན་ཅིང་། བརྟག་པ་ཕྱི་མ་ནས་གསུངས་པ་ནི་སྐབས་དེ་ཉིད་དུ་འཆད་པར་འགྱུར་བ་དང་། རྒྱ་འགྲེལ་རྣམས་སུ་ཅི་རིགས་བསྟན་པ་ཡོད་ཀྱང་དཔལ་རང་བྱུང་པའི་ཞལ་སྔ་ནས་འདིར་རྒྱས་པར་སྤྲོ་བར་མ་མཛད་དོ། །གསུམ་པ་ལེའུའི་མཚན་ནི། དབང་གི་ལེའུ་ཞེས་བྱ་བ་སྟེ་བཅུ་པའོ།། །། ཞེས་པ་སྟེ། སློབ་མ་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་གའི་ལས་ཀྱི་རིམ་པ་དང་དབང་བཞིའི་དོན་སྤྱི་དང་ཁྱད་པར་དུ་དབང་བཞི་པའི་ངེས་པ་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།བཅུ་གཅིག་པ་ལྟ་སྟངས་ཀྱི་ལེའུ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། དཀྱིལ་འཁོར་དུ་དབང་བསྐུར་བ་


KMC011_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སློབ་དཔོན་གྱི་གོ་འཕང་ཐོབ་པ་དེས་གཞན་དོན་སྒྲུབ་པ་ལ་སེམས་ཅན་གཞུག་པའི་ཐབས་སུ་ལྟ་སྟངས་རྣམས་བྱ་དགོས་པས། དབང་གི་ལེའུ་གསུངས་པའི་དེ་མ་ཐག་ཏུ་ལེའུ་འདི་གསུངས་པར་འབྲེལ་ལོ། །བསྟན་བཤད་ཀྱི་འབྲེལ་ནི། ལེའུ་དང་པོར། ལྟ་སྟངས་དགུག་དང་། ཞེས་མདོར་བསྟན་པ་དེ་ཉིད་ལེའུ་འདིར་རྒྱས་པར་བཤད་པའོ། །བརྗོད་བྱ། རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས་ལས་རྣམས་སྒྲུབ་པའི་ཐབས། རྗོད་བྱེད། དེ་སྟོན་པའི་ངག་ཚིགམངོན་རྟོགས་ཚར་གཅོད་རྗེས་འཛིན་སོགས་ལས་རབ་འབྱམས་རྣམས་དང་དམ་ཚིག་དང་ཡང་འབྲེལ་བས་ལམ་གྱི་གཞུང་རིམ་པ་གཉིས་ཀ་དང་འབྲེལ་ཞིང་། ཡན་ལག་སྤྱོད་པ་དང་ཡང་འབྲེལ་ལོ། །སྦས་དོན་གྱི་འབྲེལ་ནི། མཚན་རྟོག་གི་དྲི་མ་སྦྱངས་ནས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་བལྟ་བའི་དོན་ནོ། །དགོས་པ། ལྟ་སྟངས་དང་རྫས་བསྟེན་པ་དང་ནུས་པའི་སྟོབས་ཀྱིས་གདུལ་བྱ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་པའི་ཐབས་སོ། །འགྱུར་ཁ་ཅིག་ཏུ། བལྟ་བའི་ལེའུ་བཤད་པར་བྱ་སྟེ། ཞེས་པའི་མཚམས་སྦྱོར་ཀྱང་འབྱུང་ངོ་། །འདི་འཆད་པ་ལ་གཉིས། ལས་ཀྱི་


KMC011_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་དངོས་བསྟན། བརྟག་པའི་མཚན་སྨོས་པའོ། །དང་པོ་ལ་གསུམ། ལྟ་སྟངས་དང་རླུང་སྦྱོར། བསྟེན་བྱའི་རྫས། དབང་དུ་བྱ་བའི་ཐབས་སོ། །དེའི་དང་པོ་ལ་གསུམ། ལྟ་སྟངས་དང་རླུང་སྦྱོར་གྱི་ངོ་བོ། དེ་འགྲུབ་པའི་ཚད་དང་དུས། དེའི་དགོས་པ་བསླབ་བྱ་དང་བཅས་པའོ། །དང་པོ་ནི། མཉམ་པར་མ་རུངས་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། །དབང་གིས་ལྟ་སྟངས་གཡོན་ན་གནས། །གཡོན་པ་ནས་ནི་གཟུགས་བརྙན་གཉིས། །གཡས་པའི་ཆ་ལ་དགུག་པ་ཉིད། །སྟེང་ནས་ཀྱང་ནི་གཟུགས་བརྙན་གཉིས། །དབུ་མ་རེངས་པའི་ལྟ་སྟངས་ཉིད། །སྣ་ཡི་རྩེ་མོའི་དབུས་སུ་གཉིས། །འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་དགུག་པ་ཉིད། །ཞི་བ་ཡིས་ནི་རེངས་པར་བྱེད། །ཅེས་གསུངས་ཏེ། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ཅིང་རླུང་འབྱོངས་པའི་རྣལ་འབྱོར་པས་ལྟ་སྟངས་ཀྱིས་ལས་སྒྲུབ་པའི་ཚེ། མིག་གཡས་གཡོན་ཡོན་པོ་མ་ཡིན་པར་མཚུངས་པར་མཉམ་པའི་ལྟ་སྟངས་མ་རུངས་པ་བསྒྲུབ་བྱ་ལ་ཁྲོ་བའི་སེམས་དང་ལྡན་པས། དཔྲལ་བའི་ཐད་དུ་ལྟ་བ་


KMC011_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དེ་དུས་གཅིག་ལ་ཐུར་དུ་ས་ལ་བབ་ན། དུས་རྟག་ཏུ་དགྲ་བོ་ལྟུང་ཞིང་གསོད་པའི་ལས་བྱེད་པར་བརྗོད་ཅིང་། ཕ་རོལ་དབང་དུ་བྱེད་པའི་སེམས་དང་དེའི་སྟ་ལྟངས་བསྒྲུབ་བྱ་གཡོན་གྱི་ཕྱོགས་ན་གནས་པ་ལ་ཟུར་མིག་ལྟ་བ་ལྟར་བྱས་ཏེ། གཡོན་གྱི་ཕྱོགས་ནས་ནི་བསྒྲུབ་བྱའི་གཟུགས་བརྙན་མིག་འབྲས་གཉིས་སུ་འཆར་བར་བལྟས་ཏེ་དབང་དུ་བྱེད་པ་དང་། དངོས་སུ་དགུག་པའི་སེམས་དང་མིག་གཉིས་ཀྱི་ལྟ་སྟངས་གཡས་པའི་ཆ་ལ་གཏོད་པས་དགུག་པ་ཉིད་དང་། ཡང་མིག་འབྲས་གཉིས་ཅུང་ཟད་གྱེན་དུ་བཟློག་སྟེ། སྟེང་ནས་ཀྱང་ནི་བསྒྲུབ་བྱའི་གཟུགས་བརྙན་གཉིས་མིག་འབྲས་གཉིས་སུ་འཆར་བར་བྱས་ནས་སླར་གཡས་ཕྱོགས་སུ་སྔར་བཞིན་བལྟའོ། །དབུ་མ་སྟེ་གཡས་གཡོན་སྟེང་འོག་གར་ཡང་མིན་པར་དབུས་དྲང་པོར་ལྟ་བ་ནི་རེངས་པར་བྱེད་པའི་ལྟ་སྟངས་ཉིད་དེ་དེའང་སྣའི་རྩེ་མོའི་དབུས་སུ་མིག་འབྲས་གཉིས་ལྟ་ཞིང་དེ་ལ་བསྒྲུབ་བྱའི་གཟུགས་བརྙན་འཆར་བར་དམིགས་པའོ། །འདིར་ལྟ་སྟངས་གཉིས་ཞེས་ལྟུང་བ་དབང་དགུག་རེངས་པ་བཞི་གསུངས་པ་ལ་ངོས་འཛིན་པ་སོགས་བཤད་ཚུལ་ཅུང་ཟད་མི་འདྲ་བ་ཡོད་དོ། །


KMC011_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟངས་དེ་རྣམས་ཀྱང་རླུང་སྦྱོར་དང་བསྟུན་དགོས་པ་སྟེ། དེའང་སྣ་བུག་གཉིས་ཀྱི་དབུགས་གཉིས་ཕྱིར་འབྱུང་བ་རེ་ཙ་ཀ་ཞེས་བྱ་བ་དང་བསྟུན་པ་ཉིད་ཀྱིས་ལྟུང་བར་བྱེད་ལ། ཕྱི་ནས་ནང་དུ་རྔུབ་པ་ཡིས་ནིའི་སྒྲས་ཀུམྦྷ་ཀ་བུམ་པ་ཅན་དང་བསྟུན་པས་དབང་དུ་བྱེད་ཅིང་། རླུང་དགང་བ་པཱུ་ར་ཀ་བུམ་ཅན་གཡོ་མེད་དུ་བཅིངས་པ་དང་བསྟུན་པ་ཡིས་ནི་དགུག་པ་ཉིད་དུ་བྱེད་པ་དང་། བར་རླུང་རང་བཞིན་དུ་གནས་པ་ཞི་བ་ཤཱནྟི་ཀ་ཞེས་པ་དང་བསྟུན་པ་ཡིས་ནི་རེངས་པར་བྱེད་དོ། །ཕྱི་མ་འདི་ལ་གཞིལ་བ་ཞེས་རང་བྱུང་ཞབས་གསུངས་སོ། །གཉིས་པ་ནི། རློན་པའི་ཤིང་ལ་ལྟུང་བྱེད་ཉིད། །དབང་ནི་མེ་ཏོག་རབ་ཏུ་གྲགས། །རྡོ་རྗེའི་ཤིང་ལ་དགུག་པ་ཉིད། །གཡོ་བཅས་རྩྭ་ལ་རེངས་བྱེད་ཉིད། །ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལ་འཁྲུལ་བར་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་གསུངས་ཏེ། ལྟ་སྟངས་དང་རླུང་སྦྱོར་གྲུབ་པའི་ཚད་ཀྱང་། རློན་པའི་ཤིང་འབྲས་བུ་དང་བཅས་པ་ལ་ལྟུང་བྱེད་ཀྱི་ལྟ་སྟངས་ཡང་ཡང་བསླབས་པས་མཐར་ལྟ་སྟངས་བྱས་པ་ཙམ་གྱིས་ཤིང་


KMC011_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེའམ་དེའི་འབྲས་བུ་ས་ལ་ལྟུང་ནུས་ན་གྲུབ་པ་ཡིན་ལ། དེ་བཞིན་དུ། དབང་ནི་ཤིང་ལ་སོགས་པའི་མེ་ཏོག་དྲི་ཞིམ་པོ་ཁ་ཕར་ལྟ་བ་ལ་ལྟ་སྟངས་བྱས་པས་འཕྲལ་དུ་ཚུར་ཁ་ཕྱོགས་ནུས་ན་འགྲུབ་པར་རབ་ཏུ་གྲགས་པ་དང་། རྡོ་རྗེའི་ཤིང་སྟེ་ཤྲཱི་ཁཎྜ་འཛེར་པའམ་ཟུར་རྡོ་རྗེ་འདྲ་བའམ་མཁྲེགས་པའི་ཤིང་ལ་ལྟ་སྟངས་བྱས་མ་ཐག་ལ་གུག་པར་གྱུར་ན་དགུག་པ་ཉིད་གྲུབ་པ་དང་། དངོས་པོ་ཕྲ་མོ་རླུང་གིས་གཡོ་བ་དང་བཅས་པའི་རྩྭ་ལ་རེངས་པར་བྱེད་པའི་ལྟ་སྟངས་སྦྱངས་ནས་བལྟས་མ་ཐག་མི་གཡོ་ན་གྲུབ་པ་སྟེ་དེ་ལྟར་ལས་སྒྲུབ་ནུས་པའི་དྲོད་ལོངས་པ་ཉིད་བྱ་སྟེ། སློབ་དཔོན་བྷ་བ་བྷ་དྲས། ལྟུང་བ་ལ་ཕཊ་ནག་པོ། དབང་ལ་ཧོ༔དམར་པོ། དགུགས་པ་ལ་ཧིའམ་ཛ༔དམར་པོ། རེངས་པ་ལ་ལཾ་མམ་ཧཱུྃ་སེར་པོ་རྣམས་བསྒྲུབ་བྱ་སོ་སོ་ལ་བསྒོམ་པར་བཤད་ཅིང་། དེ་ལྟར་བཤད་པའི་རྣལ་འབྱོར་དང་རླུང་རྡོ་རྗེའི་བཟླས་པ་སོགས་ཟླ་བ་དྲུག་གི་བར་དུ་གོམས་པར་གྱུར་པའི་རྗེས་སུ་ལས་ལ་སྦྱོར་བ་ཡིས་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་ཀྱང་འདི་ལ་རྒྱུ་འབྲས་འགྲུབ་བམ་མི་འགྲུབ་སྙམ་དུ་འཁྲུལ་པར་མི་བྱ་སྟེ། སངས་རྒྱས་ཀྱིས་གསུངས་


KMC011_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫུ་འཕྲུལ་གྱི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ལྟ་སྟངས་བཞི་པོ་འདི་དང་གཞན་དུད་འགྲོའི་ལྟ་སྟངས་སོགས་སམྦུ་ཊ་ལས་གསུངས་པའང་མང་དུ་ཡོད་ཀྱང་ཡན་ལག་ཙམ་དུ་ཤེས་པར་བྱའོ། །གསུམ་པ་ནི། ལྟ་སྟངས་བཞི་པོ་བསྒྲུབས་ནས་ནི། །མཁས་པས་སེམས་ཅན་གཞུག་པར་བྱ། །གསད་པ་འདི་ལ་བྱ་མ་ཡིན། །དམ་ཚིག་ངེས་པར་ཉམས་པར་འགྱུར། །སེམས་ཅན་བསླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཅེས་གསུངས་ཏེ། གོང་དུ་བཤད་པའི་ཚུལ་དེ་ལྟར་རྩ་བའི་ལྟ་སྟངས་བཞི་པོ་ལེགས་པར་བསྒྲུབས་ནས་ནི། ལས་སྦྱོར་ལ་མཁས་པས་སེམས་ཅན་གདུལ་དཀའ་བ་ཐབས་ཀྱིས་བསྟན་པའི་ལམ་དུ་གཞུག་པར་བྱའོ། །འོན་ཀྱང་དོན་ཆེན་པོ་མཐོང་བའམ་མངོན་ཤེས་ལྔ་ཐོབ་པ་མ་གཏོགས་པས་དགྲ་བོ་སོགས་འཚོ་བ་དང་འཕྲལ་ནས་བསད་པའི་ལས་རྒྱུད་འདི་ལ་བརྟེན་ནས་བྱ་བ་མ་ཡིན་གྱི། གལ་ཏེ་བྱས་ན་སངས་རྒྱས་རྣམས་ཀྱི་དམ་ཚིག་སེམས་ཅན་རྣམས་ལ་ཕན་པ་ཡིན་པ་དང་འགལ་བས་ངེས་པར་ཉམས་པར་འགྱུར་


KMC011_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྩ་ལྟུང་བཞི་པ་ཕོག་ནས་ངན་སོང་དུ་ལྟུང་ངོ་། །དེ་ལྟ་ན་རྣམ་པ་ཀུན་ཏུ་མི་རུང་ངམ་ཞེ་ན། སེམས་ཅན་ལ་གནོད་པ་དང་འདི་ཕྱིར་བསླུ་བར་འགྱུར་བའི་བསམ་སྦྱོར་སྤངས་ནས་ནི། ཕྱི་མ་དང་འདིར་དོན་དུ་འགྱུར་ན་སྙིང་རྗེའི་སེམས་ཀྱི་བྱ་བ་མ་ཡིན་པ་གསོད་པ་སོགས་ཚར་གཅོད་ཀྱི་ལས་ཐམས་ཅད་བྱར་རུང་མོད་ཀྱང་། འདི་དང་གཞན་དུ་སེམས་ཅན་ལ་གནོད་པ་ཙམ་གྱིས་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྙེད་པར་མི་འགྱུར་བ་དུས་འགྱངས་པ་ལ་དགོངས་སོ། །འདིའི་ངེས་དོན་ནི། རྗེས་ཆགས་ཀྱི་མེས་བྱང་སེམས་དབབ་པ་ལྟུང་བྱེད། འབྱུང་བའི་དྭངས་མ་རྣམས་རང་དབང་དུ་སྡུད་པ་སྡུད་བྱེད། བདེ་སྟོང་གི་ཉམས་མྱོང་སྐྱེད་པ་དགུག་པ། ལྷན་སྐྱེས་ལ་རྩེ་གཅིག་ཏུ་མི་གཡོ་བ་སྟེ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྟན་པ་དང་། རྒྱས་པར་ནི་རྩ་འཁོར་ལོ་བཞི་དང་རླུང་སྦྱོར་བཞི་དང་ཉམས་མྱོང་དགའ་བ་བཞི་རྣམས་དང་སྦྱར་བར་བྱའོ། །གཉིས་པ་བསྟེན་བྱའི་རྫས་བཤད་པ་ལ་གཉིས། ཐུན་མོང་དང་། མཆོག་གོ། །དང་པོ་ནི། དེ་ལ་དམ་ཚིག་བཟའ་བྱ་བ། །ན་དང་ག་ཧ་དང་པོ་དང་། །མཐའ་ཡི་ཤྭ་དང་དང་པོའི་ཤྭ། །ཀྱེ་ཡི་རྡོ་རྗེའི་དངོས་


KMC011_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཕྱིར། །བདུད་རྩི་ལྔ་ཡང་དེ་བཞིན་བཟའ། །ཞེས་གསུངས་ཏེ། དངོས་གྲུབ་སྒྲུབ་པའི་རྣལ་འབྱོར་པ་དེ་ལ་རིམ་པ་གཉིས་ཀར་དམ་ཚིག་གི་རྫས་བཟའ་བར་བྱ་བ། ན་ར་མི་དང་། གཱ་ཝི་བ་ལང་དང་། ཧ་སྟི་གླང་པོ་ཆེ་སྟེ་མིང་ཡིག་དང་པོར་གནས་པ་དང་། མིང་གི་མཐའི་ཤྭ་ཞེས་བྱ་བ་བདུད་རྩི་ལྔའང་ཤ་ལྔ་པོ་དེ་བཞིན་དུ་བཟའ་བར་བྱའོ། །འདི་དག་གི་གནས་སྐབས་ཀྱི་ཕན་ཡོན་རྡོ་རྗེ་གུར་གྱི་ལེའུ་བདུན་པར་རྒྱས་པར་གསུངས་ལ། ངེས་དོན་ནི། ལྷན་སྐྱེས་ཀྱི་རྟོག་པ་རྒྱས་པར་བྱ་བའི་ཕྱིར་ཕུང་ཁམས་ཀྱི་དྭངས་མ་རྣམས་མ་ཉམས་པར་རྒྱུན་དུ་བསྟེན་པར་བྱ་བ་སྟེ། དཔལ་ནཱ་རོ་པས་ཕུང་པོ་ལྔ་སྒྲིབ་བྲལ་དུ་བྱེད་པ་བཟའ་བའི་དོན་དུ་མཛད་པ་ལྟར་རོ། །དགོས་པ་ནི། རྣལ་འབྱོར་ཅན་གྱིས་རྣམ་པར་རྟོག་པ་སྤང་བ་དང་། སྟོབས་ཀྱི་ཕྱིར་ཏེ། འཕགས་པའི་ཡུལ་ལ་སོགས་པ་ན་ཤ་འདི་དག་ཟ་བ་མེད་པ་ཡིན་པས་རྣལ་འབྱོར་ཅན་གྱིས་བཟའ་བར་བསྟན་ལ། འདི་དག་ཟ་བའི་ས་ཕྱོགས་སུ་ནི་དམ་ཚིག་གི་རྫས་སུ་མི་རུང་སྟེ་འཚེ་བ་དང་བཅས་པའི་ཕྱིར་རོ། །གཉིས་པ་ནི། ཀྱེ་ཡི་རྡོ་རྗེའི་གསུངས་མཚན་ཉིད། །སྐྱེ་བ་བདུན་པའང་དེ་ནས་


KMC011_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན། །དགའ་བྲལ་དགའ་བ་ལ་སྨོད་པ། །ལན་བདུན་པས་ནི་འགྲུབ་པར་འགྱུར། །སྐད་སྙན་མིག་དང་ལྡན་པ་དང་། །དྲི་ལུས་གཟི་བརྗིད་ཆེན་པོ་དང་། །དེ་ཡི་གྲིབ་མ་བདུན་དུ་འགྱུར། །མཐོང་ནས་རྣལ་འབྱོར་པ་ཡིས་མཚོན། །དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་ལ་ནི་མཁའ་སྤྱོད་འགྱུར། །ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱེའི་རྡོ་རྗེས་གསང་བའི་རྒྱུད་དུ་ལེགས་པར་གསུངས་པའི་མཚན་ཉིད་ཅན་མིའི་སྐྱེ་བ་བར་མ་ཆད་པ་ལན་བདུན་དུ་བླངས་པའང་རྣལ་འབྱོར་ལ་གནས་པ་དེ་ནས་རྟགས་ཀྱིས་མཚོན་པར་བྱས་ཏེ་དེའི་ཤ་དངོས་གྲུབ་སྒྲུབ་པའི་རྫས་སུ་བསྟེན་པར་བྱའོ། །དེ་ལ་ཡོན་ཏན་ནི་དགའ་བྲལ་གྱི་དགའ་བས་མཚོན་པ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་སྨོད་པ་དག་ཀྱང་ལན་བདུན་པའི་ཤ་ཟོས་ན་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ལན་བདུན་པ་དེའི་མཚན་ཉིད་ཀྱང་ཡིད་འཕྲོག་པར་ནུས་པའི་སྐད་སྙན་ཅིང་མིག་གསལ་བའམ་མི་འཛུམ་པ་དང་ལྡན་པ་དང་དྲི་ཞིམ་ཞིང་ལུས་མདངས་དང་གཟི་བརྗིད་ཆེན་པོ་དང་ལྡན་ནོ། །དེ་བརྟག་པའི་ཚུལ་ཡང་ཚེས་བཅོ་ལྔའི་ཟླ་འོད་ཐམས་ཅད་ལ་གྲིབ་མ་བདུན་བརྩེགས་ཡོད་


KMC011_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་ཀྱང་ཁྱད་པར་བ་རྒྱལ་གྱི་ཉའི་ནུབ་མོ་སོ་ཕག་གི་ཁང་པར་མར་མེ་ལྔ་བཏང་ནས་དེར་སྐྱེ་བ་བདུན་པ་བཞག་སྟེ། མི་རྐང་གི་སྦུབས་ནས་བལྟས་ན་དེའི་གྲིབ་མའང་བདུན་དུ་འགྱུར་རོ། །དེ་ལྟ་བུ་རྣལ་འབྱོར་ཅན་གྱིས་མཐོང་ནས་མི་འཁྲུལ་བར་མཚོན་ནུས་པས་དེའི་ལུས་ལ་གནོད་པར་མ་བྱས་པར་རང་བཞིན་གྱི་ཤི་བ་སོགས་ཀྱི་ཤ་བླངས་ནས་བསྒྲུབས་ཏེ་དེ་ནི་ཟོས་པ་ཙམ་གྱིས་ནི་སྐད་ཅིག་དེ་ཉིད་ལ་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཏེ། ཚེ་བསྐལ་པ་དཔག་མེད་དུ་འཚོ་བ་སོགས་ཀྱི་ཡོན་ཏན་རྒྱ་ཆེར་ཐོབ་པ་ཡིན་ནོ། །འདིའི་ངེས་དོན་ནི། ལན་བདུན་པའི་དྭངས་མ་བྱང་ཆུབ་ཀྱི་སེམས་རྩ་གསུམ་པའི་དབུས་ཀྱི་མཚོན་གྱིས་བསྣུན་ཏེ་ལོངས་སྤྱད་པ་ལས་དགའ་བྲལ་གྱི་དགའ་བ་ལ་སྨོད་པ་ཡང་ལྷན་ཅིག་སྐྱེས་པ་འགྲུབ་པར་འགྱུར་བའོ། །གཞན་ཡང་ཤེས་རབ་དང་ཐབས་དབྱེར་མེད་ཡང་ཡང་ཟློས་པ་ལན་བདུན་པ་དང་། སྐད་སྙན་པ་ལོངས་སྐུ། མིག་ལྡན་ཆོས་སྐུ། དྲི་ལུས་སྤྲུལ་སྐུ། གྲིབ་མ་དང་འདྲ་བའི་གཟུགས་བརྙན་མཚོན་བྱེད་དང་། ཟོས་པ་ལོངས་སྤྱད་པ་སྟེ། དེས་ཡེ་ཤེས་ལྔ་ལྡན་གྱི་མཁའ་སྤྱོད་འགྲུབ་པའི་


KMC011_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སོགས་སུ་བཤད་དོ། །གསུམ་པ་དབང་དུ་བྱ་བའི་ཐབས་བཤད་པ་ལ་གསུམ། བཤད་པར་དམ་བཅའ་བ། བསྐྱེད་པའི་ཆོ་ག་དངོས། དེ་ཡི་ཕན་ཡོན་ནོ། །དང་པོ་ནི། ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད་པར་བྱ་སྟེ། །གོང་དུ་བརྟག་པ་བཅུ་གཉིས་པར། །རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཉེས་གསུངས་ཏེ། དེ་ནས་འདིར་དབང་གི་ལྟ་སྟངས་ལས་འཕྲོས་ཏེ་ཞར་བྱུང་དུ་དབང་དུ་བྱེད་པ་ལ་གཙོ་བོར་བསྔགས་པ་ལྷ་མོ་ཀུ་རུ་ཀུལླེའམ་རིགས་བྱེད་མའི་སྒྲུབ་ཐབས་བཤད་པར་བྱ་སྟེ། གོང་དུ་སྔགས་ཀྱི་ལེའུར་སྔགས་གསུངས་པ་དེ་ཉིད་ཀྱི་དངོས་གྲུབ་ཀྱི་གཏན་ལ་དབབ་པའི་ལས་རིམ་འབུམ་ཕྲག་བདུན་པའི་བརྟག་པ་བཅུ་གཉིས་པ་ལས་རྒྱས་པར་གསུངས་པ་དེའི་མངོན་པར་རྟོགས་པ་མདོ་རུ་བསྡུས་པ་ཙམ་ཞིག་འདིར་བཤད་པར་བྱའོ། །གཉིས་པ་ནི། ཧྲཱིཿལས་བྱུང་བའི་ལྷ་མོ་ནི། །ཁ་དོག་དམར་ཞིང་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ཨུཏྤ་ལ་དང་ལྕགས་ཀྱུ་འཛིན། །ཅེས་གསུངས་ཏེ། བསྐྱེད་རིམ་གྱི་སྔོན་དུ་འགྲོ་བའི་ཆོས་མདོར་བསྡུས་པ་སོང་ནས། པདྨ་དང་ཟླ་བ་དམར་པོའི་སྟེང་དུ་གནས་པའི་ཧྲཱིཿདམར་པོ་ལས་ཨུཏྤལ་དམར་པོ་


KMC011_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བྱུང་བའི་ལྷ་མོ་ཀུ་རུ་ཀུལླེ་ནི་འགྲོ་བ་དབང་དུ་བྱེད་པའི་ཕྱིར་སྐུའི་ཁ་དོག་དམར་ཞིང་། བསྡུ་བའི་དངོས་པོ་དག་པའི་ཕྱག་བཞི་མ། དགའ་བཞི་དག་པའི་ཕྱག་མཚན་གཡས་དང་པོ་ན་མདའ་དང་། གཡོན་དང་པོ་ན་གཞུ་འཛིན་པས་བདུད་རྣམས་བསྡིག་པའི་ལག་པ་ཅན་མ། གཡས་འོག་མ་ན་ཕུན་ཚོགས་མཚོན་པའི་ཨུཏྤལ་དང་། གཡོན་འོག་མ་ན་འདོད་དོན་འགུགས་པའི་ལྕགས་ཀྱུ་འཛིན་པ། བདེན་གཉིས་དག་པའི་ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པར་བལྟས་ལ། བསྐྱེད་པའི་ཡན་ལག་ལྷག་མ་རྣམས་ཀྱང་རྫོགས་པར་བྱས་ལ་ལེའུ་གཉིས་པར་བཤད་པའི་སྔགས་དང་དེའི་བསམ་གཏན་སོགས་བཟླས་པའི་རྣལ་འབྱོར་ཡང་བསྒྲུབ་པར་བྱ་བ་ཡིན་ནོ། །གསུམ་པ་ནི། འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཉིད། །བྱེ་བས་ཕྱུགས་དང་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །བརྒྱ་ཕྲག་གཅིག་


KMC011_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྔགས་པ་ཉིད། །ཅེས་གསུངས་ཏེ། དེའང་དབང་པོ་རབ་ཏིང་ངེ་འཛིན་གྱིས་འགྲུབ་པ་ཡིན་པས་ལྷ་མོ་འདི་ནི་བསྒོམ་པ་ཙམ་གྱིས་ནི་ལྷ་དང་ཀླུ་དང་མིའི་འཇིག་རྟེན་གསུམ་པོ་ཐམས་ཅད་དབང་དུ་བྱེད་པར་འགྱུར་ལ། འབྲིང་བསྙེན་པ་དང་བཅས་པས་འགྲུབ་སྟེ་བཟླས་པ་འབུམ་ཕྲག་གཅིག་གིས་ནི་རྒྱལ་པོ་རྣམས་དབང་དུ་བྱེད་དོ། །ཁྲི་ཡིས་ནི་འཇིག་རྟེན་ཕལ་པ་རྣམས་དབང་དུ་བྱེད་པ་ཉིད་དོ། །བྱེ་བས་ནི་རྒྱུད་བླུན་པར་གྱུར་པའི་ཕྱུགས་སམ་ཀླུ་དང་གནོད་སྦྱིན་ལ་སོགས་པ་སྟེ་ཡི་དྭགས་མཐུ་བོ་ཆེ་རྣམས་ཀྱང་དབང་དུ་འགྱུར་རོ། །འབུམ་ཕྲག་བདུན་གྱིས་ནི་ལྷ་མ་ཡིན་རྣམས་དབང་དུ་འགྱུར་རོ། །འབུམ་ཕྲག་གཉིས་ཀྱིས་ནི་ལྷ་རྣམས་ཉིད་དོ། །བརྒྱ་ཕྲག་གཅིག་གིས་ནི་སྔགས་པ་ཉིད་ཅེས་པ་རྒྱ་སྐད་ལ་མན་ཏྲ་དང་། མནྟྲི་ཞེས་འཆད་ཚུལ་གཉིས་ལས་མནྟྲ་ནི་སྔགས་ཡིན་པས་སྔགས་པ་ལམ་སྦྱངས་པ་རྣམས་དབང་དུ་འགྱུར་ཞེས་སམ། མནྟྲི་ནི་བློན་པོ་ཡིན་པས་བློན་པོ་རྣམས་དབང་དུ་འགྱུར་ཞེས་པའི་དོན་ཅན་ཏེ། རྒྱུད་ཀྱི་འགྱུར་མི་འདྲ་བ་མང་པོར་བློན་པོར་བསྒྱུར་སྣང་ངོ་། །འདིའི་ངེས་དོན་དབང་དུ་བྱ་བའི་ཡུལ་སེམས་ཅན་ཐམས་ཅད་ནི།


KMC011_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་གཅིག་ཏུ་གྱུར་པའི་ཡེ་ཤེས་ལ། ཐམས་ཅད་དབང་ཡུལ་རྣམ་ཤེས་རྣམས་དེའི་རང་དབང་དུ་བྱེད་པ། རྒྱལ་པོ་སེམས་ཀྱི་རྡོ་རྗེ། འཇིག་རྟེན་ཕལ་པ་ཕུང་པོ་ལྔ། ཕྱུགས་དབང་པོ་ལྔ། གནོད་སྦྱིན་ནམ་འདབ་ཆགས་ཤེས་རབ་དང་ཐབས། རོལ་པའི་ཕྱིར་ལྷ་ཡེ་ཤེས་ལྔ། གསང་བ་ལྡན་པས་སྔགས་པའམ་བློན་པོ་ཞེས་བཤད་དོ། །ཅོག་གྲུ་དང་དགེ་བློའི་འགྱུར་དུ་ལྟ་སྟངས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ་ཞེས་འབྱུང་བ་ལེགས་ཏེ། ལེའུ་བཅུ་གཅིག་པ་བྱེ་བྲག་གི་མཚན་སྔ་ཕྱིའི་རིགས་འགྲེས་ལས་ཡོད་པར་གྲུབ་བོ། །གཉིས་པ་བརྟག་པའི་མཚན་སྨོས་པ་ནི། ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བའི་སྡོམ་པའི་ལས། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་རྫོགས་སོ།། །། ཞེས་གསུངས་ཏེ། འདི་ལ་ཡི་གེ་སྤྱིའི་དོན་ལྟར་ན། རྒྱུ་ལམ་འབྲས་བུ་གསུམ་དུ་ཐབས་ཤེས་ཟུང་འཇུག་བརྗོད་བྱ་རྗོད་བྱེད་དང་འབྲེལ་བས་ཀྱེའི་རྡོ་རྗེ། མཁའ་འགྲོ་མ་ནི་ཆོས་ཀྱི་དབྱིངས་རྟོགས་པས་ཅི་དགར་སྤྱོད་པ་སྟེ་རྣལ་འབྱོར་མའི་ཚོགས་སོ། །དྲ་བ་ནི་གཙོ་འཁོར་རྟེན་དང་བརྟེན་པ་ཕན་ཚུན་རྗེས་སུ་འབྲེལ་བ་ཐམས་ཅད་རང་བཞིན་


KMC011_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པར་དབྱེར་མེད་དུ་སྡོམ་པ། དེ་ལྟ་བུ་རྗོད་བྱེད་ཚིག་གི་རྒྱུད་ལས། ཞུ་བ་པོ་སྟོང་པ་དང་སྙིང་རྗེ་མི་ཕྱེད་པའི་རྡོ་རྗེའི་སྙིང་པོ་ཉིད་དོན་གྱི་ལྷན་སྐྱེས་རྟོགས་ནས་མངོན་པར་བྱང་ཆུབ་པ་ཞེས་པའི་ཤུགས་ལས། གདུལ་བྱ་རྣམས་ལ་འོད་གསལ་ལྷན་ཅིག་སྐྱེས་པ་མངོན་དུ་བྱེད་པའི་ཐབས་སྟོན་པའང་མཚོན་པས་མངོན་པར་བྱང་ཆུབ་པ་ཞེས་བྱ་བ། བརྗོད་བྱ་རྗོད་བྱེད་ཡང་དག་པར་བརྟགས་ནས་བསྟན་པའི་རྒྱུད་དུ་མའི་དབུས་སུ་ཚིག་མཛེས་ཤིང་དོན་གསལ་ལ་རྒྱུད་ཀུན་གྱི་བདག་པོར་གྱུར་པས་རྒྱལ་པོ། མ་ལུས་པ་ཚང་བས་ཡོངས་སུ་རྫོགས་སོ།། །། སྦས་དོན་ལྟར་ན། ཀྱེའི་རྡོ་རྗེ་བདེ་སྟོང་དབྱེར་མེད། མཁའ་འགྲོ་མ་ནི་ཡུམ་བཞིའི་རང་བཞིན་གྱི་རྡོ་རྗེའི་ལུས། དྲ་བ་ནི་རྩ་རླུང་ཐིག་ལེ། སྡོམ་པ་ནི་དེ་ཐམས་ཅད་དགའ་བཞིའི་ཡེ་ཤེས་ཀྱི་ངོ་བོར་སྡུད་པ། རྡོ་རྗེ་སྙིང་པོ་ནི་མི་ཤིགས་པའི་སེམས། མངོན་པར་བྱང་ཆུབ་པ་ནི་རྟོག་པ་ཐམས་ཅད་དང་བྲལ་བར་བྱེད་པ། བརྟག་པ་ནི་དེ་ཐོབ་བྱེད་དུ་བརྟགས་པའི་ལམ་རང་བྱིན་རླབས་དང་། དཀྱིལ་འཁོར་འཁོར་ལོའི་རིམ་པ། རྒྱལ་པོ་ནི་དེ་དག་ལ་དབང་སྒྱུར་བའི་དོན་དུ་བཤད་དོ། །འདི་ལ་ཤློཀ་སུམ་


KMC011_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་ཉི་ཤུ་རྩ་ལྔ་ཡོད་པར་བླ་མ་གོང་མ་རྣམས་གསུངས་སོ། །དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པའི་ཚིག་དོན་རྣམ་པར་འགྲེལ་པ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ་ཞེས་བྱ་བ་ལས་བརྟག་པ་དང་པོའི་ཚིག་དོན་གྱི་རྣམ་པར་བཤད་པ་ཡོངས་སུ་གྲུབ་བོ།། །། བརྟག་པ་གཉིས་པ། དང་པོ་རབ་གནས་ཀྱི་ལེའུ། ཆོས་ཀུན་འབྱུང་གནས་བདག་མེད་ཨེ་དབྱིངས་སུ། །བདེ་ཆེན་རྟག་པའི་རྡོ་རྗེ་ཝཾ་ཡིག་གཟུགས། །སྙོམས་ཞུགས་དཀྱིལ་འཁོར་ཁྱབ་བདག་ཧེ་རུ་ཀ ། དགྱེས་མཛད་ལོ་ཙཱ་པདྨའི་ཞལ་གྱིས་སྐྱོངས། །གསེར་གྱི་རྒྱན་ལ་ནོར་བུའི་ཕྲ་བཀོད་ལྟར། །མ་ཚང་ཁ་སྐོང་ངེས་པ་མཆོག་སྟེར་ཅིང་། །དགོས་པ་ཀུན་ཚང་བརྟག་པ་ཕྱི་མའི་དོན། །གསང་བ་འཛིན་པའི་ལུང་བཞིན་འཆད་པར་བྱ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི། ལེའུ་དང་པོར་གཞི་ལམ་འབྲས་བུ་གསུམ་མདོར་བསྟན་པའི་ཚུལ་དུ་གསུངས་པའི་དོན། བརྟག་པ་དང་པོས་རྒྱས་པར་བཤད་ནས། སླར་ཡང་བརྟག་པ་གཉིས་པ་འདིས་ཤིན་ཏུ་རྒྱས་པར་བཤད་པ་སྟེ། དེའང་འདི་ཉིད་ཀྱི་ལེའུ་དང་པོ་དང་ལྔ་པ་ནས་བཅུ་གཉིས་པའི་བར་ནི་བརྟག་པ་དང་པོར་མ་


KMC011_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བ་ཁ་བསྐང་བ་དང་། གཉིས་པ་དངོས་གྲུབ་གཏན་ལ་དབབ་པ་དང་། གསུམ་པ་ངེས་པ་སྟེར་བ་དང་། བཞི་པས་སྔར་གསུངས་པའི་སྐབས་ལ་ལར་ཐེ་ཚོམ་དུ་གྱུར་པ་སེལ་བར་མཛད་པ་ཡིན་ལ། དེས་བརྟག་པ་སྔ་མ་དང་ཕྱི་མའི་འབྲེལ་པ་ངེས་ནུས་ཤིང་། དོན་མཚན་རྣམ་པ་བཞིར་བསྡུ་བ་ལས་དགོས་པའང་ཤུགས་ཀྱིས་རྟོགས་པར་འགྱུར་བ་ཉིད་དོ། །འདི་ལའང་ལེའུ་བཅུ་གཉིས་ཡོད་པའི་དང་པོ་རབ་གནས་ཀྱི་ལེའུ་ལ་སྔ་ཕྱིའི་འབྲེལ་ནི། གོང་དུ་ལྟ་སྟངས་ཀྱི་སྒོ་ནས་སེམས་ཅན་གདུག་པ་ཅན་གཞུག་པ་བསྟན་ནས། དེའི་རྗེས་སུ་སེམས་ཅན་དམན་པ་རྣམས་གཞུག་པའི་དོན་དུ་སློབ་དཔོན་གྱི་ལས་རབ་གནས་དང་སྦྱིན་སྲེག་བཤད་པར་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། རབ་གནས་དང་སྦྱིན་སྲེག་སོགས་སྟོན་པས་བསྐྱེད་རིམ་དང་འབྲེལ་ལོ། །ལེའུ་འདིས་ནི་བརྟག་པ་དང་པོའི་བཅུ་པར། སློབ་མ་ལ་དབང་བསྐུར་བ་དཀྱིལ་འཁོར་གྱི་ཆོ་ག་གསུངས་ཀྱང་ལྷ་དབང་བསྐུར་བ་རབ་གནས་ཀྱི་ཆོ་ག་མ་གསུངས་པ་དང་། གསུམ་པ་དང་བརྒྱད་པར་བསྐྱེད་པའི་རིམ་པ་གསུངས་ཀྱང་དེ་ལས་སྒྲུབ་པའི་ཐབས་དང་ལྷ་མཉེས་བྱེད་སྦྱིན་སྲེག་མ་གསུངས་


KMC011_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་དག་ཁ་སྐོང་བའོ། །འདི་ལ་གསུམ། ཞུས་པ། དེའི་ལན་ལ་ལེའུའི་གཞུང་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག །སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །རབ་གནས་མཚན་ཉིད་བཟང་པོ་ཉིད། །རིམ་པ་ཇི་ལྟར་བཤད་དུ་གསོལ། །ཞེས་གསུངས་ཏེ། བཤད་དུ་གསོལ་ཅེས་ཐོག་མར་དྲངས། གང་གིས་འཆད་ཅེ་ན། བཅོམ་ལྡན་ཞེས་རྡོ་རྗེ་འཆང་ཆེན་པོས་སོ། །གང་ལ་བཤད་པའི་ཡུལ། རྡོ་རྗེ་སྙིང་པོ་བདག་གཙོ་བོར་གྱུར་པའི་འཁོར་གྱི་ཚོགས་རྣམས་ལ། གང་བཤད་ན། སྔར་མ་བསྟན་པ་རྟེན་གཅིག་ཉིད་ཀྱང་སྐུ་གསུང་ཐུགས་རྡོ་རྗེའི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་རབ་ཏུ་གནས་ཏེ་དགེ་ལེགས་འཕེལ་བར་བྱེད་པའི་ཆོ་ག་མཚན་ཉིད་ཡན་ལག་ཡོངས་སུ་ཚང་བའི་བཟང་པོ་ཉིད་ཀྱི་རིམ་པ་ཇི་ལྟ་བ་གསུངས་པས་སེམས་ཚིམ་པར་མཛད་དུ་གསོལ་ཞེས་པའོ། །གཉིས་པ་ལ་ལྔ། རབ་གནས། སློབ་དཔོན་གྱི་མཚན་ཉིད། མཆོད་པ། སྦྱིན་སྲེགས་བླང་བ་སོགས་སོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་གསུངས་སྦྱིན་


KMC011_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །སྔ་བར་སྐུ་གཟུགས་སྦྱང་བ་དང་། །སྟ་གོན་ལ་སོགས་བྱས་ནས་ནི། །ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །སྐུ་གཟུགས་སྙིང་གར་རབ་ཏུ་གཞུགས། །ཅེས་གསུངས་ཏེ། དེ་ལྟར་གསོལ་བ་བཏབ་པ་གསན་ནས། དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་ཀྱིས་གཞོམ་མེད་རྡོ་རྗེའི་དབྱངས་ཀྱིས་བཀའ་སྩལ་པ། རྩ་རྒྱུད་འདིར་མདོར་བསྡུས་པ་ཅི་སྐད་གསུངས་པ་ལ། བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེ་མགུར་གྱི་ལེའུ་བརྒྱད་པ་དང་། སམྦུ་ཊིའི་བདུན་པའི་རབ་བྱེད་གཉིས་པ་སྦྱིན་སྲེག་གི་ཆོ་གས་ཁ་བསྐང་ནས། རབ་ཏུ་གནས་པའི་གེགས་ཉེ་བར་ཞི་བའི་ཆེད་དུ་སྦྱིན་སྲེག་བྱས་ནས་ནི། ཡབ་ཧེ་རུ་ཀ་བཞི་ཡུམ་དང་བཅས་པ་གང་ཡང་རུང་བའི་དཀྱིལ་འཁོར་གྱི་ས་ཆོག་སྟ་གོན་སྔོན་དུ་འགྲོ་བས་རྡུལ་ཚོན་དམ་པ་བཞེངས་པ་དང་རྗེས་སུ་འབྲེལ་བར་སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས། ཟླ་བ་ཚེས་གྲངས་གཟའ་སྐར་བྱེད་སྦྱོར་བཟང་བའི་དུས་ཀྱི་ནང་པར་སྔ་བར། སངས་རྒྱས་ལ་སོགས་པའི་སྐུ་གཟུགས་ཀྱིས་མཚོན་ཏེ། རབ་ཏུ་གནས་བྱའི་སྐུ་གསུང་ཐུགས་ཀྱི་རྟེན་འདུ་བྱ་


KMC011_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ཞི་བ་དང་དྲག་པོ་ལ་སོགས་པས་སྦྱང་བ་དང་། རབ་ཏུ་གནས་པའི་སྟ་གོན་ལ་སོགས་པའི་ཁོངས་ནས་བུམ་བཟླས་རྟེན་ལ་སྦྱོང་བ་ཁྲུས་ཀྱི་རིམ་པ་གྲུབ་པར་བྱས་ནས་ནི། རྟེན་སོ་སོའི་རིགས་དང་མཐུན་པའི་དམ་ཚིག་པ་བསྐྱེད་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་ཞིང་རྣམས་ནས། ཡེ་ཤེས་པ་སྤྱན་དྲངས་ཏེ་ནམ་མཁར་བཞུགས་པའི་སངས་རྒྱས་ལ་སོགས་པ་ཀུན། སྐུ་གཟུགས་དམ་ཚིག་པའི་སྙིང་གར་རབ་ཏུ་གཞུག་ཅིང་དབང་བསྐུར་བརྟན་བཞུགས་རྗེས་ཆོག་ཚང་བར་བྱོས་ཤིག་པར་རྗེས་སུ་གནང་བ་སྟེ། གྲུབ་ཆེན་མཚོ་སྐྱེས་ཀྱི་པདྨ་ཅན་དང་། ནག་པོ་པ་སོགས་འདི་ཉིད་ལ་བརྟེན་པའི་ཆོ་ག་རྒྱ་བོད་ཚད་ལྡན་གྱིས་སྦྱར་བ་རྣམས་དང་། མཐོང་བ་བརྒྱུད་པ་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པར་བསྒྲུབ་པར་བྱའོ། །འདིའི་ངེས་དོན་དཔལ་ནཱ་རོ་པས། གང་ཞིག་སེམས་ནི་མཚོན་པ་ཅན། །སྐུ་གཟུགས་ལྷ་ཞེས་ཡང་དག་བཤད། །ཅེས་པ་དང་། རྣམ་པར་མི་རྟོག་ངོ་བོ་རུ། །སེམས་ནི་གང་ཞིག་རབ་ཞུགས་པ། །རབ་ཏུ་གནས་ཤིང་ལྷ་རྣམས་མཆོད། །དེ་ལས་རང་བྱིན་བརླབ་པར་འགྱུར། །


KMC011_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས། རང་བྱིན་རླབས་སམ་དཀྱིལ་འཁོར་འཁོར་ལོའི་ཆོ་གའི་རིམ་པས་རྩ་རླུང་བྱང་སེམས་རྣམས་བཅིངས་ནས་ཆོས་ཐམས་ཅད་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་མཉམ་པར་འཇོག་པ་བླ་ན་མེད་པའི་རབ་གནས་ཏེ། མདོར་ན། ཕྱག་རྒྱ་བཞི་ལ་དམིགས་པའི་མན་ངག་གིས་ལྷན་ཅིག་སྐྱེས་པ་མངོན་དུ་བྱེད་པ་འདི་ནི་རབ་ཏུ་གནས་པར་བརྗོད་དོ། །གཉིས་པ་ནི། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཅེས་གསུངས་ཏེ། རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་ཇི་ལྟ་བུ་ཞེ་ན། རང་འདོད་པའི་ལྷ་ཧེ་རུ་ཀ་ལ་སོགས་པའི་བསྐྱེད་པའི་རིམ་པ་ལ་མཉམ་པར་འཇོག་ནུས་པའི་རྣལ་འབྱོར་པ་ཐ་མ། རྫོགས་རིམ་གྱི་དོན་རབ་ཏུ་མཐོང་བ་ནི་རབ། གཉིས་ཀའང་གསང་སྔགས་ཀྱི་ཕ་རོལ་ཏུ་སོན་པ་སྟེ་སྔགས་ཀྱི་དེ་ཁོ་ན་ཉིད་མ་ལུས་པ་ཤེས་པས་མཁས་པའི་བདག་ཉིད་ཅན་འདིས་ནི་རབ་ཏུ་གནས་པ་ལ་སོགས་པ་ཡང་བྱར་རུང་བ་ཡིན་ནོ། །གསུམ་པ་ནི། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནི་ཝི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། སྣ་


KMC011_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཧཱུྃ་ནི་རྫོགས་པ་དང་། །མེ་ཏོག་ལ་སོགས་དབུལ་བ་ཉིད། །གོང་མའི་རྒྱུད་ཀྱི་ཆོག་རིམ་པས། །མཆོད་ཡོན་ཞབས་བསིལ་གོང་མ་བཞིན། །ཅེས་གསུངས་ཏེ། ཨོཾ་ནི། སྐུ་རྡོ་རྗེའི་ས་བོན་ཡིན་པས་མགོ་འདྲེན་པའོ། །བཛྲ་པུཥྤེ་ནི། རྡོ་རྗེ་མེ་ཏོག་མ་སྟེ། རྡོ་རྗེ་ཤེས་རབ་སྟོང་པ་ཉིད་ལས་མེ་ཏོག་མའི་རྣམ་པར་སྣང་བའི་དོན་ཏེ། ངོ་བོ་སྟོང་ཉིད་དང་རྣམ་པ་མཆོད་རྫས་དབྱེར་མི་ཕྱེད་པ་སྦྱོར་བའོ། །ཨཱ༔ནི། གསུང་དང་། ཧཱུྃ་ནི། ཐུགས་རྡོ་རྗེའི་ས་བོན་ནོ། །སྭ་ཧཱ་ནི། གཞི་ཚུགས་ཤིག་པའོ། །དེ་ཡང་མེ་ཏོག་མའི་མཚན་དང་རྡོ་རྗེ་གསུམ་གྱི་ས་བོན་སྤེལ་བ་ནི་དེའི་རང་བཞིན་དུ་བྱིན་གྱིས་བརླབས་པ་སྟེ། སྭཱ་ཧཱའི་མཐའ་རྟེན་སྦྱར་བ་དོན་འགྱུར་གྱི་དབང་དུ་བྱས་ན། མེ་ཏོག་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱིས་དགེ་ཚོགས་འཕེལ་བའི་གཞི་ཚུགས་ཤིག་ཅེས་པར་འགྱུར་བས། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ། །དྷཱུ་པེ་ནི། བདུག་སྤོས་མ། དཱི་པེ་ནི། མར་མེ་མ། གནྡྷེ་ནི། དྲི་མ། ནཻ་ཝི་དྱེ་ནི། ཞལ་ཟས་མ་སྟེ། མཐའི་འགྲེང་བུ་ནི་བུད་མེད་ཀྱི་རྟགས་མཐའ་དང་བོད་པའི་རྣམ་དབྱེ་སྦྱར་བ་ཡིན་པས། མེ་ཏོག་མ་ཞེས་སོགས་མོ་རྟགས་དང་མཆོད་པ་ལ་བསྐུལ་བས་


KMC011_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འབོད་པའི་ཚིག་གོ། །མཆོད་པ་དེ་ཇི་ལྟར་བྱེད་ན། མཆོད་པའི་ཡོ་བྱད་སྣ་ཚོགས་པ་དེ་དག་ཀྱང་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་མཆོད་རྫས་སོ་སོའི་རྣམ་པར་རྫོགས་པ་དང་། ཐོག་མར་ཧཱུྃ་ཞེས་བརྗོད་ཅིང་ཀུ་ཤའི་ཆུས་བསངས་ལ། རྡོ་རྗེ་ལག་ཏུ་བཟུང་སྟེ། ཧཱུྃ་ཧཱུྃ་ཞེས་བརྗོད་ཅིང་བདེ་སྟོང་དུ་བྱིན་གྱིས་བརླབ་བོ། །དེ་ལྟར་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ས་བོན་ཧཱུྃ་བརྗོད་པ་ནི་རྫོགས་པ་དང་། དེ་ནས་གོང་བཤད་སྔགས་ཀྱིས་མེ་ཏོག་ལ་སོགས་པ་ཉེར་སྤྱོད་ལྔ་དབུལ་བར་བྱ་བ་ཉིད་དོ། །རིམ་པ་ཇི་ལྟར་འབུལ་ན། གོང་མ་ནི་སྔ་མ་སྟེ། རྒྱུད་རྒྱས་པ་འབུམ་འབུམ་ལྔ་སོགས་སམ། བླ་མེད་ལས་སྔ་མར་གསུངས་པ་བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་ཀྱི་ཆོ་གའི་རིམ་པས་སྐབས་འདིར་མ་གསུངས་པའི་མཆོད་ཡོན་དང་ཞབས་བསིལ་ཀྱང་བྱིན་གྱིས་བརླབས་ཏེ་དབུལ་བ་གོང་མ་ཉེར་སྤྱོད་རྣམས་འབུལ་བ་བཞིན་བྱ་བའོ། །བཞི་པ་སྦྱིན་སྲེག་ལ་གསུམ། ཐབ་ཁུང་། བསྲེག་རྫས། མེ་ལྷའི་སྔགས་སོ། །དང་པོ་ནི། ཞི་བར་ཐབ་ཁུང་ཟླུམ་པོ་ཉིད། །རྒྱས་པ་ཉིད་ཀྱི་གྲུ་བཞི་པ། །བསད་པ་ལས་ནི་གྲུ་གསུམ་བརྗོད། །འདི་


KMC011_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ནི་ལྷག་མ་བསྒྲུབ། །ཁྲུ་གང་དང་ནི་ཁྲུ་ཕྱེད་ཉིད། །ཞི་བའི་སྟེང་དང་འོག་ཏུ་ཡིན། །ཁྲུ་དོ་དང་ནི་ཁྲུ་གང་ཉིད། །རྒྱས་པའི་སྟེང་དང་འོག་ཏུ་བརྗོད། །སོར་མོ་ཉི་ཤུའམ་དེ་ཡི་ཕྱེད། །བསད་པའི་སྟེང་དང་འོག་ཏུ་ཡང་། །ཞི་བར་ཁ་དོག་དཀར་པོར་འགྱུར། །རྒྱས་པར་སེར་པོ་དེ་བཞིན་ནོ། །གསད་པ་ལ་ནི་ཁ་དོག་གནག །དབང་ལ་དམར་པོར་རབ་ཏུ་གྲགས། །དབང་ལ་ཇི་བཞིན་དེ་ལྟར་དགུག །བསད་ལ་ཇི་ལྟར་ཞེ་སྡང་སོགས། །ཞེས་གསུངས་ཏེ། སྟ་གོན་དང་ལས་ཚོགས་ལ་སོགས་པ་བསྒྲུབ་པའི་དུས་སུ་སྦྱིན་སྲེག་གི་ཐབ་ཀྱི་དབྱིབས་ནི་བགེགས་དང་སྡིག་པ་སོགས་ཞི་བར་བྱ་བའི་ལས་ལ་ཐབ་ཁུང་ཟླུམ་པོ་ཉིད་དང་། ཚེ་དང་བསོད་ནམས་སོགས་རྒྱས་པ་ཉིད་ཀྱི་ལས་ལ་ཐབ་ཁུང་གྲུ་བཞི་པ། བསད་པ་སོགས་མངོན་སྤྱོད་ལས་ཀྱི་ཐབ་ཁུང་ནི་གྲུ་གསུམ་དུ་བརྗོད་དོ། །གསུམ་པོ་འདི་ཉིད་ལས་ནི་ལྷག་མ་གཉིས་ཀྱི་དབྱིབས་ཀྱང་བསྒྲུབ་པར་རུང་བ་ནི། དབང་དང་དགུག་པ་ལ་ཟླ་གམ་མོ། །ཡང་ན་གྲུ་གསུམ་པ་འདི་ཉིད་ཁོ་ན་ལ་ལྷག་མ་དབང་དགུག་བསྐྲད་དབྱེ་སོགས་བསྒྲུབ་པར་བྱ་བ་སྟེ་མཚོ་སྐྱེས་ཞབས་ཀྱིས་ཀྱང་ཐབ་གྲུ་


KMC011_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་དབང་གི་ལས་སྒྲུབ་པར་བཤད་དོ། །ཐབ་ཀྱི་ཚད་ནི་རྒྱར་ཁྲུ་གང་དང་ཟབས་སུ་ཁྲུ་ཕྱེད་པ་ཉིད་ནི་ཞི་བའི་སྟེང་དང་འོག་ཏུ་ཡིན་ནོ། །དེ་བཞིན་དུ། རྒྱར་ཁྲུ་དོ་རེ་དང་ནི་ཟབས་སུ་ཁྲུ་གང་ཉིད་རྒྱས་པའི་སྟེང་དང་འོག་ཏུ་བརྗོད་དོ། །དེའི་མཐར་མུ་རན་ནི་སོར་བརྒྱད་པ་ཉིད་དོ། །རྒྱར་ངོས་རེ་ལ་སོར་མོ་ཉི་ཤུའམ་དེའི་ཕྱེད་སོར་བཅུ་ནི་བསད་པའི་སྟེང་དང་འོག་ཏུ་ཡིན་ཏེ། དབང་དང་དགུག་པ་ཡང་དེ་དང་མཚུངས་སོ། །ཞི་བའི་ལས་ནི་ཐབ་ཀྱི་ཁ་དོག་ཚོན་གྱིས་དཀར་པོར་འགྱུར་བར་བྱ་སྟེ། རྒྱས་པ་ལ་ཐབ་སེར་པོར་ཚོན་གྱིས་བསྒྱུར་བ་གོང་མ་དེ་བཞིན་དང་། བསད་པ་ལ་ནི་ཁ་དོག་གནག་པ་སྟེ་ནག་པོ། དབང་ལ་དམར་པོར་བྱ་བར་རབ་ཏུ་གྲགས་ཤིང་། དབང་ལ་ཇི་ལྟ་བ་བཞིན་དུ་དགུག་པ་ལ་སྦྱོར་ཞིང་། བསད་པའི་ལས་ལ་ཇི་ལྟར་ནག་པོར་གྲགས་པ་དང་ལས་ཀྱི་རིགས་འདྲ་བ་ཉིད་ཀྱིས་ཞེ་སྡང་བ་དབྱེ་བའི་ལས་སོགས་གཞན་ལའང་ནག་པོར་བྱའོ། །གལ་ཏེ། འབྲི་བར་འདོད་ན། རྒྱ་ཚད་དེ་ལྟ་བུ་བྲི་སྟེ། གང་གི་ལས་ལ་ལྟོས་ནས་ནི། །རྡུལ་ཚོན་རྣམས་ནི་བཤད་པར་བྱ། །ཞེས་བཤད་རྒྱུད་དུ་བསྟན་ཏོ། །གཉིས་པ་ནི། ཞི་ལ་ཏིལ་དང་རྒྱས་ལ་ཞོ། །


KMC011_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གསད་ལ་ཚེར་མ་དེ་བཞིན་ནོ། །སྡང་ལ་སོགས་པའང་ཚེར་མར་བརྗོད། །དབང་དང་དགུག་ལ་ཨུཏྤ་ལ། །ཞེས་གསུངས་ཏེ། བསྲེག་རྫས་ལས་བྱེ་བྲག་པ་ལ་མེད་དུ་མི་རུང་བའི་རྫས་ཞི་བའི་ལས་ལ། བསྔགས་པས་ཏིལ་དཀར་ནག་དང་། རྒྱས་པ་ལ། ཞོ་མངར་གསུམ་སོགས་དང་སྦྱར་བའི་ཟས་མཆོག་དང་། བསད་པའི་ལས་ལ་གདུག་པ་ཅན་གྱི་ཚེར་མ་བྱ་བ་དེ་བཞིན་དུ། སྡང་ལ་སོགས་པ་ཞེས་མངོན་སྤྱོད་གཞན་ལའང་དེ་དང་མཐུན་པའི་ཁྱད་པར་གྱི་བསྲེག་རྫས་ཚེར་མར་བརྗོད་ཅིང་། དབང་དང་དགུག་པའི་ལས་ལ། ཨུཏྤལའི་རིགས་ཇི་ལྟར་རྙེད་པ་གཙོ་བོ་སྟེ། ཡམ་ཤིང་སམྦུ་ཊར་བཤད་པ་དང་། མགུར་ལས། མར་ལ་སོགས་པའི་སྦྱོར་བ་ལས། །ཞེས་རྒྱུད་གཞན་ནས་འབྱུང་བའང་སོགས་ཁོངས་སུ་སྡུད་པ་རྣམས་འཚོགས་པར་བྱའོ། །གསུམ་པ་ནི། སློབ་དཔོན་མཚོ་སྐྱེས་དང་ནག་པོ་པ་ལ་སོགས་པས་འདིའི་དགོངས་པ་འགྲེལ་བའི་སྦྱིན་སྲེག་གི་ཆོ་ག་རྣམས་སུ་བཤད་པ་ལྟར། སམྦུ་ཊར་གསུངས་པའི་མེ་ལྷ་ཞལ་བཞི་ཕྱག་བཞི་སོགས་སམ་གཞན་ནས་བཤད་པ་གང་རུང་ལས་དང་མཐུན་པའི་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་


KMC011_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པའི་སྔགས། ཨོཾ་ཨཱགྣི་མ་ཧཱ་ཏེ་ཛཱཿསརྦ་ཀརྨ་པྲ་སཱ་དྷ་ཀཀཱ་རུ་ཎྱ་ཀྲྀ་ཏ་སརྦཱརྠ། ཨསྨིནྶ་ནྣི་ཧི་ཏོ་བྷ་བ། མེ་དགུག་པའོ། །ཞེས་གསུངས་ཏེ། དེ་ལ་ཨོཾ་དཔལ་གྱི་དོན་དང་། ཨཱགྣི་མ་ཧཱ་ཏེ་ཛཿམེ་གཟི་བརྗིད་ཆེན་པོ་སྟེ་ཚིགས་བཅད་དུ་ཀློག་པའི་ཚེ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །ཞེས་སོ། །སརྦ་ཀརྨ་པྲ་སཱ་དྷུ་ཀ ། ལས་རྣམས་ཐམས་ཅད་རབ་ཏུ་སྒྲུབ། །ཀཱ་རུ་ཎྱ་ཀྲྀ་ཏ་སརྦཱ་རྠ། །སྙིང་རྗེས་དོན་རྣམས་ཐམས་ཅད་མཛད། །ཨཱསྨིན་སནྣི་ཧི་ཏོ་བྷ་ཝ། །འདིར་ནི་མཉེས་པའམ་བཞུགས་པར་མཛོད། །ཅེས་པ་མེ་ལྷ་ཡེ་ཤེས་པ་དགུག་པའོ། །དེ་ལྟར་བཀུག་པ་ལ་བསྲེག་རྫས་སོགས་ཀྱིས་མཆོད་ནས། ཡི་དམ་གྱི་ལྷ་ལ་བསྲེག་བླུགས་འབུལ་བའི་ཆོ་ག་རྫོགས་པར་བྱས་ཏེ། སླར་ཡང་མེའི་ལྷ་ལ་གཏང་རག་གི་བསྲེག་རྫས་དང་། མཆོད་བསྟོད་ཕུལ་ནས་བཟོད་གསོལ་བྱས་པའི་མཐར། འོག་ཏུ་འབྱུང་བའི་གཤེགས་སུ་གསོལ་བའི་སྔགས་ཀྱིས་རང་གནས་སུ་གཤེགས་སོ། །འདིའི་ངེས་དོན་ཕྱི་རོལ་གྱི་ཡུལ་གཟུགས་སོགས་དང་ནང་གི་ཕུང་ཁམས་སྐྱེ་མཆེད་གསང་བ་བྱང་སེམས་རྣམས་ནི་བསྲེག་རྫས། ཕྱི་བདག་མེད་ཤེས་རབ། ནང་ངོ་བོ་གནས་འགྱུར་གྱི་


KMC011_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ། གསང་བ་ཙཎྜ་ལཱི་རྣམས་ནི་སྲེག་བྱེད། ཕྱི་ཆོས་དབྱིངས། ནང་རིགས་ལྔ། གསང་བ་ཐབས་ཤེས་དབྱེར་མེད་ཀྱི་ལྷ་རྣམས་མཉེས་པ་ནི་སྦྱིན་སྲེག་གི་དོན་ཏོ། །ལྔ་པ་ས་བླང་བ་ནི། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཆེ་གེ་བདག་ནི་དཀྱིལ་འཁོར་འབྲི། །སྭ་ཨརྠ་ནྩཻ་ཝ་བ་ར་ཨརྠཉྩ་སཱ་དྷི་ཏྭཾ་གཙྪ་ཧ་བྱ་བྷུ་ཀ །ཨཱ་ག་མི་ཥྱ་སི་ཡ་ཐཱ་ཀཱ་ལེ། སརྦ་སིདྡྷིཾ་ཀུ་རུ་ཤྭ་མེ། མེ་དགའ་བའི་སྔགས་སོ། །ཨོཾ་ཛཿཧཱུྃ་བྃ་ཧོཿཁཾ་རཾ། མཆོད་ཡོན་གྱི་སྔགས་སོ། །ཨོཾ་ནཱི་རཱི་ཧཱུྃ་ཁཾ། ཞབ་བསིལ་གྱི་སྔགས་སོ། །ཨོཾ་དྷྭཾ་དྷྭཾ། ལྷ་བཤོས་ཀྱི་སྔགས་སོ། །ཞེས་གསུངས་ཏེ། དང་པོའི་ཚིགས་སུ་བཅད་པ་ནི། སྦྱིན་སྲེག་ནི་དཀྱིལ་འཁོར་དང་འབྲེལ་བས་དེའི་ས་ཆོག་གི་སྐབས་སུ་ལྷ་དཔངས་སུ་གསོལ་བ་འདིར་ཞར་བྱུང་ཁ་སྐོང་བ་སྟེ། དེའང་ས་སློང་བའི་སྐབས་སུ་སའི་ལྷ་མོ་ལ་མཆོད་བསྟོད་སྔོན་དུ་བཏང་ནས་གསོལ་བ་འདེབས་པ་ནི། མ་མ་ཞེས་པའི་མ་སྔོན་མ་འགྲོ་བ་སྐྱེད་བྱེད་དུ་གྱུར་པ་དང་མ་གཉིས་པ་གསོ་ཞིང་སྐྱོང་བས་མ་ཞེས་བརྗོད་པ་སྟེ། རིན་ཆེན་སྣ་ཚོགས་ནི་འབྱུང་ཁུངས་ཀྱི་ནོར་བུ་དུ་མ་ཡོད་པའམ།


KMC011_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རིན་པོ་ཆེ་དང་མཚུངས་པ་མང་བས་བསྟན་པ་འཛིན་པས་ས་གཞིའི་ཡོན་ཏན་ནོ། །དེ་ལྟར་བོས་ནས། བདག་གི་ཐབས་ཤེས་གཉིས་སུ་མེད་པའི་ཀྱེའི་རྡོ་རྗེའི་ཞེ་སྡང་རྣམ་པར་དག་པའི་བདག་ཉིད་ཁྲོས་པའི་ཉམས་ཅན་མཆོད་པའི་ཕྱིར་དཀྱིལ་འཁོར་གྱི་ལས་སྒྲུབ་པ་ལ། ཇི་ལྟར་ལྷ་མོ་ཁྱོད་ནི་རྫོགས་པའི་སངས་རྒྱས་ཀྱིས་བདུད་བཅོམ་པའི་དཔང་དུ་གྱུར་པ་ལྟར། དེའི་རྗེས་འཇུག་སྒྲུབ་པོ་མིང་ཆེ་གེ་ཞེས་བྱ་བ་བདག་ནི་གནས་འདིར་དཀྱིལ་འཁོར་འབྲི་བ་ལ་ཡང་། ལྷ་མོ་ཁྱོད་དཔང་དུ་གྱུར་པས་གནང་བ་མཛོད་ཅིག་ཅེས་མཁྱེན་པར་གསོལ་བའོ། །གོང་སྨོས་མེ་ལྷ་གཤེགས་སུ་གསོལ་བའི་སྔགས་ནི། སྭཱརྠཱ་ཉྩཻ་ཝ་བ་རྭརྠ་ཉྩ་ཞེས་པ་ལ་ཤོང་གིས་ཁ་སྦྱོར་དྲི་མེད་དུ། རང་གི་དོན་དང་གཞན་དོན་ཉིད། །སྭཱ་དྷི་ཏཾ་གཙྪ་ཧ་བྱ་བྷུ་ཀ ། སྒྲུབ་ཀྱིས་བསྲེག་བྱ་ཟ་བ་གཤེགས། །ཨཱ་ག་མི་ཥྱ་སི་ཡ་ཐཱ་ཀཱ་ལེ། །ཇི་ལྟའི་དུས་ན་འབྱོན་པ་དང་། །སརྦ་སིདྡྷི་ཀུ་རུ་ཥྭ་མེ། །བདག་གི་དངོས་གྲུབ་ཐམས་ཅད་མཛོད། །ཅེས་བསྒྱུར་བས་མེ་ལྷ་རང་གནས་སུ་དགར་བའི་སྔགས་ཏེ་དོན་བསྒྲུབ་པར་མཛད་དོ་ཞེས་བསྟོད་པས་སོ། དེ་ནས་གོང་དུ་མཆོད་པའི་སྔགས་


KMC011_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུངས་པ་འགའ་ཞིག་འདིར་ཁ་བསྐངས་ནས་གསུངས་པ་སྟེ། ཨོཾ་ཛཿཧཱུྃ་སོགས་ནས། ལྷ་བཤོས་ཀྱི་སྔགས་སོ། །ཞེས་གསུངས་པའི་སྒྲ་བཤད་ལ། ཌྷཾ་ག་ད་ཤས། ཨོཾ་རྡོ་རྗེ་གསུམ་དབྱེར་མེད། ཛཿསྐུ་རྡོ་རྗེ་དོན་གྲུབ་སྟོང་ཉིད་བཅུ་དྲུག་གི་རང་བཞིན། ཧཱུྃ་ཤེས་རབ་དང་ཐབས་དབྱེར་མེད། བ་བྱང་ཆུབ་ཀྱི་སེམས་ལ། ཨོཾ་མཁའ་སྤྱོད་མའི་ས་བོན་བྱིན་པ་དེའི་རང་བཞིན། ཧོཿསྟོང་པ་ཉིད་རྣམས་ཀྱི་ངོ་བོ། ཁ་རིན་འབྱུང་ལ་མཁའ་སྤྱོད་མས་རྒྱས་བཏབ་པས་ཁཾ། རཾ་བདག་མེད་མ་དང་མཁའ་སྤྱོད་མ་དབྱེར་མེད་ཀྱི་སྔགས་ཡི་གེ་བདུན། མཆོད་ཡོན་ཞེས་པ་ཨཱརྒྷའི་སྒྲས་རིན་ཐང་ཆེ་ཞིང་རྙེད་དཀའ་བ་ཕལ་པའི་སྤྱོད་ཡུལ་མ་ཡིན་པ་སྟོང་པ་ཉིད་ཀྱི་དོན་ཏེ། དྲང་དོན་དུ་ཆུའི་མཆོད་ཡོན་སྦྲེང་ཞིང་འབུལ་བའི་སྔགས་སོ། །རྡོ་རྗེ་གསུམ་མི་ཕྱེད་པ། ནཱི་འོད་དཔག་མེད་ཀྱི་ངོ་བོ། ཨཱི་ཆུའི་རྣལ་འབྱོར། མ་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་གྱི་ནཱི། རཱི་ནཱ་དའི་ཕྲེང་བ་དབྱངས་གསལ་གཉིས་དབྱེར་མེད་བདག་མེད་མ། ཏི་ལ་བཤད་པ་མེད་ཅིང་། ཧཱུྃ་དེ་དག་ཐ་མི་དད་པ། ཁཾ་དབང་པོ་རྣམ་ཤེས་སྟོང་ཉིད་དུ་དག་པའི་ཡེ་ཤེས་ལྔ་པོ་ཞབས་བསིལ་ཞིང་བཀྲུ་


KMC011_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྔགས་སོ། །ཨོཾ་རྡོ་རྗེ་གསུམ། དྷ་རིན་ཆེན་དབང་པོ། ཝ་འོད་དཔག་མེད་ཀྱི་ངོ་བོ། གཉིས་སུ་མེད་པས་ཐིག་ལེ་བྱིན་ཏེ། དྷྭཾ་དྷྭཾ་ཐབས་ཤེས་མཚོན་བྱེད་དུ་བཟླས་པའི་ཡི་གེ་གསུམ་ལྷ་བཤོས་ཀྱི་སྔགས་སོ། །ཞེས་བཤད་དོ། །མཆོད་པ་སྔ་ཕྱི་རྣམས་ཀྱི་ངེས་དོན་དཔལ་ནཱ་རོ་པས། གཟུགས་སོགས་ཡུལ་གྱི་ཁམས་རྣམས་མཆོད་བྱ་སྟེ། བྱང་ཆུབ་ཀྱི་སེམས་མ་འཕོས་པའི་ཐིག་ལེ་རྣམས་ཀྱིས་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་གོང་དུ་བརྟན་པ་ནི་ཡོངས་སུ་མཆོད་པར་བྱ་བའོ། །ཞེས་སྟོད་འགྲེལ་གྱི་ལུང་དྲངས་ནས་བཤད་དོ། །གསུམ་པ་ལེའུའི་མཚན་ནི། ཀྱེའི་རྡོ་རྗེ་མཁའ་འགྲོ་མའི་དྲ་བའི་སྡོམ་པའི་ལས་བརྟག་པ་གཉིས་པ་རབ་གནས་ཀྱི་ལེའུ་སྟེ་དང་པོའོ།། །། ཞེས་གསུངས་ཏེ། ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བ་སྡོམ་པ་ལས། ཞེས་པའི་དོན་གོང་དུ་བསྟན་པ་ལྟར་ལ། བརྟག་པ་ཕྱི་མའམ་གཉིས་པའི་ཐོག་མ་རྟེན་སོ་སོ་ལ་ཡེ་ཤེས་པ་ལྷག་པར་གནས་པ་བསྒྲུབས་པས་རབ་གནས་ཀྱི་ཆོ་ག་གཙོ་བོར་གྱུར་པའི་སྦྱིན་སྲེག་དང་མཆོད་པ་དང་ས་སློང་བ་བསྟན་པའི་ལེའུ་དང་པོའི་ཚིག་དོན་རྣམ་པར་བཤད་པའོ།། །།ལེའུ་གཉིས་པ་དངོས་


KMC011_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གཏན་ལ་དབབ་པ་ཞེས་བྱ་བ་སྟེ་དེ་ལ་ལེའུའི་འབྲེལ་ནི། ལེའུ་དང་པོར་རྡོ་རྗེ་སློབ་དཔོན་གྱིས་སེམས་ཅན་དམན་པ་རྗེས་སུ་འཛིན་པའི་དོན་རབ་གནས་དང་སྦྱིན་སྲེག་གསུངས་པས། དེ་མ་ཐག་ཏུ་སེམས་ཅན་མཆོག་རྗེས་སུ་འཛིན་པའི་མཆོག་གི་དངོས་གྲུབ་གསལ་བར་སྟོན་བྱེད་འདི་གསུང་བར་འབྲེལ་ལོ། །མངོན་རྟོགས་ནི། ལྷའི་རྣལ་འབྱོར་དང་སྤྱོད་པའི་ཚུལ་དང་ལྷན་སྐྱེས་དེ་ཁོ་ན་ཉིད་རྣམས་སྟོན་པས་རིམ་པ་གཉིས་ཀ་དང་འབྲེལ་ལོ། །ལེའུ་འདི་ནི་བརྟག་པ་དང་པོའི་རྡོ་རྗེ་རིགས་ཀྱི་ལེའུ་ལས། ཧེ་རུ་ཀ་ནི་སྐྱེད་པའི་རྒྱུ། །དང་པོར་གཅིག་ནི་བསྒོམ་པར་བྱ། །ཞེས་གསུངས་པ་དང་། ལེའུ་དྲུག་པ་སྤྱོད་པའི་སྐབས་ལ་དོགས་པ་ཁྲུངས་པ་རྣམས་བསལ་བའི་ཆེད་དུ་ཞུ་བ་དང་། ལན་གྱིས་གཏན་ལ་དབབ་པ་ཡིན་ལ། རྗེ་མར་པས། ལེའུ་གཉིས་པ་འདིས་བརྟག་པ་དང་པོར་བསྟན་པའི་དབང་དང་བསྐྱེད་རྫོགས་བཟླས་པ་རྣམ་དག་དང་བཅས་པ་ཉམས་སུ་བླང་ཞིང་སྤྱོད་པ་དང་བརྡ་བྱས་པའི་དུས་འདི་ན་འཚང་རྒྱ་བ་མི་ཤེས་པ་ལ་འདིར་ཟླ་བ་ཕྱེད་གསུམ་དང་ཞག་བདུན་ན་འཚང་རྒྱ་བ་སྟོན་པས་དངོས་གྲུབ་གཏན་ལ་


KMC011_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པ་ཞེས་བཞེད་དོ། །འདི་འཆད་པ་ལ་གསུམ། མཚམས་སྦྱོར་བའི་དོན་དུ་ཞུས་པ། གཞུང་དངོས་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་བ། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །རྒྱ་མཚོ་ཀུ་བ་ཇི་ལྟ་བར། །རང་འདོད་ལྷ་ཡིས་གཟུགས་ཀྱིས་ནི། །སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། སྔར་ལྷའི་རྣལ་འབྱོར་གྱིས་གྲོལ་བར་གསུངས་པ་ལ་དོགས་པ་གཅོད་པའི་ཕྱིར་བཅོམ་ལྡན་འདས་ལ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་གསོལ་བ། ནམ་མཁའ་ལྟ་བུར་སྤྲོས་པའི་མཚན་མ་མཐའ་དག་ཟུང་འཇུག་ཏུ་ཞི་བ་འཁོར་འདས་ཀྱི་ཆོས་ཀུན་གྱི་གནས་ལུགས་ཡིན་པ་ལ། བསྐྱེད་རིམ་ནི་ཕྱིའི་རྒྱ་མཚོ་ཁྱོན་ཡངས་པའི་ནང་དུ། ཀུ་བའི་སྣོད་འཕང་ན་ཆུང་ཞིང་ཉི་ཚེ་བར་གྱུར་བས་རང་གི་གནས་ལ་སྡོད་མི་ཐུབ་པར་ཕྱོགས་ཀུན་ཏུ་འཕྱོ་བ་ཇི་ལྟ་བར། རང་འདོད་པའི་ལྷའི་གཟུགས་ཀྱི་ང་རྒྱལ་བརྟན་པོ་ཡོད་ཀྱང་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཆུ་སྲིན་གྱིས་དཀྲུགས་པའི་འཁོར་བ་རྒྱ་མཚོ་དང་མཚུངས་པར། །སེམས་ཅན་བསྐྱེད་རིམ་གྱི་སྒྲུབ་པ་པོས་ཇི་ལྟར་མཆོག་གི་དངོས་གྲུབ་འགྲུབ་


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next