Nitartha Digital Library
Tibetan
 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


KMC013_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་གྱི་སྔགས་ཁོ་ནས་གཡོན་པས་གྲངས་ཚད་མི་བཟུང་བར་འབུལ་ཞིང་སྐབས་སུ་མར་ཁུ་འབུལ། མཐར་ལག་མཆོད་མཆོད་བསྟོད་ཚོགས་གཏོར་རྣམས་ཕུལ་ཏེ་འདོད་དོན་ལ་གསོལ་བ་གདབ། གཏང་རག་གི་མཆོད་བསྟོད་བྱ། ཡིག་བརྒྱ་བརྒྱ་སྟོང་སོགས་བཟླས་པས་ནོངས་པ་བཤགས་ཅིང་བཟོད་པར་གསོལ་ཏེ་དགེ་བ་བསྔོས་ནས་ཡེ་ཤེས་པ་བདག་གི་དབུགས་རྔུབ་པ་དང་ལྷན་ཅིག་ཏུ་ས་བོན་ལ་བསྟིམ་པར་བྱ་སྟེ། སམྦྷཱུ་ཊར། ཕྱིས་ནི་བདག་གི་དབུགས་ཀྱིས་ནི། །བདག་གི་ལུས་ལ་བསྟིམ་པར་བྱ། །ཞེས་སོ། །དམ་ཚིག་པ་ཧྲཱིཿའི་བར་བསྡུས་ཏེ་དེ་ལྟེ་བའི་ས་བོན་ལ་བསྟིམ་སྟེ་སྟོང་ཉིད་དུ་བཞགབཀྲ་ཤིས་བརྗོད་ནས་ཐལ་བ་དང་རྡུལ་ཚོན་ཨ་ཀཱ་རོ་བརྗོད་པས་མཐའ་ནས་ཕྱོགས་ཏེ་ཅུང་ཟད་དངོས་གྲུབ་ཀྱི་ཕྱིར་སྤྱི་བོར་བཀོད་ནས་བུམ་ཆུ་ལྷག་མ་དང་ལྷན་ཅིག་རི་བོ་ཆེན་པོའི་རྩེའམ་ལམ་པོ་ཆེའམ་ཡུལ་གྱི་དབུས་སམ་ཆུ་ཀླུང་དུ་དོར་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ལས་ཀྱི་མཐའ་བསྡུ་བའི་སྦྱིན་སྲེག་འདི་ནི་བྱ་སླ་ཞིང་ཚེགས་ཆུང་བ་དང་དངོས་གྲུབ་མྱུར་བ་ཡིན་ལ། རྗེས་སུ་གྲུབ་ན་ཞི་བའི་སྦྱིན་སྲེག་བསྙེན་པའི་


KMC013_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཆ་དང་ལས་སྦྱོར་གྱི་སྦྱིན་སྲེག་མཚན་མ་བརྙེད་པར་བྱ་ལ། དེ་དག་གི་སྦྱིན་སྲེག་གི་ཆོ་ག་དངོས་ནི་འཇམ་དབྱངས་ཆེན་པོ་དང་རྗེ་བླ་མས་མཛད་པ་སོགས་ལས་ལྟའོ། །གཉིས་པ་རྫོགས་རིམ་གཙོ་བོར་སྒྲུབ་པ་ནི། རླུང་དང་མེ་དང་བདེ་བའི་ཁམས། །ཅེས་སོགས་འཆད་འགྱུར་ཚིགས་བཅད་གཅིག་གིས་རླུང་དྷཱུ་ཏིར་གཞུག་པ་དང་སེམས་ལ་གཞུག་པ་དང་འོད་གསལ་དུ་གཞུག་པ་གསུམ་གྱི་སྒོ་ནས་ཆགས་པ་དང་གཉིད་སྟུག་སྦྱོང་ཞིང་སྒོ་གསུམ་དག་པ་རྡོ་རྗེ་གསུམ་དངོས་སུ་སྒྲུབ་པ་ཙཎྜ་ལིའི་རྣལ་འབྱོར་དང་བདག་བྱིན་རླབས་ཀྱི་རིམ་པས་སད་པ་དང་རྨི་ལམ་དང་བར་མ་དོའི་གནས་སྐབས་ཡེ་ཤེས་སུ་སྦྱོང་བ་སྒྱུ་འཕྲུལ་གྱི་རྣལ་འབྱོར་དང་། ཚེ་དེར་ལམ་མ་རྫོགས་ན་འདའ་ཁ་མ་གོང་དུ་འཕོ་བ་སྟེ་གསུམ་གྱིས་བདེ་ཆེན་རླུང་སེམས་གཉིས་མེད་ཐབས་ཀྱི་རིམ་པ་སྟོན་ལ། གཟུང་བའི་ཡུལ་དང་ཞེས་སོགས་བཤད་ཟིན་ཚིག་རྐང་གཉིས་ཀྱིས་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ་གཉུག་མ་ལྷན་ཅིག་སྐྱེས་པའི་ངོ་བོར་གཟོད་ནས་གནས་པ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་གྱི་སྤྱོད་ཡུལ་དུ་བྱེད་པ་སྐྱེ་མེད་རླུང་


KMC013_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གཉིས་མེད་ཤེས་རབ་ཀྱི་རིམ་པ་སྟེ་གཉི་གའང་མཐར་རང་བཞིན་གཅིག་པའི་ངོ་བོར་སྒྲུབ་པ་ནི་རྫོགས་པའི་རིམ་པ་མཐའ་དག་གི་ཡང་སྙིང་སྟེ་མན་ངག་དང་བྱིན་རླབས་ཀྱི་རྒྱུན་མ་ཆད་པའི་བླ་མ་དམ་པའི་ཞལ་ལས་རྟོག་གེའི་ལྷད་མ་ཞུགས་པའི་གདམས་ངག་སྨར་ཁྲིད་དུ་ཞུས་ཏེ་རྒྱུད་ལ་འདྲིས་ཅིང་ཉམས་མྱོང་བླ་མའི་དྲུང་ཉིད་དུ་སྐྱེས་པས་བརྡར་ཤ་ཆོད་པ་ཅིག་དགོས་ཀྱི། ཡི་གེ་དང་རྟོག་དཔྱོད་སྣ་ཚོགས་པ་ལས་བརྙེད་པས་ནི་རི་མོའི་མར་མེ་ལྟར་བྱ་བ་བྱེད་པར་མི་ནུས་སོ། །དེས་ན་འདིར་མི་སྤྲོ་སྟེ་དམ་པའི་ཞལ་ལས་ཚོལ་ཞིགརྫོགས་རིམ་གྱི་སྒོམ་པ་ལ་རྩེ་གཅིག་པའི་རྣལ་འབྱོར་པས་ནི་སྐྱེད་རིམ་ཀུན་བཏགས་ཀྱི་བྱ་བ་བཅོས་མ་རྣམས་ཆེད་དུ་མི་སྒྲུབ་སྟེ། རྡོ་རྗེ་མཁའ་འགྲོར། རྣལ་མའི་སྤྱོད་པ་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་སྒོམ་པ་དང་། །བཅོས་མ་ཡིན་ནི་བཟླས་པ་བྱ། །རྣལ་མའི་སྤྱོད་པ་རྟོགས་གྱུར་ན། །བཅོས་མ་དག་ནི་མི་བྱའོ། །དཔེར་ན་གཟིངས་ལ་ཞུགས་ནས་ནི། །ཆུ་ཡི་ཕ་རོལ་འགྲོ་བར་བྱེད། །ཕ་རོལ་ཕྱིན་ནས་འདོར་བ་ལྟར། །བཅོས་མ་དག་ཀྱང་དེ་བཞིན་ནོ། །ཞེས་སོགས་དང་། དེ་ཕྱིར་དཀྱིལ་


KMC013_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་སོགས་པ། །བྱ་བའི་ཆོ་ག་ལ་འབད་པ། །ཐར་པ་དང་བྲལ་ཕྱི་རོལ་ཏེ། །སྐྱེས་བུ་ཉོན་མོངས་འབའ་ཞིག་བྱེད། །ཅེས་བཤད་དོ། །དེས་ན་བདེ་ཆེན་ཐབས་ཀྱི་རྫོགས་རིམ་གྱི་རྣལ་འབྱོར་པས་ནི་རྡོ་རྗེའི་ལུས་ངག་ཁོ་ན་དཀྱིལ་འཁོར་དང་དཀྱིལ་འཁོར་བ་དང་སྔགས་ཀྱི་ངོ་བོར་ཤེས་པས་སྦྱིན་སྲེག་དང་བཟླས་བརྗོད་ཐམས་ཅད་ཀྱང་དེ་ཉིད་དུ་སྒྲུབ་ལ། སྐྱེ་མེད་ཤེས་རབ་ཀྱི་རྣལ་འབྱོར་པས་ལྷ་སྔགས་ཐམས་ཅད་སྐྱེ་མེད་སེམས་ཀྱི་ངོ་བོར་ཤེས་པས་སྦྱིན་སྲེག་དང་བཟླས་བརྗོད་ཐམས་ཅད་ཀྱང་དེའི་ངོ་བོར་སྒྲུབ་ཀྱི་བཅོས་མའི་བྱ་བ་རྣམས་ཆེད་དུ་ལེན་པར་མི་བྱེད་དོ། །གཉིས་པ་མཉམ་རྗེས་དབྱེར་མེད་དུ་སྒྲུབ་པ་ནི། ཡ་ང་མེད་ཅིང་ཚད་བཟུང་མེད། །རིག་པ་དར་དང་བཅས་པ་ཡིས། །མི་ཕོད་རྫི་ཞིང་ཞེན་པ་ལྡོག །འཁྲི་བ་རྩན་ཐབས་དག་ཏུ་བཅད། །རང་བྱུང་ཡེ་ཤེས་ཡི་གེ་བཞི། །དབྱིངས་སུ་ཤར་ནས་དབྱིངས་སུ་རོལ། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །ཡང་དག་དོན་ལ་གྲུབ་པ་མེད། །ཅེས་གསུངས་ཅིང་། དེའི་དོན་ཞལ་གདམས་དང་པོར། དེ་ལྟ་བུའི་རྣལ་འབྱོར་པས་ལུས་ངག་ཡིད་གསུམ་སྐད་ཅིག་ཀྱང་ཐ་མལ་དུ་མི་སྡོད་


KMC013_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནད་གསུམ་གྱིས་བསྐུལ། དབང་པོ་སྒོ་ལྔ་ཡིན་པར་མི་གཏོང་བར་མི་རྟོག་པའི་ངང་དུ་གནས་པར་བྱའོ། །ཡ་ང་དང་ཚད་བཟུང་མེད་པར་དར་ཅན་གྱི་རིག་པ་ལ་དབང་བསྐུར། གནས་དང་གྲོགས་དང་ཟས་དང་གོས་ནོར་ལ་སོགས་པ་འཇིག་རྟེན་ཆོས་བརྒྱད་ཀྱི་ཞེན་པ་སྤོང་། མི་ཕོད་པའི་རྟོག་པ་གང་བྱུང་བ་དེ་ལ་ཐོག་བརྫིས་བྱ། འཁྲི་བ་རྩན་ཐབས་སུ་བཅད། རང་གི་སེམས་ཉིད་སྐྱེ་བ་མེད་པ་དེ་རྟོགས་པའི་ངར་དང་ལྡན་པས་མཉམ་བཞག་དང་རྗེས་ཐོབ་མེད་པར་ཉམས་སུ་བླང་བར་བྱའོ། །ཞེས་དང་། ཞལ་གདམས་དྲུག་པར། ཚོགས་དྲུག་གི་སྣང་བ་ཐམས་ཅད་སྐྱེ་མེད་ཆོས་ཀྱི་སྐུར་རྟོགས་པའི་གདེང་དང་ལྡན་པས་དཔའ་རྩལ་ཆེ་བ་སྟག་ལྟ་བུ་དང་། གང་ལའང་ཉམ་ང་དང་བག་ཚ་མེད་པ་སེང་གེ་ལྟ་བུ་དང་། དམིགས་པ་རྣོ་ཞིང་རིག་པ་མྱུར་ལ་འཁྱུག་པ་གློག་ལྟ་བུ་དང་། རིག་པ་ངར་དང་བཅས་ཅིང་རྩལ་དྲག་པ་ཐོག་ལྟ་བུ་དང་། སྔགས་ཀྱི་སྒྲ་གྲག་ཞིང་དཔའ་བ་འབྲུག་ལྟ་བུ་དང་། གང་ལའང་གཟའ་གཏད་མེད་པར་གྲོལ་བ་སྨྱོན་པ་ལྟ་བུ་དང་། ཆགས་ཞེན་དང་གཟུང་འཛིན་གྱི་མདུད་པ་གྲོལ་བ་ནམ་མཁའ་ལྟ་བུའི་རྟོགས་


KMC013_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པས་ཤེས་པ་ཀག་ལངས་སུ་ཧུར་བསླང་ལ་བརྟུལ་ཞུགས་ཐུག་ཕྲད་དུ་བརྡེག་ནད་ལ་གཟིར་གདོན་ལ་གཟིར་ཉོན་མོངས་པ་ལ་གཟིར་བར་བྱའོ། །ཞེས་གསུངས་པ་ཉིད་དེ་སྐྱེད་རྫོགས་དབྱེར་མེད་དུ་བསྲེས་ཏེ་མཉམ་བཞག་དང་རྗེས་ཐོབ་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་སྐྱང་བར་བྱའོ། །དེས་ན་མར་མིའི་སྒྲུབ་རྒྱུད་འདིའི་ཚད་ལྡན་རྣམས་ཀྱི་རྣལ་འབྱོར་ནི་འདི་ལྟ་བུ་སྟེ། མཉམ་རྗེས་དང་སྐྱེད་རྫོགས་སོགས་རེས་འཇོག་ཏུ་བརྗེ་བའི་འཕྲང་ལས་གྲོལ་བ་ཡིན་ནོ། །སྤྱིར་དུས་ཀྱི་འཁོར་ལོ་ལས་སྐྱེད་རིམ་འཇིག་རྟེན་པའི་དངོས་གྲུབ་ཁོ་ནའི་རྒྱུར་བཤད་པ་དང་། རྒྱུད་དུ་མར་སྐྱེད་རིམ་བཅོས་མའི་སྒོམ་པར་བཤད་པ་སོགས་ནི་དབྱིབས་དང་ཁ་དོག་ཙམ་ལ་ལྷར་ཞེན་པ་ཀུན་བཏགས་རྟོག་པའི་སྒོམ་པ་དང་། དེས་འདུ་བྱས་པའི་རྡུལ་མཚོན་གྱི་ལས་དང་སྦྱིན་སྲེག་གི་མཆོད་པ་སོགས་སྤྲོས་པའི་བྱ་བ་རྣམས་ལ་རབ་ཏུ་ཆགས་ནས་དེ་དག་ཁོ་ན་ཐར་པའི་རྒྱུར་ཞེན་པ་རྣམས་ལ་དགོངས་པ་སྟེ་དེ་དག་གི་སྐྱེད་པའི་སྒོམ་པ་དེས་ནི་བསོད་ནམས་ཀྱི་ཚོགས་ཅུང་ཟད་དང་འཇིག་རྟེན་པའི་དངོས་གྲུབ་ཙམ་ལས་གཞན་ཅིར་ཡང་མི་འགྱུར་བའི་ཕྱིར་རོ། །


KMC013_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་རྫོགས་ཟུང་འཇུག་ལམ་གྱི་སྙིང་པོར་གསུངས་པའི་སྐྱེད་རིམ་ནི་དེ་ལྟ་བུ་མ་ཡིན་ཏེ་རྣམ་པ་ཐ་མལ་དུ་ལྟ་བ་དང་བྲལ་བས་ལྷ་སྔགས་བདེ་བའི་ངོ་བོར་འཆར་བ་དེའི་ཚེ་ཡང་ས་བོན་དང་གོང་བུ་དང་ཞལ་གཅིག་ཕྱག་གཉིས་པ་ནས་ཞལ་ཕྱག་རབ་འབྱམ་གྱི་བར་དུ་སྣང་བ་ལ་དབྱིབས་ཀྱི་ཞེན་པ་དང་བྲལ། ཁ་དོག་གཅིག་ནས་རབ་འབྱམ་གྱི་བར་དུ་འཆར་བ་ལ་ཁ་དོག་གི་ཞེན་པ་དང་བྲལ། འཇིག་རྟེན་ན་སྲིད་པར་གྲགས་པ་དང་མི་སྲིད་པར་གྲགས་པ་དང་རྒྱུད་མན་ངག་ལས་བཤད་པ་དང་མ་བཤད་པའི་སྐུ་གསུང་ཐུགས་ཀྱི་སྣང་བརྙན་རབ་འབྱམ་དུ་འཆར་ཡང་དེ་ཐམས་ཅད་ལ་འཛིན་ཞེན་ཁོང་ནས་གྲོལ་ཏེ་རྡོ་རྗེའི་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པ་འགྱུར་བ་མེད་ཅིང་གང་དུ་ཡང་འཆར་མི་སྲིད་ལ། གང་དུ་ཡང་མི་འཆར་མི་སྲིད་པའི་གནད་ཀྱི་རྩ་བ་ཤེས་པས་སྣང་གྲག་རྟོག་གསུམ་གྱི་རྣམ་པ་སྐྱེད་རིམ་གཟུགས་ཀྱི་སྐུ་དང་ངོ་བོ་རྫོགས་རིམ་ཆོས་ཀྱི་སྐུ་སྟེ་མེ་དང་ཚ་བ་ལྟར་གཟོད་མ་ནས་དབྱེར་མེད་དུ་ཤེས་པས་མཉམ་པར་བཞག་པ་དང་མ་བཞག་པའི་སྐབས་ཀྱང་མ་དམིགས་པ་ནི་སྐྱེད་རྫོགས་དབྱེར་མེད་དམ་ཟུང་འཇུག་གི་སྒོམ་པ་སྟེ།


KMC013_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལྔ་ལས། མཉམ་པར་བཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །ཅེས་སོགས་དང་། སྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །ཡོངས་སུ་དག་པའི་ལྷ་དང་ནི། །འདིར་ནི་མ་དག་པར་གྱུར་ཞེས། །གང་གིས་མི་ཕྱེད་པར་རྟོགས་པ། །གང་ཡིན་དེ་ནི་ཟུང་འཇུག་པའོ། །ཞེས་བཤད་དོ། །ཁ་ཅིག་སྐྱེད་རྫོགས་དང་བདེན་གཉིས་སོགས་རེས་འཇོག་ཏུ་སྒོམ་པ་ལ་ཟུང་འཇུག་ཏུ་སྨྲས་ནས་དེ་དག་དབྱེར་མེད་མི་སྲིད་དོ་ཅེས་སྨྲ་བའང་ལུང་འདིས་ཕྱིར་བསལ་བ་ཡིན་ནོ། །མདོར་ན་ལས་དང་པོ་པའམ་དབང་བརྟུལ་ནི་སྔོན་དུ་སྐྱེད་རིམ་གྱི་སྒོམ་པས་རྒྱུད་སྦྱངས་ནས་དེ་ནས་རྫོགས་རིམ་སྒོམ་པ་ཡིན་ལ། འབྲིང་གིས་ནི་རྫོགས་རིམ་གཙོ་བོར་བྱས་ཏེ་སྐྱེད་རིམ་རྟེན་ནམ་ཞར་བྱུང་ཙམ་དུ་བསྒོམས་པས་གཉི་གའི་དོན་འགྲུབ་ལ། རབ་ཀྱིས་ནི་སྐྱེད་རྫོགས་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ཚུལ་ཁོ་ན་ལ་སློབ་པ་ཡིན་ནོ། །འབྲས་བུ་ནི་ཕྱིས་འཆད་པར་འགྱུར་ལ། དེ་


KMC013_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་ཞལ་གདམས་དང་པོ་གསང་བའི་སྒྲུབ་ཐབས་ལེགས་པར་བཤད་ཟིན་ཏོ། །གསུམ་པ་ཡན་ལག་གི་དོན་ནི། ནད་ལ་སྨན་དང་འདྲ་པར་སྤྱད། །ལྟོགས་ན་ཟས་དང་འདྲ་བར་སྤྱད། །འཁྱགས་ན་གོས་དང་འདྲ་བར་སྤྱད། །འཇིགས་ན་སྐྱབས་དང་འདྲ་བར་སྤྱད། །གནོད་སྦྱིན་ཕོ་མོའི་གནོད་པ་ལ། །བརྟུལ་ཞུགས་ཐུག་ཕྲད་ལམ་དུ་འཁྱེར། །ཧཱུྃ་གིས་མཁའ་འགྲོ་གནད་ནས་བསྐུལ། །ལམ་དུ་རྟེན་འབྲེལ་གང་ཕྲད་བསྒྲིག །ཞེས་དོན་ཚན་བདུན་གསུངས་ཏེ། ཞལ་གདམས་གཉིས་པ་ནད་ལ་སྨན་ལྟར་སྤྱད་པ་ནས་བརྒྱད་པ་ལམ་གྱི་རྟེན་འབྲེལ་བརྟག་པའི་བར་སོ་སོ་སྒྲ་ཇི་བཞིན་པ་ཉིད་ཡིན་ལ། ཧཱུྃ་གིས་མཁའ་འགྲོ་གནད་ནས་བསྐུལ་བ་ནི་མ་གྲུབ་ན་སྤོགས་པའི་ཆོ་ག་ཡང་ཡིན་ནོ། །གཞན་ཡང་རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་གྱིས་ཞི་བར་བྱེད་པ་དང་། རིན་ཆེན་མཁའ་འགྲོས་རྒྱས་པ་དང་། པདྨ་མཁའ་འགྲོས་དབང་དགུགལས་ཀྱིས་མཁའ་འགྲོས་བསད་བསྐྲད་དབྱེ་བ། སངས་རྒྱས་མཁའ་འགྲོས་རིངས་རྨོངས་དང་དུག་གཞིལ་བ་དང་མི་སྣང་བ་དང་གསོ་བ་སྟེ་ལས་ཆེན་བཅུ་གཉིས་སུའང་འགྱུར་ཏེ་འདིར་མི་སྤྲོའོ། །


KMC013_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྐྱེད་རྫོགས་སུ་སྒྲུབ་ཚུལ་དེ་ཐམས་ཅད་ཀྱི་ཡང་དོན་བསྡུ་བར་བྱ་སྟེ། དེ་ཡང་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི། འབྲིང་དུ་ཡང་དག་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་བའི་ལམ་དྲོད་རྩེར་དབང་པོ་ལྔ། བཟོད་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན། སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་དེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་ལམ་ཡོངས་སུ་རྫོགས་པ་དང་། བསམ་གཏན་བཞིས་སྒོམ་པ་བརྟན་པར་བྱེད་པ་དང་། སེམས་གནས་པའི་ཐབས་དགུ་དང་ཉེར་བསྡོོགས་ཡིད་བྱེད་བདུན་གྱིས་དང་པོར་ཏིང་ངེ་འཛིན་ཚོལ་བ་རྣམས་ནི་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་ལམ་ཐམས་ཅད་ཐུན་མོང་བ་ཡིན་ལ། འོན་ཀྱང་རང་དོན་དུ་ཞི་བ་འདོད་པའི་ཡིད་བྱེད་ཀྱི་མི་རྟག་པ་དང་སྡུག་བསྔལ་བ་དང་ཉི་ཚེ་བའི་བདག་མེད་པ་ཙམ་ལ་དམིགས་ནས་ཐབས་ཤེས་ཉི་ཚེ་བ་ཙམ་གྱིས་བསྒྲུབས་པའི་ཐེག་དམན་གྱི་ལམ་སྟེ་ཞི་བ་ཉན་རང་གི་རྣམ་པར་གྲོལ་བ་ཐོབ་པའོ། །སེམས་ཅན་ཐམས་ཅད་སྐྱབ་པའི་སླད་དུ་སངས་རྒྱས་ཀྱི་གོ་འཕང་འདོད་པས་སྒྲོ་སྐུར་གྱི་མཐའ་བསལ་བའི་སྟོང་པ་


KMC013_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྤྲོས་པ་ཉེ་བར་ཞི་བ་ལ་དམིགས་པའི་ཐབས་ཤེས་ཡང་དག་པས་བསྒྲུབས་པས་ཐེག་ཆེན་མཚན་ཉིད་ཀྱི་ལམ་སྟེ་གྲངས་མེད་པ་དུ་མའི་བསྐལ་པས་སངས་རྒྱས་ཐོབ་པའོ། །སེམས་ཅན་ཐམས་ཅད་བདེ་བླག་ཏུ་སྐྱབ་པའི་སླད་དུ་ཚེ་འདིར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འདོད་པས་ཕུང་པོ་ལྔ་རིགས་ལྔ་དང་། འབྱུང་བ་ལྔ་ཡུམ་ལྔ་དང་། སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གཟོད་ནས་དག་པ་ལ་དམིགས་ཏེ་ཐབས་མཁས་པའི་ཁྱད་པར་མཐའ་ཡས་པ་དང་ཤེས་རབ་ཟབ་པའི་ཚུལ་དཔག་ཏུ་མེད་པས་བསྒྲུབས་པ་གསང་སྔགས་བླ་མེད་ཀྱི་ལམ་སྟེ། རྒྱུད་པ་འདིས་བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་བ་དང་། ལེ་ལོ་ཅན་འཆི་ཀར་འཚང་རྒྱ་བ། ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ཞེས་གསུམ་དུ་བཞེད་དོ། །སྤྱིར་སྤོང་བ་ལམ་བྱེད། བསྒྱུར་བ་ལམ་བྱེད། རང་བཞིན་ཤེས་པ་ལམ་བྱེད་དེ་གསུམ་ལས། མཚན་ཉིད་ཐེག་པར་ནི་གཙོ་བོར་སྤོང་བ་ལམ་བྱེད་ཤས་ཆེ་ལ། སྔགས་སུ་ནི་དང་པོར་སྒྱུར་བ་ལམ་དུ་བྱེད་དེ་བྱང་ཕྱོགས་སོ་བདུན་ཡང་ཕྱི་དཀྱིལ་འཁོར་ནང་ལྷ་རྩ་རླུང་ཐིག་ལེ་རྒྱན་ཆ་ལུགས་སོགས་མཐའ་ཡས་པར་བསྒྱུར་


KMC013_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒོམ་ཞིང་། མཐར་ནི་རང་བཞིན་ཤེས་པའི་ལམ་ཁོ་ན་གཙོ་བོར་བྱེད་དེ། རྩ་དང་ཁམས་སོ་བདུན་སོགས་གཟོད་ནས་ལྷ་དང་བྱང་ཕྱོགས་ཀྱི་ངོ་བོར་ཤེས་པས་འཇུག་པའི་ཕྱིར་རོ། །ལས་དང་པོ་པ་ལ་སྤོང་བསྒྱུར་རང་བཞིན་གྱི་ལམ་གསུམ་མ་ཕྱེ་བར་སྦྱར་ན། དེ་ཡང་སྐྱེད་རྫོགས་གཉི་གའི་གནས་སྐབས་སུ་ལྷ་སྐུ་དང་རྩ་རླུང་ཐིག་ལེ་སོགས་ལུས་ལ་དམིགས་པའི་ཆ་ཐམས་ཅད་ནི་རང་སྐབས་ཀྱི་ལུས་དྲན་པ་ཉེ་བར་བཞག་པ་ཡིན་ལ། དེ་བཞིན་དུ་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་ཐམས་ཅད་བདེ་བར་བསྒྱུར་བ་ནི་ཚོར་བའི་དྲན་ཉེ། སེམས་ཀྱི་སྒྲོ་འདོགས་གཅོད་པ་དང་སེམས་ཉིད་ས་བོན་དང་ཐིག་ལེར་བསྒྱུར་བ་སོགས་ནི་སེམས་དྲན་ཉེ། སྭ་བྷཱ་ཝའི་སྔགས་ལ་སོགས་པས་སྟོང་པ་ཉིད་དོན་དམ་པའི་བདེན་པ་དང་འོད་སྤྲོ་བསྡུས་སྣོད་བཅུད་སྦྱང་བ་དང་རྗེས་ཐོབ་ཏུ་སྣང་གྲག་ལྷ་སྔགས་སུ་རྒྱས་འདེབས་སོགས་ཀུན་རྫོབ་པའི་བདེན་པ་རང་བཞིན་གཅིག་པར་ལྟ་བ་ནི་ཆོས་ཀྱི་དྲན་ཉེ་སྟེ་དྲན་པ་ཉེ་བར་བཞག་པ་བཞིར་གནས་སོ། །ཀུན་རྫོབ་ཀྱི་སྲུང་བའི་འཁོར་ལོས་ལྷའི་བདུད་དང་། ཉོན་མོངས་པའི་རང་བཞིན་ཡེ་ཤེས་སུ་ཤེས་པས་ཉོན་མོངས་


KMC013_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུད་དང་། ཕུང་པོའི་རང་བཞིན་རིགས་ལྔར་ཤེས་པས་ཕུང་པོའི་བདུད་དང་། སྐྱེ་བ་སྐྱེད་རིམ་གཟུགས་སྐུར་ལྡང་བ་དང་འཆི་བ་རྫོགས་རིམ་ཆོས་སྐུ་འོད་གསལ་དུ་འཇུག་པར་ཤེས་ཏེ་དེའི་ལམ་གོམས་པས་འཆི་བདག་གི་བདུད་དེ། བདུད་བཞི་འཇུག་ཏུ་མི་སྟེར་ཞིང་ཞུགས་པ་ཚར་གཅོད་པ་ནི་མི་དགེ་བ་མ་སྐྱེས་པ་མི་བསྐྱེད་ཅིང་སྐྱེས་པ་སྲུང་བའི་ཡང་དག་སྤོང་བ་ཡིན་ལ། སྐྱེད་རྫོགས་སོ་སོ་ལ་དམིགས་པའི་དྲན་པ་དང་ཤེས་བཞིན་རྒྱུན་མི་འཆད་པར་གོང་དུ་སྤེལ་ཞིང་རྗེས་ཐོབ་མཉམ་བཞག་དང་འདྲ་བར་བྱིན་གྱིས་རློབ་པ་ནི་དགེ་བ་མ་སྐྱེས་པ་སྐྱེད་པ་དང་སྐྱེས་པ་སྲུང་བའི་ཡང་དག་སྤོང་བའི་ངོ་བོར་གནས་སོ། །དེ་བཞིན་དུ་སྐྱེད་རིམ་དུ་སྔགས་ཀྱི་མཐུ་དང་རྫོགས་རིམ་གྱི་སོར་སྡུད་གྲུབ་པ་ནས་བརྩམས་ཏེ། འདུན་པ་དང་། དཔྱོད་པ་དང་། སེམ་པ་དང་། ཏིང་ངེ་འཛིན་གྱིས་རྒྱུད་སྡེ་ལས་བཤད་པའི་ལས་རབ་འབྱམ་རྣམས་ཚེགས་མེད་དུ་གྲུབ་སྟེ་རང་གཞན་གྱི་དགོས་པ་བྱེད་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞིར་གནས་སོ། །འོན་ཀྱང་ཕྱག་རྒྱ་ཆེན་པོ་དང་མ་འབྲེལ་ན་མཚན་ཉིད་ཐེག་པའི་ཚོགས་ལམ་ཆེན་པོ་ལས་དམན་ཏེ།


KMC013_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རང་བྱུང་ཞབས་ཀྱིས། གསང་སྔགས་པ་ནི་སྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། རྫོགས་པའི་རིམ་པ་རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་དྲོད་ཀྱི་རྟགས་བྱུང་བས་ལས་བཞི་དང་གྲུབ་ཆེན་བརྒྱད་ལ་སོགས་པ་སྒྲུབ་པར་རྩོམ་པ་ཡིན་ཏེ། དེ་རྣམས་ཐོབ་ཀྱང་ཞེན་མེད་ཀྱི་ལམ་ཕྱག་རྒྱ་ཆེན་པོ་དང་མ་བསྲེས་ན་མདོ་ལས་གསུངས་པའི་རྫུ་འཕྲུལ་གྱི་རྐང་པ་བས་ཅུང་དམན་ནོ། །ཞེས་བཤད་དོ། །སྐྱེད་རྫོགས་ཀྱི་རྣམ་པ་རེ་རེ་ཡང་ཐུན་མོང་མ་ཡིན་པའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་རྣམས་དབང་པོ་ལྟར་གསལ་ཞིང་རྣོ་བས་ཟིན་པས་བདེ་བླག་ཏུ་སྒྲུབ་པས་དབང་པོ་ལྔ་དང་། དེ་དག་མི་འཕྲོགས་པའི་སྟོབས་དང་ལྡན་པར་གྱུར་པས་སྟོབས་ལྔའོ། །དེ་ནས་སྐྱེད་རྫོགས་རོ་གཅིག་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་པོ་རབ་ཏུ་དགའ་བའིི་ས་ཐོབ་པ་ནི་དགེ་བའི་ཆོས་ཕུལ་དུ་བྱུང་བ་དེ་ཐམས་ཅད་ནམ་ཡང་མི་བརྗེད་པའི་དྲན་པ་རྩོལ་མེད་དུ་ལྷུན་གྱིས་གྲུབ་པས་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དེ་བཞིན་དུ་ཆོས་དབྱིངས་དང་མི་འགལ་བར་རྣམ་པར་འབྱེད་པས་ཤེས་རབ་དང་། བྱང་ཆུབ་ཆེ་


KMC013_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་ལྡོག་པས་བརྩོན་འགྲུས་དང་། དེ་ཁོ་ན་ཉིད་ཡང་དག་པར་རྟོགས་པའི་དགའ་བ་དང་། སྒོ་གསུམ་རྙོག་པ་དང་བྲལ་བས་ཤིན་སྦྱངས་དང་། རྣམ་པར་ཐར་པའི་སྒོ་གསུམ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཉམ་ཉིད་དུ་མཐོང་བའི་བཏང་སྙོམས་ཏེ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་ནོ། །དེ་ནས་ལོ་ཐོག་བཟང་པོ་ཡོངས་སུ་སྨིན་དུ་ཉེ་བ་ན་འབྲུའི་སྙེ་མ་ཁོ་ན་རྒྱས་པར་འགྱུར་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཁོ་ནར་ཆོས་ཐམས་ཅད་རོ་གཅིག་པར་མཐོང་བ་ཡང་དག་པའི་ལྟ་བ་དང་། དེ་བཞིན་དུ་ཆོས་ཉིད་དེ་དང་མི་འགལ་བར་རྟོག་པ་དང་། དེ་བཞིན་དུ་སྨྲ་བའི་ངག་དང་། མཉམ་རྗེས་གཅིག་པའི་ཕྱིར་ཅི་བྱེད་དེ་ལས་མི་གཡོ་བས་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་རྒྱུན་ཆད་ཅིང་དེ་ཉིད་ཀྱིས་འཚོ་བའི་ཕྱིར་འཚོ་བ་དང་། འབད་རྩོལ་མེད་པའི་བརྩོན་འགྲུས་ཕུལ་བྱུང་དུ་འཕེལ་བའི་ཕྱིར་རྩོལ་བ་དང་། འཁོར་གསུམ་དུ་རློམ་པ་ཟད་པའི་དྲན་པ་ནམ་ཡང་མི་མཉམ་པའི་ཕྱིར་དྲན་པ་དང་། འཇུག་ལྡང་དང་བྲལ་བའི་ཏིང་ངེ་འཛིན་རྟག་ཏུ་ལྷུན་གྱིས་གྲུབ་པས་ཡང་དག་པའི་ཏིང་ངེ་


KMC013_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཏེ། མདོར་ན། ལྟ་བ་དང་། རྟོག་པ་དང་། ངག་དང་། བྱ་བ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཐམས་ཅད་ཆོས་ཉིད་དེ་ཁོ་ན་ཉིད་ལས་མི་གཡོ་བར་སྤྱོད་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་བཞིན་དུ་བསམ་གཏན་བཞི་ཡང་ཐུན་མོང་བ་ཡིན་ཏེ། མཚན་བཅས་ཀྱི་སྐྱེད་རྫོགས་ལ་དམིགས་པའི་རིགས་པའི་ཆ་རྣམས་རྟོག་པ་དང་། ཕྲ་བ་རྣམས་དཔྱོད་པ་སྟེ་གཉེན་པོའི་ཡན་ལག་གཉིས་སོ། །དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པ་ནི་བསམ་གཏན་གྱི་ངོ་བོ་ཡིན་ལ། ཕན་ཡོན་གྱི་ཡན་ལག་དགའ་བདེ་གཉིས་ནི་བདེ་གསལ་མི་རྟོག་པ་གསུམ་ལ་བདེ་བའི་སྒྲར་གཅིག་ཏུ་བསྡུས་ནས་གསུངས་ཏེ་དམ་ཚིག་གི་ཕྱག་རྒྱ་འབར་ཞུ་ལ་བརྟེན་ནས་བདེ་བ་སྒོམ་པ་དང་། ལས་ཀྱི་ཕྱག་རྒྱ་དངོས་རིག་ལ་བརྟེན་ནས་བདེ་བ་སྒོམ་པར་གསུངས་པ་རྣམས་ནི་བསམ་གཏན་དང་པོ་ཡན་ལག་ལྔ་དང་ལྡན་པའོ། །སེམས་རབ་ཏུ་བརྟན་ཞིང་ཏིང་ངེ་འཛིན་ལས་སུ་རུང་བས་རྟགས་བཅུ་ལ་སོགས་པ་ངེས་པ་དང་མ་ངེས་པའི་རྟགས་སྣང་གཟུགས་བརྙན་ནས་ཆོས་བརྙན་གྱི་བར་གྱི་རྣམ་པ་གསལ་བའི་ཆ་ནི་ནང་རབ་ཏུ་དང་བ་སྟེ་


KMC013_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོའི་ཡན་ལག་གོ། །དེ་ལས་ལུས་སེམས་ལ་བདེ་དགའ་སྐྱེ་བ་ནི་ཕན་ཡོན་གྱི་ཡན་ལག་གཉིས་སོ། །རྩེ་གཅིག་པ་བསམ་གཏན་གྱི་ངོ་བོ་སྟེ། མདོར་ན་སྒྱུ་མ་ལྟ་བུ་གསལ་བའི་ཏིང་ངེ་འཛིན་ནི་བསམ་གཏན་གཉིས་པ་ཡན་ལག་བཞི་ལྡན་ནོ། །འོད་གསལ་རྣམ་པར་མི་རྟོག་པའི་ལམ་ནི་སྔགས་ཀྱི་བསམ་གཏན་གསུམ་པ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་ནི་བཏང་སྙོམས་དང་། དེ་ཁོ་ན་ཉིད་ཡང་དག་པར་ཤེས་པ་ནི་དྲན་པ། དེའི་རྒྱུན་ཡིད་བྱེད་ལ་མ་ལྟོས་པར་ཉམས་པ་མེད་པ་ནི་ཤེས་བཞིན་ཏེ་གསུམ་ནི་གཉེན་པོའི་ཡན་ལགདེ་ལས་བྱུང་བ་ཟག་པ་མེད་པའི་བདེ་བ་ནི་ཕན་ཡོན། རྩེ་གཅིག་པ་ཏིང་ངེ་འཛིན་གྱི་ངོ་བོ་སྟེ་མི་རྟོག་པ་ནི་བསམ་གཏན་གསུམ་པ་ཡན་ལག་ལྔ་ལྡན་གྱི་ཏིང་ངེ་འཛིན་ནོ། །བདེ་གསལ་མི་རྟོག་པ་གསུམ་དབྱེར་མེད་དུ་འདྲེས་པ་ནི་བསམ་གཏན་བཞི་པ་སྟེ། དྲན་པ་དང་བཏང་སྙོམས་ཀྱི་མཚན་མའི་དམིགས་པ་དང་བྲལ་བ་ནི་ཡོངས་སུ་དག་པ་གཉེན་པོའི་ཡན་ལག་གཉིས་སོ། །སྤྲོས་པ་ཉེ་བར་ཞི་བ་ནི་བཏང་སྙོམས་པ་སྟེ་ཕན་ཡོན་གྱི་ཡན་ལག་གོ། །རྩེ་གཅིག་པ་ཏིང་ངེ་འཛིན་གྱི་ངོ་བོ་སྟེ། བསམ་


KMC013_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བཞི་པ་ཡན་ལག་བཞི་དང་ལྡན་པའོ། །ཐེག་ཆེན་གྱི་གཞུང་དུ་མར་རྟོག་དཔྱོད་མེ་ལྟ་བུ་དང་། དགའ་བདེ་ཆུ་ལྟ་བུ་དང་། འདུ་བྱེད་གཡོ་བ་རླུང་ལྟ་བུར་བཤད་ནས་བསམ་གཏན་གསུམ་པ་ན་འདུ་བྱེད་གཡོ་བ་རླུང་ལྟ་བུ་མ་གཏོགས་གཞན་གཉིས་མེད་པར་བཤད་པ་ནི་བསམ་གཏན་གྱི་སྐྱོན་དུ་གྱུར་པའི་དགའ་བདེ་རགས་པ་མེད་པ་ལ་དགོངས་ལ། འདིར་གསུམ་པ་ཡན་ལག་ལྔ་ལྡན་དུ་བྱས་པ་ནི། མཛོད་ལས། གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་བཞིན་བདེ་དང་གནས། །ཅེས་པ་ལྟར་བཤད་པ་སྟེ་ཕན་ཡོན་དུ་གྱུར་པའི་བདེ་བ་ཕྲ་མོ་ལ་དགོངས་པའི་ཕྱིར་འགལ་བ་མེད་དོ། །མདོར་ན་བརྟག་གཉིས་ལས། དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འཇིགས་པར་བྱེད། །ཇི་ལྟར་རླུང་གིས་ཟིན་པ་ལ། །མོན་སྲན་དྲེའུའི་བཟའ་བ་སྦྱིན། །ཞེས་སོགས་དང་། ཇི་ལྟར་འཚེད་པས་ཚིག་པ་ལ། །མེ་ཉིད་ཀྱིས་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །ཞེས་གསུངས་པ་ལྟར། འདོད་ཆགས་ལམ་དུ་བྱེད་པ་བདེ་བའི་རྣལ་འབྱོར། ཞེ་སྡང་ལམ་དུ་བྱེད་པ་གསལ་བའི་རྣལ་


KMC013_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར། གཏི་མུག་ལམ་དུ་བྱེད་པ་མི་རྟོག་པའི་རྣལ་འབྱོར། དབྱེར་མེད་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཏེ་རྣམ་པ་བཞི་ནི་བསམ་གཏན་གྱི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རབ་དང་ཕུལ་དང་རྩེ་མོར་གནས་པ་ཡིན་ལ། འདི་མངོན་དུ་བྱེད་ཚུལ་གྱི་མན་ངག་སྦས་དོན་ནི་རྡོ་རྗེའི་ཐེག་པར་བསྟན་ལ། སྤྱི་དོན་གྱི་ཚུལ་གྱིས་ནི་མདོ་སྔགས་གཉིས་ཀར་ཁྱད་མེད་དུ་གསུངས་ཏེ། བུད་མེད་འགྱུར་བའི་མདོ་ལས་བདེ་བའི་རྣལ་འབྱོར་དང་། ལངྐར་གཤེགས་པར་གསལ་བའི་རྣལ་འབྱོར་དང་། ཏིང་ངེ་འཛིན་གྱི་རྒྱལ་པོར་མི་རྟོག་པ་ལམ་བྱེད་གསུངས་ཅིང་། མདོ་གཞན་ལས་ཀྱང་དུ་མ་བཤད་པའི་ཕྱིར་རོ། །མདོར་ན་ཏི་པུ་པས། འདོད་པའི་བདེ་བ་འཁོར་བའི་རྒྱུ། བསམ་གཏན་གྱི་བདེ་བ་བདེ་བ་དངོས། གཉི་ག་དང་མཚུངས་ལ་གཉིས་ཀ་མ་ཡིན་པའི་རྒྱུ་མཐུན་ལམ་གྱི་བདེ་བ་ནི་རྣལ་འབྱོར་པའི་སྒོམ་རྒྱུ། ཐོབ་བྱ་འབྲས་བུ་ཟག་མེད་ཀྱི་བདེ་བ་སྲིད་ཞི་ལས་འདས་པའོ། །ཞེས་གསུངས་པ་ལྟར་གསལ་བ་དང་མི་རྟོག་པ་ལ་ཡང་ཤེས་པར་བྱ་སྟེ། མདོར་ན་བསམ་གཏན་བཞི་ཞེས་བྱ་བ་གཟུགས་ཁམས་ཀྱི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་རང་ག་བ་ཞིག་ཁོ་


KMC013_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནར་མི་ལྟ་སྟེ་ཆོས་ཀྱི་ཚུལ་རེ་རེ་ཡང་སྒོ་མཐའ་ཡས་པས་འཆད་པ་ནི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྨད་དུ་བྱུང་བ་ཡིན་ནོ། །དེ་བཞིན་དུ་སེམས་གནས་པའི་ཐབས་དགུ་དང་ཉེར་བསྡོགས་ཡིད་བྱེད་བདུན་ཡང་མདོ་སྔགས་ཐུན་མོང་བ་ཡིན་ཏེ། དེ་ཡང་མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ཡང་བསླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་བསྡུའོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཅེས་པས་སེམས་ནང་དུ་འཇོག་པ། ཡང་དག་པར་འཇོག་པ། བསྡུས་ཏེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་བྱེད་པ། ཞི་བར་བྱེད་པ། ཉེ་བར་ཞི་བར་བྱེད་པ། རྒྱུད་གཅིག་ཏུ་བྱེད་པ། ཏིང་ངེ་འཛིན་དུ་བྱེད་པ་སྟེ་


KMC013_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་གསུངས་ལ། དེ་ཡང་འདིར་སྐྱེད་རྫོགས་གང་གི་སྐབས་སུའང་སྔོན་དུ་འགྲོ་བ་རྣམས་ཀྱིས་རྒྱུད་སྦྱངས་ནས་རང་སྐབས་ཀྱི་དམིགས་པ་ལ་སེམས་གཏོད་པ་ནི་ནང་དུ་འཇོག་པའོ། །འདིར་ནང་ཞེས་པ་ལུས་ཀྱི་ནང་ལྟ་བུའི་དོན་མ་ཡིན་ཏེ། ལྷ་སྐུ་སྒོམ་པའི་ཚེ་སྤྱི་བོའི་རྒྱན་དང་སྤྱན་དབུས་མ་ལྟ་བུ་ལ་འཇོག་པའང་འདི་ཉིད་ཡིན་པའི་ཕྱིར། དེས་ན་དམིགས་བྱེད་ཀྱི་ཤེས་པ་ནི་ནང་ཡིན་ལ། དམིགས་བྱའི་ཡུལ་དེར་དམིགས་བྱེད་ཀྱི་ཤེས་པ་གཏོད་པ་ལ་ནང་དུ་འཇོག་པ་ཅེས་བྱ་བ་ཡིན་ནོ། །དེར་མ་གནས་པ་ན་དེ་བས་ཀྱང་ཕྲ་ཞིང་དང་བར་གཅིག་ཏུ་དྲིལ་ཏེ་འཇོག་པ་ནི་གཉིས་པ་ཡང་དག་པར་འཇོག་པའོ། །ཕྱི་རོལ་གྱི་ཡུལ་སོགས་རྣམ་པ་གཞན་ལ་འཕྲོར་མི་སྟེར་བ་ནི་གསུམ་པ་བསྡུས་ཏེ་འཇོག་པ། དེ་ལས་ཀྱང་ཕྲ་བར་གཅིག་ཏུ་སྡུད་པ་ནི་བཞི་པ་ཉེར་བར་འཇོག་པའོ། །གལ་ཏེ་འཕྲོ་ན་འཕྲོ་བ་དེ་སྐྱོན་དུ་ངོས་བཟུང་ནས་སླར་ཡང་སྡུད་པ་ནི་ལྔ་པ་དུལ་བར་བྱེད་པའོ། །གལ་ཏེ་ཉོན་མོངས་དང་ཉེ་ཉོན་སོགས་ལྡང་ན་དེའི་ཉེས་དམིགས་དྲན་པས་དེ་ལས་ལྡོག་སྟེ་སྡུད་པ་ནི་དྲུག་པ་ཞི་བར་བྱེད་པའོ། །བརྗེད་ངས་དང་ལེ་ལོ་དང་ཡིད་མི་བདེ་


KMC013_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་ཀྱི་ཉེ་ཉོན་ཕྲ་མོ་བྱུང་བའང་ངོས་བཟུང་སྟེ་ཉེས་དམིགས་དྲན་པས་བཟློག་ནས་དམིགས་པ་ལ་སྡུད་པ་ནི་བདུན་པ་ཉེ་བར་ཞི་བར་བྱེད་པའོ། །རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་རྩེ་གཅིག་ཏུ་འཇོག་པ་ནི་བརྒྱད་པ་རྒྱུད་གཅིག་ཏུ་བྱེད་པའོ། །དེ་རྣམས་ལ་འབད་པས་ཅི་ཞིག་ན་འདུ་བྱེད་མི་དགོས་པར་ངང་གིས་རྩེ་གཅིག་ཏུ་གནས་པར་འགྱུར་བ་ནི་དགུ་པ་ཏིང་ངེ་འཛིན་དུ་བྱེད་པའོ། །དེ་ལྟར་སེམས་གནས་པའི་ཐབས་དགུས་དམིགས་པ་ལ་སེམས་རྩེ་གཅིག་པ་ཐོབ་ནས་དེ་གོང་དུ་སྤེལ་བའི་ཕྱིར་བསམ་གཏན་གྱི་ཉེ་བསྡོགས་སྒོམ་སྟེ། མདོ་རྒྱན་ལས། དེ་ནས་དང་པོར་སྡོམ་བརྩོན་དེ། །མདོ་ཡི་སྡེ་ལ་སོགས་པའི་ཆོས། །མི་གཉིས་དོན་ནི་དགའ་བྱེད་མའི། །བདེ་སོགས་མིང་ལ་སེམས་འཇོག་གོ། །དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་རབ་འབྱེད་པས་དཔྱོད་བྱེད་ཅིང་། །སོ་སོའི་ནང་ལས་ཚུལ་བཞིན་དུ། །དེ་ཡི་དོན་ཡང་རྣམ་པར་དཔྱོད། །དོན་དེ་དག་ལ་ངེས་བཟུང་ནས། །ཆོས་ལ་ཀུན་ནས་སྡོམ་པར་བྱེད། །དེ་ཡི་དོན་ནི་ཐོབ་བྱའི་ཕྱིར། །དེ་ནས་སེམས་ནི་སྨོན་གང་བྱེད། །ཡིད་ཀྱི་བྱེད་པས་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་པར་


KMC013_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཡིད་ལ་བྱེད་པ་བརྗོད་མེད་པ། །རོ་གཅིག་པས་ཀྱང་སྦྱང་བར་བྱ། །ཆོས་ཀྱི་མིང་ནི་སྡོམ་པའང་འདིའི། །ཞི་གནས་ལམ་དུ་ཤེས་པར་བྱ། །ཞེས་སོགས་ཀྱིས་ཡིད་བྱེད་བདུན་ནམ་བཅུ་གཅིག་གསུངས་ཏེ། མཚན་ཉིད་སོ་སོར་རག་པ་ཡིད་ལ་བྱེད་པ། མོས་པ། རབ་ཏུ་དབེན་པ། དགའ་བ་སྡུད་པ། དཔྱོད་པ། སྦྱོར་བ་མཐར་ཐུགདེའི་འབྲས་བུ་ཡིད་བྱེད་དེ་བདུན་དང་། རྗེས་མཐུན། གཉེན་པོ། དང་བར་གྱུར་པ། སོ་སོར་རྟོག་པ་ཡིད་བྱེད་དེ་བཞི་བསྣན་པས་བཅུ་གཅིག་ཏུ་འགྱུར་ལ། འོན་ཀྱང་རྗེས་སུ་མཐུན་པ་ནི་དང་པོ་གཉིས་སུ་འདུས་ཅིང་། གཉེན་པོ་ཡིད་བྱེད་ནི་གསུམ་པ་དང་དྲུག་པར་འདུས་ལ། གཞན་གཉིས་ནི་བཞི་པར་འདུ་བས་ཡིད་བྱེད་བདུན་ནོ། །དེ་དག་ཀྱང་འདིར་ནི་སྐྱེད་རྫོགས་སོ་སོའི་སྦྱང་གཞི། སྦྱོང་བྱེད། སྦྱང་བྱ། སྦྱངས་འབྲས། མ་སྦྱངས་པའི་ཉེས་དམིགས། སྦྱངས་པའི་ཕན་ཡོན་རྣམས་ལེགས་པར་ཤེས་ཅིང་རྒྱུད་ལ་འདྲིས་པ་ནི་དང་པོར་མཚན་ཉིད་སོ་སོར་རིག་པ་ཡིད་བྱེད་དོ། །དེའི་ཕྱིར་རང་སྐབས་ཀྱི་དམིགས་པ་ལ་རྩེ་གཅིག་ཏུ་མོས་པས་འཇུག་པ་ནི་གཉིས་པ་མོས་པ་ཡིད་བྱེད་དོ། །དེས་དམིགས་


KMC013_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོམ་པ་བརྟན་ཏེ་ཐ་མལ་གྱི་སྣང་བ་ལས་ལོག་པ་ནི་གསུམ་པ་རབ་ཏུ་དབེན་པའི་ཡིད་བྱེད་དོ། །དེ་ནས་ཐ་མལ་གྱི་འཛིན་རྟོག་ཅུང་ཟད་ཞི་སྟེ་ཏིང་ངེ་འཛིན་ལ་གསལ་སྣང་ཐེབས་པས་སེམས་ལ་བདེ་བ་སྐྱེ་ཞིང་བརྩོན་པ་བརྟན་པར་གྱུར་ཏེ་གཉིད་རྨུགས་སོགས་བསམ་གཏན་གྱི་སྒྲིབ་པ་ལ་གཉེན་པོ་ངང་གིས་འབྱུང་བ་ནི་བཞི་པ་དགའ་སྡུད་ཡིད་བྱེད་དོ། །དེའི་ཚེ་ཐ་མལ་གྱི་རྟོག་པའམ་ཉོན་མོངས་པ་ཞི་བ་སྙམ་བྱེད་པ་ན་ཉམས་སད་པའི་ཕྱིར་ཆེད་དུ་དེའི་ཡུལ་དང་དུ་བླངས་པ་ནི་རྟོག་པ་དེ་སྐྱེ་བར་མཐོང་ནས་སླར་ཡང་ཏིང་ངེ་འཛིན་ལ་ཕྲ་བར་རྩེ་གཅིག་ཏུ་བྱེད་པ་ནི་ལྔ་པ་དཔྱོད་པ་ཡིད་བྱེད་དོ། །དེ་ལྟར་འབད་པས་དམིགས་པའི་མི་མཐུན་པའི་ཕྱོགས་རེ་ཞིག་ཞི་ཞིང་ཉོན་མོངས་པའི་གཉེན་པོ་ཤིན་ཏུ་བརྟན་པར་སྐྱེས་པ་ནི་དྲུག་པ་སྦྱོར་བའི་མཐར་ཐུག་ཡིད་བྱེད་དོ། །དེ་ནས་ཏིང་ངེ་འཛིན་དེ་ཉིད་ཤིན་ཏུ་བརྟན་པ་རྩེ་གཅིག་པར་སྐྱེས་པ་ནི་བདུན་པ་སྦྱོར་མཐའི་འབྲས་བུ་ཡིད་ལ་བྱེད་པ་ཡིན་ནོ། །དེས་ན་སེམས་གནས་པའི་ཐབས་དགུ་དང་བསམ་གཏན་ཉེར་བསྡོོགས་དང་བཅས་པ་འདི་རྣམས་ནི་འཇིག་རྟེན་པའི་ལམ་དང་། ཉན་རང་དང་། རྒྱུའི་ཐེག་པ་


KMC013_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔགས་ཀྱི་སྐྱེད་རིམ་དང་། རྫོགས་རིམ་མཚན་བཅས་རྣམས་དང་། མཚན་མེད་ཕྱག་རྒྱ་ཆེན་པོའི་ཡང་དབང་བརྟུལ་རིམ་གྱིས་པའི་སྒོམ་པ་ཐམས་ཅད་ལ་ངོ་བོ་ཁྱད་མེད་དུ་ཡོད་ཀྱང་ཐ་སྙད་སོ་སོའི་བྱས་མ་བྱས་དང་། ཁ་གཅིག་ཏུ་དོན་ཚན་རེ་རེ་དང་གཉིས་གསུམ་སོགས་སུ་བསྡུས་པ་དང་། ཁ་གཅིག་ཏུ་མང་པོར་ཕྱེ་བ་དང་། ཁ་གཅིག་ཏུ་རྣམ་གྲངས་བཞན་དུ་བསྒྱུར་ནས་བསྟན་པའི་ཁྱད་པར་ལས་མཁས་རློམ་མང་པོས་ངོ་མ་ཤེས་པར་ཟད་དོ། །དེས་ན་འདི་དག་གི་གཞུང་ཚིག་འབྲུ་ཙམ་ཡིད་ལ་བཟུང་ནས་སྒྲུབ་བརྒྱུད་འདིའི་ཏེ་ལོའི་བཞག་ཐབས་དྲུག་དང་། དུས་གསུམ་གྱི་སྤྲོས་པ་གཅོད་པ་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་དང་། ལྷན་ཅིག་སྐྱེས་སྦྱོར་བའི་རིམ་གྱིས་པའི་ཞི་གནས་རྟེན་ཅན་རྟེན་མེད་དང་། སྒྲིམ་གློད་སོགས་དང་། ཨ་མ་ཎ་སི་བའི་ཡིད་ལ་མི་བྱེད་པ་དང་། ཞི་བྱེད་པའི་རིག་པ་དྲི་མེད་དུ་འཇོག་པ་སོགས་འདི་དང་མ་མཐུན་ནོ་སྙམ་ནས་འགོག་པའི་བྱ་བས་ཤ་ཐང་དུ་ངལ་བ་དུ་མ་མཐོང་མོད་ཀྱང་། དེ་དག་གིས་ནི་བཅོམ་ལྡན་འདས་བྱམས་པའི་གཞུང་འདིས་ནི་ཕྱི་རོལ་པ་དང་ཐུན་མོང་གི་བསམ་གཏན་


KMC013_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཚུལ་འདི་ཁོ་ན་ལས་གཞན་ཅི་ཡང་མ་བསྟན་ཏོ་ཅེས་སྐུར་པ་འདེབས་པར་ཟད་དོ། །དེས་ན་སངས་རྒྱས་ཀྱི་ཆོས་ནི་བསམ་གྱིས་མི་ཁྱབ་བོ་ཅེས་པ་འདི་ཙམ་ཞིག་ཐོག་མར་ཐུགས་ལ་འབབ་པར་མཛོད་ཅིག དེས་ན་དཔལ་རང་བྱུང་གིས། སེམས་གནས་པའི་ཐབས་དགུའི་མཇུག་ཏུ་དེ་ལྟར་བསྟན་པ་འདི་ཡང་སྐྱེད་རིམ་མམ་མི་སྡུག་པ་སྒོམ་པ་ལ་སོགས་པའམ་བསམ་གཏན་བཞི་དང་གཟུགས་མེད་བཞི་ལ་སོགས་པའི་ཞི་བར་གནས་པ་ཆེན་པོའི་བར་ཐོབ་པར་བྱེད་པ་ལ་ཞིབ་ཏུ་གོ་ཞིང་འདྲིས་པར་སྒོམ་པར་བྱའོ། །ཞེས་དང་། བསམ་གཏན་གྱི་མན་ངག་བྱང་ཆུབ་ཀྱི་ཕྱོགས་ཆོས་ལས། ཀྱེ་མ་བདེ་གསལ་མི་རྟོག་ཐབས་ཀྱི་ཚོགས། །བསམ་གཏན་ཏིང་ངེ་འཛིན་དང་ཁྱད་པར་མེད། །འོན་ཀྱང་ཐབས་ཀྱི་ཡན་ལག་མྱུར་བའི་ཕྱིར། །གསང་སྔགས་མཆོག་ཏུ་གྱུར་ཞེས་བཤད་པ་སྙམ། །ཞེས་སོ། །དེ་ལྟ་མོད་ཀྱི་མཚན་མེད་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་དངོས་ཀྱི་ཚེ་ནི་དང་པོའི་སྒོམ་པ་འདི་དག་གིས་ཉམས་སུ་ལེན་པ་ཡང་མིན་ཏེ། བྲིས་ཀློག་གི་རིག་བྱེད་ལ་འཇུག་པ་ན་དང་པོར་དབྱངས་གསལ་གྱི་ཡིག་འབྲུ་རེ་རེ་ནས་བརྗེད་ཀྱིས་དོགས་པས་འཇུག་དགོས་ཀྱང་


KMC013_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བ་ནི་དེ་ལྟ་མིན་པ་བཞིན་ནོ། །དེ་བཞིན་དུ་སྐྱེ་མེད་རླུང་སེམས་གཉིས་མེད་ཕྱག་རྒྱ་ཆེན་པོ་སྒོམ་པ་ནི་སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟར་བླ་མའི་ཡན་ལག་གིས་ཁོང་དུ་ཆུད་པ་དེ་ཉིད་ཀྱིི་གནས་པ་ཡིན་གྱི། སེམས་ཡིད་རྣམ་ཤེས་གསུམ་ངོ་བོ་གཅིག་པར་བཤད་པའི་སེམས་དང་། སེམས་དེའི་འཁོར་དུ་འབྱུང་བའི་སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་གང་རུང་གིས་གནས་པ་ནི་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་མས་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་སྲོག་བཅད་པའི་ཐོད་རློན་གྱི་ཕྲེང་བ་འཛིན་པའི་ཕྱིར་རོ། །འོ་ན་དྲན་པ་དང་ཏིང་ངེ་འཛིན་སོགས་དགེ་བའི་སེམས་བྱུང་རྣམས་ཀྱང་མི་དགོས་སམ་ཞེ་ན། སེམས་བྱུང་འདི་ཐམས་ཅད་ནི་གཙོ་བོ་སེམས་ཀྱི་འཁོར་དུ་སྐྱེས་པ་ཡིན་ལ། གཙོ་བོ་སེམས་དེ་ནི་སེམས་ཡིད་རྣམ་ཤེས་གསུམ་དོན་གཅིག་པར་བཤད་པ་ཀུན་གཞི་ལ་དམིགས་ནས་ངར་ལྟ་བ་དང་མ་བྲལ་བ་རེག་པ་དང་ཡིད་བྱེད་ཚོར་འདུ་ཅན་མདོར་ན་ཡིད་ལ་བྱེད་པོའི་ཆ་དེ་ལ་བཤད་པ་ཡིན་ཞིང་། འདི་ནི་ཐེག་ཆེན་དུ་རྣམ་ཤེས་དང་ཡེ་ཤེས་སུ་ཕྱེ་བའི་རྣམ་ཤེས། ཆོས་ཅན་དང་ཆོས་ཉིད་དུ་ཕྱེ་བའི་ཆོས་ཅན། བདེན་


KMC013_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་ཕྱེ་བའི་ཀུན་རྫོབ། མཐའ་དབུས་སུ་ཕྱེ་བས་མཐའ་ཡིན་ལ། དཔལ་རང་བྱུང་ཞབས་ཀྱིས། དག་པ་དང་མ་དག་པའི་སེམས་གཉིས་སུ་ཕྱེ་བའི་མ་དག་པའི་སེམས་ཡིན་པའི་ཕྱིར་ན་འདི་དང་མཚུངས་པར་ལྡན་པའི་དྲན་པ་དང་ཏིང་ངེ་འཛིན་ཡང་བློ་དང་ཡིད་བྱེད་ལས་མ་འདས་ཏེ། དག་པའི་སེམས་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པ་ནི་སེམས་དང་སེམས་བྱུང་གི་རྒྱུ་བ་འདི་ཁོ་ནར་ཟད་དོ། །དེའི་ཕྱིར་ཟླ་བའི་ཞབས་ཀྱིས། སེམས་འགགས་པ་ནི་སྐུ་ཡིས་མངོན་སུམ་མཛད། །ཅེས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོག་པ་ཡིན་ནོ་ཞེས་བཤད་ཅིང་། གངྒམར། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་རྟོགས། །ཅེས་དང་། རྒྱུད་རྣམས་ལས། གང་ལ་ཐོག་མ་དབུས་མཐའ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་རྒྱ་ཆེར་གསུངས་སོ། །འོན་ཀྱང་འདི་ཉིད་ལས་གཞན་དུ་དག་པའི་སེམས་བཙལ་བར་ཡང་མི་ནུས་ཏེ། ཇི་ལྟར་འོ་མ་ལ་མར་དང་། དངུལ་རྡོ་ལ་དངུལ་དང་། ཏིལ་ལ་ཏིལ་མར་བཞིན། འདི་


KMC013_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བླ་མ་དམ་པས་སློབ་མས་རྒྱུད་ཚོད་དང་གནས་སྐབས་ཤེས་པས་ཐབས་མཁས་པའི་གདམས་ངག་གི་གནད་སོ་སོས་ཁ་བསྒྱུར་བ་ན་འོ་མ་ལས་མར་ལྟར་འདི་ཉིད་ཀྱི་ངང་ལས་སེམས་དང་སེམས་བྱུང་སྦུན་པ་ལྟར་བསལ་བའི་སྙིང་པོ་དག་པའི་སེམས་རྟོགས་པར་འགྱུར་ལ། འདི་ལ་ནི་སེམས་དང་སེམས་ཉིད་དུ་ཕྱེ་བའི་སེམས་ཉིད་དང་། དེ་བཞིན་དུ་ཡེ་ཤེས་དང་། ཆོས་ཉིད་དང་། དོན་དམ་དང་། དབུས་སུ་གསུངས་ཅིང་། སྒྲུབ་རྒྱུད་འདིས། སེམས་ཀྱི་ངོ་བོ་དང་། གཉུག་མ་དང་། ལམ་ཕྱག་རྒྱ་ཆེན་པོ་དང་། དབང་བཞི་པའི་ཡེ་ཤེས་སུ་བཞེད་ཅིང་། རྗེ་རང་བྱུང་ཞབས་ཀྱིས། གཉུག་མའི་ངྷཱུ་ཏི་དང་། ཡེ་ཤེས་ཀྱི་རླུང་དང་། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དང་། དག་པའི་སེམས་སུ་གསུངས་སོ། །དེས་ན་འདི་གཉིས་མ་ཕྱེ་བའི་སྤྱི་ཙམ་གྱི་དབང་དུ་བྱས་ནས་འཁོར་འདས་གཉིས་ཀའི་གཞིར་གསུངས་ཞིང་། ཕྱེ་བའི་དབང་དུ་བྱས་ནས་མ་དག་པས་མྱང་འདས་མི་བརྟེན་པ་དང་དག་པས་འཁོར་བ་མི་བརྟེན་པར་གསུངས་པ་སྟེ། མདོར་ན་སེམས་ཀྱི་སྒྲ་ཙམ་ནི་མ་དག་པའི་སེམས་དང་དག་པའི་སེམས་དང་དེ་གཉིས་མ་ཕྱེ་བ་ལ་


KMC013_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གནས་སྐབས་དུ་མར་གསུངས་པས་ཐོས་པའི་མིག་དང་རྣམ་དཔྱོད་ཀྱི་སྣང་རུང་གི་ཡུལ་དང་མངོན་པར་རྟོགས་པ་ཉམས་སུ་མྱོང་བའི་སྣང་བ་དང་ལྡན་པས་ལེགས་པར་ཤེས་དགོས་ཀྱི། ཁ་ཅིག་སེམས་ཅེས་པའི་སྒྲ་ཙམ་གྱིས་སྡང་ཞིང་ཁྲོ་བ་དང་། ཁ་ཅིག་སེམས་ཅེས་པའི་སྒྲ་ཙམ་གྱིས་མཐར་ཐུག་གི་དོན་དམ་དུ་འཛིན་པ་སོགས་ནི་ཕྱོགས་རེའི་མཐར་ཟད་དོ། །དེ་བས་ན་ཟུང་འཇུག་རབ་ཏུ་མི་གནས་པའི་ཚུལ་ཤེས་པས་ཐེག་པ་ཐམས་ཅད་ལ་མཉམ་ཉིད་དུ་འཇུག་པར་བྱའོ། །ཇི་ལྟར་སྒྲུབ་པའི་ཐབས་ལེགས་པར་བཤད་ཟིན་ཏོ།། །།སྤྱོད་པའི་རྣམ་བཤད་བཞུགས་སོ། རྡོ་རྗེ་འཆང་དབང་བླ་མ་ལ། །རབ་ཏུ་གུས་པས་བཏུད་བྱས་པས། །བླ་མེད་རྡོ་རྗེའི་ཐེག་པ་ཡི། །སྤྱོད་པའི་དེ་ཉིད་བཤད་པར་བྱ། །གཉིས་པ་གྲུབ་ནས་སྤྱོད་པ་བྱ་ཚུལ་ནི། ནང་གི་གདེང་དང་ལྡན་ནས་ནི། །རིག་པ་བརྟུལ་ཞུགས་སྤྱོད་པ་བྱ། །ཞེས་སྤྱིར་བསྟན་ནས། གཅེར་བུ་སྟག་གི་ཤམ་ཐབས་བྱ། །ཕྱག་རྒྱ་ལྔས་བརྒྱན་ཅང་ཏེ་འུ། །དྲིལ་བུ་སིལ་སིལ་ཚངས་སྐུད་དང་། །ཐོད་པ་དང་ནི་ཁ་ཊཱཾ་ཐོགས། །ཅེས་ཆ་བྱད་དང་། དུར་ཁྲོད་ཀུན་ཏུ་རྒྱུ་བར་བྱ། །ཞེས་གནས་དང་།


KMC013_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་མཁའ་འགྲོ་མ་དག་ཡང། །རྣལ་འབྱོར་དབང་དུ་བསྡུས་ལ་སྤྱད། །ཅེས་གྲོགས་དང་། རླུང་དང་མེ་དང་བདེ་བའི་ཁམས། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །བསྐྱིལ་དང་ཟློག་དང་དགྲ་ཞིང་བསྟིམ། །དགའ་བཞིའི་ཡེ་ཤེས་རང་ངོ་བཟུང་། །ཞེས་དེ་ཇི་ལྟར་ཉམས་སུ་བླང་ཚུལ་དང་བཅས་པ་གསུངས་ཏེ། དེ་ཡང་སྤྱོད་པའི་ངོ་བོ་ནི། ཐབས་དང་ཤེས་རབ་ཁྱད་པར་ཅན་ཟུང་དུ་འཇུག་པའི་སྲིད་ཞིའི་ཕ་རོལ་ཏུ་ཆེས་མྱུར་བར་ཕྱིན་པའི་དངོས་གྲུབ་ཀྱི་མཆོག་ཐོབ་པར་བྱེད་པའི་འཇུག་པ་སྟེ། བརྟག་གཉིས་ལས། སྤྱོད་པ་ཕ་རོལ་ཕྱིན་མཆོག་ཉིད། །གང་གིས་དངོས་གྲུབ་མཐར་འགྲོ་བ། །ཞེས་སོ། །ཕ་རོལ་ཕྱིན་མཆོག་ཞེས་པ་འདིས་སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པར་ཇི་ལྟར་འགྲུབ་ཅེ་ན། ནཱ་རོ་འགྲེལ་ཆེན་ལས། ཕ་རོལ་ཕྱིན་པ་ཅེས་པ་ནི་དཔལ་ཐེག་པ་ཆེན་པོ་ལ་ཞོན་ནས་འགྲོ་བས་སྲིད་པའི་རྒྱ་མཚོ་བརྒལ་དཀའ་བ་ལས་ཤིན་ཏུ་སྒྲོལ་བར་བྱེད་པའོ། །ཞེས་བཤད་ནས། སྐྱེ་རྒ་ན་བ་རྒྱ་མཚོ་ཆེའི། །མི་ཟད་རྦ་ཀློང་འཁྲུག་པ་ལས། །སེམས་ཅན་རྣམས་ནི་སྒྲོལ་བ་ཡི། །བདེ་བར་ཕྱིན་བྱེད་གྲུ་ལྟ་བུ། །ཞེས་དྲངས་སོ། །དེའི་ཕྱིར་སྲིད་


KMC013_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་རོལ་ཞེས་གྲུབ་ལ། ཞི་བའི་ཕ་རོལ་ཀྱང་དཔལ་རང་བྱུང་གིས། སྤྱོད་པ་མཐར་ཕྱིན་པ་ནི་ཉན་རང་དུ་འགྲོ་བར་ཡང་མི་བསམ་སྟེ། ཞེས་བཤད་ནས། བདག་གི་དལ་བ་མངོན་དུའི་ཕྱིར། །གང་བཤད་འཇིགས་པའི་གཟུགས་ཅན་གྱི། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཅེས་པ་འདི་དྲངས་པའི་ཕྱིར་རོ། །ངེས་ཚིག་ནི། ཅིའི་ཕྱིར་སྤྱོད་པ་ཅེས་བྱ་ཞེ་ན། ཡི་གེའི་དོན་དུ་གཟུང་འཛིན་གྱིས་མི་ཕྱེད་པ་རྡོ་རྗེ་ལྟར་སྤྱོད་པའི་ཕྱིར་དང་། སྦས་དོན་དུ་འཕོ་བ་མེད་པའི་བདེ་བ་ཐོབ་པའི་ཕྱིར་རྡོ་རྗེའི་སྤྱོད་པ་སྟེ། ནཱ་རོ་འགྲེལ་ཆེན་ལས། སྤྱོད་པ་ཅེས་པ་ནི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའོ། །རྡོ་རྗེ་དང་པདྨ་དག་གི་མི་འཛག་པའི་བདེ་བ་ཐོབ་པའོ། །ཞེས་བཤད་ནས། རྒྱུད་གཞན་དུ་ཡང་། རྡོ་རྗེའི་སྤྱོད་པ་རབ་བཤད་བྱ། །རྡོ་རྗེའི་ཕུང་པོ་རྣམ་པར་སྒོམ། །རྡོ་རྗེའི་སྐྱིལ་ཀྲུང་དབུས་གནས་ལ། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །ཞེས་དུས་འཁོར་རྩ་རྒྱུད་ཀྱི་ལུང་དྲངས་པའི་ཕྱིར་རོ། །དབྱེ་ན་ལྔ་སྟེ། ཀུན་བཟང་གི་སྤྱོད་པ། གསང་བའི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ། ཚོགས་ཀྱི་སྤྱོད་པའོ། །དེ་ཡང་དཔལ་


KMC013_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་ཞབས་ཀྱིས། དང་པོར་དབང་ཐོབ་སྐྱེད་རྫོགས་ནི། །ལེགས་ཤེས་མོས་སྒྲུབ་ཚོགས་ལམ་སྟེ། །རྩ་རླུང་ཐིག་ལེའི་གནད་བཅིངས་ནས། །ཀུན་བཟང་སྤྱོད་པ་ནས་དྲོད་ཐོབ་པའོ། །ཞེས་སོགས་གསུངས་པ་ལྟར། སྔགས་ཀྱི་སྣོད་ལྡན་ལམ་གྱི་གཞི་དབང་བསྐུར་གྱིས་རྒྱུད་སྨིན་པས་སྐྱེད་རྫོགས་མོས་པས་སྒྲུབ་པ་ནི་ཚོགས་ལམ་སྟེ། དེ་ལ་སྐྱེད་རིམ་གྱི་རྟགས་ནི་ལས་བཅུ་གཉིས་དང་དངོས་གྲུབ་བརྒྱད་ལ་སོགས་པ་གྲུབ་པ་ཡིན་ལ། རྫོགས་རིམ་གྱི་རྟགས་ནི་བདེ་གསལ་མི་རྟོག་པ་གསུམ་དང་། ཁྱད་པར་གསལ་བའི་རྟགས་དུ་བ་ལ་སོགས་པ་བཅུ་གཅིག་མཐོང་བའོ། །ཚོགས་ལམ་ལ་གནས་པའི་སྤྱོད་པ་ནི་ལས་དང་པོ་པའི་སྤྱོད་པ་ཅེས་བྱ་སྟེ། ཐབས་མཚན་མ་དང་བཅས་པ་བསོད་ནམས་ཀྱི་ཚོགས་ཀྱི་བྱ་བ་ལ་གཙོ་བོར་སློབ་པ་ཡིན་ཞིང་ཕྱི་ནང་ཐུན་མོང་གི་ཡིན་པས་འདིར་སྤྱོད་པ་ལྔའི་ཁོངས་སུ་མི་བགྲང་ངོ་། །དེ་ནས་རྩ་རླུང་ཐིག་ལེའི་དེ་ཁོ་ན་ཉིད་ཤེས་པས་སྐྱེད་རྫོགས་ཟུང་འཇུག་ཏུ་གནད་བཅིངས་ཏེ་མར་མེའི་རྩེ་མོ་དང་ཆུ་བོའི་རྒྱུན་ལྟར་སྒོམ་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་ཅེས་བྱ་སྟེ། དཔེར་ན། གསེར་བཟང་པོ་ནི་


KMC013_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པ་དང་བརྡར་བ་སོགས་ཀྱིས་རང་གི་ཁ་དོག་མི་གཏོང་བ་བཞིན་དུ་བརྩོན་པ་ཆེན་པོས་ཉིན་མཚན་ཀུན་ཏུ་ཏིང་ངེ་འཛིན་གཅིག་གིས་འདའ་བར་འབད་པའི་ཕྱིར་རོ། །འདིར་སྐྱེད་རིམ་གྱི་རྟགས་ནི། ཐུགས་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་སོགས་ནས་ཁ་དོག་རབ་འབྱམ་གང་དུ་ཡང་གསལ་བ་ནི་ཁ་དོག་ལ་བརྟན་པ། སྐུ་ཆེ་ཆུང་གང་དུ་ཡང་གསལ་བ་དབྱིབས་ལ་བརྟན་པ། དཔའ་བོ་གཅིག་པོ་ནས་གཙོ་འཁོར་མཐའ་ཡས་པའི་བར་གསལ་བ་གྲངས་ལ་བརྟན་པ། ཇི་ཙམ་འདོད་པར་གནས་ནུས་ཤིང་མིག་འཛུམས་པ་ཙམ་ལ་ཡང་དཀྱིལ་འཁོར་རྫོགས་པར་གསལ་ནུས་པ་དུས་ལ་བརྟན་པ་སྟེ་རྣམ་པ་བཞི་འབྱུང་བ་ནི་སྐྱེད་རིམ་ལ་བརྟན་པ་ཐོབ་པ་ཡིན་ཞིང་། འདི་ནས་རྒྱུད་སྡེ་ནས་གསུངས་པའི་ལས་ཚོགས་ཀུན་འགྲུབ་ལ་ཐེག་པ་ཐུན་མོང་གི་སྦྱོར་ལམ་བཟོད་པ་འབྲིང་གི་ཐད་སོ་ཡིན་པར་རྗེ་མི་ལས་གསལ་བ་སྐོར་གསུམ་གྱི་སྐྱེད་རིམ་དུ་བཤད་དོ། །རྫོགས་རིམ་གྱི་རྟགས་ནི། ཟླ་བའི་ཡོན་ཏན་ལྔ་དང་ཉི་མའི་ཡོན་ཏན་གསུམ་དག་པས་ཡོན་ཏན་བརྒྱད་ཐོབ་པ་སྟེ་བསྒོམས་པའི་ཤེས་རབ་ཀྱིས་གཟུགས་རྟག་པ་དང་སྐྱེ་བ་དང་བདེན་པ་ལ་


KMC013_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་སྒྲོ་འདོགས་པ་དང་། མི་རྟག་པ་དང་འགག་པ་དང་བརྫུན་པ་ལ་སོགས་པར་སྐུར་པ་འདེབས་པ་ལས་གྲོལ་ཏེ་གཟུགས་སྟོང་ཉིད་དུ་མྱོང་བས་གཟུགས་དང་སྟོང་པ་ཉིད་ཐ་མི་དད་པ་སྒྱུ་མ་དང་ཆུ་ཟླ་ལྟར་ཤེས་ཏེ། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པའི་དོན་ལ་ཡང་དག་པར་བཟོད་པ་ནི་ཟླ་བའི་ཡོན་ཏན་དང་པོ་གཟུགས་དག་པ་ཡིན་ལ། དེ་བཞིན་དུ། སྒྲ། དྲི། རོ། རེག་ལ་ཡང་སྦྱར་རོ། །དེ་བཞིན་དུ་འདི་རྣམས་འབྱུང་བ་ལྔར་གནས་པའི་ཕྱིར་སའི་ཡོན་ཏན་ལུས་མངའ་ཐང་ཆེ་བ་དང་། ཆུས་སྣུམ་པ་དང་། མེས་གཟི་ཆེ་བ་དང་། རླུང་གིས་ཡང་བ་དང་། ནམ་མཁས་གྲིབ་མ་མེད་པ་འབྱུང་ངོ་། །དེ་བཞིན་དུ་ཞེ་སྡང་སྟོང་ཉིད་དུ་མྱོང་བས་ཞི་བ་ལས་སེམས་ལྡོག་པ་ནི་རྡུལ་དག་པའོ། །འདོད་ཆགས་སྟོང་ཉིད་དུ་མྱོང་བས་ཁམས་གསུམ་གྱི་ཆགས་པ་ལྡོག་པ་ནི་སྙིང་སྟོབས་དག་པའོ། །གཏི་མུག་སྟོང་ཉིད་དུ་མྱོང་བས་རྟེན་འབྲེལ་མཐའ་ཡས་པ་འཆར་བ་ནི་མུན་པ་དག་པ་སྟེ་ཉི་མའི་ཡོན་ཏན་གསུམ་དག་པའོ། །དེས་ལུས་ལ་ཡང་ཟླ་བས་མདངས་


KMC013_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞིང་མུན་པའི་དབུས་ནའང་མར་མེ་ལྟར་གནས་པ་དང་། ཉི་མའི་གཟི་འོད་མཚུངས་པ་མེད་པ་དང་། དགྲ་གཅན་གྱིས་མི་སྣང་བ་རྣམས་འགྲུབ་ལ། སྤྱིར་ལུས་ཀྱི་ཡོན་ཏན་བརྒྱད་པོ་འདི་ཕྱི་རོལ་པ་ལ་ཡང་ཡོད་པས་ལམ་ལ་སྐྱོ་བ་སྐྱེད་པའི་ཕྱིར་ཆ་མཐུན་གྱི་རྟགས་ཙམ་དུ་གསུངས་ཀྱི་ནང་གི་ཡོན་ཏན་བརྒྱད་ཀྱི་དངོས་རྟགས་སུ་མ་ངེས་སོ། །དེའི་ཚེ་རྩ་གསུམ་གྱི་ཡར་སྣ་ཉི་ཟླ་དགྲ་གཅན་གྱི་སྒོ་དང་མར་སྣ་བཤང་གཅི་ཁུ་བའི་སྒོ་སྟེ་དྲུག་ཏུ་ལས་ཀྱི་ཐིག་རླུང་འགགས་པས་བསམ་གཏན་ལས་བྱུང་བ་ཟག་བཅས་ཀྱི་མངོན་པར་ཤེས་པ་དྲུག་འཆར་རོ། །དེས་ན་མདོ་ལས་བསམ་གཏན་གྱི་མཐུས་སྤྱན་མངོན་ཤེས་འགྲུབ་པར་གསུངས་པ་དང་། སྔགས་ཀྱི་སྐབས་འདིར་བསམ་གཏན་དེའི་རྒྱུ་རྩ་རླུང་ཐིག་ལེའི་མཐུས་འགྲུབ་པར་གསུངས་པ་གཉིས་གནད་གཅིག་པ་སྟེ། བ་ལས་མར་འབྱུང་ངོ་ཞེས་པ་དང་ཞོ་ལས་མར་འབྱུང་ངོ་ཞེས་བརྗོད་པའི་ཁྱད་པར་ལྟ་བུ་སྟེ། མདོ་སྔགས་གནད་གཅིག་པའི་ཚུལ་འདི་ནི་བོད་ཀྱི་མཁས་རློམ་མང་པོའི་ཡིད་དུ་མི་འབབ་པའི་ཕྱིར། རང་བྱུང་ཞབས་ཀྱིས་ཀྱང་ཆོས་དྲུག་གི་ཆིངས་ཀྱི་འདི་སྐབས་སུ། འདི་ལྟར་ན་མདོ་དང་སྔགས་


KMC013_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱད་ཅི་ཡོད། ཅེས་དང་། ས་རླུང་གི་ཡོན་ཏན་ཞེས་བྱ་བ་ལ་སོགས་པའི་མིང་གིས་བཏགས་པ་ནི་མདོ་དང་འགལ་བ་ཅི་ཞིག་ཡོད། ད་ལྟ་ལོག་ལྟ་ཅན་རྣམས་ཀྱིས་མདོ་སྔགས་གཉིས་དགོངས་པ་གཅིག་པར་བཤད་པའི་ཡོན་ཏན་འདི་དག་ཤེས་པར་མི་འགྱུར་རོ། །ཞེས་བཤད་དོ། །ཁྱད་པར་དུ་འཕོ་ཆེན་གཅིག་གི་ལས་རླུང་དབུ་མར་འཆིང་ནུས་ཅིང་དུང་ཅན་གྱི་མར་སྣར་ཀུནྡ་བརྟན་པ་དང་། གཉིད་དང་སད་པ་ཐ་མི་དད་པར་སྒྱུ་མ་ལྟ་བུའི་མཐོང་བ་ཁོར་ཡུག་ཏུ་གྱུར་པས་སྒྱུ་མ་གསུམ་གཅིག་ཏུ་འདྲེས་ཏེ་གྲོང་འཇུག་གི་ལས་གྲུབ་པ་དང་། ཉིན་མཚན་གྱི་ལམ་གྱི་འོད་གསལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཏིང་ངེ་འཛིན་བརྟན་པ་རྣམས་ནི་སྦྱོར་བའི་ལམ་གྱི་མཐའ་ཆོས་ཀྱི་མཆོག་གི་རྟགས་ཐུན་མོང་མ་ཡིན་པའོ། །དེ་ལྟར་སྦྱོར་ལམ་གྱི་རྟགས་དེ་དག་ཡང་འདིར་དྲོད་གསུམ་དུ་སྡུད་དེ། བརྟག་གཉིས་ལས། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བའི་འཚེ་བ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་


KMC013_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པས་མེ་དང་ཆུ་དང་གཅན་གཟན་གཏུམ་པོ་སོགས་འཇིག་རྟེན་ན་འཇིགས་པའི་གནས་སུ་གྲགས་པ་རྣམས་ཀྱིས་གནོད་མི་ནུས་པའི་ཕྱིར་མི་འཇིགས་པ་དང་། ཆང་དང་དྷ་དུ་ར་ལ་སོགས་པ་སྨྱོ་བའི་རྫས་ཀྱིས་སྨྱོ་མི་ནུས་པ་དང་། དེ་བཞིན་དུ་ཟས་གོས་ཀྱིས་ཕོངས་པ་སོགས་སྡུག་མི་བསྔལ་བ་དང་། གཉེན་འདུན་ཉམས་པ་སོགས་མྱ་ངན་གྱི་གདུང་བས་མི་གནོད་པ་དང་། རླུང་འཁྲིས་བད་ཀན་ལ་སོགས་པའི་ནད་དང་ལྷ་ཀླུ་ལ་སོགས་པའི་གདོན་གྱིས་འཚེ་བར་མི་ནུས་པ་རྣམས་ནི་དྲོད་ཆུང་ངུའི་རྟགས་སོ། །དུག་གསུམ་གྱི་རྐྱེན་ཤིན་ཏུ་ཆེན་པོས་ཀྱང་རྒྱུད་གཡོ་བར་མི་ནུས་པ་ནི་དྲོད་འབྲིང་གི་རྟགས་སོ། །སོས་པར་གྱུར་ཅིག་ཞེས་བརྗོད་པ་ཙམ་གྱིས་ནད་ལས་སོས་པ་སོགས་ཚིག་གི་གཟུངས་གྲུབ་པ་དང་། མཉམ་པར་མ་རུང་དཔྲལ་བ་ཅན། །ཞེས་སོགས་ཀྱིས་གསུངས་པའི་ལྟ་སྟངས་གྲུབ་པ་སྟེ། དེ་ལ་རྗེ་མར་རྔོག་གི་བཞེད་པས་ཚར་གཅོད་ཀྱི་ལྟ་སྟངས་བཞི་ལ་རྣམ་ཤེས་ཀྱི་ལྟ་སྟངས་དང་། རྗེས་འཛིན་གྱི་ལྟ་སྟངས་བཞི་ལ་ཡེ་ཤེས་ཀྱི་ལྟ་སྟངས་ཅེས་བརྒྱད་དུ་བཞེད་དེ། བསད་པ། རེངས་པ། བསྐྲད་པ། ལྟུང་བ་རྣམས་ནི་རྣམ་ཤེས་ཀྱི་ལྟ་སྟངས་སོ། །གསོ་


KMC013_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བ། དགྲོལ་བ། འགུག་པ། སླར་ལྡོག་པ་ནི་རྗེས་འཛིན་གྱི་ལྟ་སྟངས་སོ། །དེ་དག་གྲུབ་པས་ཚར་གཅོད་ཀྱིས་འཇིགས་པ་སྟོན་ཞིང་རྗེས་འཛིན་གྱིས་རྣལ་དུ་དབབ་པ་ནི་ལྟ་སྟངས་གྲུབ་པའོ། །དེ་ལྟར་གང་འདོད་པའི་ཕན་པ་དང་གནོད་པ་ཡང་རུང་སྟེ་དེའི་འབྲས་བུ་མངོན་སུམ་དུ་འབྱིན་པར་ནུས་པ་ནི་དྲོད་ཆེན་པོའི་རྟགས་སོ། །དྲོད་འདི་རྣམས་ཀྱང་དྲོད་རྩེ་བཟོད་མཆོག་གི་ཟླས་ཕྱེ་བའི་དྲོད་ལ་བརྗོད་པ་ནི་མ་ཡིན་ཏེ། སྦྱོར་བའི་ལམ་མཐའ་དག་གཅིག་ཏུ་བསྡུས་ནས་དེ་ལས་རིག་སྤྱོད་ལ་འཇུག་པའི་ནུས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ལ་དྲོད་ཆུང་འབྲིང་ཆེ་གསུམ་གྱི་ཐ་སྙད་མཛད་པ་ཡིན་ལ། དྲོད་ཀྱི་ངེས་ཚིག་ནི་མཚུངས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལྟ་བུ་སྐྱེ་བའི་སྔ་ལྟས་སུ་གསུངས་པའི་ཕྱིར་རོ། །དེ་ལྟར་གོ་སླ་བའི་ཕྱིར་སྦྱོར་ལམ་སྤྱིར་བརྗོད་ནས་ད་ནི་ནང་གསེས་ཀྱི་སྤྱོད་པ་རྣམས་བརྗོད་པར་བྱ་སྟེ། དེ་ཉིད་ལས། དྲོད་ཆུང་ངུའི་རྟགས་ཕལ་ཆེར་མ་ཐོབ་ཀྱི་བར་དུ་རྩེ་གཅིག་པར་འབད་པ་ནི་ཀུན་བཟང་གི་སྤྱོད་པ་སྟེ། བརྟག་གཉིས་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་


KMC013_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཞེས་སོ། །དེ་ནས་གསང་སྤྱོད་ནི། དུར་ཁྲོད་དང་ཤིང་གཅིག་ལ་སོགས་པ་འཇིགས་ཅིང་དཔའ་སྐོང་བར་ནུས་པའི་གནས་སུ་སྦས་པའི་བརྟུལ་ཞུགས་ཀྱིས་རྒྱུ་ཞིང་འདོད་ཆགས་བདེ་ཆེན་དུ་བསྲེ། ཞེ་སྡང་སྟོང་ཉིད་དུ་བསྲེ། གཏི་མུག་འོད་གསལ་དུ་བསྲེ། ཅིར་སྣང་ཡེ་ཤེས་སུ་བསྲེས་ཏེ་བསྒོམས་པས་དྲོད་འབྲིང་དང་ཆེན་པོ་ཐོབ་པར་འགྱུར་ལ། ཡུན་ནི་དབང་པོ་རབ་ཀྱིས་ཟླ་གཅིག་གིས་འགྲུབ་པ་སྟེ། བརྟག་གཉིས་ལས། ཟླ་བ་གཅིག་གིས་སྐལ་ལྡན་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་དང་། ཟླ་བ་གཅིག་ཏུ་གསངས་ལ་སྤྱད། །ཇི་སྲིད་ཕྱག་རྒྱ་མ་རྙེད་པར། །གནང་བ་རྙེད་འགྱུར་སྔགས་པ་ལ། །རྣལ་འབྱོར་མ་ཡིས་བསྟན་པར་བྱ། །ཞེས་པས་ཟླ་གཅིག་གིས་ལུང་བསྟན་འཐོབ་པར་འགྱུར་ལ། མ་ཐོབ་ན་ཇི་སྲིད་རྣལ་འབྱོར་མས་གྲོགས་ལུང་མ་བསྟན་གྱི་བར་དུ་སྤྱོད་པའོ། །གསུམ་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། དེ་ལྟར་སྤྱོད་པའི་མཐའ་དཔྱད་དེ། ད་ནི་གཞུང་ཞལ་གདམས་ལས་གསུངས་པའི་སྤྱོད་པ་དངོས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཤད་པར་བྱ་སྟེ། དེ་ཡང་


KMC013_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ཞིང་གསལ་བའི་ཕྱིར་དགྱེས་རྡོར་གྱི་བརྟག་གཉིས་ཀྱི་རྒྱུད་ཀྱི་ཕུར་པ་ཕྱུང་སྟེ་བཤད་པར་བྱའོ། །དེ་ཡང་སྤྱོད་པ་ནམ་གྱི་ཚེ་བྱེད་ན་དྲོད་ཆེན་པོ་ཐོབ་པ་ན་སྟེ། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་སོ། །འདིར་ཅུང་ཟད་ཀྱི་སྒྲས་དྲོད་ཆུང་ངུའམ་འབྲིང་པོས་ཀྱང་སྤྱོད་པ་བྱ་བར་བསྟན་ནོ་སྙམ་ན། དེ་ལྟ་མ་ཡིན་ཏེ་འདི་སྐབས་སུ། ནཱ་རོ་འགྲེལ་ཆེན་ལས། ཇི་སྲིད་དྲོད་ནི་ཐོབ་གྱུར་ན། །དེ་ནས་འཇིག་རྟེན་འདས་པ་ཡི། །སྤྱོད་པ་མཐུ་དང་ལྡན་པར་བྱ། །ཅེས་སོགས་དང་། བརྟག་གཉིས་ཉིད་ཀྱི། ཡིད་ནིི་བརྟན་ནམ་གཡོ་འམ་ཅི། །རང་གི་སེམས་ནི་སོ་སོར་བརྟག །ཞེས་པ་འདྲེན་པར་མཛད་ལ། དེའི་མཐུ་དང་ལྡན་པ་ཅེས་པས་ཕན་གནོད་ཀྱི་འབྲས་བུ་འབྱིན་པ་དྲོད་ཆེན་པོ་ཐོབ་ལ། རང་སེམས་བརྟན་མི་བརྟན་བརྟགས་པས་ཀྱང་ཉོན་མོངས་ཀྱིས་མི་གནོད་པ་དྲོད་འབྲིང་དང་། གཞན་གཟུང་བར་ནུས་པ་དྲོད་ཆེན་པོ་ཐོབ་ན་རྒྱུད་བརྟན་པ་ཉིད་དུ་རྟོགས་སླ་བའི་ཕྱིར་དང་། མ་རྒྱུད་ཀྱི་སྤྱོད་པའི་སྐབས་དུ་མར་གཞན་ཟིལ་གྱིས་གནོན་པའི་


KMC013_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་དང་མི་ལྡན་པར་སྤྱོད་པ་བྱས་ན་སྐྱེ་བོའི་བཞད་གད་ཀྱི་རྒྱུར་གསུངས་པའི་ཕྱིར་རོ། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །ཞེས་འདེམ་ཀའི་སྒྲར་གསུངས་པ་ནི་རིག་སྤྱོད་དངོས་སུ་གྲགས་པའི་སྤྲོས་བཅས་ཀྱི་སྤྱོད་པ་ལ་དགོངས་པ་སྟེ། གལ་ཏེ་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པར་འདོད་ན་ཞེས་པའི་དོན་ཏེ། འདིར་སྤྲོས་བཅས་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གང་རུང་ཞིག་མི་བྱེད་པ་མི་སྲིད་པས་རིག་སྤྱོད་སྤྱི་ལ་དགོངས་པ་ནི་མ་ཡིན་ཏེ། སྤྱོད་བསྡུས་ལས། ཡང་རྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ཐོག་མ་མེད་པའི་ཉོན་མོངས་པའི་བག་ཆགས་ཟད་པར་བྱ་བར་མི་ནུས་སོ་ཞེས་ལུང་ལས་བཤད་པ་དང་འཇིག་རྟེན་དུ་གྲགས་སོ། །ཞེས་བཤད་དོ། །སྤྱོད་པ་འདི་གསུམ་གྱི་ཁྱད་པར་ལ་རིན་ཆེན་རྒྱན་འདྲར་བདག་མེད་མའི་དཀྱིལ་འཁོར་གྱི་དག་པས་གྲོགས་བཅོ་ལྔས་བསྐོར་བ་སྤྲོས་བཅས་དང་། སྙིང་པོའི་དཀྱིལ་འཁོར་གྱི་དག་པས་དགུའམ་བརྒྱད་དམ་ལྔའམ་བཞིས་བསྐོར་བ་སྤྲོས་མེད་དང་། གཙོ་བོའི་དག་པའི་གྲོགས་གཅིག་ཁོ་ན་དང་ལྡན་པ་ཤིན་ཏུ་སྤྲོས་མེད་དེ། རྒྱན་ལ་སོགས་པ་གཞན་ནི་ཁྱད་པར་


KMC013_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བཤད་པ་ནི་སྤྲོས་བཅས་ཀྱི་སྤྱོད་པ་ཁོ་ན་ལ་གསུམ་དུ་ཕྱེ་བ་མཉམ་སྦྱོར་སོགས་ལས་གསུངས་པ་སྟེ། སྤྱིར་རིག་སྤྱོད་ཙམ་ལ་གསུམ་དུ་ཕྱེ་བའི་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ལ་དགོངས་པ་ནི་མ་ཡིན་ནོ། །དེས་ན་སྤྱོད་བསྡུས་ལས། དེ་ལ་འདོད་ཆགས་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའོ། །དེ་ལ་སྤྲོས་པ་དང་བཅས་པའི་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང་རྡོ་རྗེ་འཆང་གི་དབུགས་དབྱུང་བ་ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཨ་ར་ལི་རྒྱས་པ་དེ་ནི་སྤྲོས་པ་དང་བཅས་པའོ། །སྤྲོས་པ་མེད་པའི་སྤྱོད་པ་གང་ཞེ་ན། རྟག་ཏུ་ཁྱབ་པ་ལས་དགོས་པའི་དབང་གིས་འགའ་ཞིག་ལ་རོལ་པ་དེ་ནི་སྤྲོས་པ་མེད་པའོ། །ཤིན་ཏུ་སྤྲོས་པ་མེད་པ་གང་ཞེ་ན། འདུ་འཛི་ཐམས་ཅད་རྣམ་པར་སྤངས་ནས་བསམ་གཏན་གྱི་ཟས་དང་གནས་འགའ་ཞིག་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ལ་གོམས་པ་དེ་ནི་ཤིན་ཏུ་སྤྲོས་པ་མེད་པ་སྟེ། དཔེར་ན། ཤིང་ཚིག་པར་གྱུར་


KMC013_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐལ་བར་འགྱུར་རོ། །ཏཱ་ལའི་ལོ་མ་ཚིག་པར་གྱུར་ཡང་ཐལ་བར་འགྱུར་རོ། །རས་བལ་གྱི་ལོ་མ་ཚིག་པར་གྱུར་ཡང་ཐལ་བར་འགྱུར་རོ། །ཐམས་ཅད་ཀྱང་ཐལ་བར་འགྱུར་བ་དེ་བཞིན་དུ་སྤྱོད་པ་གསུམ་ཆར་གྱིས་ཀྱང་རྡོ་རྗེ་འཛིན་པའི་གོ་འཕང་མངོན་པར་འདོད་པ་ཉིད་སྐྱེ་བར་འགྱུར་རོ། །ཞེས་བཤད་དོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་སྤྱོད་པ་ནི། སྤྱོད་བསྡུས་སུ་མཉམ་སྦྱོར་གྱི་ལུང་གིས་ཚོགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་ནང་གི་སྦྱིན་སྲེག་དང་གཙོ་བོར་རེག་བྱ་བསྐུལ་བས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་སྟེ་འདི་ཁོ་ན་ལའང་འབྱོར་བའི་དབང་གིས་སྤྲོས་པ་ཆེ་ཆུང་གསུམ་གསུངས་ལ། སྤྱོད་པ་འདི་ནི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེ་ཆུང་གསུམ་གྱིས་མཛད་དེ་འཁོར་ཚོམ་བུ་དང་བཅས་ཏེ་བྱང་ཆུབ་པར་གྱུར་ཏོ། །འདི་ནི་དཀྱིལ་འཁོར་གྱི་ཁང་པར་གནས་ནས་རྒྱལ་པོ་ལྟར་སྤྱོད་པ་ཡིན་ལ། འདི་ལ་ཡང་འདུས་པའི་རྒྱུད་ཕྱི་མར་སྔོན་དུ་སེང་གེ་ལྟ་བུའི་བརྟུལ་ཞུགས་ཀྱི་སྤྱོད་པས་བསྙེམས་ཐག་བཅད་དེ། དེ་ནས་སྤྲོས་པ་གསུམ་གང་རུང་ལ་འཇུག་པར་གསུངས་ལ། སྤྱོད་བསྡུས་སུ་ནི་སྤྲོས་པ་གསུམ་གྱི་སྤྱོད་པ་ཁོ་ན་གསུངས་སོ། །དེས་ན་སྐབས་འདིར་ནི་ཧེ་རུ་ཀའི་ཆ་


KMC013_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཀྱིས་འཁྱམ་པ་དང་འདུག་པ་སོགས་མ་ངེས་པས་རོ་མཉམ་ཞིང་སྤྱོད་པ་སྟེ། དེ་ཡང་ཆ་བྱད་ནི། རྣ་བ་དག་ལ་རྣ་ཆ་བཟང་། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་གཉིས། །རྐེད་པ་ལ་ཡང་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་བོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པར་རུས་པའི་ཕྲེང་བ་སྟེ། །བསྒོ་བ་སྟག་གི་ལྤགས་པ་ཉིད། །ཅེས་དང་། རྐུན་མོའི་སྐྲ་ལས་ཅོད་པན་བྱས། །དེ་ལཧཱུྃ་བྱུང་སྦྱར་བར་བྱ། །སངས་རྒྱས་ལྔ་ཡི་ཐོབ་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན། །ཐོད་པ་སོར་ལྔ་པ་ཡི་ཚད། །བྱས་པས་ཅོད་པན་འཛིན་པར་བྱེད། །ཐབས་དང་ཤེས་རབ་རང་བཞིན་ལས། །སྐྲ་ཡི་སྐ་རགས་ཉིས་བསྐོར་ཉིད། །ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །རྣལ་འབྱོར་སྤྱོད་པ་བ་ཡིས་འཛིན། །ཞེས་དང་། བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་སློབ་དཔོན་ལ། །སྨོད་ཚིག་མི་མཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་འཛིན། །སྔགས་ཀྱི་བཟླས་པའང་མགུལ་རྒྱན་ཉིད། །གདུབ་བུ་སྲོག་ཆགས་གསོད་པ་སྤངས། །ཕྱག་རྒྱ་བསྟེན་པ་སྐ་


KMC013_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རགས་ཉིད། །སངས་རྒྱས་ལྔ་ཡི་ཕྱག་རྒྱས་ནི། །རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ། །ཅེས་གསུངས་པས། སྤྱི་དོན་དུ་རྡོ་རྗེའི་སློབ་དཔོན་སྤྱི་བོར་བཀུར་བ་དང་། སྦས་དོན་དུ་བྱང་ཆུབ་ཀྱི་སེམས་འཛིན་པའི་ཕྱིར་བསམ་གཏན་གྱི་རང་བཞིན་མི་བསྐྱོད་པཧཱུྃ་ལས་བྱུང་བ་འཁོར་ལོའི་རྣམ་པ་སྤྱི་བོའམ་རལ་པའི་ཚོགས་མར་གདགས་སོ། །དེ་བཞིན་དུ་བླ་མ་སྨོད་པའི་ཚིག་མི་མཉན་པ་དང་བྱང་སེམས་ཉམས་པ་སྤང་བའི་ཕྱིར་བཟོད་པ་དང་འོད་དཔག་མེད་རྣ་རྒྱན་ནོ། །བཟླས་པ་དང་མི་འབྲལ་བ་དང་ཡིད་སྐྱོབ་པའི་ཕྱིར་སྦྱིན་པ་དང་རིན་འབྱུང་མགུལ་རྒྱན་ནོ། །གསོད་པ་སོགས་མི་དགེ་བ་སྤངས་པ་དང་འདོད་པ་མི་སྤོང་བའི་ཕྱིར་ཚུལ་ཁྲིམས་དང་རྣམ་སྣང་ལག་གདུབ་གཉིས་དཔུང་གདུབ་གཉིས་རྐང་གདུབ་གཉིས་ཏེ་གདུབ་བུ་དྲུག་གོ། །ཕྱག་རྒྱ་བསྟེན་པའི་ཕྱིར་བརྩོན་འགྲུས་དང་དོན་གྲུབ་སྐ་རགས་ཀྱི་རྣམ་པ་སྟེ་ཕྱག་རྒྱ་ལྔ་དང་། བདེ་སྟོང་གི་སྒོམ་པ་དང་མི་འབྲལ་ཞིང་ཁ་སྦྱོར་གྱི་སྐུར་བཞེད་པའི་ཕྱིར་ཤེས་རབ་དང་རྡོ་རྗེ་སེམས་དཔའི་རང་བཞིན་ཐལ་བའི་སྟེང་དུ་སེ་རལ་ཀ་དང་མི་སྐྲའི་ཚངས་སྐུད་ནི་དྲུག་པ་སྟེ་ཕར་ཕྱིན་དྲུག་དང་མི་འབྲལ་ཞིང་བདག་


KMC013_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རིགས་དྲུག་གི་རྒྱལ་བར་ཤེས་པའི་ཕྱིར་ལུས་ལ་གདགས་སོ། །གཞན་ཡང་ཉོན་མོངས་པའི་སྟག་གིས་འགྲོ་བ་ཟ་བ་དེ་བཅོམ་པའི་བརྡར་སྟག་པགས་ཀྱི་སྨད་གཡོགས་དང་། མི་དགེ་བ་ནི་དགེ་བའི་ནོར་འཕྲོག་པའི་ཕྱིར་ཆོམ་རྐུན་ཡིན་ལ། དེ་བཅོམ་པ་དང་རྩ་རྣམས་དག་པའི་ཕྱིར་རྐུན་ཆེན་གྱི་གྲི་སྐྲའི་ཚོགས་ལས་རལ་པའི་ཅོད་པན་གྱི་ཚུལ་དུ་བྱ་ལ། དེ་ལ་འཁོར་ལོ་སྦྱར་ནས་དབང་རྫོགས་ཅིང་འབྱུང་བ་ལྔ་དག་པ་མཚོན་བྱེད་མིའི་ཐོད་ཚལ་སོར་ལྔ་པ་ལ་མགོ་སྐམ་གྱི་རྣམ་པ་བྱས་པ་དང་སྦྱར་ནས་ཅོད་པན་དུ་འཛིན་ནོ། །ཐབས་ཤེས་སྦྱོར་བའི་ཕྱིར་རོ་སྐྲའི་སྐ་རགས་ཉིས་བསྐོར་ཡང་སྐ་རགས་ཀྱི་སྟེང་དུ་བཅིང་ངོ་། །ཤེས་རབ་མ་དང་མི་འབྲལ་བའི་དོན་དང་དྷཱུ་ཏི་དག་པའི་ཕྱིར་གཡོན་དུ་ཁ་ཊྭཱཾ་ག་དང་། སྙིང་རྗེ་ཆེན་པོས་སྟོང་པའི་ཆོས་སྒྲ་སྒྲོག་པའི་ཕྱིར་གཡས་སུ་ཐབས་ཅང་ཏེའུ་འཛིན་ཞིང་བདེ་བ་ཆེན་པོ་སྐྱོང་བས་དངོས་གྲུབ་ཀྱི་ཐོད་པ་མེ་ལོང་དང་སིནྡྷུ་རར་བཅས་པ་མཆན་ཁུང་གཡོན་དུ་སྦས་ཏེ་འཆང་བ་རྣམས་ནི་ངེས་པའི་ཆ་བྱད་དོ། །མ་ངེས་པའི་རྒྱན་ནི། སྨད་གཡོགས་ཁ་དོག་སྣ་ཚོགས་དང་། །རོ་བསྲེགས་ཐལ་བས་དེ་བཞིན་


KMC013_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན། །མེ་ཏོག་རབ་སོང་གནས་བརྙེད་པས། །མགོ་སྐྱེས་ལེགས་པར་བཅིང་བར་བྱ། །ཞེས་པས་དུར་ཁྲོད་ཀྱི་རས་སྣ་ཚོགས་པའི་སྨད་གཡོགས་དང་། རོ་ཐལ་གྱིས་ལུས་བྱུག་པ་དང་། ཀཱ་ར་ཝཱི་རའི་མེ་ཏོག་དུར་ཁྲོད་ནས་བརྙེད་པས་སྐྲ་བཅིང་བ་དང་དེ་ལ་སོགས་པ་མ་ངེས་པ་སྣ་ཚོགས་པ་རྣམ་པར་མི་རྟོག་པ་བཅོམ་པས་བྱེད་པའོ། །ཁ་ཟས་ཀྱང་། བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཅེས་དང་། སྨན་ནི་རྟག་པར་བཟའ་བར་བྱ། །ཆུ་ནི་རྟག་ཏུ་བཏུང་བ་ཉིད། །རྒ་ཤིས་ཟིལ་གྱིས་མི་ནོན་ཞིང་། །རྟག་ཏུ་སྲུང་བར་འགྱུར་བ་ཡིན། །ཞེས་དང་། བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་བརྙེད་པ་རབ་ཏུ་བཟའ། །ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེན་པ་ཙམ་དུའང་མི་བྱའོ། །བཟའ་དང་བཟའ་མིན་མི་དཔྱོད་ཅིང་། །དེ་བཞིན་བཏུང་དང་བཏུང་མིན་ཉིད། །ཅེས་དང་། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པ། །གཞན་གྱི་བཏུང་བས་གཟི་བ་མེད། །ཅེས་དང་། བཟའ་བཏུང་ཇི་ལྟར་བརྙེད་པ་དང་། །ཞེས་དང་། བཱ་ལ་ཐམས་ཅད་བཟའ་བར་བྱ། །ཞེས་དང་། བདུད་རྩི་ལྔ་དང་བུ་རམ་


KMC013_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་། །དུག་དང་ནིམ་པ་བུ་བཙས་སྐྱེས། །སྐྱུར་དང་མངར་དང་བསྐ་ལ་སོགས། །ཁ་བ་ལན་ཚྭ་ཚ་བ་དང་། །དྲི་ང་དྲི་ཞིམ་མཆི་རྣག་རྣམས། །བྱང་ཆུབ་སེམས་བསྲེས་རབ་ཏུ་བཟའ། །གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །རང་བྱུང་མེ་ཏོག་བརྙེད་ནས་ནི། །པདྨའི་སྣོད་དུ་བཞག་པ་དང་། །ལུད་པ་དག་ནི་སྣབས་དག་གིས། །བསྲེས་ནས་བརྟུལ་ཞུགས་ཅན་གྱིས་བཏུང་། །ཞེས་པས་ཞིམ་མི་ཞིམ་དང་བཟང་ངན་དང་དུག་བཅས་དུག་མེད་དང་ལུས་ལ་ཕན་གནོད་སོགས་ཀྱི་རྟོག་པ་གཅིག་གིས་ཀྱང་བར་མི་གཅོད་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཐད་ཀར་བཅད་དེ་རོ་བསྙམས་པས་ཐམས་ཅད་ཀྱང་བཟའ་བཏུང་བྱ་ལ། རྟོག་པ་དང་བཅས་པས་ནི་གང་ཡང་བཟའ་བཏུང་མི་བྱའོ། །ངེས་དོན་དུ་ནི། འདོད་ཆགས་བཅོམ་པས་རཀྟ། སྐྱེ་མེད་རྟོགས་པ་ནི་ཁུ་བ། མཉམ་པ་ཉིད་ནི་ཤ། དམ་ཚིག་རྒྱུན་མི་འཆད་པ་ནི་མི་བསྐྱོད་པ། སེམས་མེད་པ་ནི་དྲི་ཆེན་ཏེ། དེ་རྣམས་རྒྱུད་ལ་བསྟེན་པ་ནི་བཟའ་བའི་སྒྲར་བསྟན་པ་སྟེ། ནཱ་རོ་ཞབས་ཀྱིས་བདེ་བ་ཆེན་པོ་རྟོགས་པའི་རྒྱུད་ཀྱི་ལུང་། གང་ཚེ་སེམས་ཅན་


KMC013_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རིག་པ། །དེ་དོན་ཡང་དག་རྟོགས་པ་ན། །ཁྲག་ཉིད་བཟའ་བ་ཉིད་དུ་འགྱུར། །རཀྟ་ཆེན་པོ་དེ་ཟོས་པས། །འོད་དཔག་མེད་དུ་འགྲོ་བར་བྱེད། །ཆོས་རྣམས་སྐྱེ་བ་མེད་པ་གང་། །ཁུ་བའི་སྒྲ་ཡིས་བརྗོད་པ་སྟེ། །སྐྱེ་མེད་དེ་ནི་རྟོགས་པ་ལ། །བཟའ་བ་ཉིད་དུ་མངོན་པར་བརྗོད། །དངོས་པོ་རྣམས་ཀྱི་མཉམ་ཉིད་གང་། །ཤ་ཞེས་བྱ་བར་རབ་ཏུ་གྲགས། །སྐྱེ་མེད་ལ་ནི་རྣམ་སྦྱོར་བ། །བཟའ་བ་རུ་ནི་མངོན་པར་བརྗོད། །དམ་ཚིག་དོན་ལ་རབ་སྦྱོར་བས། །སེམས་གང་རབ་ཏུ་འཇག་པས་ན། །མི་བསྐྱོད་པ་ཅེས་དེ་ལ་གསུངས། །སེམས་ནི་གང་དུ་ཅུང་ཟད་ཀྱང་། །གནས་པ་མ་ཡིན་སྣང་བ་མེད། །དྲི་ཆེན་ཉིད་ཀྱང་དེ་ལ་བརྗོད། །རྟོགས་པའི་ཕྱིར་ན་བཟའ་བའོ། །གསལ་པོ་གསུངས་པ་འདི་རྣམས་ཀུན། །དམ་ཚིག་རྣམས་ཀྱི་མཚན་ཉིད་དོ། །ཅེས་དྲངས་སོ། །དོན་འདི་ལྟ་བུ་མི་ཤེས་པར་སྒྲ་ཇི་བཞིན་པ་ལ་མཐའ་གཅིག་ཏུ་ཆགས་པ་ནི་ཀླ་ཀློའམ་དུད་འགྲོའི་ལུགས་ཏེ། དེ་ཉིད་ཀྱི་མགོར། ང་ཡིས་ཕྱི་རུ་གང་བཤད་པའི། །དམ་ཚིག་རྣམས་ལ་འབད་པ་ཡིས། །དེ་རྣམས་ཐམས་ཅད་དེ་བཞིན་དུ། །ཀླ་ཀློ་ཡི་ནི་ཆོས་ལུགས་ཡིན། །ཞེས་དང་། དུས་


KMC013_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འགྲེལ་ཆེན་ལས། བླ་མ་དམ་པ་མ་ཡིན་པའི་མན་ངག་ལས་སློབ་མ་ཕྱུགས་སུ་བྱེད་པ། ཅེས་ཡང་ཡང་བཤད་པའི་ཕྱིར་རོ། །དེ་བཞིན་དུ་ཤ་ལྔའི་ངེས་དོན་ཡང་དགའ་བ་བཞི་སྤྱོད་པ་དང་ཕུང་པོ་ལྔ་སྒྲིབ་པ་དང་བྲལ་བ་ཡིན་པར་ཕྱག་རྡོར་སྟོད་འགྲེལ་གྱི་ལུང་དང་། དམ་ཚིག་བླ་མེད་འདི་རྣམས་ནི། །བྱིས་པའི་རྣལ་འབྱོར་སྤྱོད་ཡུལ་མིན། །ཞེས་དྲངས་སོ། །དེས་ན་དུས་ཀྱི་འཁོར་ལོར། གང་ཞིག་ཐིག་ལེ་དཀར་པོའི་རྒྱུན་རྣམས་ཉིན་མཚན་འབབ་པ་དེ་ནི་མཱ་མ་ཀཱི་སྟེ་ཆང་ཡིན་ནོ། །མིག་ལ་སོགས་པ་ཉིན་མཚན་འཕྲོག་པར་ཤ་སྟེ་གོ་ཀུ་ལ་སོགས་གཞན་པ་ཅུང་ཟད་ཡོད་མ་ཡིན། །རང་རིག་གྱུར་པ་ཡིས་ནི་དག་པའི་སྐུ་ནི་བསྙེན་པར་བདུད་རྩི་ལྔ་རྣམས་བསྟེན་པར་བྱ་བའོ། །སྟོང་པར་སེམས་ཞུགས་པ་ལས་ཁྱབ་བདག་ལྷན་སྐྱེས་བདེ་བ་འཁྲིག་པ་ཡིན་ཏེ་སྐྱེ་གནས་ལམ་ཡིན། །ཞེས་གསུངས་པ་ཉིད་ཡིན་ནོ། །སྤྱོད་པའི་གྲོགས་ནི། ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །རྡོ་རྗེའི་བུ་མོའི་འདི་ཁྱེར་ནས། །སྤྱོད་པ་བྱ་བར་རྟོགས་པར་བྱ། །རྡོ་རྗེ་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷ་ཡི་གཟུགས་


KMC013_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱ། །ཡང་ན་གཞན་གྱི་རིགས་བྱུང་བ། །བྱང་ཆུབ་ས་བོན་གདབ་པ་དང་། །སྦྱང་བ་ཡིས་ནི་བཟུང་བར་བྱ། །ཞེས་པས་བླ་མའམ་མཁའ་འགྲོས་ལུང་བསྟན་པའི་རྣལ་འབྱོར་མ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པ་ཐམས་ཅད་ཀྱི་ཡུམ་ཡིན་པའི་ཕྱིར་དེ་དང་མི་འབྲལ་བའི་དོན་ཏོ། །དེ་ལ་ཡང་རྡོ་རྗེའི་རིགས་གཙོ་བོར་གསུངས་པ་ནི་བརྟག་གཉིས་ཉིད་མི་བསྐྱོད་དགྱེས་པ་རྡོ་རྗེ་དང་བདག་མེད་མ་གཙོ་བོར་གྱུར་པའི་དབང་གིས་གསུངས་ཀྱི་གནས་སྐབས་ཐམས་ཅད་དུ་ནི་མ་ཡིན་ནོ། །དེ་ཡང་བླ་མེད་ཀྱི་རྒྱུད་ཕལ་ཆེ་བར་རང་རིགས་ཉིད་གསུངས་ཏེ་ཁ་དོག་དང་ལག་རིས་ལ་སོགས་པའི་མཚན་མ་དང་དབྱིབས་ཀྱི་རྣམ་པ་དང་གང་དུ་མེ་ཏོག་ཕོག་པ་སོགས་ལས་རིགས་ལྔའམ་དྲུག་ལས་གང་དུ་གནས་པ་ངེས་པར་བྱས་ཏེ་མི་བསྐྱོད་པ་རྡོ་རྗེའི་རིགས་ཀྱིས་མཱ་མ་ཀཱི་དང་རྡོ་རྗེ་མཁའ་འགྲོ་མའོ། །དེ་བཞིན་དུ་རིན་འབྱུང་གིས་སྤྱན་མ་དང་རིན་ཆེན་མཁའ་འགྲོ། འོད་དཔག་མེད་ཀྱིས་གོས་དཀར་མོ་དང་པདྨའི་མཁའ་འགྲོ། དོན་གྲུབ་ཀྱིས་སྒྲོལ་མ་དང་ལས་ཀྱི་མཁའ་འགྲོ། རྣམ་སྣང་གིས་ཆོས་དབྱིངས་དབང་ཕྱུག་མ་དང་སངས་རྒྱས་མཁའ་འགྲོ་


KMC013_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྟེ་རང་རིགས་ཀྱི་ཤེས་རབ་དང་དེ་བཞིན་དུ་རིགས་བདག་ཡང་རང་རིགས་སུ་གསུངས་ལ། དཔལ་དུས་ཀྱི་འཁོར་ལོར་ནི། རང་རིགས་ལ་ནི་བྱ་བ་འགལ་བའི་ཕྱིར་དེ་རྣམས་རྒྱུད་བསྡུས་པར་དགོངས་པ་ཅན་དུ་བསྟན་པར་བཤད་ནས། དོན་གྲུབ་རླུང་གིས་སྤྱན་མ་སའི་ཁམས་དང་། རིན་འབྱུང་མེས་མཱ་མ་ཀཱི་ཆུའི་ཁམས་སོགས་གོ་ལྡོག་གི་ཐབས་ཤེས་དང་རིགས་བདག་བཤད་དོ། །སྐབས་འདིར་ནི་མ་རྒྱུད་སྤྱི་ལས་རང་རིགས་ཀྱི་ཐབས་ཤེས་གསུངས་པའི་ཕྱིར་གཙོ་མོའི་དབང་གིས་རྣམ་པར་སྣང་མཛད་མའོ། །དེ་ཡང་བདེ་མཆོག་རྩ་རྒྱུད་ལས། བདེ་གཤེགས་རིགས་དང་། དཔའ་བོའི་རྗེས་འགྲོ་མ་དང་། དྲག་པོའི་རྗེས་འགྲོ་མ་དང་། དཔའ་བོའི་བློ་མ་དང་། རྡོ་རྗེ་རིགས་མ་དང་། བདེ་གཤེགས་རིགས་ཀྱི་རྗེས་འགྲོ་མ་དང་། རྣམ་སྣང་གི་རྗེས་འགྲོ་མ་སྟེ་བདུན་དང་། དེ་བཞིན་དུ་གཟུགས་ཅན་མ་སོགས་བདུན་དང་། པདྨ་གར་དབང་གི་རིགས་སོགས་བདུན་ཏེ་ཉེར་གཅིག་ཏུ་བཤད་ལ། མཁའ་འགྲོ་རྒྱ་མཚོ་ལས། ལས་ཆོས་དམ་ཚིག་ཕྱག་ཆེན་གྱི་རྣལ་འབྱོར་མ་བཞི་དང་། དུས་ཀྱི་འཁོར་ལོར། དབང་གི་སྐབས་སུ་རང་རིགས་


KMC013_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པ་བཅུ་དང། རིགས་ཐ་དད་ལས་སྐྱེས་པ་བཅུ་དང་། ལང་ཚོའི་དབྱིབས་བཅུ་སྟེ་བཅུ་ཅན་གསུམ་གསུངས་ཅིང་། དེ་བཞིན་དུ་མཁའ་འགྲོ་རྒྱ་མཚོ་དང་སེམས་འགྲེལ་གསུམ་དུ་རྣལ་འབྱོར་མ་སོ་བདུན་གྱི་འགྱུར་བ་དང་། རྒྱུད་གཞན་དུ་མར་ཀ་མ་ལི་དང་ཧསྟི་ནི་དང་ཤདྑི་ནི་དང་བི་ཤྭ་ནི་སྟེ་བཞིའམ་རེ་ཁ་ནི་དང་ལྔར་ཡང་གསུངས་ཅིང་། གཞན་ཡང་རྒྱུད་སོ་སོའི་དགོས་པའི་བྱེ་བྲག་གིས་མཐའ་ཡས་པར་བཤད་པ་ནི་གཙོ་བོར་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་སྟེ་མཆོག་དངོས་སུ་སྟེར་བར་ནུས་པའོ། །ལུས་སེམས་ཀྱི་ཡོན་ཏན་ཁྱད་པར་ཅན་ལ་དབང་དང་ཚངས་སྤྱོད་དང་སྐྱེད་རྫོགས་ཀྱིས་རྒྱུད་སྦྱངས་ཏེ་རིམ་གྱིས་སྨིན་པ་ནི་སྔགས་ལས་སྐྱེས་པ་སྟེ་སྒོམ་པའི་རྟེན་ནོ། །དེ་གཉི་ག་ལའང་རང་རིགས་དང་མཐུན་པ་ནི་རིགས་སྐྱེས་ཀྱི་ཐ་སྙད་དང་། ལྷ་ཀླུ་དང་གནོད་སྦྱིན་མོ་ལ་སོགས་འགྲོ་བ་ཐ་དད་པར་སྐྱེས་པ་ནི་གནས་སྐྱེས་ཅེས་བྱའོ། །གདོལ་པ་དང་རི་ཁྲོད་པ་སོགས་ལས་སྐྱེས་པ་ནི་མཐར་སྐྱེས་ཅེས་བྱའོ། །དེ་རྣམས་ནི་རྣམ་པར་བཞག་པ་སྤྱིར་བསྟན་པ་སྟེ། སྐབས་འདིར་ནི་སྔར་བསྟན་པའི་ཆ་བྱད་འཛིན་པའི་སྤྱོད་པ་པ་དེས་སིནྡྷུ་རས་རང་གི་སྨིན་


KMC013_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་དགའ་བ་འཁྱིལ་བ་བྲིས་ཏེ་ཕྱོགས་ཀུན་ཏུ་ཕྱིན་པས་སྤྲུལ་སྐུ་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་སྨིན་མཚམས་སུ་ལི་ཁྲིའམ་རང་བྱུང་གི་དགའ་བ་འཁྱིལ་བ་ཅན་མཐོང་ན། ལོ་ཧི་པས། བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་སྟེ། །སྤྱི་བོས་ཕྱག་ནི་བྱས་ནས་སུ། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་གི་མ་ཁྱོད་བདག་ནི་བུ། །ཇི་སྲིད་བྱང་ཆུབ་ཆེ་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །ཅེས་པ་ལྟར། ཡིད་ཀྱིས་གསོལ་བ་བཏབ་པས་དེ་ཉིད་ཀྱིས་རྗེས་སུ་འཛིན་པའམ་ལུང་སྟོན་པར་འགྱུར་ཏེ། གྲུབ་ཆེན་ཨོ་རྒྱན་པས་སྤྲོས་མེད་ཀྱི་སྤྱོད་པས་ནུབ་ཕྱོགས་ཨོ་རྒྱན་དུ་བྱོན་པའི་ཚེ་ཕོ་བྲང་དྷུ་མ་ཐ་ལའི་འགྲམ་གྱི་རི་སྒང་ཞིག་ཏུ་བཞུགས་པ་ན་བུད་མེད་སྨིན་མཚམས་སུ་མཚལ་གྱི་གཡུང་དྲུང་ཡོད་པ་ཅིག་བྱུང་བས་ཅུང་ཟད་བརྟགས་པ་ན་རང་བྱུང་གི་གཡུང་དྲུང་དུ་སྣང་ནས་ཡིད་ཀྱིས་གསོལ་བ་བཏབ་པས་ཁྱོད་འདོད་པའི་དངོས་གྲུབ་ཀའོ་ཀར་འབྱུང་བར་འགྱུར་གྱིས་དེར་སོང་ཞིག་ཞེས་ལུང་བསྟན་ཏེ་བྱོན་པས་ཚོགས་ཅན་མ་ས་མུ་དྲ་མུ་ཁ་ཞེས་བྱ་བས་ཐུག་པ་


KMC013_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཕོར་གང་བྱིན་པ་གསོལ་བ་ཙམ་གྱིས་རྩ་མདུད་ཐམས་ཅད་གྲོལ་ཏེ་ས་དང་པོ་སྤྲོས་བྲལ་ཆེན་པོའི་རྟོགས་པ་སྐྱེས་པ་ན་ཆོས་སྐུ་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མས་མན་ངག་གི་སྙིང་པོ་གནང་བ་ལྟ་བུ་ཡིན་ནོ། །རྣལ་འབྱོར་པ་རྟོགས་པ་མཐོ་ཞིང་ནུས་པ་དང་ལྡན་པས་ནི་བརྡ་དང་བརྡའི་ལན་གྱིས་མགུ་བར་གྱུར་པ་ན་ཧེ་རུ་ཀའི་སྦྱོར་བས་དབང་དུ་བྱེད་པ་སྟེ་ཞལ་གདམས་ཀྱི་དགོངས་པ་དངོས་སོ། །དབུ་བཅད་མའི་མན་ངག་ལས་ནི་སིནྡྷུ་ར་དེ་ཟ་མ་ཏོག་ཏུ་བླུགས་ནས་རྒྱ་བལ་གྱི་སྲེག་ཐུབ་ཅེས་སྐྱེས་པའི་རོ་དང་བུད་མེད་གསོན་པོ་ལྷན་ཅིག་ཏུ་བསྲེགས་པའི་འོག་ཏུ་ཞག་གཅིག་སྦས་ཅིང་གཏོར་མ་དང་སྲུང་བ་བྱས་ནས་སླར་བཏོན་ཏེ་སིནྡྷུ་རའི་མཎྜལ་བྱས་ནས་ཞག་གསུམ་མམ་བདུན་བསྒྲུབས་པ་དེ་དཔྲལ་བར་བྱུགས་ནས་ཀུན་ཏུ་འཁྱམས་པས་སྤྱིར་རྒྱ་བལ་ན་ཡུལ་སྲོལ་གྱིས་བུད་མེད་ཐམས་ཅད་དཔྲལ་བར་ལི་ཁྲིས་ཐིག་ལེ་བྱེད་པ་ལས་གཅིག་གི་ཐིག་ལེ་གཡུང་དྲུང་དུ་གྱུར་ཏེ་འགྲོ་བས་དེ་དབང་དུ་བྱས་ཏེ་སྤྱོད་པ་བྱ་བར་བཤད་དོ། །རྣལ་འབྱོར་པ་བརྡ་དང་ལན་མི་ཤེས་པ་མཁའ་འགྲོ་རྣམས་ཀྱིས་རྗེས་སུ་མི་འཛིན་ཞིང་ཤ་ཟའི་མཁའ་འགྲོ་རྣམས་


KMC013_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཟ་བར་བྱེད་པའི་ཕྱིར་དང་བརྡ་མི་ཤེས་ན་དེ་དག་གི་འདུ་བའི་གྲལ་དུ་མི་ཆུད་པའི་ཕྱིར་རྒྱུད་སྡེ་རང་རང་གི་བརྡ་དང་ལན་ལེགས་པར་ཤེས་དགོས་ལ། དེ་ཡང་དམ་ཚིག་གཅིག་མི་གཅིག་རྟོགས་དགོས་པའི་ཕྱིར་རྒྱུད་སྡེ་རྣམས་ལས་རང་རང་གི་བརྡ་ཐ་དད་པར་བཤད་དོ། །འདིར་ནི་བདེ་མཆོག་རྩ་བའི་རྒྱུད་ཀྱི་བརྡ་དང་ལན་གྱིས་འཇུག་པར་བྱ་ལ། དེ་ཡང་། ལག་གཡོན་སྟོན་པ་གསོང་པོར་སྨྲ། །ཞེས་སོགས་རྐྱང་པའི་བརྡ་ཉེར་དྲུག གང་ཞིག་ཁུ་ཚུར་སྟོན་པ་ན། །དེ་ལ་པ་ཏི་ས་བསྟན་བྱ། །ཅེས་སོགས་ལན་དང་བསྡོམས་པའི་བརྡ་སོ་གཅིག་དང་། དབང་དུ་བྱེད་པའི་བརྡ་གཅིག་རྣམས་ནི་ལུས་ཀྱི་བརྡའོ། །གསོང་པོར་སྨྲ་བ་དང་དེའི་ལན་གཅིག་ཏུ་བྱས་ཏེ་ངག་གི་བརྡ་དྲུག་ཅུ་རྩ་གཅིག་བཤད་པ་རྣམས་དང་དེ་ལས་གཞན་པ་ཡང་བཤད་པའི་རྒྱུད་རྣམས་ལས་རྟོགས་པར་བྱ་ཞིང་རྩ་རྒྱུད་ཀྱི་བརྡ་འདི་རྣམས་ཉིད་ཀྱང་རིས་བསྡུས་ནས་བརྗོད་པ་སྟེ་རྒྱུད་ནི་འཆོལ་བར་གནས་སོ། །རིག་སྤྱོད་བྱེད་པའི་རྣལ་འབྱོར་པ་ནི་དྲོད་ཆེན་པོ་ཐོབ་པའི་ཕྱིར་ནུས་པ་དང་མི་ལྡན་པ་མི་སྲིད་མོད་འདུ་བའི་འཁོར་ལོ་ལ་སོགས་པའི་ཚེ་ནི་རྣལ་འབྱོར་མ་


KMC013_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁྲོས་པས་བརྡ་སྟོན་པར་བྱེད་ན་ནུས་པ་དང་མི་ལྡན་པས་བརྡའི་ལན་གཞན་མི་བྱ་བར་ཕྱག་གི་བརྡས་བཟོད་པར་གསོལ་བར་བྱ་སྟེ། དྲི་མེད་འོད་ལས། ཁྲོས་པར་གྱུར་པ་ཕྱག་རྒྱ་སྟོན་པར་བྱེད་ན་ནུས་པ་དང་བྲལ་བ་དེས་ཕྱག་རྒྱའི་ལན་བསྟན་པར་མི་བྱ་ཞིང་དེ་རྣམས་ལ་ཕྱག་བྱས་ནས་སྙིང་གར་ལག་པ་གཡོན་པའི་ཐིལ་བཞག་ལ། རང་གི་ལུས་གཡོན་བསྐོར་གྱིས་ཡོངས་སུ་བསྐོར་ཞིང་དེ་ནས་ལག་པ་གཡོན་པས་སྟེང་དུ་ཕྱག་བྱས་ནས་འགྲོ་བར་བྱ་སྟེ་དེ་རྣམས་དང་ལྷན་ཅིག་རྩོད་པར་མི་བྱའོ། །ཞེས་དང་། རྣམ་པ་གཞན་དུ་ན་འཆི་བ་ཐོབ་སྟེ་ཁྲོས་པའི་ཕོ་ཉ་མོ་ནུས་པ་དང་ལྡན་པའོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཞེས་སོ། །མདོར་ན་ཆོས་ཐམས་ཅད་ཚད་མེད་པའི་ཕྱིར་ཕྱག་རྒྱ་དང་བརྡ་ཡང་ཚད་མེད་པ་སྟེ། དཔེར་ན། རྒྱལ་པོས་སེནྡྷ་པ་ཁྱེར་ལ་ཤོག་ཟེར་བ་ན་བློན་པོས་གཡུལ་དུ་འཇུག་པ་ན་རལ་གྲི་དང་འགྲོ་བ་ན་རྟ་དང་ཟས་ཀྱི་ཚེ་ན་ལན་ཚྭ་དང་ཟས་ཟོས་རྗེས་སུ་སྐོམ་ཡིན་པར་ཤེས་ནས་ཐ་དད་དུ་འབུལ་བ་ལྟར་གནས་སྐབས་ཀྱིས་ཀྱང་རྟོགས་པར་བྱ་སྟེ། དྲི་མེད་འོད་དུ་རྩ་རྒྱུད་ཀྱི་ལུང་དྲངས་པར་། ཕྱག་རྒྱ་ཕྱག་རྒྱའི་ལན་ལ་ནི། །


KMC013_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་འཛིན་པར་སུ་ཡིས་ནུས། །རྣལ་འབྱོར་རྣམས་ཀྱི་ཏིང་འཛིན་གྱིས། །ཇི་སྲིད་མངོན་ཤེས་མ་སྐྱེད་པ། །དེ་སྲིད་འཇིག་རྟེན་རྩོད་དོན་དུ། །ཕྱག་རྒྱའི་ལན་ནི་བསྟན་མི་བྱ། །ཞེས་སོ། །བརྡའི་དགོས་པ་ནི་སེམས་ཅན་གཞན་གྱི་ནང་དུ་དངོས་ཀྱི་དྲི་ལན་བྱས་ན་གསང་བ་སྒྲོགས་པ་དང་མ་དད་པར་འགྱུར་བས་དེ་སྤང་བའི་ཕྱིར་དང་། ཕལ་པའི་ཐ་སྙད་ཀྱི་བག་ཆགས་ཟློག་པ་དང་། ཕོ་ཉ་མོ་རྣམས་ནི་དམ་ལྡན་གྱི་ངོར་མ་གཏོགས་སྐྱེ་བོ་ཕལ་པའི་ངོར་རང་བཞིན་གསལ་བར་མི་སྟོན་ཞིང་སྐྱེ་བོ་ཐམས་ཅད་ཀྱིས་ཕོ་ཉ་མོར་ཤེས་པ་ན་ནི་སྤྲུལ་སྐུ་སྡུད་པའི་ཕྱིར་རང་བཞིན་སྦས་པའི་དྲི་ལན་བྱེད་པ་ཡིན་ནོ། །སྤྱིར་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱི་གཟུགས་སྐུའི་རང་བཞིན་ཇི་ལྟ་བ་སྟོན་པ་ན་ནི་བུད་མེད་ཀྱི་དབང་དུ་བྱས་པའི་རྡོ་རྗེའི་མཚན་དཔེ་ཐམས་ཅད་དང་ལྡན་པ་ཁོ་ན་ཡིན་ཡང་གདུལ་བྱའི་དབང་དང་བརྡའི་ཚུལ་གྱིས་ཆོས་སྟོན་པ་སོགས་དགོས་པ་དང་རང་གི་རྒྱུད་དག་མ་དག་གི་རིམ་པས་གཟུགས་ཅིར་ཡང་བསྒྱུར་བ་ཡོད་དེ། མཁའ་འགྲོ་རྒྱ་མཚོ་ལས་རྣལ་འབྱོར་མ་སོ་དྲུག་མི་མོ་དང་ལྷ་མོ་དང་ཆུ་དང་ཐང་དང་ནམ་མཁའ་ལ་རྒྱུ་བའི་བྱ་


KMC013_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དང་དམྱལ་བའི་རིས་ཀྱི་བར་དུ་སྐུ་དང་མཚན་བསྒྱུར་ནས། རང་རང་སྐད་ཀྱིས་ཆོས་ཀྱང་ནི། །རང་རིགས་ཉིད་ལ་སྟོན་པར་འགྱུར། །ཞེས་བཤད་ཅིང་། དཔལ་ཕག་ཚང་པ་བླ་མས་ནུབ་ཕྱོགས་ཨོ་རྒྱན་དུ་སོང་ལ། ཕག་རྫི་མོ་ཞིག་ཡོད་པ་དེ་ལ་བྱིན་རླབས་ཞུས་ཅིག་ཞེས་ལུང་བསྟན་ཏེ་བྱོན་པ་ན་ངོ་མ་ཤེས་ནས་ཕག་རྫི་མོ་ཀུན་ལ་ཕྱག་བྱས་པས་བཞད་གད་ཀྱི་གནས་སུ་བྱས། ཕྱིས་གྲོང་མཐའ་ཞིག་ན་ཕག་རྫི་མོ་ཤིན་ཏུ་མི་སྡུག་ཞིང་གོས་ངན་པ་སྨྱོན་མར་བྱས་ཏེ་རེས་ངུ་རེས་རྒོད་པ་ཞིག་མཐོང་ནས་དེ་ལ་ཕྱག་བྱས་པས། དེས་དབེན་པར་ཁྲིད་དེ་ཁྱོད་ཀྱིས་ང་ངུ་བ་དང་རྒོད་པའི་དོན་ཤེས་སམ་ཞེས་ཟེར། མ་འཚལ་བྱས་པས་སེམས་ཅན་རྣམས་ཀྱི་རང་རང་གི་རྒྱུད་ཀྱི་ཡེ་ཤེས་མ་མཐོང་ནས་འཁྲུལ་པས་འཁོར་བར་འཁྱམས་པ་ལ་ངུ་བ་ཡིན། ངོ་ཤེས་ན་སངས་རྒྱས་རང་རྒྱུད་ལ་རང་ཆས་སུ་ཡོད་པས་རྟོགས་མ་ཐག་འཚང་རྒྱ་བས་ན་རྒོད་པ་ཡིན་ཟེར་ཏེ་བྱིན་གྱིས་བརླབས་པའི་མོད་ལ་གྲོལ་བ་ལྟ་བུའོ། །དེས་ན་རྣལ་འབྱོར་མ་ལ་གཟུགས་ཀྱི་སྐྱོན་ཡོན་སོགས་ཀྱང་རྟོག་པར་མི་བྱ་སྟེ། མཁའ་འགྲོ་རྒྱ་མཚོར། སྡུག་དང་མི་སྡུག་རྣམ་དཔྱོད་པ། །ཕོ་ཉ་མོ་ལ་མི་


KMC013_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཞེས་སོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་གང་སྨྲ་བ་དེ་བསྒྲུབ་པར་བྱའི་ཟློག་པར་ཡང་མི་བྱའོ། །དེ་ལྟར་ངེས་པའི་གྲོགས་བསྟན་པ་ནི་སྤྱོད་པ་ལ་འཇག་ཁར་བརྟག་པའི་དབང་དུ་བྱས་པ་སྟེ་སྤྱོད་པ་དངོས་ལ་ཞུགས་ནས་ནི་རིགས་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་རིགས་གཅིག་ཁོ་ན་ཡིན་པའི་ཕྱིར་རིགས་ཐ་དད་ཀྱི་རྟོག་པ་མི་བྱ་ལ། འཇིག་རྟེན་ན་བགྲོད་བྱ་དང་བགྲོད་མིན་དུ་གྲགས་པ་ཐམས་ཅད་ལ་ཡང་རྣམ་པར་རྟོག་པ་མེད་པས་ཐམས་ཅད་ལ་བགྲོད་པའམ་ཡང་ན་ཐམས་ཅད་ལ་མི་བགྲོད་པ་སྟེ། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །རིགས་ནི་ལྔ་ལ་རྣམ་པར་གནས། །རིགས་ལྔ་དག་དང་མཉམ་ལྡན་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟག །ཁ་དོག་དུ་མ་ཉིད་ཀྱིས་ནི། །གང་ཕྱིར་དབྱེ་བ་མཚོན་མི་བྱ། །ཞེས་པ་ལྟར་ཏེ། འདིར་འབྲོག་འགྱུར་དུ་ཁ་དོག་ལྔ་ལ་ཞེས་བསྒྱུར་ཡང་། རྗེ་མར་པས་ཝརྞ་སྐབས་འདིར་རིགས་སུ་བསྒྱུར་བ་ཉིད་འགྱུར་ལེགས་པ་ཡིན་ཏེ། དྲང་དོན་དུ་རིགས་ལྔར་བཤད་ཀྱང་ངེས་དོན་དུ་བདེ་ཆེན་གྱི་རིགས་གཅིག་ཡིན་ཏེ། ཁ་དོག་ཐ་དད་པ་ཙམ་གྱིས་རིགས་ཐ་དད་པ་མེད་དེ། ཨུ་དུམྺ་རའི་མེ་ཏོག་དཀར་པོ་


KMC013_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དང་དམར་པོ་སོགས་ནི་ཨུ་དུམྺ་རའི་མེ་ཏོག་ཏུ་ཁྱད་མེད་པ་བཞིན་ནོ་ཞེས་པའི་དོན་ཏོ། །གཞན་ཡང་། བགྲོད་དང་བགྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་དང་། བགྲོད་དང་བགྲོད་མིན་མི་སྤང་ཞིང་། །ཞེས་དང་། རིགས་ལྔ་ལ་ནི་མཉམ་པར་སྤྱད། །དོགས་པ་མེད་པའི་སེམས་ཀྱིས་ནི། །བཙུན་མོ་ཐམས་ཅད་དགའ་བར་བྱ། །ཞེས་སོ། །སྐབས་འདིར་ནི་དེ་དག་ཇི་ལྟར་བསྟེན་པ་ཡང་རང་ཉིད་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་ངོ་བོ་དང་བཙུན་མོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་ངོ་བོར་ངེས་པས་ཉོན་མོངས་དང་མཚན་རྟོག་ཟིལ་གྱིས་མནན་ཏེ་ཐ་མལ་གྱི་རྟོག་པ་འཇོམས་པའི་ཆེད་དུ་གཟུང་འཛིན་གྱི་སྣང་བ་ཐད་ཀར་གཅོད་པ་ཁོ་ན་ཡིན་གྱི། རྗེས་དྲན་གྱི་མན་ངག་ཡོངས་སུ་རྫོགས་པས་ནི་སླར་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་ནས་སྒྲུབ་པ་ཡིན་གྱི་སྐབས་འདིར་ནི་རྣམ་རྟོག་གི་སྒོམ་པ་ཅུང་ཟད་མི་བྱེད་དོ། །དེ་ལྟ་མོད་ཀྱི་གཉུག་མའི་སེམས་ལས་ཐ་མལ་གྱི་རྟོག་པ་མི་འཛག་ཞིང་ཡེ་ཤེས་ཀྱི་རླུང་བརྟན་པས་ལས་རླུང་གི་འཛག་པ་མེད་པའི་ཕྱིར་འཛག་པའི་སྒོ་བཞི་ལས་བྱང་ཆུབ་ཀྱི་སེམས་འཛག་པ་ནི་མེད་དོ། །སྦས་དོན་དུ་ནི་དུ་བ་


KMC013_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྡོ་རྗེའི་རྟགས་རྟགས་ཅན་གྱིས་མཚོན་པ་ཐ་མལ་གྱི་རྩ་རླུང་ཐིག་ལེ་དབུ་མར་ཆིངས་པའི་བདེ་ཆེན་ནི་ཕྱག་རྒྱ་ཡིན་ལ། ངེས་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེའི་དེ་ཁོ་ན་ཉིད་མཐོང་བའི་ཡེ་ཤེས་མཆོག་ཏུ་མི་འགྱུར་བ་ཉིད་དང་། མཐར་ཐུག་གི་དོན་ནི་གཉུག་མ་བྱ་རྩོལ་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་བཅོས་མིན་ཉིད་ཕྱག་རྒྱ་ཡིན་ཏེ། དེ་རྣམས་ཀྱིས་ཆོས་ཐམས་ཅད་འཆིང་བའི་ཕྱིར་རོ། །འདི་ལ་དགོངས་ནས་མ་ཧཱ་མཱ་ཡ་ལས། སངས་རྒྱས་ཀུན་ལས་ཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་སོ། །གནས་ཀྱང་། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའམ་བས་མཐའ་རུ། །སྒོམ་པ་བཟང་པོར་བརྗོད་པར་བྱ། །ཞེས་དང་། དཔལ་ས་ར་ཧས། དམན་པའི་གྲོང་ཁྱེར་ཞུགས་ནས། །ཅེས་དང་། ཀུན་ཏུ་འཁྱམ་ཞིང་། །ཞེས་དང་། རེས་འགའ་ཚོང་འདུས་དབུས་ན་ཇི་ལྟར་འདུག །ཞེས་དང་། རེས་འགའ་དུར་ཁྲོད་ཞུགས་ནས་སྒྲོན་མ་དག་ལ་སྤྱོད། །ཉམ་ང་མེད་པའི་སེམས་ཀྱིས་ཡི་དྭགས་གནས་སུ་ཉལ། །ཞེས་བཤད་པས་ཞིང་སྐྱོང་ཆེན་པོ་གནས་པའི་


KMC013_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཅིག་གི་དྲུང་དང་། རོ་དང་རོ་ལངས་ཀྱི་ཁྱབ་པའི་དུར་ཁྲོད་དང་དུས་མཚན་མོ་ལ་སོགས་པ་མ་མོ་འཇིགས་སུ་རུང་བའི་གནས་དང་དབེན་པ་དང་གྲོང་གི་བས་མཐའ་དང་། གཞན་ཡང་བདེ་མཆོག་རྩ་རྒྱུད་དང་རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་དང་མངོན་བརྗོད་དང་ཀུན་སྤྱོད་སོགས་ལས་གསུངས་པ་ཡུལ་ཉེར་བཞི་དང་། བརྟག་གཉིས་ལས་གསུངས་པ་ཡུལ་སོ་གཉིས་དང་། སམྦཱུ་ཊའི་བརྟག་པ་ལྔ་པའི་རབ་བྱེད་ལས་གསུངས་པ་ཡུལ་སོ་ལྔ་དང་། ཕྱག་ཆེན་ཐིག་ལེ་ལས་གསུངས་པ་ཡུལ་སོ་དྲུག་དང་། མཁའ་འགྲོ་རྒྱ་མཚོ་ལས་གསུངས་པ་བཞི་བཅུ་རྩ་བརྒྱད་དེ་གྲུབ་པའི་ཡུལ་ཆེན་པོ་རྣམས་སུ་རྒྱུ་ཞིང་སྤྱོད་པར་བྱ་ལ། ངེས་དོན་དུ་ནི། དྷཱུ་ཏི་དང་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གཅིག་པུ་ནི་ཤིང་གཅིག་དང་། ལས་རླུང་གི་འཕོ་བའི་རྣམ་པར་རྟོག་པ་བསད་པས་དུར་ཁྲོད་དང་། ལྟེ་བའིཆོས་འབྱུང་དང་ཤེས་རབ་ཀྱི་ཆུ་སྐྱེས་ནི་མ་མོའི་ཁྱིམ་དང་། འཁོར་ལོ་རྣམས་ནི་དབེན་པ་དང་བས་མཐའ་ཡིན་ལ། དེ་བཞིན་དུ་སྤྱི་བོ་ལ་སོགས་པའི་ལུས་ཀྱི་གནས་དང་ཁམས་དང་རྩ་ཉེར་བཞི་སོགས་ཀྱི་རིམ་པས་ཡུལ་ཆེན་པོ་རྣམས་ཏེ་དེ་ཐམས་ཅད་དུ་རླུང་


KMC013_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྟོག་པ་བཀག་སྟེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྒྲུབ་པ་ནི་ངེས་པའི་དོན་ཡིན་ནོ། །དུས་ཀྱི་འཁོར་ལོ་ལས་ནི། བྱང་ཕྱོགས་སོ་བདུན་གྱི་དབང་ལས་ཕྱི་རོལ་དུ་ཡུལ་སོ་བདུན་དང་། ཡང་ཕྱི་དཔག་ཚད་འབུམ་ཕྲག་བཞི་པའི་འཇིག་རྟེན་དང་ནང་རྡོ་རྗེའི་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་སྦྱོར་བའི་ཕྱིར་གནས་དང་ཉེ་གནས། ཞིང་ཉེ་ཞིང་། འདུན་ཉེ་འདུན། འདུས་ཉེ་འདུས། ཁང་པ་དང་ཉེ་བའི་ཁང་པ། དུར་ཁྲོད་དང་ཉེ་དུ་སྟེ་བཅུ་གཉིས་དང་། ནང་དུ་ཚིགས་ཆེན་བཅུ་གཉིས་དང་སྐུའི་འཁོར་ལོ་རྣམས་སྦྱར་ཞིང་ཕྱིར་བཅུ་གཉིས་པོ་རེ་རེ་ལ་བཞི་རེར་ཕྱེ་བས་ཞེ་བརྒྱད་དུ་གསུངས་ཅིང་། གནས་སོ་བདུན་དང་བཅུ་གཉིས་པོ་ནི་རགས་པར་གླིང་བཞི་པའི་འཇིག་རྟེན་དང་། འཛམ་གླིང་ཆུང་ངུ་དང་། ཕྲ་བར་བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་རེ་རེ་དང་། ཤིན་ཏུ་ཕྲ་བར་གྲོང་གཅིག་ལ་ཡང་ཚང་བར་གནས་པ་དང་རྣལ་འབྱོར་པའི་ལུས་ལ་གདགས་པའི་བར་དུ་བཤད་དོ། །སྤྱོད་པའི་ཚེ་ལུས་སློང་བ་སོགས་འོངས་ན་ཇི་ལྟར་བྱ་ཞེ་ན། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །སྐལ་དང་སྐལ་མིན་


KMC013_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱད་པས། །དེ་ཕྱིར་སྦྱིན་པ་བྱིན་མི་བྱ། །ཞེས་པས་སྔོན་དུ་ལུས་དང་ལོངས་སྤྱོད་བདོག་གུ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་བློས་མཉམ་པར་བྱིན་ཏེ་ཆོས་གང་ཞིག་སུའི་ཡང་མ་ཡིན་པར་ཤེས་པས་བདག་དང་བདག་གིར་བློས་ཡོངས་སུ་བཟུང་བ་རྡུལ་ཙམ་ཡང་མེད་པར་སྤྱོད་པ་བྱ་སྟེ། དེའི་ཚེ་ལུས་སློང་བ་སོགས་འོངས་ན་ཡང་སྟེར་བ་དང་མི་སྟེར་བའི་རྟོག་པ་ཀུན་ནས་འདུ་མི་བྱེད་པའི་ཕྱིར། རློམ་སེམས་ཟད་པ་ཁོ་ནས་བདུད་རིས་ཀྱི་ལྷ་ལ་སོགས་པས་ཐོ་འཚམ་པའི་བློས་སློང་བས་ནི་བར་དུ་མི་ཆོད་ལ། གལ་ཏེ་བྱིན་ན་བདག་དོན་དང་གཞན་དོན་ཆེན་པོར་འགྱུར་བའི་སྐབས་མངོན་པར་ཤེས་པས་མཐོང་ན་ནི་སྦྱིན་པར་ཡང་བྱེད་དེ། སྡོམ་འབྱུང་ལས། ནོར་དང་ཆུང་མ་དེ་བཞིན་སྲོག །སྦྱིན་པ་ཉིད་དུ་བཏང་བར་བྱ། །མདུད་པ་འདི་གསུམ་ལས་གྲོལ་ན། །རྟག་ཏུ་སྤྱོད་པ་སྤྱད་པར་འགྱུར། །ཞེས་སོ། །ངེས་པའི་དོན་ནི། བླ་མ་ལ་བདོག་པའི་དྲུག་ཆ་དབུལ་བ་དང་། ཆོས་གང་ཡང་བདག་གིར་མི་འཛིན་པ་དང་། འཁོར་གསུམ་དུ་རྟོག་པས་མི་སྦྱིན་ཞིང་མི་རྟོག་པས་སྦྱིན་པར་ནཱ་རོ་འགྲེལ་ཆེན་དུ་བཤད་དོ། །སྤྱོད་པ་དངོས་ནི། རྡོ་རྗེ་ཐོད་


KMC013_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱོད་པ་ཡིས། །འདི་དག་བཟླས་དང་སྒོམ་པ་ཡིན། །བརྐམ་དང་རྨོངས་དང་འཇིགས་དང་ཁྲོ། །ངོ་ཚའི་འབྲས་བུ་རྣམ་པར་སྤངས། །བདག་ཉིད་ཀྱི་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པར་བྱ། །ཞེས་དང་། བསླབ་དང་དབང་ལས་རྣམ་པར་གྲོལ། །དེ་བཞིན་ཞུམ་དང་ངོ་ཚ་ཉིད། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཡོ་གིས་རྣམ་དཔྱད་སྙིང་རྗེ་ཆེ། །སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདྲ། །སྔགས་དང་བསམ་གཏན་རྣམ་པར་སྤངས། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །རྣལ་འབྱོར་ལྡན་པས་སྤྱོད་པ་བྱེད། །ངེས་པར་སྔུན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་བྱུང་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་དང་། བཟའ་བཏུང་ཇི་ལྟར་རྙེད་པ་དང་། །བགྲོད་དང་བགྲོད་མིན་མི་སྤང་ཞིང་། །ཁྲུས་དང་གཙང་སྦྲ་མི་བྱ་ཞིང་། །གྲོང་གི་ཆོས་ནི་རབ་ཏུ་སྤང་། །བློ་ལྡན་སྔགས་ཉིད་མི་བཟླ་ཞིང་། །བསམ་གཏན་ཉིད་ནི་དམིགས་མི་བྱ། །གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ། །བཱ་ལ་ཐམས་ཅད་བཟའ་བར་བྱ། །རིགས་ལྔ་ལ་ནི་མཉམ་པར་སྤྱད། །མཛའ་


KMC013_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བོ་སྡུག་པར་མི་བྱ་ཞིང་། །དེ་བཞིན་གདུག་ལ་ཞེ་སྡང་ཉིད། །རྡོ་ཤིང་འབྱིམ་པའི་བདག་ཉིད་ཀྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །གཡུང་པོ་གདོལ་པ་ཀོ་པགས་མཁན། །ཕྱགས་བདར་མཁན་སོགས་རེག་རིང་དང་། །བྲམ་ཟེ་རྒྱལ་རིགས་རྗེ་རྨངས་རྣམས། །བདག་གི་ལུས་ལྟར་རེག་པ་ཉིད། །ཅེས་པ་རྣམས་ཏེ། དེ་ཡང་སངས་རྒྱས་ཐོད་པའི་རྒྱུད་ལས། རྡོ་རྗེ་སངས་རྒྱས་ཅེས་བྱར་གསུངས། །ཀ་པཱ་ལ་ནི་གསང་བར་གནས། །ཅེས་པ་ཐབས་སྟོང་ཉིད་ཀྱི་རྡོ་རྗེ་དང་ཤེས་རབ་བདེ་བ་སྐྱོང་བའི་ཐོད་པ་གཉིིས་སུ་མེད་པར་སྦྱོར་བ་ནི་རྡོ་རྗེ་ཐོད་པའི་སྤྱོད་པ་སྟེ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི་མཚན་མོར་བཤད། །ཅེས་པ་ལྟར། སྣོད་བཅུད་ཉིན་མཚན་སོགས་གཉིས་ཆོས་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་དུ་ལྷུན་གྱིས་གྲུབ་པ་དང་། སྐྲའི་ཚོགས་ཐམས་ཅད་དབྱངས་གསལ་གྱི་སྔགས་སུ་ལྷུན་གྲུབ་ཏུ་ཤེས་པ་ནི་སྒོམ་པ་དང་བཟླས་པའི་མཆོག་ཡིན་ལ། དེ་བཞིན་དུ་རྩ་རྡོ་རྗེ་ཐོད་སྦྱོར། རླུང་རྡོ་རྗེ་ཐོད་སྦྱོར། ཐིག་ལེ་རྡོ་རྗེ་ཐོད་སྦྱོར་ཞེས་རྗེ་མར་པས་རྫོགས་རིམ་གྱི་སྙིང་པོར་བཞེད་ཅིང་། བདེ་སྟོང་དབྱེར་མེད་ལས་གང་དུ་ཡང་མི་འདའ་བ་འདི་


KMC013_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱོད་པའི་གཞུང་འདི་ཐམས་ཅད་ཀྱི་མདོར་བསྟན་ནམ་སྲོག་ཏུ་གནས་པ་ཡིན་ཡང་མན་ངག་དང་མི་ལྡན་པ་རྣམས་ཀྱིས་ནི་ཅང་ཏེའུའི་སྒྲ་བཟླས་པ་དང་ཁ་ཊྭཱཾ་ག་ལྷ་སྒོམ་པར་འགྱུར་རོ་ཞེས་པ་ཙམ་ལས་མི་སྣང་ངོ་། །དེས་ན་རྡོ་རྗེ་དང་ཐོད་པའི་སྒྲས་བསྟན་པ་བདེ་སྟོང་གཉིས་སུ་མེད་པའི་རང་བཞིན་གཉུག་མ་འགྱུར་བ་མེད་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཁོ་ན་ལ་ཐུན་མཚམས་དང་མཉམ་རྗེས་དང་སྒོམ་མི་སྒོམ་ལ་སོགས་པའི་མཚན་མའི་བློ་རྡུལ་ཙམ་གྱིས་ཀྱང་མ་གོས་པར་སྤྱོད་པ་སྟེ། དེའི་ཕྱིར་ཕྱི་ནང་གི་འདོད་པ་ལ་བརྐམ་ཞིང་སྲེད་པ་དང་དེ་ཁོ་ན་ཉིད་མི་ཤེས་པའི་རྨོངས་པ་དང་སྐྲག་ཞིང་འཇིགས་པ་དང་ཁོང་ཁྲོ་ཞིང་འཁྲུག་པ་ཡིད་མི་བདེར་བཅས་པ་དང་སེམས་ཞུམ་ཞིང་སྒྱིད་ལུག་པའི་ལེ་ལོ་དང་ཐེ་ཚོམ་གྱི་རྟོག་པ་སོགས་རྩ་བ་དང་ཉེ་བའི་ཉོན་མོངས་པའི་སེམས་བྱུང་ཐམས་ཅད་སྐྱེ་མེད་རྟོགས་པའི་མཚོན་གྱིས་ཐད་ཀར་བཅད་པར་བྱའོ། །གདོང་དམན་པ་དང་ངོ་ཚ་བ་དང་འཛེམ་པ་དང་གཙང་མི་གཙང་ལ་སོགས་པ་འཛིན་པས་ཀུན་ནས་བཏགས་པའི་རྟོག་པ་ཐམས་ཅད་ཐད་ཀར་བཅད་པར་བྱའོ། །ཉན་ཐོས་ཀྱི་བསླབ་སྡོམ་


KMC013_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕར་ཕྱིན་ཐེག་པའི་ཀུན་རྫོབ་ཀྱི་བསླབ་སྡོམ་གྱི་རྟོག་པ་ཡང་མི་བྱ་སྟེ། དེ་དག་ནི་གཉེན་པོའི་མཚན་རྟོག་ཁོ་ན་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཐེག་པའི་ཡང་རྒྱུད་སྡེ་འོག་མར་བདེ་བྱེད་ཀྱི་ལྷག་མ་སོགས་འབྱུང་པོའི་གཏོར་མ་མི་ཟ་བ་དང་། ཀུན་དོང་དང་ཀེའུ་དང་ལ་ཕུག་སོགས་འབྱུང་པོའི་ཟས་མི་ཟ་བ་དང་། ལྷ་ལ་ཕུལ་བའི་རྙིགས་མ་དང་ཕྱག་རྒྱའི་གཟུགས་སོགས་ལ་མི་འགོང་ཞིང་མི་སྤྱོད་པ་དང་། ཤ་ཆང་སྤང་བར་བསྟན་པ་སོགས་ཀྱི་དམ་ཚིག་ཡང་འདིར་བསྟེན་པར་བྱ་བ་མ་ཡིན་ཏེ། དེ་དག་ནི་སྨན་མཆོག་ཏུ་འཛིན་པའི་བློ་ཅན་ལ་བསྟན་པ་ཡིན་ལ། འདིར་རྣལ་འབྱོར་པ་ཆོས་ཐམས་ཅད་མཉམ་པ་ཉིད་དེ་ཁོ་ན་གཅིག་ཏུ་ཤེས་པའི་རྟོགས་པའི་ཉིན་བྱེད་ཀྱི་མདུན་ན་དངོས་འཛིན་གྱི་རབ་རིབ་དེ་དག་མི་གནས་པའི་ཕྱིར་རོ། །བླ་མེད་ཉིད་ཀྱི་ཡང་དམ་ཚིག་གི་རྫས་སྦེད་དགོས་པ་དང་། ལས་རྒྱ་བསྟེན་པ་མ་གསངས་ན་མཐོང་ཆོས་དང་ཕྱི་མ་ལ་འཇིགས་པ་འབྱུང་བས་ཤིན་ཏུ་སྦེད་དགོས་པར་བསྟན་པ་དང་། བཟའ་སྲུང་གི་དམ་ཚིག་གི་ཉིན་བཞིན་དུས་ལས་མི་འདའ་བར་བསྟེན་དགོས་པ་སོགས་ལས་དང་པོ་པའི་དམ་ཚིག་མཚན་རྟོག་གིས་སྲུང་དགོས་པ་


KMC013_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་དང་། དམ་ཚིག་གི་རྫས་ཀྱི་དཀར་དམར་སོགས་ནི་དམ་ལྡན་ཁོ་ན་ལས་ལེན་དགོས་པའི་ཡན་ལག་གི་ལྟུང་བའང་སྐབས་འདིར་ཆེད་དུ་སྲུང་བར་བྱ་བ་མ་ཡིན་ཏེ། སྲུང་བྱ་སྲུང་བྱེད་དུ་རྟོག་པའི་བློས་འབད་རྩོལ་གྱིས་སྤང་བླང་བྱེད་པའི་བློ་རྣམས་ནི་རྡོ་རྗེ་ཐེག་པའི་ལས་དང་པོ་པས་སྒྲུབ་དགོས་མོད་ཀྱང་བླ་ན་མེད་པའི་དམ་ཚིག་ཆེན་པོའི་འགལ་ཟླ་ནི་དེ་བས་གཞན་མེད་དེ་ཐ་མལ་གྱི་རྟོག་པ་ནི་དབང་སྔ་མ་གསུམ་གྱི་དམ་ཚིག་གི་འགལ་ཟླ་ཡིན་ལ། དག་མ་དག་གཉིས་སུ་ལྟ་བའི་བློ་ལས་ཆེས་ལྷག་པའི་ཐ་མལ་གྱི་རྟོག་པ་མེད་པའི་ཕྱིར་དང་། མཚན་མར་ལྟ་བ་ནི་དབང་བཞི་པའི་དམ་ཚིག་གི་འགལ་ཟླ་ཡིན་པའི་ཕྱིར་རོ། །བསླབ་པ་དེ་དག་དང་མི་མཐུན་པར་ནན་ཏན་གྱིས་གོ་ཟློག་སྟེ་སྤྱོད་པ་ནི་ག་ལ་ཡིན་ཏེ་ལས་དང་པོ་པའི་ཐེག་གསུམ་གྱི་བསླབ་སྡོམ་དེ་དག་དམན་པར་འཛིན་པས་ཁྱད་དུ་གསོད་ན་དེ་ཉིད་དངོས་འཛིན་དང་ཐ་མལ་གྱི་རྟོག་པ་ཆེན་པོ་ཡིན་པའི་ཕྱིར་དང་རྒྱལ་བའི་བཀའ་ཡིན་པར་ཤེས་བཞིན་དུ་ཁྱད་དུ་བསད་པའི་ཆ་ནས་རྩ་ལྟུང་གཉིས་པ་དང་། ཆོས་ཐམས་ཅད་ཡོངས་སུ་དག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རྩ་ལྟུང་དགུ་


KMC013_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཆོས་ཐམས་ཅད་རང་གི་ངང་གི་སྤྲོས་པ་ཞི་ཞིང་དག་པ་ཉིད་ལ་གཅིག་དམན་པ་དང་གཅིག་མཆོག་ཏུ་འཛིན་པའི་ཆ་ནས་རྩ་ལྟུང་བཅུ་གཅིག་པ་སྟེ་གསུམ་ལྷན་ཅིག་ཏུ་འབྱུང་ལ། རྩ་ལྟུང་དང་བཅས་པའི་རིག་སྤྱོད་པ་ནི་བྱིས་པས་ཀྱང་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི། འདིར་བསླབ་པ་ལས་གྲོལ་བར་འཆད་པ་དེ་ཉན་ཐོས་ཀྱི་དགེ་ཚུལ་དགེ་སློང་ལྟ་བུ་སྤྱོད་པ་ལ་འཇུག་པའི་དབང་དུ་བྱས་སམ་རྣལ་འབྱོར་པ་གཞན་གྱི་དབང་དུ་བྱས། དང་པོ་ལྟར་ན་ཇོ་བོའི་ལམ་སྒྲོན་ལས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་དེ་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་སྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་བཤད་པས་གསང་བ་དང་ཤེས་རབ་ཀྱི་དབང་ནི་རབ་བྱུང་གི་སྡོམ་པའི་འགལ་ཟླ་ཡིན་པས་མི་ལེན་པར་གསུངས་ལ། དབང་མ་རྫོགས་པའི་སྤྱོད་པ་པ་ནི་མི་སྲིད་པ་འདི་དང་འགལ་ལོ། །ཕྱི་མ་ལྟར་ན་ཉན་ཐོས་ཀྱི་སྡོམ་པ་ལ་ཞུགས་པའི་རྣལ་འབྱོར་པ་ལ་དེའི་སྡོམ་པ་གྲོལ་མ་གྲོལ་གྱི་ཐ་སྙད་མི་རིགས་སོ་ཞེས་དཔྱོད་ལྡན་གྱི་དོགས་པའི་གནས་ཡོད་དོ། །འདི་ལ་བུ་དོང་ཆོས་ཀྱི་རྒྱལ་པོས་གསང་དབང་


KMC013_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན་དུ་བླ་མས་སྙོམས་འཇུག་བྱས་པ་ནི་སློབ་མ་ལ་རྩ་ལྟུང་དུ་མི་འགྱུར་ཞིང་ཐིག་ལེ་འཐུངས་པ་ནི་འདུལ་བའི་རྩ་ལྟུང་དུ་གང་ལས་ཀྱང་མ་གསུངས་སོ་ཞེས་ཟུར་གྱིས་ན་ཇོ་བོའི་གསུང་ཡང་འགོག་པ་ལ་ཞུགས་མོད་ཀྱང་། ཇོ་བོའི་གསུང་འདི་ནི་དེ་དུས་བོད་ན་སྔགས་ཀྱི་སྣོད་དང་མི་ལྡན་པས་སྔགས་སྒྲ་ཇི་བཞིན་དུ་སྤྱོད་པ་མང་ཆེས་པས་དེ་འདུལ་བའི་ཕྱིར་དེ་དག་ལ་དགོངས་པ་ཅན་གྱི་གསུང་དང་། ཐུན་མོང་གི་བསྟན་པའི་མཐའ་སྲུང་བའི་དབང་དུ་མཛད་ནས་དངོས་རིག་ལ་བརྟེན་པའི་དབང་གོང་མ་མི་བླང་ཞེས་བསྟན་པ་ཡིན་ལ། དུས་ཀྱི་འཁོར་ལོ་ཁུངས་སུ་མཛད་པས་ཀྱང་རྩ་བ་ནས་བཀག་པ་མིན་པར་གོ་སླ་སྟེ། དེར་དགེ་སློང་ལ་ཆགས་བྲལ་གྱི་བསྐུར་ཚུལ་དང་ཆགས་བཅས་ཀྱི་བསྐུར་ཚུལ་གཉིས་ཀ་བཤད་པའི་ཕྱིར་རོ། །དེ་ལ་སྤྱིར་ཐུན་མོང་གི་འདུལ་བའི་སོ་ཐར་གྱི་སྡོམ་པ་དང་། ཕར་ཕྱིན་ཐེག་པའི་བྱང་སྡོམ་དང་། སྔགས་བླ་མེད་ཀྱི་དབང་བསྐུར་ཐོབ་པའི་སྔགས་སྡོམ་སྟེ། སྡོམ་པ་གསུམ་ག་གང་ཟག་གཅིག་གིས་རིམ་ཅན་དུ་བླངས་པའི་ཚེ་དེ་དག་ཇི་ལྟར་གནས་ཅེ་ན། སློབ་དཔོན་ཨ་བྷྱ་ཀཱ་རས་གསེར་གྱི་མགོ་རྒྱན་དང་


KMC013_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་རྒྱན་དང་རྐང་གདུབ་གསུམ་གསེར་དུ་གཅིག་ཡང་རྣམ་པ་དང་གནས་ཀྱི་དབྱེ་བས་ཐ་དད་པ་ལྟར་བཞེད་དེ། འདི་ནི་འབྲི་ཁུང་འཇིག་རྟེན་མགོན་པོས་སྡོམ་པ་གསུམ་ངོ་བོ་གཅིག་ཞེས་དང་། བདག་པོ་འཕོས་པས་ཐ་དད་པ་གསུམ་དུ་འོང་ཞེས་གཡུ་རྡོག་གཅིག་ཕལ་པ་དང་བློན་པོ་དང་རྒྱལ་པོའི་མགུལ་དུ་རིམ་གྱིས་བཏགས་པ་དང་འདྲ་བར་གསུངས་པ་དང་དགོངས་པ་གཅིག་སྟེ། སྤྱིར་སྡོམ་པ་ཙམ་དུ་ངོ་བོ་གཅིག་ཡང་རྟེན་གྱི་དབང་གིས་དམན་མཆོག་ཏུ་བཤད་པའོ། །པཎ་ཆེན་བི་བྷུ་ཏི་ཙནྡྲ་ནི། སྐར་མ། ཟླ་བ། ཉི་མ་གསུམ་རིམ་པས་ཤར་ཚེ་ཕྱི་མའི་འོད་ཀྱིས་སྔ་མའི་འོད་ཟིལ་གྱིས་གནོན་པ་ལྟར་ཟིལ་གནོན་ནམ་བག་ལ་ཞར་བཞེད་དོ། །སྡོམ་པ་གསུམ་སྔ་མ་མ་ཐོབ་པ་ལ་ཕྱི་མ་སྟེར་མི་རུང་བ་ཡང་འོད་ཕྲེང་དུ་བཀག་སྟེ། གཞན་ཡང་ཁ་ཅིག་སྡོམ་པ་གསུམ། །ས་ཆུ་གྲུ་འདྲ་གཞི་རྟེན་དུ། །འདོད་ཅེས་སྒྲོག་པ་འཁྲུལ་གནས་ཡིན། །ཞེས་སོགས་ཀྱིས་བཀག་ནས། བདག་ཉིད་ཆེན་པོ་རྟ་དབྱངས་དང་། །སློབ་དཔོན་སྒེག་པའི་རྡོ་རྗེ་སོགས། །དོན་འདི་ལྡོག་པ་དུ་མས་འབྱེད། །ཅེས་དབང་རྣོན་སྔགས་སྡོམ་ལ་ཅིག་ཆར་དུ་འཇུག་པ་དང་། དབང་


KMC013_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་བྱང་སྡོམ་ནས་འཇུག་པ་དང་། དབང་བརྟུལ་རིམ་ནོད་དུ་འཇུག་པར་བཤད་དོ། །བོད་ཕྱི་མ་ཁ་ཅིག དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་པའི་རིམ་པ་ཁོ་ནས་འཇུག་དགོས་པར་འཆད་པ་ནི་རྟ་ལ་ཞོན་བཞིན་དུ་རྟ་ཉིད་བརྗེད་པ་ལྟ་བུ་ཡིན་ཏེ། སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་སོགས་གསུངས་པས་ན་སྔགས་ཀྱི་སྣོད་ལྡན་ཡིན་ན། སྐལ་མེད་སེམས་ཅན་གདུལ་དཀའ་བ། །ཅེས་པའི་སྐབས་ཐོབ་ཀྱི་གང་ཟག་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར་འཇིག་རྟེན་ལ་ངོམ་རིགས་པའི་དམ་བཅར་འགྱུར་རོ། །དེས་ན་བརྟག་པ་དང་པོར་སྐལ་ལྡན་ཅིག་ཅར་དུ་འཇུག་པ་བསྟན་ནས་ཕྱི་མར་དེས་མ་ཐུལ་བའི་གང་ཟག་རྣམ་རྟོག་མང་པོ་ཅན་ཇི་ལྟར་འདུལ་ཚུལ་གསུངས་པ་ཡིན་ནོ། །རྗེ་བཙུན་ས་སྐྱ་པ་ཡབ་སྲས་ནི་རྒྱུད་འབུམ་པའི་ལུང་གིས་གོང་མ་ཐོབ་པའི་ཚེ་འོག་མ་དེ་གོང་མར་གནས་གྱུར་པ་ཡིན་ལ། དེས་ན་སྡོམ་གསུམ་ངོ་བོ་གཅིག་གོ་ཞེས་བཞེད་དོ། །ཡང་གོང་མ་ཐོབ་པའི་ཚེ་འོག་མ་བཏང་བར་


KMC013_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཡང་བོད་དུ་བྱུང་ངོ་། །ཕྱི་མ་ཁ་ཅིག་ནི་འཁར་གཞོང་ཆུས་བཀང་བར་ཨིནྡྲ་ནཱི་ལ་བཅུག་པ་ན་གཉིས་ཀ་སྔོན་པོར་འགྱུར་བ་ལྟར་གོང་མ་ཐོབ་པའི་ཚེ་འོག་མ་གོང་མའི་ཡན་ལག་ཏུ་འགྱུར་རོ་ཞེས་འཆད་དོ། །སྤྱིར་འདི་ལ་འཕགས་ཡུལ་ནའང་འདོད་པ་མི་འདྲ་བ་དྲུག་ཏུ་གནས་ཏེ། འོག་མ་རྟེན་དང་གོང་མ་བརྟེན་པར་འདོད་པ་དང་། གོང་མ་ཐོབ་པ་ན་འོག་མ་འཕེལ་ཞིང་དག་པ་རྒྱན་བྱི་དོར་བྱས་པ་ལྟར་འདོད་པ་དང་། སྡོམ་པ་གཅིག་ཉིད་ཕྱི་ལྟར་རགས་པ་སོ་ཐར། ནང་ལྟར་ཕྲ་བ་བྱང་སྡོམ། གསང་བ་ཡོངས་རྫོགས་སྔགས་སྡོམ་སྟེ་ཕྱི་ནང་གསང་བར་འདོད་པ་དང་། ཡར་ལྡན་ཏེ་གོང་མ་ལ་འོག་མ་ཚང་བར་འདོད་པ་དང་། རིམ་པ་ཅན་ཏེ་གནས་གྱུར་དུ་འདོད་པ་དང་། ངོ་བོ་ཐ་དད་དུ་མ་འདྲེས་ཅིང་མ་ཉམས་པར་རྫོགས་པར་གནས་པ་མ་འདྲེས་ཡོངས་རྫོགས་དང་དྲུག་ཡིན་ཏེ། དབང་གི་ལྡེ་མིག་ལས། རྟེན་ཅན་ཉིད་དུ་འདོད་པ་དང་། །འཕེལ་ཞིང་དག་པར་ལྟ་བ་དང་། །ཕྱི་ནང་གསང་བར་འཛིན་པ་དང་། །ཡར་ལྡན་རིམ་པ་ཅན་འདོད་དང་། །ལྔ་པོ་ཕྱོགས་ཙམ་འཛིན་པའོ། །ཞེས་གཞན་ལུགས་བཤད་ནས། རང་གི་མཚན་ཉིད་དབང་བྱས་ན། །


KMC013_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་ཡོངས་སུ་རྫོགས་པ་སྟེ། །རིག་པ་འཛིན་པའི་སྡོམ་པར་འདོད། །ཅེས་བཞེད་དོ། །མ་འདྲེས་ཡོངས་སུ་རྫོགས་པ་དེ་ཇི་ལྟར་ཞེ་ན། འདི་ནི་རྗེ་ཀརྨ་པ་བདུན་པས་སྡོམ་གསུམ་རྣམ་བཞག་ཏུ་རྗེ་སྒམ་པ་པོའི་གསུང་། སྡོམ་པ་གསུམ་ངོ་བོ་ཐ་དད། སྲུང་ན་ཆོལ་པར་སྲུང་། འདོམ་ཐུག་ན་གོང་མ་གཙོ་ཆེ། འོག་མའི་སྐྱོན་ཟིལ་གྱིས་གནོན། ཡོན་ཏན་ཡར་ལྡན་ཡིན་ཞེས་གསུངས་པ་ཚད་མར་མཛད་དེ། སྡོམ་པ་གསུམ་པོ་དེ་གང་ལས་བྱུང་བའི་སྡེ་སྣོད། གང་ལས་ལེན་པའི་ཡུལ། ཇི་ཙམ་དུ་ལེན་པའི་དུས། བླང་བའི་བསམ་པ། ལེན་པའི་ཆོ་གབླངས་ནས་བསྲུང་བྱ། རང་རང་གི་གཏོང་རྒྱུ། བསྲུངས་པའི་ཕན་ཡོན། ཉམས་ན་གསོ་བར་བྱ་བ་ཡོད་མེད་རྣམས་རེ་རེ་ནས་ཐ་དད་པར་གསུངས་པའི་ཕྱིར་ངོ་བོ་ཐ་དད་དུ་བཞེད་དེ། རྣམ་པ་སྡོམ་པའམ་སྤོང་སེམས་ཙམ་དུ་ངོ་བོ་གཅིག་ཡང་དེས་ནི་རང་རང་གི་ངོ་བོ་གཅིག་པར་མི་འགྲུབ་སྟེ་ཐེག་པ་གསུམ་དམ་ཆོས་སུ་ངོ་བོ་གཅིག་པའམ་ཕྱི་ནང་གཉིས་གྲུབ་མཐའ་ལ་ཞུགས་པར་གཅིག་ཡང་ཕྱི་ནང་གཉིས་ངོ་བོ་གཅིག་པར་མི་འགྲུབ་པ་ལྟ་བུའོ། །སྲུང་བའི་ཚེ་རང་རང་ཇི་ལྟ་བ་བཞིན་སྲུང་


KMC013_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་འཆོལ་བར་སྲུང་བ་ཞེས་བྱ་སྟེ་རིམ་གྱིས་སྲུང་བར་མ་ངེས་པར་གང་གི་སྤང་གཉེན་གྱི་ཡུལ་དང་ཕྲད་པ་དེ་ཉིད་སྲུང་བའི་དོན་ཏོ། །མི་ནག་མདུང་ཐུང་ཅན་ལྟ་བུ་བསད་ན་ཉན་ཐོས་ཀྱི་སྡོམ་པ་འཆོར་ལ། མ་བསད་ན་སེམས་ཅན་དེ་དང་གཞན་བློས་སྤངས་པའི་ཕྱིར་བྱང་སྡོམ་འཆོར་བ་ལྟ་བུའམ། དམ་ཚིག་གི་རྫས་མ་བསྟེན་ན་སྔགས་དང་འགལ་ལ། བསྟེན་ན་ཉན་ཐོས་ཀྱི་སྡོམ་པ་དང་འགལ་བ་ལྟ་བུ་ནི་འདོམ་ཐུག་པ་སྟེ་དེའི་ཚེ་གོང་མ་ཉིད་ཐེ་ཚོམ་མེད་པར་སྤྱོད་པའོ། །དེས་འོག་མ་དང་འགལ་བའི་ཉེས་པ་མི་འབྱུང་སྟེ། བསམ་པ་དང་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་དང་། ཐབས་དང་བསམ་པ་དེས་ཟིན་པ་ནི་སྡོམ་པ་འོག་མའི་གཏོང་རྒྱུར་མ་གསུངས་པའི་ཕྱིར་རོ། །འོག་མ་མ་ཉམས་ཀྱི་སྟེང་དུ་གོང་མའི་ཕན་ཡོན་ཆེར་ཐོབ་པ་ནི་ཡོན་ཏན་ཡར་ལྡན་ནོ་ཞེས་བཞེད་དེ་སངས་རྒྱས་ཀྱི་ཞིང་སྟོང་བསྐོར་ཡང་ཐོས་པར་དཀའ་བའི་ཆོས་ཀྱི་གཏམ་རྨད་དུ་བྱུང་བར་སྣང་ངོ་། །དེས་ན་སྒྲུབ་རྒྱུད་འདིའི་བཞེད་པ་ནི་འདི་ཁོ་ན་སྟེ་རྗེ་འབྲི་ཁུང་པས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་དེ་སྡོམ་གསུམ་གནད་གཅིག་ཚུལ་ལྔར་གསུངས་པ་ནི་སྤང་བྱ་མི་


KMC013_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་སྡོམ་པར་གཅིག་པ་དང་གཉེན་པོ་ཡང་དག་པའི་ལྟ་བ་སྐྱེད་པར་གཅིག་པ་དང་ཁམས་ཀྱི་འཛག་པ་སྡོམ་པར་གཅིག་པ་སོགས་སྤྱིའི་བྱེད་ལས་དང་སྡོམ་པར་གཅིག་པ་ལ་དགོངས་ནས་ཕྱག་རྒྱ་ཆེན་པོ་ལས་གཞན་མི་དགོས་སོ་ཞེས་འོག་མ་གཉིས་སྤངས་ཀྱིིས་དོགས་པས་ཚོགས་ཀྱི་སློབ་མ་ལ་ཐབས་ཀྱི་ཆོས་སུ་གསུངས་ཅིང་། འདིར་ངོ་བོ་ཐ་དད་པ་ནི་རེ་ཞིག་འཇིག་རྟེན་དང་ཐུན་མོང་དུ་ཀ་བུམ་གཉིས་ངོ་བོ་གཅིག་ཐ་དད་དཔྱོད་པ་ལྟ་བུའི་སྐབས་ལ་དགོངས་པའི་ཕྱིར་འགལ་བ་མེད་དེ་འདི་ལྟ་བུའི་ཚེ་ནི་རྗེ་འཇིག་རྟེན་མགོན་པོའང་ཐ་དད་དུ་བཞེད་དེ་སློབ་མ་རྣམས་ལ་སྡོམ་པ་གསུམ་གྱི་ཆོ་ག་ཐ་དད་པས་སྡོམ་ལྡན་དུ་བསྒྲུབས་ཀྱི་གཅིག་ཁོ་ནས་མ་སྒྲུབས་པའི་ཕྱིར་དང་། སྤོང་སེམས་ཙམ་དང་སྡོམ་པ་ཙམ་དང་སྤྱིར་མི་དགེ་བའི་གཉེན་པོ་ཙམ་དུ་གཅིག་པ་ནི་སྡོམ་གསུམ་རྣམ་གཞག་ཏུ་ཡང་ཞལ་གྱིས་བཞེས་པའི་ཕྱིར་རོ། །མདོར་ན་དགེ་ཚུལ་རྡོ་རྗེ་འཛིན་པ་དང་དགེ་སློང་རྡོ་རྗེ་འཛིན་པ་ནི་སྔགས་ཀྱི་རྡོ་རྗེ་འཛིན་པའི་མཆོག་ཏུ་གསུངས་ཏེ། དུས་འཁོར་རྩ་རྒྱུད་ལས། གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་ནི་དགེ་ཚུལ་ཉིད་དུ་


KMC013_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །ཁྱིམ་ན་གནས་པ་ཐ་མ་ཡིན། །ཞེས་བཤད་པའི་ཕྱིར་དགེ་ཚུལ་ལམ་དགེ་སློང་གི་སྡོམ་པ་སྔོན་དུ་སོང་བའི་རྣལ་འབྱོར་པ་ཡང་དྲོད་ཆེན་པོ་ཐོབ་ཅིང་སྤྲོས་བཅས་ཀྱི་སྤྱོད་པ་ལ་འཇུག་པར་འདོད་ན་ནི་ཁྱད་པར་མེད་པར་འཇུག་པ་ཉིད་དེ། དཔལ་ས་ར་ཧ་དང་། རྣལ་འབྱོར་གྱི་དབང་ཕྱུག་བཱིར་ཝ་པ་དང་། སློབ་དཔོན་ལཱ་བ་པ་སོགས་གྲུབ་པ་མཐའ་ཡས་པ་ཉན་ཐོས་ཀྱི་བརྟུལ་ཞུགས་ལས་སྤྱོད་པར་ཞུགས་པའི་ཕྱིར་དང་། ཇོ་བོ་བོད་དུ་འབྱོན་ཁར་ནག་ཚོ་ལ་ཉིན་མོར་སྤྱོད་དུ་གསུང་ནས་ཆུ་འགྲམ་ཞིག་ཏུ་བྱོན་པ་ན་སློབ་མ་དགེ་སློང་ཞིག་བྱུང་ནས་ཕྱག་བྱས་ཏེ་ཁོ་བོ་སྤྱོད་པ་བགྱིད་པར་ཞུ་ཟེར་བ་ལ། ཇོ་བོས་ད་དུང་སྔས་པ་སྲིད་གསུངས་པས། ཁོ་ན་རེ་ཐེ་ཚོམ་མི་འཚལ་མི་མོས་པ་མི་མཛད་པར་ཞུ་ཟེར་ནས་ཆོས་གོས་བཞག་སྟེ་ཅེ་སྤྱང་ཞིག་ཏུ་བྱས་ནས་ཆུ་འགྲམ་ན་མི་རོ་ཞིག་འདུག་པ་ཟོས་ཏེ་སླར་སྔ་མའི་ལུས་སུ་བྱས་བྱུང་བས་ཇོ་བོའི་ཞལ་ནས་འོ་ན་བགྱིད་པར་ཞུ་གསུང་སྐད། ན་རོ་འགྲེལ་ཆེན་དུ་ཡང་། ཅུང་ཟད་དྲོད་ནི་ཞེས་པ་ལ་སོགས་པ་ནི་དེ་བཞིན་དུ་ཡང་། རྡོ་རྗེ་སྤྱོད་པའི་དབང་བསྐུར་པས། །རྣལ་འབྱོར་ཐུགས་ནི་དྲི་མེད་འགྱུར། །ཁྱིམ་


KMC013_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དགེ་ཚུལ་དགེ་སློང་ངམ། །དེ་རྣམས་ཀྱིས་ཀྱང་སྤྱོད་པ་བྱ། །ཞེས་དྲངས་ལ། ཡི་གེ་ཁ་ཅིག་ཏུ། དེ་རྣམས་ཀྱིས་ཀྱང་གསང་སྤྱོད་བྱ། །ཞེས་སྣང་ཡང་བྲིས་ནོར་དུ་གོར་མ་ཆག་སྟེ་ཡང་ཡི་གེ་ནུས་པས་སོ། །གཞན་དུ་ན། དེ་རྣམས་ཀྱིས་ནི་གསང་སྤྱོད་བྱ། །ཞེས་འཆད་དགོས་པས་ཀྱང་ཡིག་གེ་དོན་མེད་པར་འགྱུར་རོ། །དེ་ལྟ་མོད་ཀྱིས་སྡོམ་གསུམ་རྣམ་བཞག་ཏུ། འོན་ཡང་གལ་ཏེ་དགེ་སློང་དེ་ལ་ཕམ་པ་བྱུང་ངོ་ཟེར་བ་སོགས་ཀྱི་སྐུར་བའི་འཇིགས་པ་ཡོད་ན་བསླབ་པ་ཕུལ་ཏེ་སྤྱད་པར་བྱའོ། །ཞེས་གསུངས་པས། གལ་ཏེ་སྐྱེས་བུ་དམ་པ་སྨད་པས་སྐྱེད་པའི་སྡིག་པ་ལ་འགོད་དོགས་ན་ཉན་ཐོས་ཀྱི་བསླབ་པ་འབུལ་བ་ལྟར་བྱས་ནས་སྤྱོད་པ་སྟེ། འོན་ཡང་འདི་རྟགས་ཕུལ་བར་འགྱུར་སྲིད་ཀྱང་བསླབ་པ་དངོས་གཏོང་བར་ནི་མི་འགྱུར་ཏེ་ཞེ་ཐག་པ་ནས་བསླབ་པ་དང་སྐྱབས་འགྲོ་སོགས་གཏོང་བར་འདོད་ནས་ཡུལ་བརྡ་འཕྲོད་པ་ལ་ཚིག་གསལ་པོར་སྨྲ་ཞིང་བར་ཆད་ཅན་དུ་ཁས་ལེན་ན་གཏོང་བར་བཤད་ཀྱང་རྣལ་འབྱོར་པ་འདི་ལ་ནི་ཆོས་གང་ཡང་ཐོབ་ཤོར་དང་གཏོང་མི་གཏོང་དང་འཛིན་མི་འཛིན་གྱི་གཉིས་འཛིན་མེད་པའི་


KMC013_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཆ་བྱད་དང་སྤྱོད་པ་ཅི་འདྲ་ན་ཡང་རུང་སྟེ་དོན་དམ་པའི་སྡོམ་པ་ཐམས་ཅད་ནི་བཀག་ཡང་མི་ཐུབ་པར་རྒྱ་མཚོ་ལ་ཆུ་བོ་བཞིན་དུ་འདིར་འབབ་པར་འགྱུར་བ་སྟེ། དུས་ཀྱི་འཁོར་ལོའི་ཡེ་ལེར། སངས་རྒྱས་པ་དང་ཞི་བ་པའམ་གཅེར་བུ་སྐལ་ལྡན་ཞེས་དང་དེ་བཞིན་གཙང་གནས་བྲམ་ཟེའམ། །ཐོད་པ་ཅན་དང་སྐྲ་འབལ་དང་ནི་གོས་དཀར་དག་དང་ཞིང་སྐྱོང་རིགས་ཅན་དག་དང་ཐུབ་པ་དང་། །སྨྱོན་པའི་གཟུགས་ཅན་དག་དང་སྡིག་པ་མེད་པའི་སེམས་ལྡན་མཁས་པ་དང་ནི་སློབ་གཉེར་བ་ཡང་རུང་། །རྣལ་འབྱོར་པ་ནི་དངོས་གྲུབ་དོན་སླད་མཐའ་དག་ཡོན་ཏན་སྟེར་ཏེ་དེ་ཉིད་ཐོབ་པའོ་མི་ཡི་དབང་། །ཞེས་དང་། འགྲེལ་ཆེན་དུ། དེས་ན་རྣལ་འབྱོར་པ་དེ་ཉིད་ཐོབ་པ་སྟེ་དབང་བསྐུར་བ་ནི་ཡེ་ཤེས་སམ་འཇིག་རྟེན་པའི་ལས་རབ་འབྱམ་སྒྲུབ་པའི་དོན་དུ་སངས་རྒྱས་པར་གྱུར་ཀྱང་རུང་ཞི་བ་པ་དང་སོགས་ནས་གོས་དཀར་པོའམ་ཞིང་སྐྱོང་དུ་གྱུར་ཀྱང་རུང་སྟེ་དག་པའོ། །ཞེས་དང་། ཡིད་ལ་གང་འདོད་པའི་སྤྱོད་པ་དེ་ཇི་སྲིད་གྲུབ་པར་གྱུར་གྱི་བར་དུ་སྦས་ཏེ་བྱ་ཞིང་དེ་ནས་ནུས་པ་ལས་འཇིག་རྟེན་ལས་འདས་པ་ན་དོན་དུ་བྱའོ་ཞེས་སྔགས་ཀྱི་རྣལ་


KMC013_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ནི་གསང་སྤྱོད་དང་ཀུན་བཟང་གི་སྤྱོད་པའི་དུས་སུ་རང་གི་ཚུལ་སྦ་བའི་ཕྱིར་སངས་རྒྱས་པའི་ཉན་ཐོས་པའམ་ཕྱི་རོལ་པའི་བརྟུལ་ཞུགས་ལ་སོགས་གང་འདོད་ཀྱིས་གནས་པར་བྱ་ལ། དེའི་ཚེ་ཡང་དེ་དག་གི་སྐྱོན་གྱིས་མི་གོས་པར་རྣམ་པར་དག་པ་ཉིད་ཡིན་ལ། ནམ་ནུས་པ་ཐོབ་པ་ན་རང་ཉིད་ཀྱི་ཚུལ་སྟོན་པར་གསུངས་པའི་ཕྱིར་རོ། །མདོར་ན་ཉན་ཐོས་ཀྱི་ཕམ་པ་སྐྱེད་པ་ལ་ནི་བསམ་པའི་ཡན་ལག་གཞི་དེ་ལ་གཞན་དུ་མ་འཁྲུལ་ཞིང་ངེས་པ་དང་ཀུན་ནས་སྦྱོར་བར་འདོད་པ་དགོས་ལ། རྡོ་རྗེའི་ཐེག་པ་འདིར་ནི་རྣལ་འབྱོར་པ་དེས་ཡུལ་དང་ཡུལ་མ་ཡིན་པར་མི་རྟོག་ཞིང་མ་མཐོང་བའི་ཕྱིར་གཞིའི་ཡན་ལག་ཡང་རྫོགས་པར་མ་ཆོད་ལ་བདག་དང་བདག་གི་དང་བཅས་ལྡན་དང་མི་ལྡན་སོགས་སྒྱུ་མ་ལྟར་གྲོལ་བའི་ཕྱིར་བདག་ཉིད་རྟེན་གྱི་ཡན་ལག་བཅས་ལྡན་དགེ་སློང་ལ་དེར་ཤེས་པ་མ་ཚང་ངོ་། །དེ་བཞིན་དུ་མཚན་མའི་རྣམ་པར་རྟོག་པ་གཅིག་གིས་ཀྱང་བར་མ་ཆོད་པའི་ཕྱིར་བསམ་པའི་ཡན་ལག་མེད་པའི་ཕྱིར་རོ། །གལ་ཏེ་ཡན་ལག་དེ་དག་མ་ཚང་བའི་ཕྱིར་ཕམ་པར་མ་གྱུར་ཀྱང་སྦོོམ་པོ་སོགས་སུ་འགྱུར་རོ་སྙམ་ན།


KMC013_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མིན་ཏེ་ལྷའི་མིག་ནི་ཐ་སྙད་དུ་བྱ་བ་མ་ཡིན་ནོ་ཞེས་གསུངས་པ་ལྟར། རྡོ་རྗེ་ཐེག་པའི་ཚུལ་འདི་ཡང་ཉན་ཐོས་ཀྱི་འདུལ་བའི་ཐ་སྙད་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱིས་སྦས་དོན་དུ་ནི་རུང་མཐུན་སྦྱར་ན་གནང་བར་ཡང་འཆད་དུ་རུང་སྟེ། རྨི་ལམ་ན་བདེ་བ་མྱོང་བའི་དབང་གིས་ཁུ་བ་བྱུང་བ་ལ་ཉེས་མེད་དུ་གསུངས་ཅིང་། དགྲ་བཅོམ་མ་སེར་སྐྱ་བཟང་མོ་རྫུ་འཕྲུལ་མ་ཐོབ་པའི་ཕྱིར་ཞག་བདུན་དུ་རྒྱལ་པོ་མ་སྐྱེས་དགྲས་བཙུན་མོར་བྱས་པ་དང་། དགེ་སློང་མ་བཟང་མོ་སྐྱེས་གཡོན་ཅན་ལྔ་བརྒྱས་བགྲོད་པ་ལ་བདག་གིར་མ་བྱས་པ་འདི་ལ་ནི་ཉེས་པ་མེད་དོ་ཅེས་ལུས་ངག་གིས་དབང་མེད་དུ་མྱོང་ཡང་སེམས་ཀྱིས་དང་དུ་མ་བླངས་པ་ཙམ་ལ་ཡང་ཉེས་མེད་དུ་གསུངས་ན་གཞན་རྡོ་རྗེ་ཐེག་པའི་སྒྱུ་མ་ལྟ་བུའི་ཐབས་ཤེས་ཀྱིས་ཟིན་ན་ལྟ་ཅི་སྨོས་པའི་ཕྱིར་ཏེ་ལུང་ཉིད་དུ་སྔགས་རྣམས་ཀྱི་སྔགས་ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་བོ་ཅེས་ཡང་ཡང་བཤད་པའི་ཕྱིར་རོ། །འོན་ཡང་བཤད་ཚུལ་འདི་ཤིན་ཏུ་གསང་ཞིང་སྦ་བར་བྱ་དགོས་ཏེ་ཉན་ཐོས་ཀྱི་བསླབ་སྡོམ་མ་ཐུབ་པའི་མཚང་འགབས་གསང་སྔགས་ལ་འཆོལ་བ་དག་གིས་ཐོས་ན་


KMC013_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དུག་སྦྲུལ་ལ་འོ་མ་བླུད་པ་ལྟར་འགྱུར་བའི་ཕྱིར་རོ། །དེས་ན་ཉན་ཐོས་ཀྱི་བསླབ་པ་ལས་གྲོལ་བའི་ཚུལ་ནི་དེ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རྡུལ་ཚོན་ལས་དབང་ལེན་པ་སོགས་ཀྱང་ཆེད་དུ་བྱ་བ་མིན་ཏེ། ལུགས་མ་དང་བྲིས་སྐུ་ལ་སོགས་པའི་ལྷ་ལས་དངོས་གྲུབ་མི་སྐྱེ་བའི་ཕྱིར་ཏེ། རྡོ་རྗེ་མཁའ་འགྲོར། དེ་ཉིད་མེད་སེམས་རྣལ་འབྱོར་པ། །ལྷ་ལ་དམིགས་པ་བྱེད་པ་དག །ཀུན་ཏུ་གཟུགས་བརྙན་ཡིད་ཀྱིས་ནི། །ལུགས་སོགས་རྣལ་འབྱོར་སྐྱེ་བ་མིན། །བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་འདི་ཡིན་ཏེ། །ཞེས་བཤད་ཅིང་། རྒྱུད་པ་འདིས་ནི། སྨིན་བྱེད་དབང་། གྲོལ་བྱེད་ལམ། བསྲུང་བྱ་དམ་ཚིགཐོབ་བྱའི་འབྲས་བུ་དང་བསྲེ་བ་སྟེ་སྲེ་བ་བཞི་ལྡན་དུ་བཞེད་པས་སྣང་སྲིད་དབང་གི་འཁོར་ལོར་རྟོགས་པའི་ཕྱིར་ཐུན་སྒོམ་གྱི་དབང་ལས་གྲོལ་བའི་ཕྱིར་རོ། །མ་རིག་པའི་སླད་པས་སྦགས་པ་ཉེ་བའི་ཉོན་མོངས་པར་གྱུར་པའི་གཉིད་ནི་སྤང་བར་བྱ་སྟེ། རྣལ་འབྱོར་པ་དེ་ནི་གཏི་མུག་ཆེན་པོས་ཉོན་མོངས་པའི་ཕྱིར། སྤང་བར་ཡང་ངེས་པར་ནུས་པའོ། །གསང་བ་གྲུབ་པ་ལས་ཀྱང་། རྐང་བརྐྱང་བྱ་བ་སྤང་ནས་


KMC013_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འཁོར་བའི་བྱ་བ་དོར་ནས་སུ། །རྟག་ཏུ་བརྩོན་དང་ལྡན་ཡིད་ཀྱིས། །རྡོ་རྗེ་སེམས་མཆོག་བསྒྲུབ་པར་བྱ། །འགྱོད་དང་གཉིད་དང་རྨུགས་ལ་སོགས། །རབ་ཏུ་འབད་དེ་སྤང་བར་བྱ། །གཞན་དུ་བསྐལ་པ་བྱེ་བ་ནི། །བརྒྱར་ཡང་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །འོ་ན་གཉིད་ཀྱི་ཐ་སྙད་ཙམ་ཡང་མི་ལྡོག་གམ་ཞེ་ན། དེ་ནི་མ་ངེས་ཏེ་གཉིད་སྟུག་འོད་གསལ་དང་རྨི་ལམ་སྒྱུ་ལུས་སུ་བྱིན་གྱིས་བསླབས་པའི་གཉིད་ནི་སྤང་བར་མི་བྱ་སྟེ། རྣལ་འབྱོར་གྱི་དམ་པ་ཡིན་པའི་ཕྱིར་རོ། །རྣལ་འབྱོར་དེས་ཟིན་པ་ནི་གཉིད་མ་ཡིན་ནོ་ཞེ་ན། འཁོར་བ་པའི་གཉིད་མཚན་ཉིད་པ་ནི་མ་ཡིན་མོད། གཉིད་ཀྱི་སྒྲ་ཙམ་བཏགས་པ་ལ་འགལ་བ་མེད་དེ། དང་པོར་གཉིད་ཀྱི་རྣམ་པས་འཇུག་པའི་ཕྱིར་དང་། ཕ་རོལ་གྱི་སྐྱེ་བོས་ལྟ་བ་ན་གཉིད་ལོག་གོ་སྙམ་པ་ལས་མི་ཤེས་པའི་ཕྱིར་དང་། འོད་གསལ་བ་ལ་གཉིད་ལོག་པས། །ཅེས་ཀྱང་བཤད་པའི་ཕྱིར་རོ། །དེས་ན། བདག་ཉིད་ཀྱི་ནི་གཉིད་སྤངས་ནས། །ཅེས་པ་དང་། གཉིད་ནི་སྤང་བར་མི་བྱ་སྟེ། །ཞེས་པ་ནི་དེ་ལྟར་མི་འགལ་བ་ཡིན་ཏེ། ཕྱི་མ་ལ་དགོངས་ནས་རྗེ་ནཱ་རོས། གཉིད་ནི་གཏི་མུག་ཡིན་ལ། གཏི་མུག་ནི་


KMC013_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་དོ། །གང་རྣམ་པར་སྣང་མཛད་བྱང་ཆུབ་ཀྱི་སེམས་སུ་ངེས་པ་དེ་ནི་ཡོངས་སུ་སྤང་བར་མི་བྱའོ། །ཞེས་གསུངས་སོ། །མདོར་ན་རྣལ་འབྱོར་པ་དེས་ནི་དངོས་པོའི་སྒྲས་བསྟན་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དེ་ཁོ་ན་ཉིད་སྤྲོས་པ་ཉེ་བར་ཞི་བའི་གནས་ཤེས་པའི་རྟོགས་པ་དེ་ཁོ་ནས་ཐམས་ཅད་ལ་རྣམ་པར་དཔྱད་དེ་འཇུག་པར་བྱའི་གཉིས་འཛིན་གྱི་འཆིང་བས་འཇུག་པ་ནི་མ་ཡིན་ནོ། །སྔགས་ཀྱི་སྐྱེད་རྫོགས་ཀྱི་བྱ་བ་རྣམས་ཁོ་ན་བྱ་འམ་ཞེ་ན། སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །ཅེས་སོགས་ཏེ། ཡོ་བྱད་སྲེག་པའི་སྦྱིན་སྲེག་དང་ལྷ་དབང་བསྐུར་བའི་མཆོད་པ་དང་བསྙུང་བར་གནས་པ་ལ་སོགས་པའི་དཀའ་ཐུབ་ལས་འདས་པ་སྟེ། དེ་དག་ནི་བྲམ་ཟེ་ལ་སོགས་པ་མེ་དང་མཆོད་སྦྱིན་དང་དཀའ་ཐུབ་ཀྱིས་གྲོལ་བར་འཛིན་པའི་ཆེད་དང་། ལས་དང་པོ་པ་ཁ་ཅིག་གི་ཚོགས་བསག་ཞིང་སྒྲིབ་པ་སྲབ་པར་བྱ་བའི་ཆེད་དུ་བསྟན་གྱི་དེ་དག་གིས་རྣམ་པར་གྲོལ་བར་མི་ནུས་པའི་ཕྱིར་རོ། །བགྲང་ཕྲེང་དང་ལྕེ་རྐན་གྱིས་བཟླས་པའི་སྔགས་དང་བསྒོམ་བྱ་དང་སྒོམ་བྱེད་དང་བཅས་པའི་སྐྱེད་རྫོགས་ཀྱི་བསམ་


KMC013_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཡང་རྣམ་པར་སྤངས་པ་ཡིན་ཏེ། སྒྲ་ཚོགས་དང་ངག་གི་འཇུག་པ་ཐམས་ཅད་ཨཱ་ལྀ་ཀཱ་ལི་རྡོ་རྗེའི་སྔགས་ཆེན་པོར་ལྷུན་གྲུབ་ཏུ་ཤེས་པས་་ཡིག་ལ་སོགས་པ་ཡིག་འབྲུ་གྲངས་ཅན་ལ་སྔགས་སུ་འཛིན་པ་ལས་ལོག་པའི་ཕྱིར་དང་། གང་ཞིག་གང་གིས་གང་དུ་ཇི་ལྟར་སྒོམ་པའི་འབད་པ་ནི་རྨི་ལམ་ལ་རྨི་ལམ་དུ་མ་ཤེས་པས་རྨི་ལམ་གྱི་ཆུ་བོ་ལས་ཐར་བར་བྱ་བའི་ཕྱིར་འབད་པ་ལྟར་མཐོང་ཞིང་བྱ་ནམ་མཁའ་ལས་མ་འདའ་བ་དང་ཉ་རྒྱ་མཚོར་འཕྱོ་བ་ཆུ་ལས་མི་འདའ་བ་ལྟར་ཇི་ལྟར་རྟོག་པ་ཐམས་ཅད་ཀྱང་ཆོས་དབྱིངས་དེ་ཁོ་ན་ཉིད་ལས་འདའ་བར་མེད་པར་ཤེས་པས་འཁོར་གསུམ་དུ་འཛིན་པའི་བསམ་གཏན་ལས་ལོག་པའི་ཕྱིར་རོ། །དེ་བཞིན་དུ་ཉམས་ཀྱིས་དོགས་པས་མི་འདའ་བར་འབད་པའི་དམ་ཚིག་དང་སྤང་གཉེན་གྱི་མཚན་མར་དམིགས་པའི་སྡོམ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་ཚུལ་ཆེན་པོ་ལ་བཟོད་པར་ནུས་པས་མཚན་རྟོག་གི་གནས་པ་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་རྟོག་གི་སྒོམ་པ་མཐའ་དག་ལས་འདས་པ་འདི་ནི་ཕུང་པོ་ཐམས་ཅད་སྲེག་པའི་ཕྱིར་དོན་དམ་པའི་སྦྱིན་སྲེག་དང་།


KMC013_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གྱི་དམ་པ་དང་། ལྷ་དང་བཅས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སྤྱད་པར་མི་ནུས་པའི་དཀའ་ཐུབ་དང་། ཕྱི་རོལ་པའི་དྲང་སྲོང་དང་ཐུན་མོང་དུ་མ་གྱུར་པའི་སྔགས་དང་བསམ་གཏན་གྱི་མཆོག་དང་། ལས་དང་པོ་པས་དང་པོར་དཀར་བའི་དམ་ཚིག་བླ་ན་མེད་པ་དང་དོན་དམ་པའི་སྡོམ་པར་འགྱུར་བ་ཡིན་གྱི་ཤིང་བསྲེགས་པ་དང་མེ་ཏོག་གཏོར་བ་ལ་སོགས་པས་ནི་དེ་ལྟར་མ་ཡིན་ནོ། །དེའི་ཕྱིར་རྙོག་མེད་ཀྱི་རྒྱུད་ལས། རྣམ་རྟོག་མེད་པའི་སེམས་གང་ནི། །ཐབ་ཁུང་སྒྲ་ཡི་མཚན་མ་ཉིད། །བྱེ་བྲག་ཕྱེད་པའི་མེ་ནང་དུ། །གཟུགས་ཀྱི་ཕུང་སོགས་ལྔ་པོ་རྣམས། །སེམས་ལས་བྱུང་བ་ཡམ་ཤིང་ཉིད། །ཐམས་ཅད་ཀྱིས་ནི་སྲེག་བླུགས་བྱ། །ཞེས་བཤད་ཅིང་། བརྟག་གཉིས་ཉིད་ལས། སྤྲོས་པ་མེད་པའི་བདག་ཉིད་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཅེས་བཤད་པའི་ཕྱིར་རོ། །འདི་དག་ལ་ནི་དྲང་ངེས་ཀྱི་དོན་ཐ་དད་པ་མེད་དོ། །རྣལ་འབྱོར་པ་དེའི་མདུན་དུ་བརྒྱ་བྱིན་དང་བདུད་སྡིག་ཅན་དང་ཚངས་པ་དང་དབང་ཕྱུག་ཆེན་པོ་ལ་སོགས་འདོད་ཁམས་སམ་ཁམས་གསུམ་ན་ཆེ་བའི་ལྷ་རྣམས་དངོས་སུ་བྱུང་ནའང་བ་སྤུ་ཙམ་


KMC013_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཡོ་བར་མི་བྱ་ན་གནོད་སྦྱིན་དང་ལུས་སྲུལ་པོ་ལ་སོགས་དེ་དག་གི་ཡང་བྲན་ལས་ཆེས་ཉིད་བྲན་དུ་གྱུར་པའི་གདོན་ཕྲ་མོ་ས་སྟེང་དང་ས་འོག་ཏུ་རྒྱུ་བར་བྱེད་པ་རྣམས་ལ་ལྟ་ཅི་སྨོས་ཏེ། ཆོས་རྣམས་ཀྱི་རང་བཞིན་ཤེས་པའི་ཕྱིར། ཉམ་ང་དང་བག་ཚ་མེད་པ་སེང་གེ་ལྟ་བུར་རྒྱུ་བར་བྱ་སྟེ། སམྦཱུ་ཊ་ལས། དེ་ནས་རང་མདུན་མངོན་གྱུར་ནས། །དོགས་པ་ཀུན་ལ་རྒྱབ་ཀྱིས་ཕྱོགས། །དེ་ཉིད་ལྡན་པས་རྣམ་སྤྱད་བྱ། །བདག་ཉིད་སེང་གེ་ལྟར་མཚུངས་ཤིང་། །ཤེས་སོགས་བཤད་ཅིང་། འདུས་པ་རྒྱུད་ཕྱི་མ་ལས་ཀྱང་། འཇིགས་པ་ཐམས་ཅད་སྤངས་ནས་སུ། །དོགས་པ་མེད་པའི་སེམས་ཀྱིས་ནི། །སེང་གེ་ལྟ་བུའི་སྤྱོད་པ་བྱ། །འདི་ལ་མི་བྱ་ཅུང་ཟད་མེད། །ཅེས་སོགས་སེང་གེ་ལྟ་བུའི་སྤྱོད་པ་རྒྱས་པར་བཤད་ལ། རྗེ་ནཱ་རོས་དེའི་འགྲེལ་པར། མཉམ་པར་མ་བཞག་རྣལ་འབྱོར་པ། །ཅེས་པ་ནི་སྒྱུ་མ་ལྟ་བུར་རྟོགས་པས་མཉམ་པར་བཞག་པ་དང་མ་བཞག་པའི་རྟོག་པ་མེད་པར་ཀུན་ཏུ་སྨྱོན་པ་ལྟ་བུར་རྒྱུ་བས་ན་ཀུན་ཏུ་སྤྱོད་པ་ཅེས་བྱའོ། །ཞེས་གསུངས་ཅིང་། ངེས་དོན་ནི། རྣམ་པར་རྟོག་པས་མི་འཇིགས་པ་སྟེ། བརྟག་གཉིས་ཀྱི་ན་རོ་འགྲེལ་ཆེན་


KMC013_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དུ། སེང་གེ་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་པ་འདིའི་རྒྱབ་ཏུ། བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་དྲངས་སོ། །བཟའ་བཏུང་ཇི་ལྟར་རྙེད་པ་དང་། །བགྲོད་དང་བགྲོད་མིན་སྤང་མི་བྱ། །ཞེས་པའི་ཡི་གེའི་དོན་ནི་བཤད་ཟིན་ལ། སྦས་དོན་ནི། ནཱ་རོ་འགྲེལ་ཆེན་ལས། བཟའ་བ་ནི་གཟུགས་ལ་སོགས་པ་ལྔའོ། །བཏུང་བ་ནི་བྱང་ཆུབ་ཀྱི་སེམས་ཞུ་བའི་རོའོ། །བགྲོད་པ་ནི་ཡེ་ཤེས་ཀྱི་རྒྱུར་གྱུར་པའོ། །བགྲོད་མིན་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་སྟེ་འདི་དག་དབྱེར་མེད་པའི་སྦྱོར་བས་བགྲོད་དང་བགྲོད་མིན་སྤང་བར་མི་བྱའོ། །ཞེས་གསུངས་པས་གཟུགས་སོགས་ཡུལ་དྲུག་རོ་མཉམ་པ་དང་ཀུན་བྱང་ཆུབ་ཀྱི་སེམས་ལ་མ་ཞེན་ཞིང་ཆེད་དུ་མི་འདོད་པ་དང་ཆེད་དུ་བགྲོད་པ་དང་མི་བགྲོད་པ་གཉིས་ལྷན་སྐྱེས་རོ་མཉམ་པའོ། །ཆུ་ངོགས་སུ་འཇུག་པ་ལ་སོགས་པའི་ཁྲུས་དང་གཙང་སྦྲ་མི་བྱ་སྟེ། ལུས་བཀྲུས་པས་སེམས་དག་པར་འགྱུར་བ་མེད་པའི་ཕྱིར་དང་། ངེས་དོན་དུ་ཕུང་པོ་ལྔ་ཡེ་ཤེས་ལྔར་གཟོད་ནས་དག་པའི་ཕྱིར་མ་དག་པ་བཀྲུ་བར་བྱར་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཕྱག་


KMC013_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་རྣལ་འབྱོར་ནི་གཙང་སྦྲའི་དམ་པ་ཡིན་ཏེ། ཤེས་རབ་དང་ཐབས་དང་འདུས་པ་སྟེ་གསུམ་ལ་གཙང་སྦྲ་གསུམ་དུ་རིམ་པར་བཤད་པའི་ཕྱིར་ཏེ། འབུམ་ལྔའི་ལུང་། གཙང་སྦྲ་དང་པོ་ཕོ་ཉ་མོ། །གཉིས་པ་ཟླ་བ་ཡིན་པར་བཤད། །གཅིག་འདུས་ཙ་རུའི་སྟོན་མོ་ནི། །གཙང་སྦྲ་གསུམ་པ་ཡིན་པར་བཤད། །ཅེས་སོ། །དེས་ན་ཕྱི་རོལ་ལ་དགའ་བའི་ཆེད་དུ་ཁྲུས་རྣམས་གསུངས་པ་སྟེ། དེ་ཉིད་ཀྱི་འཕྲོར། རྣལ་འབྱོར་ཕྱི་རོལ་དགའ་སེམས་ཀྱིས། །ཆུ་ཡི་གཙང་སྦྲ་ཀུན་སྤྱད་བྱ། །རང་སེམས་དྲི་མ་ཅན་གྱུར་ལ། །གཙང་སྦྲ་ལ་ནི་དགོས་ཅི་ཡོད། །ཅེས་སོ། །དེ་བཞིན་དུ་རིགས་ཀྱི་ཆོས་དང་ངོ་ཚ་དང་རྒན་པ་བཀུར་བ་ལ་སོགས་པ་ནི་གྲོང་གི་ཆོས་ཏེ་དེ་རྣམས་ཀྱི་རྟོག་པས་བཅིང་བར་མི་བྱའོ། །དེའི་ངེས་དོན་ནི། ནང་གི་སྐྱེས་མཆེད་མིག་ལ་སོགས་པ་རྣམས་ཡུལ་ལ་འཇུག་པ་ནི་མི་དགག་པ་སྟེ་ཡུལ་རང་བཞིན་གྱིས་དག་པར་ཤེས་པས་སྤྱོད་པའོ། །སྙིང་པོ་དང་རྩ་སྔགས་ལ་སོགས་པའི་སྔགས་ཆེད་དུ་མི་བཟླ་ཞིང་བསམ་གཏན་ཆེད་དུ་མི་སྒོམ་སྟེ། རྟག་ཏུ་བཟླས་པ་དང་བསམ་གཏན་ལས་མི་གཡོ་བར་ཤེས་པས་སོ། །གཉིད་ནི་སྤང་བར་མི་བྱ་སྟེ། འོད་གསལ་


KMC013_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱིན་གྱིས་བརླབ་བོ། །དབང་པོ་རྣམས་ནི་མི་དགག་པར་ཡུལ་ཐམས་ཅད་ལ་རྒྱ་ཡན་དུ་གཞུག་སྟེ། ཡེངས་པ་དང་མ་ཡེངས་པ་བསྲེས་ཏེ་རོ་མཉམ་མོ། །འཇིག་རྟེན་ན་བཟའ་རུང་བ་དང་མི་རུང་བར་གྲགས་པའི་ཤ་ཐམས་ཅད་ཀྱང་ཆེད་དུ་སྤོང་བ་དང་ལེན་པ་མེད་པར་བཟའ་སྟེ། འདི་ནི་འགྲོ་བ་དེ་ཉིད་ལ་སྨན་ཡོན་དུའང་འགྱུར་ཏེ། ལེའུ་བདུན་པར། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བར་བྱ། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཞེས་སོ། །ངེས་དོན་དུ་ནི། ཕུང་པོ་ལྔ་ལ་ཡིད་དུ་འོང་མི་འོང་བར་མར་མི་འབྱེད་པར་རིགས་ལྔའི་ངོ་བོར་ཤེས་པའི་རྟོག་མེད་དུ་མཉམ་པར་སྤྱོད་པ་ཉིད་ཤ་ཐམས་ཅད་བཟའ་བ་ཡིན་ནོ། །དོགས་པ་དང་བག་ཚ་བ་མེད་པའི་སེམས་ཀྱིས་འགྲོ་བའི་རིས་མཐུན་པ་དང་མི་མཐུན་པའི་ཤེས་རབ་མའི་ཚོགས་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྒྱུར་སྤྱད་པས་དབང་དུ་བྱ་བ་སྟེ། ངེས་དོན་དུ་ཕྱི་ནང་གི་འབྱུང་བ་ཆེན་པོ་རྣམས་ནི་སྤྱན་མ་ལ་སོགས་པ་རྡོ་རྗེའི་བཙུན་མོ་ཡིན་ལ། དེ་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དབྱེར་མེད་པར་སྦྱོར་བ་ནི་


KMC013_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་ཐམས་ཅད་དགའ་བར་བྱེད་པའོ། །ནཱ་རོ་འགྲེལ་ཆེན་དུ། དོགས་པ་མེད་པའི་སེམས་ཀྱིས་ནི། །ཞེས་པ་འདི་དེའི་འོག་ཏུ་ཕྱུང་ནས་རང་རྐང་དུ་བཤད་དེ། གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དབང་པོ་དང་ལྷན་ཅིག་དབྱེར་མེད་པ་ཉིད་ཀྱིས་བདེ་བ་ཆེན་པོའི་རྣམ་པར་གནས་པར་གྱུར་པས་བྱ་བྱེད་དང་བྲལ་བའི་ཕྱིར་དེའི་ཚེ་དོགས་པ་མེད་པའི་སེམས་ཀྱིས་སོ་ཞེས་རྡོ་རྗེ་འཆང་ཆེན་པོ་དང་བདག་ཉིད་ཐ་དད་དུ་མི་བརྟག་པ་ལ་གསུངས་སོ། །སྔོན་གྱི་མཛའ་བོ་དང་ཡུལ་ཡིད་དུ་འོང་བ་དང་དད་པ་ཅན་སོགས་ལ་སྙིང་དུ་སྡུག་པ་དང་ཆགས་པར་མི་བྱ་ཞིང་ཡིད་དུ་མི་འོང་བ་དང་གདུག་པ་ཅན་བསྟན་པ་ལ་གནོད་པ་ལ་ཡང་ཞེ་སྡང་གི་སེམས་སུ་མི་བྱ་སྟེ། ཀུན་ནས་འཛིན་པ་ལས་ལོག་པའི་ཕྱིར་རོ། །ངེས་དོན་ནི། བྱང་ཆུབ་ཀྱི་སེམས་ནི་ཐར་པའི་ལམ་སྒྲུབ་པའི་མཛའ་བོ་ཡིན་ལ། དེ་ལའང་ཆགས་པར་མི་བྱ་ཞིང་ནང་གི་སྐྱེ་མཆེད་དྲུག་ལ་བརྟེན་ནས་ཡུལ་སོ་སོར་འཛིན་པའི་ཟུག་རྔུ་ནི་འཁོར་བ་སྐྱེད་པའི་ཕྱིར་གདུག་པ་ཅན་ཏེ། དེ་ཡང་རང་བཞིན་ཤེས་པས་སྡང་བ་མེད་པར་མཉམ་ཉིད་དུ་སྤྱོད་པའོ། །རྡོ་དང་ཤིང་དང་འབྱིམ་


KMC013_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ལས་བྱས་པའི་ལྷའི་གཟུགས་བརྙན་རྣམས་ལ་ཕྱག་དང་མཆོད་པ་མི་བྱ་སྟེ། དེ་དག་ནི་ལས་དང་པོ་པའི་བསོད་ནམས་ཀྱི་རྟེན་ཙམ་གྱི་དབང་དུ་བྱས་པ་ཀུན་རྫོབ་བརྡར་བཏགས་པའི་ལྷར་བསྟན་པར་ཟད་ཀྱི། ཡང་དག་པར་ན་འཇིམ་པའི་གོང་བུ་གཞན་དང་དེ་དག་གི་སྲ་བ་དང་བརླན་པ་དང་དྲོ་བ་དང་གཡོ་བ་དང་གོ་འབྱེད་པའི་ཁམས་རྣམས་རང་བཞིན་གྱིས་སངས་རྒྱས་ལྔའི་ངོ་བོར་དག་པ་ལ་ནི་ཁྱད་པར་འགའ་ཡང་མེད་ཅིང་། དབྱིབས་ཙམ་ནི་རིལ་པོར་འཛིན་པའི་བློའི་གཞན་དབང་གིས་སྣང་བའི་འཁྲུལ་པར་ཟད་པས་དེ་ལ་ནི་ལྷ་མེད་པའི་ཕྱིར་དང་། རྣམ་པ་གཅིག་ཏུ་ན་ལྷ་ནི་ཕྱི་ནང་འགར་ཡང་གནས་པ་མེད་ཅིང་། རྣམ་པ་གཅིག་ཏུ་ན་ལྷ་དང་ལྷ་མ་ཡིན་པར་དམིགས་སུ་མེད་ལ། རྣམ་པ་གཅིག་ཏུ་ན་ཐམས་ཅད་ཀྱང་ལྷར་དག་པའི་ཕྱིར་རོ། །དེ་དག་ལ་ཆེད་དུ་བརྙས་པ་བྱ་བར་བསྟན་པ་ཡང་ག་ལ་ཡིན་ཏེ། འདི་རྣམས་ཀྱི་སྐབས་སུ་སམྦཱུ་ཊར། ཡང་ན་ཐམས་ཅད་ལ་ཕྱག་བྱ་ཞིང་། ཡང་ན་ཐམས་ཅད་ལ་ཕྱག་མི་བྱ་སོགས་མཉམ་ཉིད་དུ་སྤྱོད་པར་བཤད་པས། ཕྱག་མི་བྱ་བ་ཁོ་ན་ཆེད་དུ་སྒྲུབ་པ་ནི་མ་ཡིན་ནོ། །དེ་བཞིན་དུ་


KMC013_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་པོ་དང་གདོལ་པ་དང་ཀོ་པགས་མཁན་དང་ཕྱག་བདར་མཁན་སོགས་འཇིག་རྟེན་ན་རིགས་ངན་པར་གྲགས་པ་སྐྱེ་བོ་ཡ་རབས་རྣམས་དེ་དག་ལ་རེག་ཏུ་མི་རུང་བར་ལྟ་བ་རྣམས་དང་བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་ཏེ་རིགས་མཐོན་པོར་འདོད་པས་གཙང་བར་ལྟ་བ་དེ་ཐམས་ཅད་ལ་ཡང་བདག་གི་ལུས་ལྟར་ཐེ་ཚོམ་མེད་པར་རེག་པ་སྟེ་དེ་དག་ལས་ལས་རྒྱ་བསྒྲུབ་པར་བྱ་ལ། རེས་འགའ་གང་ལའང་མི་རེག་པ་སོགས་མཉམ་པར་སྤྱོད་པའོ། །དཔལ་ས་ར་ཧས་ཀྱང་། ཉམ་ང་མེད་པའི་སེམས་ཀྱིས་ཡི་དྭགས་གནས་སུ་ཉལ། །གདོལ་པ་རྣམས་དང་འགྲོགས་ཏེ་རོ་ཡི་འཁོར་ལོ་དྲང་། །མི་བྱ་མེད་པའི་སྤྱོད་པ་ཚད་དུ་བཟུང་མི་བྱ། །ཞེས་དང་། བྱ་མེད་འདི་བྱ་མེད་པའི་སྤྱོད་པ་རང་ཤུགས་ཀྱིས། །གླང་ཆེན་མཚོ་རུ་ཞུགས་འདྲ་རྟག་ཏུ་སྨོན་སེམས་ཀྱིས། །དམན་པའི་ཆོས་རྣམས་སྦྱང་ན་གྲོལ་བར་མདའ་བསྣུན་སྨྲ། །ཞེས་སོ། །མདོར་ན་བདག་ཉིད་དགྲ་བོར་མཚུངས་པ་ནས་སྡིག་པ་དང་བསོད་ནམས་ཀྱི་བར་ཐམས་ཅད་ཀྱང་རེ་དོགས་དང་དམིགས་མཚན་གྱིས་མ་གོས་པར་མཉམ་ཉིད་དུ་སྤྱོད་པར་བྱ་སྟེ། འཕགས་པ་


KMC013_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུའི་ཞབས་ཀྱི་རིམ་ལྔ་ལས། ཇི་ལྟར་བདག་ཉིད་དེ་བཞིན་དགྲ། །ཇི་ལྟར་ཆུང་མ་དེ་བཞིན་སྲིང་། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། །ཇི་ལྟར་པགས་པ་དེ་བཞིན་གོས། །ཇི་ལྟར་བཏུང་དང་དེ་བཞིན་གཅི། །ཇི་ལྟར་བཟའ་བ་དེ་བཞིན་བཤང་། །ཇི་ལྟར་དྲི་བཟང་ག་པུར་དག །དེ་བཞིན་བཤང་བ་ལས་བྱུང་དྲི། །ཇི་ལྟར་བསྟོད་པ་བྱེད་པའི་ཚིག །དེ་བཞིན་དུ་ནི་སྨོད་པའི་ཚིག །དྲག་པོ་རྡོ་རྗེ་ཅན་དེ་བཞིན། །ཇི་ལྟར་ཉིན་མོ་དེ་བཞིན་མཚན། །ཇི་ལྟར་རྨི་ལམ་དེ་བཞིན་མཐོང་། །ཇི་ལྟར་འཇིགས་པ་དེ་བཞིན་གནས། །ཇི་ལྟར་བདེ་བ་དེ་བཞིན་སྡུག །ཇི་ལྟར་སྡང་བ་དེ་བཞིན་བུ། །མནར་མེད་མཐོ་རིས་དེ་བཞིན་ཏེ། །དེ་བཞིན་སྡིག་དང་བསོད་ནམས་སོ། །དེ་ལྟར་ཤེས་ནས་ཡེ་ཤེས་ཅན། །དོགས་པ་མེད་པར་ཐམས་ཅད་བྱེད། །སྦས་པའི་བརྟུལ་ཞུགས་ཀུན་བསྒྲུབས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་གསུངས་སོ། །རྡོ་རྗེའི་སློབ་དཔོན་ལ་ཕྱག་བྱ་བ་ནི་མ་གཏོགས་ཏེ། དེ་ནི་ཡང་དག་པའི་ཡེ་ཤེས་ཀྱི་སྟོན་པ་པོ་དང་ངན་འགྲོ་དང་སྲིད་པ་ལས་སྒྲོལ་བ་པོ་ཡིན་པའི་ཕྱིར། སློབ་མ་གྲུབ་


KMC013_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པས་ཀྱང་ཕྱག་བྱ་དགོས་པའི་ཕྱིར་ཏེ། དངོས་གྲུབ་ཐོབ་པའི་སློབ་མ་གང་། །ཡང་དག་ཡེ་ཤེས་སྣང་བ་པོ། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །གྲུབ་པས་བླ་མ་མངོན་ཕྱག་འཚལ། །ཞེས་གསུངས་ཅིང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་སྐྱེ་བ་གཅིག་གིས་ཐོགས་པ་དེས་ཀྱང་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཧྲུལ་པོར་སྤྲུལ་པ་ལ་ཚོགས་སུ་ཕྱག་མ་བྱས་པར་ལྐོག་ཏུ་ཕྱག་བྱས་པ་ན་སྔར་ཅིའི་ཕྱིར་མི་བྱེད་གསུང་བ་ལ་མ་མཐོང་ངོ་སྨྲས་པས་སྤྱན་ལྷུང་སྟེ་སླར་ཡེ་ཤེས་ཀྱི་སྤྱན་བྱིན་ནོ་ཞེས་དེང་སང་གྲགས་པའི་ཕྱིར་རོ། །དེ་ལྟར་སྤྱོད་པ་དངོས་ཇི་ལྟར་བྱ་བ་བཤད་ནས་དེའི་བོགས་དབྱུང་ཞིང་འཇིག་རྟེན་དང་རྗེས་སུ་མཐུན་པའི་སྤྱོད་པས་གླུ་གར་ཇི་ལྟར་བྱ་བ་ནི། གལ་ཏེ་དགའ་བས་གླུ་བླང་སྟེ། །དེ་ཚེ་རྡོ་རྗེ་མཆོག་ལྡན་ནོ། །གལ་ཏེ་དགའ་བ་སྐྱེས་པ་ན། །ཐར་པའི་རྒྱུར་ནི་གར་བྱ་སྟེ། །དེ་ཚེ་རྡོ་རྗེ་རྐང་པས་གར། །ཡོ་གིས་མཉམ་པར་བཞག་པས་བྱེད། །ཅེས་དང་། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །གླུ་ནི་རྣམ་དག་སྔགས་སུ་གནས། །གར་ནི་སྒོམ་པ་བྱས་པ་ཉིད། །དེ་ཡི་ཕྱིར་ན་གླུ་དང་གར། །ཡོ་གིས་རྟག་ཏུ་རྟག་ཏུ་བྱེད། །ཅེས་


KMC013_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་རྡོ་རྗེའི་གླུ་ནི་མངོན་བརྗོད་བླ་མ་དང་མཁའ་འགྲོ་རྒྱ་མཚོ་སོགས་ལས་གླུ་མང་དུ་བཤད་ཀྱང་། འདིར་ནི་མ་རྒྱུད་སྤྱི་འགྲོའི་དབང་དུ་བྱས་ཏེ་དགྱེས་པའི་རྡོ་རྗེ་བརྟག་གཉིས་ཉིད་ཀྱི་བརྟག་པ་ཕྱི་མ་ལེའུ་གསུམ་པ་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པ་ལས་བཤད་པ་ཉིད་ཐོག་མར་བརྗོད་པར་བྱ་སྟེ། ཀོལླ་ཨི་རེ་ཊི་ཨ་བོ་ལ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎ་ཀྲི་དི་ཏ་ཧོ་བཛྫ་ཨི། ཀཱ་རུ་ཎ་ཀི་ཨ་ཨི་རོ་ལཱ། ཏ་ཧིཾ་བ་ལ་ཁཛྫ་ཨཱི། གཱ་ཌེཾ་མ་ད་ནཱ་པིཛྫི་ཨ་ཨི། ཧ་ལེ་ཀ་ལིཉྫ་རཾ་པ་ཎི་ཨ་ཨི། དུ་དྷུ་རཾ་བཛྫ་ཨ་ཨི། །ཙ་ཨུ་ས་མ་ཀཙྪ་རི་སི་ཧླ། ཀཔྤུ་ར་ལཱ་ཨ་ཨི་ཨ་ཨི། མ་ལ་ཨིནྡྲ་ན་ས་ལིཾ་ཛ། ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷཎྞ་མ་ཎི་ཨ་ཨི། ནི་རཾ་སུ་ཨཾ་ག་ཙ་ཌ་ཝཱི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨཱི། མ་ལ་ཨ་ཚེ་ཀུནྡྷུ་རུ་བཱ་ཌ་ཨི། ཌིཎྜི་མ་ཏ་ཧིཎྞ་བཛྫི་ཨ་ཨི། ཞེས་སྡེབས་སྦྱོར་མ་ངེས་པའི་རྐང་པ་བཅོ་བརྒྱད་དུ་གསུངས་ཅིང་། རྗེ་མར་པས། པདྨ་ལ་ནི་རྡོ་རྗེ་གནས། །པདྨ་ཉིད་ནི་ཞིང་ཡིན་ནོ། །རྒྱུན་དུ་ཅང་ཏེའུ་བརྡུང་བྱ་སྟེ། །སྙིང་རྗེས་ཀུ་ཅོ་སྒྲོག་མི་བྱ། །དེ་རུ་སྟོབས་ལྡན་འབད་པས་བཟའ། །ཆང་ནི་མང་པོ་བཏུང་བར་བྱ། །


KMC013_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་སྐལ་ལྡན་གཞུག་པར་བྱ། །སྐལ་པ་མེད་པ་རྣམ་པར་སྤང་། །བཞི་མཉམ་གླ་རྩི་སི་ཧླ། །ག་བུར་རྣམས་ཀྱིས་བྱུག་པར་བྱ། །དེར་ནི་ཚོད་མ་ཤ་ཆེན་གྱིས། །བཀང་བ་དག་ཡང་བཟའ་བར་བྱ། །འགྲོ་དང་འོང་བ་འགོག་མི་བྱེད། །དག་དང་མ་དག་བསམ་མི་བྱ། །རུས་པའི་རྒྱན་གྱིས་ལུས་ལ་བརྒྱན། །དེ་རུ་རོ་ནི་གཞུག་པར་བྱ། །འདུས་ཕྱིར་གཉིས་ནི་སྦྱོར་བ་བྱ། །དེར་ནི་རེག་མིན་སྤང་མི་བྱ། །ཞེས་བསྒྱུར་ཏེ། འདི་ལ་སྐད་ཀྱི་ངོ་བོ་ནི། ཁ་ཅིག་སཾསྐྲྀཏའི་ཟུར་ཅུང་ཟད་ཆག་པའི་ཟུར་ཆག་གི་སྐད་དང་། ཕལ་ཆེར་ནི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་བརྡའི་སྐད་དུ་གནས་པ་སྟེ། ཀཀྐོ་ལ་ནི་ཆུ་སྐྱེས། བོ་ལ་ནི་རྡོ་རྗེ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་སྟོང་པའི་ཆུ་སྐྱེས་ལ་ཞུགས་པའོ། །ཨི་རེ་ཐི་ཨ་ཞེས་པ་དང་འོག་ནས་འབྱུང་བའི་ཨི་ཨི་ཞེས་པ་ཕལ་ཆེར་ནི་གླུ་ལེན་པའི་ཕྱིར་དཀྱུས་ཀྱི་ལྷད་དོ། །མུམྨུ་ཎི་ཞིང་སྟེ་ཕྱིར་པདྨ་དང་ནང་དུ་ལྟེ་བའི་དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་རོལ་པའི་ཞིང་ཉིད་དོ། །གྷ་ཎ་ནི་སྐབས་འདིར་རྒྱུན་མ་ཆད་པ་དང་། ཀྲི་པི་ཊཾ་ནི་ཅང་ཏེའུ་སྟེ་ཅང་ཏེའུ་རྒྱུན་དུ་སྒྲོག་པ་ཡིན་ལ། ཀ་རུ་ཎ་སྙིང་རྗེ་དང་། ཎ་རོ་ལཱ་ཀུ་ཅོ་མི་


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next