Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
  collapse section
   
   
ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།
   
   
   


 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


KMC018_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་ན་ཡང་། །འཁྲུལ་རྒྱ་འབྱམས་ངང་དུ་ཉིན་མཚན་འདའ། །ཚེ་སྟོང་ཟད་གཏད་སོ་མེད་རྣམས་ཀྱི། །བློ་ལས་སུ་རུང་བར་བྱིན་གྱིས་རློབས། །ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟར། །འབད་མེད་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ། །འབྲེལ་ཚད་ལ་དཀར་པོའི་ཡོན་ཏན་བགོ། །དྲིན་ཅན་གྱིས་བླ་མར་གསོལ་བ་འདེབས། །བཟང་ཡོན་ཏན་ཆུང་ལ་ང་རྒྱལ་ཆེ། །རང་མཐོང་དང་ལོག་ལྟས་དག་སྣང་བསྒྲིབས། །སྐྱོན་ངན་གྱིས་གོང་བུ་བདག་འདྲ་རྣམས། །རྒྱུད་རྣམ་པར་དག་པར་བྱིན་གྱིས་རློབས། །རང་འདོད་དང་ཆོས་བརྒྱད་རྩད་ནས་ཟད། །གཞན་ཕན་ལ་བཏང་སྙོམས་སྐད་ཅིག་མེད། །འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་ཅན། །ཡིད་ཁྱེད་ཤེས་མོས་པས་གསོལ་བ་འདེབས། །ཚེ་འདིར་སྣང་ལས་ལ་མི་ཚེ་ཡོལ། །ཁ་ལྟོ་རྒྱབ་ཙམ་ལ་སྡིག་པ་སྒྲུབ། །ཆོས་ལག་ཏུ་མ་ལོན་སྐལ་དམན་རྣམས། །ལས་ཆོས་དང་མཐུན་པར་བྱིན་གྱིས་རློབས། །ལར་དེང་སང་བསྟན་པ་


KMC018_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཙམ་འཛིན། །དུས་སྙིགས་མའི་རྣམ་འགྱུར་ཇེ་ཆེར་འཕེལ། །མི་ཚེ་ཡང་དགུན་གྱི་ཉི་བཞིན་ཐུང་། །རྐྱེན་གློ་བུར་སྡུག་བསྔལ་མང་པོས་གཙེར། །ཆོས་ཟབ་དགུ་དར་ཡང་ལག་ལེན་ནུབ། །བསྟན་བཤིགས་ཀྱི་ཟོག་པོས་རྒྱལ་ཁམས་གང་། །ཆོས་མིན་དུ་སྤྱོད་རྣམས་དབུ་འཕང་མཐོ། །ཆོས་ཚུལ་བཞིན་སྤྱོད་པ་ཉིན་སྐར་འདྲ། །ལྷ་དཀོན་མཆོག་གསུམ་ལ་ཡིད་མི་ཆེས། །བདུད་མི་མིན་ཤི་འདྲེ་སྐྱབས་སུ་བསྟེན། །རྒྱུ་བླང་དོར་ཕྱིན་ཅི་ལོག་ཏུ་སྒྲུབ། །དེ་བྱས་པས་མི་འདོད་སྣ་དགུ་འབྱུང་། །རྒྱལ་བསྟན་གྱི་སྙིང་པོ་སྒྲུབ་བརྒྱུད་བསྟན། །ཚུལ་བཞིན་དུ་འཛིན་པ་ཤིན་ཏུ་དཀོན། །སེར་གཟུགས་ཀྱིས་ས་སྟེང་གང་ན་ཡང་། །དགོས་དུས་སུ་སླེབས་པ་རབ་ཏུ་དཀོན། །ཀྱེ་མ། སེམས་ཅན་མགོན་མེད་ལ་བསམ་ན་སྙིང་རྗེས་གདུང་། །འཁོར་བའི་འཁྲུལ་ཚབ་ལ་བསམ་ན་སྐྱོ་ཤས་སྐྱེ། །རང་གིས་རང་ཕུང་འདི་མཐོང་ཚེ་མཆི་མ་འཁྲུག །ངན་སོང་སྡུག་བསྔལ་འདི་དྲན་ཚེ་ཡ་རེ་


KMC018_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ང་། །འདི་བསམ་བཞིན་དྭགས་པོའི་བཀའ་བརྒྱུད་དྲན། །དགོས་མཚུངས་མེད་བྱམས་མགོན་ཆོས་རྗེ་དྲན། །རྗེ་མཐོང་བས་གྲོལ་བ་པདྨའི་མཚན། །རེག་པས་འཚིངས་པ་ཉིན་བྱེད་དབང་། །དྲན་ཙམ་གྱིས་ཆོག་པའི་རིན་པོ་ཆེ། །ཡུལ་མདོ་ཁམས་ཕྱོགས་སུ་སྐུ་འཁྲུངས་ནས། །ཚུལ་བསམ་མི་ཁྱབ་པའི་ཕྲིན་ལས་ཀྱིས། །ལྗོངས་བོད་དང་བོད་ཆེན་གྱི་གདུལ་བྱ་རྣམས། །ལེགས་ལམ་ལ་དཀྲི་བའི་ཐབས་མཁས་ཀྱི། །མཛད་བཟང་དེ་ནམ་མཁའི་མཐའ་དང་མཉམ། །དོན་སྙིང་པོའི་བསྟན་པ་རྒྱ་ཆེར་སྤེལ། །དབྱིངས་རྣམ་ཐར་ལ་ཚད་དང་རིས་མེད་ཀྱང་། །ཚེ་རབས་ཀྱི་ཕྲེང་བར་རྗེས་བཟུང་ནས། །སེམས་ཆོས་སྐུར་ངོ་སྤྲོད་བཀའ་དྲིན་ཅན། །རྗེ་ཁྱེད་ལ་སྐྱབས་སུ་གསོལ་བ་ཡི། །མི་བདག་སོགས་ལ་ཐུགས་བརྩེས་འདིར་དགོངས་ལ། །ཐོག་མེད་ནས་འཁྲུལ་པས་བསླུས་པ་ཡི། །ཅོལ་ཆུང་གི་རིག་པའི་ཁྱེའུ་འདི། །གཞི་ཞེན་ལོག་དང་ངེས་འབྱུང་གི་རྐང་པ་


KMC018_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན། །ལམ་མོས་གུས་སྙིང་རྗེས་རྒྱུད་འཁུལ་ཏེ། །གྲོགས་དམ་ཚིག་སྤྱོད་པ་རྣམ་དག་གིས། །འབྲས་ཆོས་སྐུ་ཚེ་འདིར་འགྲུབ་པ་ཞིག །རྗེ་དཔལ་ལྡན་བླ་མས་བྱིན་གྱིས་རློབས། །ཞེས་པ་འདི་ཡང་བླ་མ་ཀརྨ་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་བའི་ངོར་ཀརྨ་པའི་སྐུ་ཕྲེེང་བཅུ་བཞི་པའི་མཚན་འཛིན་ཐེག་པ་མཆོག་གི་རྡོ་རྗེས་བྲིས་པ་དགེ། ༈ །རྒྱལ་བས་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་སོགས་ལས་ལུང་བསྟན་པའི་དཔལ་ལྡན་བླ་མ་དམ་པ་བློ་གྲོས་མཐའ་ཡས་པའི་སྡེའམ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པའི་ཚེ་དོ་ཧ་རྡོ་རྗེའི་མགུར་བཞེངས་པ་ནི། མཉམ་མེད་དཱགས་པོ་བཀའ་བརྒྱུད་ཀྱི་ལྟ་སྒོམ་ལ་ངེས་པ་ཆ་ཙམ་རྙེད་པའི་གླུ་གཉུག་མ་རང་ཤར་ཞེས་བྱ་བ། རྡོ་རྗེ་འཆང་ཞེས་གཡེར་པོ་ཆེ། །ཡོན་ཏན་བརྒྱད་ལྡན་ཏུ་སྐད་པ་དེ། །བདག་ཐ་མལ་སྣང་ངོར་མི་ཡི་གཟུགས། །མགོན་པདྨའི་མཚན་ཅན་བྱིན་རླབས་ཅན། །སྙིང་པདྨ་འདབ་བརྒྱད་གུར་ཁང་དུ། །དུས་སྐད་ཅིག་མ་བྲལ་གསོལ་བ་གདབ། །རྟོགས་གྲོལ་དུས་མཉམ་གྱི་སྐལ་མེད་ཀྱང་། །རང་ངོ་ཤེས་ཙམ་གྱི་བྱིན་རླབས་


KMC018_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །ཆོས་བརྒྱད་ལ་གཉེར་ཁ་ཆུང་དུ་སོང་། །འོད་གསལ་ཆོས་སྐུ་སྒྲ་བོ་ཆེ། །ཐུགས་ཡིད་བསྲེས་པས་ལྷག་གེར་མཐོང་། །རྣམ་རྟོག་སྟེང་དུ་མི་རྟོག་རྙེད། །བློ་བྲལ་ངང་ནས་ཡེ་ཤེས་ཤར། །སངས་རྒྱས་དྭགས་པོའི་བུ་བརྒྱུད་དང་སྤྲོ་བས། །རྗེས་ཤེས་ཀྱི་མགྲིན་པ་བཏེགས་སྙིང་འདོད། །ནུབ་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ནས། །གྲུབ་ཐོབ་ཏཻ་ལོ་ཆེན་པོ་ཡིས། །ནོར་བུ་རྣམ་གསུམ་གཏེར་ཁ་ཕྱེས། །བྱང་མེ་ཏོག་མདངས་འཕྲོག་དགོན་པ་ན། །མཁས་པ་ནཱ་རོ་པཎ་ཆེན་གྱིས། །རླུང་སེམས་གཉིས་མེད་ཀྱི་གྲུབ་རྟགས་ཐོན། །ལྷོ་གྲོ་བོ་ལུང་གི་སྨན་ལྗོངས་སུ། །དགྱེས་མཛད་སྤྲུལ་པའི་ལོ་ཙཱ་ཡིས། །གྲུབ་ཐོབ་ཡོངས་ཀྱི་ཆུ་འགོ་བཙུགས། །ནུབ་ལ་ཕྱི་གངས་ཀྱི་ར་བ་ན། །སྐྱེས་མཆོག་བཞད་པ་རྡོ་རྗེ་ཡིས། །ཚེ་གཅིག་ལ་ཟུང་འཇུག་གོ་འཕང་བསྒྲུབས། །ཤར་དྭགས་ལ་སྒམ་པོའི་ཞིང་ཁམས་ནས། །རྒྱལ་བ་གཉིས་པ་འཚོ་བྱེད་ཞབས། །ས་བཅུ་པའི་


KMC018_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་མངོན་ཏུ་གྱུར། །གནས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ན། །ཆེ་བཞི་ཆུང་བརྒྱད་གྲུབ་པའི་ཁྱུ། །ཕྱག་རྒྱ་ཆེན་པོའི་སྲོག་མཐུ་གྲུབ། །སངས་ལ་མི་རྒྱ་ཀ་མེད་བྱུང་། །བྱང་ཆུབ་སེམས་ཀྱི་དབང་སྡུད་མཁས། །འགྲོ་དོན་མི་འབྱུང་ཀ་མེད་བྱུང་། །ཚོགས་གཉིས་རྫོགས་པའི་ནོར་སྒྲུབ་ཟབ། །ལོངས་སྤྱོད་མི་རྫོགས་ཀ་མེད་བྱུང་། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་རྒྱས། །ལུང་ཆེན་མི་ཐོབ་ཀ་མེད་བྱུང་། །ཕ་བསགས་པ་ཅན་གྱི་བུ་བརྒྱུད་ལ། །ནོར་རང་བཞིན་ཆེ་བ་སྔོན་གྱི་ལས། །སེང་དཀར་མོ་ཁྱུང་ཆེན་ཕྲུ་གུ་རྣམས། །རྩལ་རང་བཞིན་རྫོགས་པ་རིགས་ཀྱི་མཐུ། །བཀའ་གྲུབ་ཐོབ་བརྒྱུད་པའི་རྗེས་འཇུག་ལ། །སྒོམ་རང་བཞིན་སྐྱེ་བ་བྱིན་རླབས་སྟོབས། །ལོ་གྲངས་མང་པོའི་སྡུག་ཡུས་དང་། །སོས་དལ་དུ་བསྡད་པའི་ང་རྒྱལ་དང་། །སྡུག་ཨུ་ཚུགས་བྱས་པའི་ཧམ་པ་དང་། །གཞན་ཁྱད་གསོད་བྱེད་པའི་ཕོ་ཚོད་དང་། །རང་སོ་སྐྱེ་རྣམ་རྟོག་གྲངས་འདེབས་


KMC018_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ས་ལམ་གྱི་མངོན་རྟོགས་བརྩི་བ་སོགས། །སྙིགས་དུས་ཀྱི་བླུན་སྒོམ་ཁྱད་ཆོས་རྣམས། །མི་ལྡན་གྲུབ་ཐོབ་ཀྱི་མིང་མེད་ཀྱང་། །དཔེ་བརྒྱུད་པ་བཟང་པོའི་གདམས་ངག་གིས། །དོན་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མཐོང་། །གཞི་ཕྱག་ཆེན་ལྟ་བའི་གནས་ལུགས་གོ །ལམ་ཕྱག་ཆེན་སྒོམ་པ་ཉམས་སུ་མྱོང་། །འབྲས་ཕྱག་ཆེན་སངས་རྒྱས་སེམས་སུ་རྟོགས། །མི་ང་རང་ངན་ཏེ་བླ་མ་བཟང་། །དུས་སྙིགས་མར་སྐྱེས་ཀྱང་སྐལ་བ་ཆེ། །སྙིང་རུས་ཆུང་ཡང་གདམས་ངག་ཟབ། །གཞི་ཕྱག་རྒྱ་ཆེན་པོ་ཟེར་ཙ་ན། །གནས་ལུགས་དང་འཁྲུལ་ལུགས་གཉིས་སུ་གདའ། །འཁོར་འདས་ཀྱི་རིས་སུ་མ་ཆད་ཅིང་། །སྒྲོ་སྐུར་སྤྲོས་པའི་མཐའ་དང་བྲལ། །རྒྱུ་ཡིས་མ་བསྐྱེད་རྐྱེན་མ་བསྒྱུར། །འཁྲུལ་པས་ངན་ཏུ་མ་སོང་ཞིང་། །རྟོགས་པས་བཟང་དུ་མ་སོང་བ། །འཁྲུལ་མ་མྱོང་ལ་གྲོལ་མ་མྱོང་། །ངོ་བོ་གང་དུའང་མ་གྲུབ་པས། །རྣམ་པ་འགག་མེད་ཅིར་ཡང་འཆར། །འཁོར་


KMC018_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀུན་ཁྱབ་ནམ་མཁའ་བཞིན། །འཁྲུལ་དང་གྲོལ་བ་ཀུན་གྱི་གཞི། །རང་གསལ་ཤེས་པ་འཆར་རུང་ཅན། །ཀུན་གཞིའི་རྣམ་པར་ཤེས་དང་བཅས། །ལུང་མ་བསྟན་དེའི་རིག་པའི་ཆ། །ངོ་བོ་སྟོང་ལ་རང་བཞིན་གསལ། །དབྱེར་མེད་རིག་པའི་སྙིང་པོ་ཅན། །ངོས་བཟུང་མེད་པ་བར་སྣང་ཁམས། །དྲི་མེད་རིན་ཆེན་དྭངས་པའི་ཤེལ། །རང་རིག་རང་གསལ་མར་མེའི་མདངས། །བརྗོད་དུ་མེད་པ་ལྐུགས་པའི་ཉམས་། །མ་བསྒྲིབས་ཡེ་ཤེས་ཟང་ཐལ་བ། །འོད་གསལ་ཆོས་སྐུ་བདེ་གཤེགས་སྙིང་། །གདོད་ནས་རྣམ་དག་ལྷུན་གྱིས་གྲུབ། །དཔེ་སུས་ཀྱང་མཚན་པར་མི་ནུས་ཤིང་། །ཚིག་གང་ཡང་བརྗོད་པར་མི་ནུས་ལ། །བློས་དཔྱད་པར་མི་བཟོད་ཆོས་ཀྱི་དབྱིངས། །འདི་ཐོག་མ་ཉིད་དུ་གཏན་ལ་དབབ། །སྒྲོ་འདོགས་ཐམས་ཅད་བཅད་ཀྱང་འཚལ། །ལྟ་ཐོག་ནས་སྒོམ་པ་སྐྱོང་བ་དེ། །མཁའ་ལྡིང་གནམ་འཕང་གཅོད་པ་འདྲ། །གང་ལའང་ཉམ་ང་བག་ཚ་མེད། །ལྟ་བ་


KMC018_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྒོམ་པ་དེ། །དམུས་ལོང་ཐང་དུ་འཁྱམས་པ་འདྲ། །ལམ་ངེས་པ་ཡིན་མིན་གཏད་སོ་མེད། །སྒོམ་པར་མི་ནུས་ལྟ་བ་ཡང་། །ཕྱུག་པོ་སེར་སྣས་བཅིངས་པ་འདྲ། །རང་གཞན་ལ་དགོས་པའི་འབྲས་མི་འབྱིན། །ཟུང་འབྲེལ་དུ་སྐྱོང་བ་དམ་པའི་ལུགས། །ལུང་མ་བསྟན་པའི་གཏི་མུག་ཆ། །རྒྱུ་མཚན་ལྔས་རང་ངོ་མ་ཤེས་པས། །ལྷན་སྐྱེས་མ་རིག་རྒྱ་མཚོ་ལས། །བདག་འཛིན་འཁྲུལ་པའི་རྦ་རླབས་གཡོས། །རིག་པ་བདག་དང་རང་སྣང་ཡུལ། །གཟུང་འཛིན་གྱི་བག་ཆགས་འཐས་པ་ལས། །ལས་བསགས་ཤིང་དེ་ལས་རྣམ་སྨིན་བྱུང་། །འཁོར་བ་ཟོ་ཆུའི་ཁྱུད་མོ་འཁོར། །འཁོར་བཞིན་ཏུ་ངོ་བོ་དྲི་མ་མེད། །སྣང་དུས་ཉིད་ནས་བདེན་པས་སྟོང་། །སྣང་ཙམ་ཡང་སྐུ་གསུམ་བཀྲ་ལམ་མེ། །སྐྱེས་པའི་རང་བཞིན་མ་སྐྱེས་པ། །མ་སྐྱེས་པ་དེ་འགག་པ་མེད། །གཉིས་མེད་པར་ན་གནས་པ་བྲལ། །བརྗོད་པར་དཀའ་བའི་སེམས་ཉིད་ལས། །འཁོར་


KMC018_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཤར། །རང་གྲོལ་དུ་ཤེས་པ་ལྟ་བའི་མཆོག །རྟོགས་ན་ཐམས་ཅད་དེ་བཞིན་ཉིད། །དགག་སྒྲུབ་མེད་ན་གཉུག་མའི་གཤིས། །བློ་ལས་འདས་ན་མཐར་ཐུག་ལགས། །ལམ་ཕྱག་རྒྱ་ཆེན་པོ་ཟེར་ཙ་ན། །སེམས་ཉིད་དང་སྣང་སྲིད་ཕྱག་རྒྱ་ཆེ། །སེམས་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་སྐྱེས་ཆོས་སྐུའི་འོད། །དཔལ་ལྡན་བླ་མའི་བྱིན་རླབས་དང་། །རང་གི་ལས་འཕྲོ་འཛོམ་པ་ན། །སྔར་འདྲིས་ཀྱི་མི་བཞིན་རང་ངོ་འཕྲོད། །བཤད་བཤད་མང་པོའི་ཁ་ན་མེད། །ལས་དང་པོ་པ་ལ་གང་ཡང་དགོས། །འདས་མ་འོངས་རྟོག་པའི་སྐྱེལ་བསུ་སྤང་། །ད་ལྟར་གྱི་ཤེས་པ་སྐད་ཅིག་མར། །བཟོ་མ་བྱས་གཉུག་མ་གཤིས་ཀྱི་ངང་། །བློས་ཆེད་དུ་བསྒོམ་རྒྱུ་རྡུལ་ཙམ་མེད། །ཡེངས་འཁྲུལ་པར་སྐད་ཅིག་མ་ཤོར་བ། །མ་ཡེངས་མི་སྒོམ་བཟོ་མེད་གནད། །སོ་མ་ལྷག་པ་རང་དྭངས་ངང་། །རྣམ་ཐར་སྒོ་གསུམ་གྱི་ནམ་མཁའ་ལ། །དྲན་ཤེས་


KMC018_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱ་ར་ལེགས་བཀོད་ནས། །སེམས་སྒྲིམ་ཀློད་རན་པོས་རྟག་བསྐྱངས་པས། །ཕྲ་རག་སྦོམ་གསུམ་གྱི་རྟོག་ཚོགས་ཞི། །སེམས་མ་བཅོས་རང་བབ་ངང་ལ་གནས། །ཉམས་རིམ་པ་བཞི་པོ་རིམ་གྱིས་སྐྱེས། །འོད་གསལ་གྱི་ཉི་མ་ཁོར་ཡུག་འཆར། །སྒོམ་ཕྱག་རྒྱ་ཆེན་པོའི་རྩ་བ་ཚུགས། །འདི་མེད་པའི་རྟོགས་པ་མཐོའོ་སྐད། །རྨེངས་མེད་པའི་མཁར་གྱི་རྣམ་བཞག་འདྲ། །འདིར་ཧ་ཅང་ཞེན་པའང་བདུད་ཀྱི་ལས། །ཐོས་ཆུང་སྙིང་རུས་ཅན་ཕལ་ཆེར། །ལྟར་སྣང་ཡོན་ཏན་གྱིས་བློ་བྲིད་ནས། །རང་གཞན་ངན་འགྲོའི་ལམ་སྣ་བྱེད། །ཉམས་བཟང་པོ་བདེ་གསལ་མི་རྟོག་ཀྱང་། །འཛིན་པ་ཡོད་ན་འཁོར་བའི་རྒྱུ། །མོས་གུས་ཀྱིས་སྙིང་ལ་གཟེར་བཏབ་ནས། །རིག་ཐོག་ཏུ་རྡོ་རུས་འཕྲོད་པ་ན། །བྱིན་རླབས་ཀྱི་དོན་བརྒྱུད་འཕོས་པ་ལས། །ཤོར་ས་བཞི་རུ་མ་ཤོར་ཞིང་། །གོལ་ས་གསུམ་དུ་མ་ལྷུང་བ། །དགའ་བཞི་ལས་འདས་རྐྱེན་གསུམ་བྲལ། །སྐྱེ་


KMC018_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གསུམ་གྱིས་མཚམས་སྦྱར་བས། །ཆེན་པོ་གསུམ་གྱི་བློས་མ་རེག །ཉམས་མྱོང་བས་མ་སྦགས་རང་བྱུང་གཤིས། །སྤྲིན་མེད་ནམ་མཁའི་དཀྱིལ་ལྟ་བུ། །རང་རིག་རང་གསལ་སྨྲར་མི་གཏུབས། །དཔེ་བྲལ་མི་རྟོག་ཡེ་ཤེས་ཏེ། །ཐ་མལ་ཤེས་པ་རྗེན་པ་ཉིད། །གོ་ཡུལ་དང་ཕོ་ཚོད་དུ་མ་ལུས་པར། །ཆོས་ཀྱི་སྐུ་རུ་ལྷག་གིས་མཐོང་། །ཚོགས་དྲུག་གི་ཡུལ་སྣང་ཆུ་ཟླ་བཞིན། །ཡེ་ཤེས་ཀྱི་ངང་དུ་ས་ལ་ལ། །གང་ཤར་བཟོ་མེད་གཉུག་མའི་ངང་། །ཅིར་སྣང་ཕྱག་རྒྱ་ཆེན་པོའི་གཤིས། །སྣང་སྲིད་ཆོས་སྐུ་བདེ་བ་ཆེ། །སྒོམ་རང་བབ་འཇོག་པའི་ཞི་གནས་དང་། །དོན་མཐོང་མེད་མཐོང་བའི་ལྷག་མཐོང་གཉིས། །གནས་འགྱུ་རིག་གོ་ཅོག་ཀུན་ལ། །ཡ་བྲལ་མ་ཡིན་ཟུང་དུ་འཇུག །རྣམ་རྟོག་འཁྲུལ་པ་སྤང་དུ་མེད། །གཉེན་པོའི་དགེ་སྦྱོར་བསྒྲུབ་ཏུ་མེད། །རང་སར་སླེབས་པའི་དུས་ཤིག་མཆིའོ། །རྟོགས་པའི་རང་སོ་ཟིན་པ་ལ། །སྒོམ་མིན་པ་ཅི་ཡང་ཡོད་མིན་ཞིང་། །བྲལ་


KMC018_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་མེད་པའི་ས་མཚམས་ན། །སྒོམ་པ་ཉིད་ཀྱང་མེད་མོད་ཀྱི། །བློ་ཡི་སྤུ་རིས་མ་ཡལ་བའི། །ལས་དང་པོ་པ་ལ་སྒོམ་པ་གཅེས། །སྒོམ་པའི་ཐོག་ནས་མྱོང་བ་འབྱུང་། །མྱོང་བ་རིག་པའི་རྒྱན་ཏུ་ཤར། །ལམ་ཁྱད་པར་དབྱེ་ན་རྣལ་འབྱོར་བཞི། །སེམས་རང་ངོ་ཤེས་པ་རྩེ་གཅིག་ཡིན། །དེ་ཆུང་འབྲིང་ཆེན་པོའི་རིམ་པ་ལས། །བདེ་གསལ་གྱི་ངོ་བོ་རེས་འཇོག་མཐོང་། །མཉམ་བཞག་གི་ཏིང་འཛིན་རང་དབང་ཐོབ། །ཉམས་འོད་གསལ་སྣང་བ་འཁོར་མོ་ཡུག །སེམས་རྩ་བྲལ་དུ་རྟོགས་པ་སྤྲོས་བྲལ་ཡིན། །དེ་ཆུང་འབྲིང་ཆེན་པོའི་དབྱེ་བ་ལས། །སྐྱེ་འགག་གནས་གསུམ་སྟོང་པར་རྟོགས། །སྣང་འཛིན་སྟོང་འཛིན་གྱི་གཞི་རྩ་བྲལ། །ཆོས་ཀུན་ལ་སྤྲོས་པའི་སྒྲོ་འདོགས་ཆོད། །སྣང་སེམས་འདྲེས་པ་རོ་གཅིག་ཡིན། །དེ་ཆུང་འབྲིང་ཆེན་པོའི་རིམ་པ་ལས། །གཉིས་བསྡུས་ཀྱི་ཆོས་རྣམས་རོ་མཉམ་འདྲེས། །སྣང་སེམས་ཆུ་ལ་ཆུ་བཞག་བཞིན། །རོ་གཅིག་


KMC018_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡེ་ཤེས་དུ་མ་འཆར། །བློ་གཏན་ཟད་དུ་སོང་བ་སྒོམ་མེད་ཡིན། །དེ་ཆུང་འབྲིང་ཆེན་པོའི་རིམ་པ་ལས། །བསྒོམ་བྱ་སྒོམ་བྱེད་ཀུན་དང་བྲལ། །ཤེས་སྒྲིབ་ཀྱི་བག་ཆགས་རིམ་གྱིས་བྱང་། །འོད་གསལ་མ་བུ་འདྲེས་པ་ལས། །ཆོས་དབྱིངས་ཡེ་ཤེས་ཀློང་དུ་འབྱམས། །མདོར་ན་མཉམ་པར་བཞག་པ་ལ། །སེམས་ཅི་འདོད་དུ་གནས་པ་རྩེ་གཅིག་སྟེ། །ཐ་མལ་གྱི་ཤེས་པའི་རང་ངོ་མཐོང་། །གཞི་མེད་དུ་རྟོགས་པ་སྤྲོས་བྲལ་ཡིན། །ཆོས་གཉིས་སུ་འཛིན་པ་ཇི་སྙེད་ཀུན། །རིག་ཐོག་ཏུ་གྲོལ་བ་རོ་གཅིག་སྟེ། །སྒོམ་མི་སྒོམ་གྱི་ཐ་སྙད་ཀུན་ལས་འདས། །བག་ཆགས་ཟད་པ་སྒོམ་མེད་ཅེས། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་ས། །ནཱ་རོ་མཻ་ཏྲིའི་དབུ་བཟུང་ནས། །རྗེ་བླ་མ་པདྨ་དབང་ཆེན་བར། །བཀའ་བརྒྱུད་པ་གསེར་གྱི་ཕྲེང་བ་རྣམས། །སྒོམ་མེད་ཆོས་སྐུའི་རྒྱལ་སར་གཤེགས། །སྒྲིབ་གཉིས་ཀྱི་མུན་པ་དབྱིངས་སུ་སངས། །མཁྱེན་པ་གཉིས་ཀྱི་རྩལ་ཆེན་རྒྱས། །


KMC018_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་མཁའ་ཁྱབ་ཀྱི་གཏེར་ཁ་བྱེ། །བློ་ཐེ་ཚོམ་མེད་པའི་སྐྱབས་སུ་བཞུགས། །བཀའ་བརྒྱུད་གཅིག་ལ་གཅིག་བརྟེན་ཅེས། །ཚིག་ཙམ་མ་ཡིན་དོན་ལ་གྲགས། །མི་རྨུ་རྒོད་སོ་སྐྱེ་བདག་འདྲ་ཡང་། །རྗེ་ཁྱེད་ཀྱི་བརྒྱུད་པའི་རྟགས་འཛིན་པས། །སྒོམ་མེད་ཀྱི་རྒྱལ་སར་མྱུར་དུ་དྲོངས། །བློ་གཏན་ཟད་དུ་མཛོད་ཅིག་ཐུགས་རྗེ་ཅན། །འབྲས་ཕྱག་རྒྱ་ཆེན་པོ་སྐད་པ་དེ། །གཞི་གཉུག་མའི་སྐུ་གསུམ་རང་ངོ་འཕྲོད། །ལམ་ལྟ་སྒོམ་གནད་དུ་བསྣུན་པ་ལས། །འབྲས་དྲི་བྲལ་སྐུ་གསུམ་མངོན་ཏུ་འགྱུར། །གཤིས་སྟོང་ཉིད་སྤྲོས་བྲལ་ཆོས་ཀྱི་སྐུ། །གདངས་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །རྩལ་སྣ་ཚོགས་འགག་མེད་སྤྲུལ་པའི་སྐུ། །དངོས་པོ་ཀུན་གྱི་ཁྱབ་བདག་སྟེ། །ཟུང་འཇུག་རང་བཞིན་ཕྱག་རྒྱ་ཆེ། །སྤང་ཐོབ་མེད་པ་ཆོས་ཀྱི་དབྱིངས། །ཟག་མེད་བདེ་བའི་ལང་ཚོ་ཅན། །ཡེ་ཤེས་ཀྱི་ལོངས་སྤྱོད་རྒྱ་ཆེ་བ། །ཐུགས་རྗེའི་རང་གཟུགས་


KMC018_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལས་འདས། །ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པར། །རྩོལ་མེད་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ། །གཞི་ལམ་གྱི་འོད་གསལ་མ་བུ་འདྲེས། །གཞི་འབྲས་གཉིས་པོ་ལྟོ་བ་འབྱོར། །སངས་རྒྱས་རང་གི་སེམས་ལས་རྙེད། །དགོས་འདོད་ཀྱི་གཏེར་ཁ་ནང་ནས་བརྡོལ། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །ཕྱག་རྒྱ་ཆེན་པོའི་ལྟ་བ་ལ། །འདི་ཡིན་གྱི་དཔྱད་ར་མི་འཇུག་པས། །ཡིད་བྱེད་ཀྱི་ཤེས་པ་རྒྱང་དུ་བསྐྱུར། །ཕྱག་རྒྱ་ཆེན་པོའི་སྒོམ་པ་ལ། །འདི་སྙམ་གྱི་འཛིན་སྟངས་མ་མཆིས་པས། །བཅོས་མའི་མཉམ་བཞག་བོར་ལ་ཐོང་། །ཕྱག་རྒྱ་ཆེན་པོའི་སྤྱོད་པ་ལ། །འདི་བྱེད་ཀྱི་གཏད་སོ་མི་བདོག་པས། །བྱ་དང་མི་བྱའི་རྟོག་པ་ཕྲལ། །ཕྱག་རྒྱ་ཆེན་པོའི་འབྲས་བུ་ལ། །འདི་བསྒྲུབ་ཀྱི་གསར་ཐོབ་མ་མཆིས་པས། །རེ་དོགས་འདོད་བློ་རིང་དུ་བཏང་། །འདི་བཀའ་བརྒྱུད་ཡོངས་ཀྱི་དགོངས་པའི་མཐིལ། །སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ། །


KMC018_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་འཁྲུལ་འཁོར་ཟློག་པའི་ཐབས། །ཚེ་གཅིག་སངས་རྒྱས་ཐོབ་པའི་ཆོས། །བཀའ་མདོ་རྒྱུད་ཡོངས་ཀྱི་ཉིང་ཁུ་སྟེ། །མི་བདག་དང་མཁའ་ཁྱབ་འགྲོ་བ་ཀུན། །ཆམས་གཅིག་ཏུ་རྟོགས་གྲོལ་དུས་མཉམ་ནས། །ཕྱག་རྒྱ་ཆེན་པོ་མཆོག་གྲུབ་ཤོག །འདིའང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་རྡོ་རྗེ་འཛིན་པའི་ཟོལ་དུ་སྣང་བའི་གསུང་རྣམ་པ་ཐམས་ཅད་པའི་རྒྱ་ལས་མི་འདའ་བའི་སླད་དུ། པདྨའི་འབངས་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས། དེ་བཱི་ཀོ་ཊེ་གསུམ་པ་ཙཱ་འདྲ་རིན་ཆེན་བྲག་གི་གཡོན་མགུལ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྨྲས་པ་ཤུ་བྷམ། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་བན་སྒར་འཇམ་དཔལ་བཟང་པོ་ཞེས་བྱ་བ་དེ་ཉིད་གཉན་ཆེན་པོ་ཐང་ལྷས་འཚོ་བ་ལོ་བཅུ་གཉིས་ཀྱི་བར་དུ་སྦྱར་ནས་ཕྱག་རྒྱ་ཆེན་པོའི་ཐུགས་དམ་འབའ་ཞིག་ལ་བཞུགས་པ་ན་ལོ་བདུན་སོང་བའི་མཚམས། ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་ཞིང་གཞན་དུ་གཤེགས་པའི་མཚན་མ་གཟིགས་པས་སྤྱན་ཆབ་ཆར་ལྟར་འབྲུབ་ཅིང་ཡིད་རྩེ་གཅིག་ཏུ་གདུང་བས་གསོལ་བ་བཏབ་པ་ནི། ༈ ན་མོ་གུ་རུ། མཚན་ལྡན་གྱི་བླ་མ་བརྒྱ་ཡོད་ཀྱང་། །དྲིན་ལྡན་


KMC018_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་མ་གཅིག་ལས་མེད། །མཚན་བརྗོད་པར་དཀའ་བའི་ཀརྨ་པ། །འབྲལ་མེད་དུ་སྤྱི་བོའི་གཙུག་ཏུ་བཀུར། །ཁྱེད་འཇིག་རྟེན་དབང་ཕྱུག་ས་ར་ཧ། །དཔལ་རྟ་མགྲིན་པདྨ་འབྱུང་གནས་སོགས། །དུས་གསུམ་གྱི་བདེ་བར་གཤེགས་པ་ཁྱེད། །དུས་སྙིགས་མའི་འགྲོ་བའི་མགོན་དུ་བྱོན། །མི་བདག་གི་དཔལ་དུ་ཤར་བས་ལེགས། །ད་བདག་ལ་རེ་ལྟོས་བཅས་པའི་མི། །ཁོང་ལ་ལས་དད་པའི་རྣམ་འགྱུར་བྱས། །ཁོང་ལ་ལ་ཞེན་པའི་ཡིད་མོས་བྱེད། །ཁོང་ལ་ལ་གཞན་གྱི་དེར་རྗེས་ཕྱོགས། །ཚུལ་ཇི་ལྟར་བྱས་ཀྱང་རེ་ལྟོས་བཅས། །དེ་འདྲེན་པའི་ནུས་པ་བདག་ལ་མེད། །ཁྱེད་ཐུགས་རྗེ་ལྡན་པའི་རྡོ་རྗེ་འཆང་། །ཐུགས་མཁའ་ལྟར་ཡངས་པའི་ཀློང་ཡངས་ན། །སྐུ་མཚན་དཔེས་སྤྲས་པའི་འོད་སྟོང་འབར། །གསུང་ཟབ་མོའི་དབྱངས་ཀྱི་ཚ་ཟེར་གྱིས། །ངེད་མོས་པའི་བུ་སློབ་ཇི་སྙེད་པ། །སང་བདེ་ཆེན་གྱི་གནས་སུ་ལམ་སྣ་དྲོངས། །ལམ་ཟབ་མོ་རིམ་གཉིས་ཀྱི་རྣལ་


KMC018_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཐོས། །དེ་ཐོས་ཀྱང་ཉམས་སུ་ལེན་པས་དབེན། །བློ་ཡེངས་མ་ལམ་དུ་མི་ཚེ་ཟད། །ཚེ་འདི་པའི་རྗེས་སུ་འབྲངས་པ་ཡི། །གྲོགས་མིག་ལྟོས་ངན་པའི་དབང་སོང་ནས། །རང་གཅིག་རྐྱ་ཐུབ་པ་མ་བྱུང་བས། །ཡིད་རྩེ་གཅིག་སྙིང་ནས་གསོལ་འདེབས་ན། །ད་ཅི་བྱེད་བླ་མ་དཀོན་མཆོག་མཁྱེན། །རྗེ་མཚན་ལྡན་གྱི་བཀའ་དྲིན་དྲན་པའི་དུས། །ཡུས་ཆེས་པས་ཅལ་ཅོལ་གསོལ་འདེབས་འདི། །རྐྱེན་ངེས་འབྱུང་ཆ་ཙམ་སྐྱེས་པའི་ཚེ། །ཚིག་རི་མོའི་ངོས་སུ་བཀོད་པ་ཡིན། །ཞེས་སོ། །དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་བན་སྒར་འཇམ་དཔལ་བཟང་པོ་ཞེས་བྱ་བ་དེ་ཉིད་ཀྱིས་དྲིན་ཅན་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱི་སྤྲུལ་པའི་སྐུ་ཆོས་གྲགས་རྒྱ་མཚོ་འཁྲུངས་པའི་མཚན་མ་གསལ་བར་གཟིགས་པའི་ཚེ་དད་པའི་ཤུགས་ཀྱིས་སྤྲོ་ཆེས་པས་འདི་སྐད་དུ། ༈ ན་མོ་གུ་རུ། བན་དེ་རི་སྟོང་དུ་ཐོན་ན་རྒྱང་གླུ་ལེན། །དེ་མི་ལེན་རྒྱུ་ཉམས་མྱོང་གི་སྤང་གཤོང་ལ། །སེམས་རྟོགས་པའི་རྩི་ཐོག་འཁྲུངས་པས་ལེན། །ད་དགའ་ཡོ་སྐྱིད་དོ་དྲིན་ཅན་རྗེ། །མི་ང་


KMC018_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བླ་མ་དགྱེས་པའི་བུ། །ཉམས་རྟོགས་པ་འདི་རྗེ་བཙུན་གྱི་ཕྱག་རྟེན་བྱེད། །རྗེ་དྲན་ནོ་ཡང་ཡང་གསོལ་བ་འདེབས། །བདག་མོས་པའི་བུ་ལ་བྱིན་གྱིས་རློབས། །ཕྱི་དལ་འབྱོར་ལུས་ལ་ཚངས་སྤྱོད་ཀྱིས་བརྒྱན། །ནང་བྱང་ཆུབ་སེམས་གཉིས་ཀྱི་དཀྱིལ་འཁོར་བཀྲ། །ལམ་རིམ་པ་གཉིས་ཀྱི་སྲང་ལ་ཞུགས། །ད་དགའ་ཡོ་སྐྱིད་དོ་དྲིན་ཅན་རྗེ། །ལུས་ཐ་མལ་ཞེན་པ་རྒྱང་བསྲིངས་ཏེ། །ཁམས་ཕུང་པོ་སྐྱེ་མཆེད་སྣ་ཚོགས་པ། །ལྷ་ཡི་དམ་རྒྱལ་བའི་སྐུ་རུ་ལྡང་། །ད་དགའ་ཡོ་སྐྱིད་དོ་དྲིན་ཅན་རྗེ། །ངག་རླུང་གི་སྦྱོར་བ་གནད་དུ་བསྣུན། །སྔགས་རྡོ་རྗེ་གསུམ་གྱི་བཟླས་པས་བྲན། །ལས་རླུང་གི་རྒྱུ་བ་དབུ་མར་ལྡང་། །ད་དགའ་ཡོ་སྐྱིད་དོ་དྲིན་ཅན་རྗེ། །སེམས་བདེ་སྟོང་ཕྱག་རྒྱ་ཆེན་པོ་ལ། །དོན་འོད་གསལ་ལྷན་ཅིག་སྐྱེས་པས་བརྒྱན། །འདི་ཆོས་སྐུའི་ངང་དུ་ལྷང་ངེ་བ། །ད་དགའ་ཡོ་སྐྱིད་དོ་དྲིན་ཅན་རྗེ། །བློ་གཏོད་ས་དཀོན་མཆོག་གསུམ་ལ་བྱས། །ཕུགས་


KMC018_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་གང་གཉིས་ཀྱི་སྐྱབས་གནས་ཞུས། །ཅི་བསམ་པ་ཐོག་ཏུ་ཁེལ་བར་བྱུང་། །ད་དགའ་ཡོ་སྐྱིད་དོ་དྲིན་ཅན་རྗེ། །ནོར་ཟང་ཟིང་འདི་ལ་ཞེན་པ་ལོག །མི་མར་འདྲེན་གྱི་ཁ་ལ་མ་ཉན་པས། །སྤྲང་བྱ་བཏང་གི་དཀྱུས་མགོ་ཐོན་པར་བྱུང་། །ད་དགའ་ཡོ་སྐྱིད་དོ་དྲིན་ཅན་རྗེ། །ཕ་དྲིན་ཅན་ཀྱི་སྐུ་དྲིན་དྲན་པར་བྱུང་། །ཉམས་དགའ་བས་དེ་སྐད་ཁ་ནས་ཤོར། །འདི་ངེས་པར་བདག་ལ་ཡོད་པ་མིན། །ད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བའོ། ༈ །ན་མོ་གུ་རུ། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས་ནུབ་ཕྱོགས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ཞབས་ལ་ལྕགས་སྒྲོགས་གསོལ་ནས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས། ཐུན་མོང་གི་དངོས་གྲུབ་ཡི་དམ་ལྷའི་ཞལ་གཟིགས། འབྱུང་བའི་སྐྱེ་མཆེད་རག་པ་ལ་དབང་ཐོབ་ནས་སྤྱོད་པ་ལ་གཤེགས་པར་དགོངས་པ་ལ། བླ་མ་དང་མཁན་པོས་མ་གནང་བས་གསུང་བཅག་ན་མི་རུང་བ་ལ། ཉའི་རྣམ་ཤེས་ནམ་མཁའ་ལ་སྤར་བའི་རྫུ་འཕྲུལ་བསྟན་པས། ཐམས་ཅད་ཀྱིས་གྲུབ་པ་ཐོབ་པར་ཤེས་ཏེ་ཁོང་རང་ཅི་བདེར་བཏང་བ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་


KMC018_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ནཱ་གཱ་རྫུ་ན་ཚོལ་དུ་ཕྱིན་པས། ལྷོ་ཕྱོགས་ཀྱི་རྒྱུད་ན་འཇིགས་བྱེད་བཞད་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ་ཞིག་ན་ལྷ་དབང་ཕྱུག་ཆེན་པོའི་རྟེན་ཡོད་པས། ནང་པ་དང་ཕྱི་པའི་ཌཱ་ཀི་མང་པོ་དུས་བཟང་ལ་རེ་མོས་གྱིས་ཚོགས་ནས། ཚོགས་ཀྱི་འཁོར་ལོ་བྱེད་པ་ཞིག་ཡོད་པ་ན་སློབ་དཔོན་བརྟུལ་ཞུགས་སྤྱོད་པ་མ་ཏཾ་གི་སྤྱིལ་པོར་བཞུགས་པ་དང་མཇལ་བ་ལ་གུ་རུ་ནཱ་གཱ་རྗུ་ནའི་རྒྱུས་ཡོད་དམ་དྲིས་པས། གུ་རུ་དྲི་ཟའི་རྒྱལ་པོ་ལ་ཆོས་གསུང་དུ་གཤེགས། སྐྱེས་བུ་ཁྱོད་རྗེས་སུ་འཛིན་པ་ལ་ང་མངགས་པ་ཡིན་གསུངས་པས་ཐེ་ཚོམ་མེད་པར་མཎྜལ་ཕུལ་ཏེ། བླ་མར་བཟུང་བ་ལས་དེ་ཉིད་དུ་དཔལ་གསང་བ་འདུས་པའི་དབང་བསྐུར། གདམས་པ་བྱིན་ནས་སེམས་ཀྱི་དེ་ཁོ་ན་ཉིད་འདི་ལྟར་ཡིན་པས། དེ་ཁོ་ན་ཉིད་ཀྱི་དོན་ལ་དུས་རྟག་ཏུ་མ་ཡེངས་པར་སྒོམས་ཤིག །ཅེས་གདམས་ནས་རིགས་ཀྱི་ང་རྒྱལ་བཅག་པ་དང་། ལམ་གྱི་རྟོགས་པ་མངོན་དུ་བྱ་བའི་སྤྱོད་པ་རྗེས་སུ་གནང་སྟེ། སྐྱེས་བུ་ཁྱོད་འདི་ནས་ཤར་ཕྱོགས་བྷཾ་ག་ལའི་རྒྱུད་ས་ཚིགས་རིང་པོར་ཕྱིན་པ་ན་ཧ་རི་ཀཱི་ལ་ཞེས་བྱ་བ་ཟ་ཧོར་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཡོད་དེ། སྔོན་རཱ་ཛ་ཨུད་མ་ཀེ་མར་ཞེས་བྱ་བ་སྤྲུལ་པའི་རྒྱལ་པོ་ཞིག་གིས་བྱིན་གྱིས་བརླབས་པའི་ས་ཕྱོགས་ཡིན་ཏེ། རང་བཞིན་གྱིས་སྒྲུབ་ཐག་ཉེ་ཞིང་ལམ་བགྲོད་པར་མྱུར་བ་ཡོད་པས། གྲོང་ཁྱེར་དེའི་དབུས་ན་པཉྩ་པ་ཎ་ཞེས་བྱ་བ་འདོད་


KMC018_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ལྔ་འཛོམས་པའི་ཚོང་འདུས་ཞིག་ཡོད་དེ། དེ་ན་ཌཱ་རི་མ་སྨད་འཚོང་མའི་གཡོག་འཁོར་མང་པོ་དང་བཅས་ཡོད་པས། དེའི་གཡོག་གྱིས་ལ་ལམ་གྱིས་རྟོགས་པ་སྦྱོངས་ཤིག །རིང་པོར་མི་ཐོགས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ལ། འགྲོ་བ་མང་པོ་ཡང་སྒྲོལ་བར་འགྱུར་རོ། །ཞེས་ལུང་བསྟན་པར་མཛད་དེ། རྣལ་འབྱོར་གྱི་དབང་ཕྱུག་དེས་ཀྱང་བླ་མའི་བཀའ་བཞིན་དུ་བསྒྲུབས་ནས། །མཚན་མོ་བཞིན་སྨད་འཚོང་མ་དེའི་སྐྱེས་པ་འགུགས་པ་དང་སྐྱེས་པའི་གྲོགས་བྱེད་ཅིང་ཉིན་མོ་བཞིན་ཏིལ་རྡུང་བའི་ལས་བྱེད་པ་ལས། ཅི་ཞིག་ལྟར་ན་གནས་ལུགས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་མངོན་དུ་གྱུར་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་ལས། གྲོང་ཁྱེར་པ་རྣམས་ལ་མཐོང་ཚུལ་ཐ་དད་པ་བྱུང་སྟེ། ལ་ལས་མེ་དཔུང་འབར་བ་གཅིག་ལ་མར་མེ་བཅུ་བཞིས་བསྐོར་བ་མཐོང་། ལ་ལས་འོད་ཀྱི་ཕུང་པོ་ཞིག་གི་ནང་དུ་དགེ་སློང་ཞིག་མཉམ་བཞག་ལ་བཞུགས་པར་མཐོང་། འགའ་ཞིག་གིས་ནི་རྣལ་འབྱོར་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ཞིག་ལ་བུ་མོ་མང་པོས་ཕྱག་དང་བསྐོར་བ་བྱེད་པར་མཐོང་ནས་ཌཱ་རི་མ་ལ་བསྙད་དེ་ལྟར་ཕྱིན་པས་མདུན་གྱི་ནམ་མཁའ་ལ་འོད་ཕུང་གི་དབུས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་ནས་ཕྱག་གཡས་ཀྱིས་གཏུན་ཤིང་ལྷུང་ཐབས་སུ་སྐྱུར་ཞིང་ཏིལ་འབྲུ་བ་མཐོང་བས། ཌཱ་རི་མ་


KMC018_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་པས་སེམས་གདུངས་ཏེ། ཕྱག་དང་བསྐོར་བ་མཎྜལ་སྔོན་དུ་འགྲོ་བས་ཞབས་སྦྱི་བོར་བླངས་ནས། རྗེ་བཙུན་ཁྱེད་གྲུབ་ཐོབ་ཏུ་འདུག་པ་ངོ་མ་ཤེས་ནས་སྔོན་སྡིག་བསགས་པ་བཟོད་པར་བཞེས་འཚལ། དེང་ཕྱིན་ཆད་རྗེས་སུ་གཟུང་དུ་གསོལ། ཞེས་གསོལ་བ་བཏབ་པས་རྣལ་འབྱོར་པའི་ཞལ་ནས། ཁྱོད་ཀྱིས་ང་ལ་གང་ཟག་དམ་པར་ཤེས་བཞིན་དུ་ལས་བཅོལ་བ་མ་ཡིན་པས་ཉེས་པ་མེད་དེ། ངས་སྤྱོད་ལམ་དེ་ལ་བརྟེན་ནས་ལམ་སྦྱངས་པ་ཡིན་པས། ད་ལྟ་ངའི་རྒྱུད་ལ་སྐྱེས་པའི་ཆོས་ཐམས་ཅད་རང་བཞིན་སྐྱེ་བ་མེད་པ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ཁྱོད་ཀྱི་སྙིང་ལ་འཇུག་པར་གྱུར་ཅིག །ཅེས་གསུངས་ཤིང་མེ་ཏོག་སྦྱི་བོར་བཞག་པ་ཙམ་གྱིས་དེ་ཉིད་དུ་གྲོལ་ཏེ་བྱིན་རླབས་ཀྱི་ལམ་ལ་སྣང་བ་ཐོན་པའི་རྣལ་འབྱོར་མར་གྱུར་ཏོ། །དེ་ཙམ་ན་སྤྲུལ་པའི་རྣལ་འབྱོར་པ་ཞིག་གིས་ཌཱ་རི་མ་གྲོལ་བར་བྱས་སོ་ཞེས་རྒྱལ་པོས་ཐོས་ཏེ། གླང་པོ་ཆེ་ལ་བཞོན་ནས་འཁོར་མང་པོ་དང་ཐབས་གཅིག་ཏུ་བལྟ་བ་ལ་ལྷགས་པས་རྣལ་འབྱོར་པ་དང་ཌཱ་རི་མ་གཉིས་ཚོང་འདུས་ཀྱི་སྲང་མདོར་ཤིང་ཏཱ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་འཕགས་ནས་བཞུགས་ཏེ། ཚངས་པ་ཆེན་པོའི་སྒྲ་དབྱངས་ཀྱི་ང་རོས་རྡོ་རྗེའི་མགུར་བཞེངས་པ། གང་ཞིག་སྙིང་པོར་གྱུར་པ་ཏིལ་གྱི་མར། །རྨོངས་པས་ཏིལ་ལ་


KMC018_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་ཤེས་གྱུར་ཀྱང་། །རྟེན་ཅིང་འབྲེལ་འབྱུང་ཡན་ལག་མ་ཤེས་པས། །ཏིལ་མར་སྙིང་པོ་འབྱིན་པར་མི་ནུས་ལྟར། །ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་དེ། །འགྲོ་བ་ཀུན་གྱི་སྙིང་ལ་གནས་གྱུར་ཀྱང་། །བླ་མས་མ་མཚོན་རྟོགས་པར་མི་ནུས་ཏེ། །ཏིལ་མར་བཞིན་དུ་བཞུགས་པ་གསལ་བ་མིན། །ཏིལ་བརྡུངས་ཕུབ་མ་བསལ་བར་གྱུར་པ་ལས། །ཏིལ་མར་སྙིང་པོ་འབྱུང་བ་དེ་བཞིན་དུ། །བླ་མས་བསྟན་པ་དེ་བཞིན་ཉིད་ཀྱི་དོན། །ཡུལ་རྣམས་དབྱེར་མེད་ངོ་བོ་གཅིག་ཏུ་འགྱུར། །ཀྱེ་ཧོ། རིང་དུ་འགྲོ་བ་གཏིང་དཔག་དཀའ་བའི་དོན། །ད་ལྟ་ཉིད་དུ་གསལ་བ་ངོ་མཚར་ཆེ། །ཞེས་དོན་དམ་པར་ལམ་སྦྱང་བྱ་དང་སྤང་གཉེན་གྱི་ཁྱད་པར་དང་འབྲས་བུའི་སྤངས་རྟོགས་ལ་སོགས་པ་མེད་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱུ་འབྲས་ལ་རག་ལས་པས། ཏིལ་དང་ཏིལ་མར་གྱི་དཔེས་བསྟན་ཏེ། གཏུན་དང་གཏུན་ཤིང་དང་སྐྱེས་བུའི་ལག་པའི་འདུ་བྱེད་ཀྱིས་བརྡུང་བ་དང་འཚིར་བར་མ་བྱས་ན་མར་གྱི་དོན་བྱེད་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན་རྒྱུ་གཅིག་གིས་མ་ཡིན་རྐྱེན་གཅིག་གིས་མ་


KMC018_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཐམས་ཅད་རྟེན་འབྲེལ་ཀྱི་ནུས་པ་ཚོགས་པ་ལས་འབྱུང་བས་སོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྐུ་ཡིས་ཁྱབ་ཀྱང་། བླ་མས་མ་མཚོན་ལམ་གྱི་རྟོགས་པས་མ་སྦྱངས་ན་འབྲས་བུ་མངོན་དུ་མི་བྱེད་པས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱུ་འབྲས་རྟེན་འབྲེལ་ལ་རག་ལས་པས་འདི་ལྟར་རོ། །ཞེས་ཏིལ་བརྡུངས་པ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རྟོགས་ཚད་བརྗོད་པས། དུས་དེར་དེ་བཞིན་ཉིད་ཀྱི་སྒྲ་ཐོས་པ་ཙམ་གྱིས་དེར་འདུས་པ་ཐམས་ཅད་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མཐོང་ཞིང་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་ནས་ལན་གཅིག་ཟ་ཧོར་གྱི་ཡུལ་དེ་སྟོངས་པར་གྱུར་ཏོ་ཞེས་གྲགས་སོ། ༈ །རྗེ་མར་པའི་མགུར་ཆེན་རྣམས་བཞུགས་སོ། །ན་མོ་གུ་རུ། གཉུག་མ་སྤྲོས་བྲལ་ཆོས་ཀྱི་སྐུ། །འོད་གསལ་འགྲོ་འོང་མེད་པ་ལ། །གཞན་དོན་བརྩེ་བ་ཆེན་པོ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། །ས་བཅུའི་འཁོར་རྣམས་འདུལ་མཛད་པའི། །བདེ་གཤེགས་དྲུག་པ་རྡོ་རྗེ་འཆང་། །དེས་གསུངས་བཀའ་རྣམས་སྡུད་པ་པོ། །གསང་བདག་ཕྱག་ན་རྡོ་རྗེ་དང་། །རྗེ་བཙུན་མཁའ་འགྲོ་སུ་མ་ཏིས། །བྱིན་གྱིས་


KMC018_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་མཛད་སྤྲུལ་པའི་སྐུ། །ཏི་ལླི་ཞེས་བྱར་གྲགས་པ་ཡི། །རྣལ་འབྱོར་དབང་ཕྱུག་ཐུགས་ཀྱི་སྲས། །དཀའ་བ་སྤྱད་པའི་ནཱ་རོ་པ། །མཁྱེན་པའི་མངའ་བདག་འཛམ་གླིང་རྒྱན། །ཞབས་རྡུལ་ཟེའུ་འབྲུ་བསྟེན་མཛད་པའི། །སྒྲ་སྒྱུར་མར་པ་ལོ་ཙཱ་དང་། །རས་ཆེན་ཡབ་སྲས་ལ་སོགས་པའི། །བཀའ་བརྒྱུད་རྣམས་ལ་གུས་ཕྱག་འཚལ། །རྡོ་རྗེ་ཐེག་པའི་རྒྱལ་སྲིད་ཀྱིས། །འགྲོ་བ་སྐྱོང་མཛད་ཆོས་ཀྱི་རྗེ། །ལྷོ་བྲག་མར་པའི་ཞབས་ལ་འདུད། །དེ་ནས་རྗེ་མར་པས་དཔལ་ནཱ་རོ་པ་ལ་བདེ་མཆོག་གི་དབང་རྒྱུད་འགྲེལ་བཤད་རྣམས་དགོས་ཞེས་གསོལ་བ་བཏབས་པས། དབང་རྒྱས་པར་གནང་རྒྱུད་འགྲེལ་བཤད་ལུང་དུ་གནང་ནས་གལ་ཉམས་ལེན་ཆེ་བ་ཡིན་གསུངས། བཀའ་བབས་བཞིའི་གདམས་པར་གྲགས་པ་ནཱ་རོ་ཆོས་དྲུག་དང་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་སུ་ངོ་སྤྲོད་པ་ཕྱག་རྒྱ་ཆེན་པོ་རྣམས་གནང་ནས་བསྒོམས་པས། སྤྱིར་གྱི་གསང་སྔགས་བླ་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་མང་པོ་ཐུགས་ལ་འཁྲུངས་ཤིང་། ཁྱད་པར་དུ་གཏུམ་མོ་བསྒོམས་པས་བདེ་གསལ་མི་རྟོག་པ་ཟུང་འཇུག་


KMC018_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར་པས་སྒོ་གསུམ་གཡོ་འགུལ་མི་ནུས་པའི་ངང་ལ་ཞག་བདུན་གྱི་བར་བརྟན་པ་ཐོབ་པ་དང་། རྟགས་བཅུ་རྣམས་བྱུང་བས་ཐུགས་སྤྲོ་བའི་ངང་ནས་ཉིན་མཚན་འདའ་བ་བྱུང་ངོ་། །དེ་ནས་མར་པའི་ཐུགས་དགོངས་ལ་ངས་བལ་པོ་དང་རྒྱ་གར་དུ་ལོ་བཅུ་གཉིས་ཙམ་སོང་འདུག །དབང་དང་གདམས་ངག་ཐོབ་པ་ཙམ་དུ་མ་བཞག་པར་ཚིག་དོན་གཉིས་ལ་སློབ་གཉེར་དང་ཉམས་ལེན་རང་མི་འགྱོད་པ་བྱས་པས་སྨྲ་རྒྱུ་དང་སྒོམ་རྒྱུ་ཡང་གཞན་ལ་སྨོན་མི་དགོས་པ་བྱུང་། ད་གསེར་ཕལ་ཆེར་རྫོགས་འདུག་པས་རེ་ཞིག་བོད་ལ་ཕྱིན་གསེར་ཅི་མང་རང་ཞིག་བསྒྲུབས་ཏེ། སླར་ཡང་རྒྱ་གར་དུ་ཡོངས་ནས་བླ་མ་རྣམས་འབུལ་བས་མཉེས་པ་དང་ཆོས་སྔར་ཐོབ་པ་རྣམས་ལ་དོགས་གཅོད་ནན་ཏན་བྱེད་པ་དང་མ་ཐོབ་པ་རྣམས་ཅི་ཐོབ་བྱེད། བོད་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྒོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་ཞིག་ཅིས་ཀྱང་བྱེད་དགོངས་པ་ཤར་ནས་གསེར་ལྷག་མ་གང་ཡོད་ཀྱིས་ལམ་ཆས་ཙམ་ཞིག་མ་གཏོགས་ཀུན་གྱིས་ཡོ་བྱད་བསྒྲུབས་ཏེ་བྲམ་ཟེ་སུ་ཀ་མ་ཏི་དང་། རྣམ་འབྱོར་མ་སུ་ཁ་དྷ་རི་ལ་སོགས་པ་རྣམས་བཀུག་ནས་པཎ་ཆེན་ནཱ་རོ་པ་ལ། གཏང་རག་དང་དགའ་སྟོན་དུ་ཚོགས་མཆོད་ཕུལ་བའི་གྲལ་དུ་མར་པའི་ཐུགས་དགོངས་ལ། ཡང་བོད་ནས་རྒྱ་གར་དུ་འོངས་པའི་དོན་ལ་བླ་མ་མཁས་ཤིང་གྲུབ་པ་བརྙེས་པ་མང་པོ་དང་མཇལ།


KMC018_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འགྲེལ་པ་དང་བཅས་པ་མང་པོ་ཐོབ་ཅིང་སློབ་གཉེར་བྱས། སྒྲ་སྐད་ལོ་ཙཱ་ནི་མཁས་པའི་ཚད་དུ་ཤེས། ཉམས་དང་རྟོགས་པ་ཕྱིན་ཅི་མ་ལོག་པ་ནི་རྒྱུད་ལ་སྐྱེས། ད་བར་ཆད་མེད་པར་བོད་དུ་ལོག་འགྲོ་བ་ཡིན་པས་དུས་དེ་རིང་ལས་དགའ་བ་མི་ཡོང་དགོངས་ནས་མགུར་ཆེན་བརྒྱད་ཀྱི་ཐོག་མ་དཔལ་ནཱ་རོ་པའི་དྲུང་དུ་དབྱངས་རིང་ཏམྦུ་རའི་ཁོང་རྒྱུད་ཀྱི་སྐད་ལ་རྟ་དྲངས་ཏེ། །རྟོགས་པ་འདི་མགུར་དུ་ཕུལ་བ་ལགས་སོ།། ༈ རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །ཁྱེད་སྔོན་སྦྱངས་བསོད་ནམས་བསགས་པའི་ཕྱིར། །སྤྲུལ་སྐུ་ཏཻ་ལོ་དངོས་དང་མཇལ། །སྤང་དཀའ་སྲིད་པའི་སྡུག་བསྔལ་ལ། །ཁྱད་དུ་བསད་པ་བཅུ་གཉིས་མཛད། །དཀའ་བ་སྤྱད་པའི་ཐུགས་དམ་དེས། །སྐད་ཅིག་ཉིད་ལ་བདེན་པ་གཟིགས། །ཤྲཱི་ཛྙ་ན་སིདྡྷིའི་ཞབས་ལ་འདུད། །སྒྲ་སྒྱུར་བོད་ཀྱི་བན་ཆུང་ང་། །སྦྱངས་པ་སྔ་མའི་ལས་འབྲེལ་གྱིས། །ནཱ་རོ་པཎཱ་ཆེན་ཁྱེད་དང་མཇལ། །རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡོར་བསླབས། །སྙིང་པོ་མ་ཧཱ་མཱ་ཡཱ་གནང་། །ཡང་སྙིང་བདེ་མཆོག་འཁོར་ལོ་ཞུས། །ལར་རྒྱུད་སྡེ་བཞི་ཡི་


KMC018_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་སྙིང་ཕྱུང་། །མ་སྐལ་བ་བཟང་མོས་རྗེས་གནང་པའི། །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པའི། །དབང་བཞིའི་དོན་ལ་ངོ་སྤྲོད་མཛད། །ཟག་པ་མེད་པའི་ཏིང་འཛིན་སྐྱེས། །ཞག་བདུན་བར་དུ་བརྟན་པ་ཐོབ། །སྲོག་རྩོལ་འཕོ་བ་ཉི་ཟླ་གཉིས། །གཡོ་མེད་ནམ་མཁའི་ཁྱིམ་དུ་ཚུད། །རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས། །བདེ་གསལ་མི་རྟོག་ཁོང་ནས་ཤར། བག་ཆགས་གཉིས་ཀྱི་འཁྲུལ་པ་དེ། །འོད་གསལ་ལམ་གྱི་ངོ་བོར་རྟོགས། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་སྐུ་རུ་ཐིམ། །ཕྱི་སྣང་བ་སྒྱུ་མའི་འཁྲུལ་འཁོར་འདི། །སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས། །ནང་འཛིན་པ་ཡིད་ཀྱི་རྣམ་ཤེས་འདི། །སྔོན་ཆད་མཛའ་བོ་ཕྲད་པ་བཞིན། །སེམས་ཉིད་རང་ངོ་རང་གིས་ཤེས། །ལྐུགས་པས་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་ཉམས་ཤིག་ཤར། །གཞོན་ནུས་བདེ་བ་མྱོང་བ་བཞིན། །སྨྲ་རུ་མེད་པའི་དོན་གཅིག་རྟོགས། །རྗེ་སྐུ་དྲིན་ཆེའོ་ནཱ་རོ་


KMC018_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྔར་ཡང་དབང་བསྐུར་བྱིན་གྱིས་བརླབས། །ད་དུང་སྐུ་དྲིན་བསྐྱང་དུ་གསོལ། །ཞེས་རྟོགས་པ་ཕུལ་བས་པཎ་ཆེན་ནཱ་རོ་པའི་ཕྱག་མར་པའི་དབུ་ཐོག་ཏུ་བཞག་ནས་ཞལ་གདམས་ཀྱི་མགུར་འདི་གསུངས་སོ།། ༈ བོད་ཡུལ་གྱི་མར་པ་ལོ་ཙཱ་ཁྱོད། །ཆོས་བརྒྱད་ཚེ་འདིའི་དོན་མ་སྒྲུབས། །གཟུང་འཛིན་ང་ཁྱོད་རིས་མ་གཅོད། །ཉེ་དུ་དགྲ་ལ་སྐུར་མ་འདེབས། །གཞན་གྱི་ཆོས་ལ་སྒྲོ་མ་འདོགས། །ཐོས་བསམ་མུན་སེལ་སྒྲོན་མེ་ཡིན། །ཐར་པའི་ལམ་མཆོག་འཕྲང་མ་གཅོད། །སྔར་ཡང་བླ་རྗེ་ཡིན་པས་ཆོག །ཕྱིས་ཀྱང་ཁུར་ཅིག་བློས་མ་སྤོངས། །རང་སེམས་ནོར་བུ་རིན་ཆེན་འདི། །དྲེད་པོར་ཆུ་ལ་མ་བསྐུར་བར། །བག་ཟོན་ཡེངས་མེད་སྲུངས་ཤིག་དང་། །དགོས་འདོད་བསམ་པ་ཐམས་ཅད་འགྲུབ། །ཅེས་པ་དང་། གཞན་ཡང་ཐུགས་བརྩེ་བའི་གསུང་མང་པོ་གནང་བ་རྣམས་ལ་དགྱེས་བཞིན་དུ་སླར་ཡང་སྐུ་དྲུང་དུ་ཡོང་བའི་དམ་བཅའ་ཕུལ་ནས་བོད་ལ་བྱོན་ནོ། །དེ་ནས་རྗེ་མར་པས་བོད་ལ་ཆས་བྱོན་པ་ལས་ལི་ཤོ་ཀ་ར་ཞེས་བྱ་བ་བལ་བོད་མཚམས་ཀྱི་གྲོང་ཁྱེར་


KMC018_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཤོ་གམ་ལེན་པ་ཞིག་ཡོད་པ་དེར་ཞག་ཤས་བཞུགས་དགོས་བྱུང་བ་ལས། ནུབ་ཐ་མའི་རྨི་ལམ་ལ་མཁའ་འགྲོ་འདོ་ལི་ལ་བཏེགས་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་པས་བྲམ་ཟེ་ཆེན་པོ་ས་ར་ཧ་དང་མཇལ་ཏེ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས། སྙིང་པོ་དོན་གྱི་ཆོས་ཕྱག་རྒྱ་ཆེན་པོའི་བརྡ་དོན་རྣམས་གནང་བས། སྐུ་ལ་ཟག་མེད་ཀྱི་བདེ་བ་དང་། ཐུགས་ལ་ཕྱིན་ཅི་མ་ལོག་པའི་རྟོགས་པ་ཤར་བས་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་རྨིས་པ་ལས། མནལ་སད་ནས་ཀྱང་གསུང་རྣམས་མ་བརྗེད་པར་འདུག་སྟེ་དགའ་སྤྲོ་དང་བཅས་པའི་ངང་ནས་མང་ཡུལ་དུ་ཕེབས་ཏེ་གླང་པོ་མཁར་དུ་ཟླ་བ་གཉིས་ཙམ་ཆོས་གསུང་ཞིང་བཞུགས་པས། གཙང་དགྱེར་ཕུའི་ཀློག་སྐྱ་ཇོ་སྲས་དེ་སྐུ་གཤེགས་ནས་གདན་ས་མཛད་པའི་སྲས་པོ་ཆེ་བས་གསན་ཏེ་སྐྱིད་གྲོང་དུ་སྤྱན་འདྲེན་མི་བཏང་བྱུང་བ་ལ་འབྱོན་པར་ཞལ་གྱིས་བཞེས་དུས་བཏབ་ནས་བཏང་བས་དཔལ་ཁུད་ཀྱི་ལྷ་མཚོ་སྲིན་མཚོ་ནས་བསུ་བ་དང་། དགྱེར་ཕུར་གདན་ཕེབས་པས་སྣ་ལེན་བཟང་པོ་བྱས། ཟླ་བ་གཅིག་གི་བར་ཆོས་གྲྭ་བཟང་པོ་བཙུགས། ཟླ་བ་ཡར་ངོའི་ཚེས་བཅུའི་ཉིན་དཔའ་བོ་དགའ་སྟོན་གྱི་ཚོགས་འཁོར་བསྐོར་བའི་གྲལ་དུ། ཇོ་སྲས་ཀྱིས་བླ་མ་མར་པ་ལ། བླ་མ་ཁྱེད་ལ་ངེད་ཡབ་སྲས་ཀྱིས་སྔར་ཡང་སྣ་ལེན་བཟང་པོ་བྱས། ད་ཡང་བགྱིད་ལགས་པས། དེ་རིང་ཚོགས་གྲལ་དིར་སྡོན་ཆད་ཚིག་ཏུ་མ་བརྗོད་


KMC018_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཚིག་དང་དོན་དུ་འགྲིལ་བའི་དབྱངས་ཤིག་གསུང་འཚལ་ཞུས་པས། ཁོ་བོས་ཁ་སིང་དཔྱིད་ཀ་བལ་པོའི་མཐིལ་ནས་ཡར་དྲོ་ལམ་གཅིག་ཡོངས་པའི་ས་ན། ལི་ཤོ་ཀ་ར་བྱ་བ་མཐའ་འཁོབ་ཀྱི་གྲོང་ཁྱེར་ཤོ་གམ་མང་པོ་ལེན་པ་ཞིག་འདུག་པ་དེར་ཁོ་བོས་ཞག་འགའ་བསྡད་པས་ནུབ་གཅིག་གི་རྨི་ལམ་ན། རིགས་ཀྱི་མཚན་ལྡན་མ་བྲམ་ཟེའི་བུ་མོའི་ཆ་བྱད་དུ་བྱས་ནས་ཁོ་བོ་ལ་ལྷོ་ཕྱོགས་དཔལ་གྱི་རི་ལ་འདེངས་ཟེར་ནས་ཁྲིད་དེ། བྲམ་ཟེ་ཆེན་པོ་དང་དངོས་སུ་མཇལ་བ་ལྟ་བུའི་རྨི་ལམ་བྱུང་། དེའི་དུས་ཡིད་ལ་མི་བྱེད་པའི་སྙིང་པོའི་དོན། བྲམ་ཟེ་ཆེན་པོའི་ཞལ་ནས་འདི་ལྟ་བུ་ཐོས་གསུངས་ཏེ་ལྟ་བ་ཁྱུང་ཆེན་གཤོག་རྒྱང་ལྡིང་བའི་སྐད་ལ་རྟ་དྲངས་ཏེ་སེམས་གནད་དུ་བསྣུན་པ་དོ་ཧ་རྡོ་རྗེའི་མགུར་ཆེན་འདི་གསུངས་སོ།། ༈ དཔལ་དེ་རིང་བཀྲ་ཤིས་ཡར་གྱི་ངོ་། །དུས་ཁྱད་པར་ཅན་གྱི་ཚེས་བཅུ་ལ། །དཔའ་བོ་དགའ་སྟོན་གྱི་ཚོགས་གྲལ་དུ། །བུ་འགྱུར་བ་མེད་པའི་དམ་ཚིག་ཅན། །ཁྱོད་ཀློག་སྐྱ་ཇོ་སྲས་ཞུ་འབུལ་བ། །སྔར་མ་ཐོས་པའི་གླུ་ལོང་སྐད། །ང་ཤུལ་རིང་ལམ་ལ་བཤར་བ་དེས། །ལུས་ངལ་དུབ་དབང་དུ་སོང་བའི་ཕྱིར། །གླུ་ཡིད་འཕྲོག་སྙན་པོ་མ་མཆིས་ཤིང་། །ཚིག་


KMC018_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་མཁས་པོ་མི་ཤེས་ཀྱང་། །གྲོགས་ཁྱེད་ལས་ངོ་ཆེ་མེད་པའི་ཕྱིར། །ངོ་ཆེའི་དཔྲལ་བ་མི་ལྡོག་པས། །དོན་སྔར་མ་ཐོས་པའི་ཡ་མཚན་ཅན། །རྗེ་བྲམ་ཟེའི་བཞེད་དགོངས་གླུར་ལེན་པས། །ཁྱེད་གདན་གང་བཞུགས་པའི་མདོ་སྔགས་རྣམས། །སྙན་ལྷན་ནེར་གསན་ལ་ཐུགས་དགོངས་འཚལ། །དུས་ཁ་སང་དཔྱིད་ཟླ་ཐ་ཆུང་ལ། །གཞི་བལ་པོའི་མཐིལ་ནས་ཡར་འཕགས་པའི། །གདུགས་དྲོ་ལམ་མཆིས་ཀྱི་ཤུལ་ཁ་ན། །བལ་པོ་ལིང་གི་ཤོ་གམ་རི། །གདོལ་པ་ཅན་གྱི་གྲོང་ཁྱེར་དུ། །མི་བརྡ་མི་མཇལ་གྱི་ཤོ་གམ་པས། །མགྲོན་ཁ་ཞན་པོ་ཡི་བོད་རྣམས་བསྐྱིལ། །མི་ངས་ཀྱང་དབང་མེད་ཞག་འགའ་བསྡད། །དགུང་ནུབ་གཅིག་ཐམ་ཐུམ་རྨི་ལམ་ན། །རིགས་ཀྱི་མཚན་ལྡན་ཚངས་སྐུད་ཅན། །བྲམ་ཟེའི་བུ་མོ་མཛེས་མ་གཉིས། །ཅུང་ཟད་འཛུམ་ཞིང་ཟུར་མིག་ལྟ། །མི་ཁོ་བོའི་དྲུང་དུ་འོངས་ནས་ཀྱང་། །ལྷོ་དཔལ་གྱི་རི་ལ་འགྲོ་དགོས་སྐད། །ཁོ་བོས་སྔོན་


KMC018_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཕྱིན་མ་མྱོང་། །རྒྱུས་མེད་ལམ་ཡང་མི་ཤེས་སྨྲས། །བུ་མོ་གཉིས་ཀྱི་ཞལ་ན་རེ། །ཁྱོད་མིང་པོས་དཀའ་བ་སྤྱད་མི་དགོས། །ངེད་ཀྱིས་ཕྲག་ལ་ཁུར་གྱི་ཟེར། །འདོ་ལི་དར་གྱི་ལྡིང་ཁྲིར་བཅུག །གདུགས་བཞིན་མཁའ་ལ་བཏེགས་ནས་ཀྱང་། །གློག་འགྱུ་སྐད་ཅིག་ཡུད་ཙམ་ལ། །ལྷོ་དཔལ་གྱི་རི་ལ་ཕྱིན་པ་རྨིས། །ཤིང་པཱཀྵ་ལྗོན་པའི་བསིལ་གྲིབ་ལ། །ཏི་ར་རོ་ཡི་གདན་སྟེང་ན། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ། །ཞལ་སྔར་མ་མཐོང་བའི་གཟི་མདངས་ཅན། །བཙུན་མོ་གཉིས་ཀྱིས་མཐའ་བརྟེན་ནས། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །དགྱེས་པའི་ཞལ་རས་འཛུམ་མདངས་ཅན། །བུ་བདེ་བར་འོངས་སམ་ཞེས་ཀྱང་གསུངས། །རྗེ་མཐོང་བར་དགའ་བས་མ་བཟོད་པར། །ལུས་ཀྱི་སྤུ་གཡོས་མཆི་མ་འཁྲུགས། །ལན་བདུན་བསྐོར་ཞིང་རྐྱང་ཕྱག་བཙལ། །ཞབས་མཐིལ་སྤྱི་བོར་བླངས་ནས་ཀྱང་། །ཕ་ཐུགས་རྗེས་ཟུང་ཞེས་གསོལ་བཏབ་པས། །ལུས་ལ་སྐུ་


KMC018_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བྱིན་བརླབས་པ། །ཕྱག་དབང་སྤྱི་བོར་རེག་ཙམ་གྱིས། །ལུས་ཟག་མེད་བདེ་བས་ར་རོ་བ། །གླང་ཆེན་ཆང་གིས་མྱོས་པ་བཞིན། །གཡོ་འགུལ་མེད་པའི་ཉམས་ཤིག་ཤར། །ངག་ལ་གསུང་གིས་བྱིན་བརླབས་པ། །སྟོང་ཉིད་སེང་གེའི་ང་རོ་ཡིས། །ཡི་གེ་མེད་པའི་དོན་གསུངས་པ། །ལྐུགས་པས་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་ཉམས་ཤིག་ཤར། །ཡིད་ལ་ཐུགས་ཀྱིས་བྱིན་བརླབས་པ། །ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །འགྲོ་འོང་མེད་པའི་དོན་རྟོགས་པས། །དུར་ཁྲོད་གནས་པའི་མི་རོ་བཞིན། །བསམ་དུ་མེད་པའི་ཉམས་ཤིག་ཤར། །དེ་རྗེས་བདེ་ཆེན་དག་པའི་གསུང་། །རིན་ཆེན་མགུལ་གྱི་བུམ་པ་ནས། །ཚངས་པའི་དབྱངས་ཀྱི་བརྡ་སྐད་ཀྱིས། །སྤྲིན་བྲལ་ནམ་མཁའ་སྟོང་པའི་དོན། །གནས་ལུགས་མཚོན་པ་རྡོ་རྗེའི་མགུར། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ན་མོ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྒྱུན་ཆད་མེད་པ་གཉུག་མའི་སེམས། །གདོད་


KMC018_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དག་པ་དེ་བཞིན་ཉིད། །ནམ་མཁས་ནམ་མཁའ་སྦྱོར་བ་མཐོང་། །རྩ་བ་ཁྱིམ་ན་གནས་པའི་ཕྱིར། །ཡིད་ཀྱི་རྣམ་ཤེས་བཙོན་དུ་གཟུང་། །སྒོམ་པ་ཤེས་པ་ཕྱི་མ་ཡིས། །སེམས་ལ་ལྷན་པ་གདབ་ཏུ་མེད། །སྣང་སྲིད་སེམས་གྱི་རང་བཞིན་ཤེས། །གཉེན་པོས་བཅོས་ཏེ་སྒོམ་དུ་མེད། །སེམས་ཀྱི་གནས་ལུགས་དྲན་དུ་མེད། །དེ་ཡང་མ་བཅོས་ངང་ལ་ཞོག །དེ་དོན་མཐོང་ན་གྲོལ་བའི་ཕྱིར། །བུ་ཆུང་གདོལ་པའི་སྤྱོད་ལ་ལྟོས། །ཤ་ཟ་སྨྱོན་པ་གང་དགར་ཐོང་། །བསྙེངས་དང་བྲལ་བའི་སེང་གེ་བཞིན། །སེམས་ཀྱི་གླང་པོ་ཡིན་དུ་ཆུག །བུང་བ་མེ་ཏོག་རྒྱུ་བ་ལྟོས། །འཁོར་བ་སྐྱོན་དུ་མི་བལྟ་ཞིང་། །མྱ་ངན་འདས་པ་ཐོབ་བྱར་མེད། །ཐ་མལ་ཤེས་པ་རང་ལུགས་དེ། །མ་བཅོས་སོ་མ་ཉིད་དུ་ཞོག །བྱ་བ་རྣམས་ལ་ཁྱོད་མ་རྟོག །ཕྱོགས་དང་ཆ་ལ་མི་གནས་ཤིང་། སྤྲོས་བྲལ་ནམ་མཁའི་དཀྱིལ་དུ་ལྟོས། །ཆོས་ཟད་སར་འཁྱོལ་བ་སྙིང་པོའི་དོན། །ལྟ་བའི་


KMC018_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྩེ་ཕྱག་རྒྱ་ཆེ། །སེམས་གནད་དུ་བསྣུན་པའི་བརྡ་དོན་ཞིག །བྲམ་ཟེ་ཆེན་པོའི་ཞལ་ལས་ཐོས། །སྐད་ཅིག་དེ་ལ་གཉིད་ཀྱང་སད། །དེ་མ་བརྗེད་དྲན་པའི་ལྕགས་ཀྱུས་ཟིན། །མ་རིག་གཉིད་ཀྱི་མུན་ཁུང་དུ། །རིག་པ་ཡེ་ཤེས་མཐོང་ཕྱེ་ནས། །སྤྲིན་མེད་མཁའ་ལ་ཉི་ཤར་ལྟར། །འཁྲུལ་པའི་མུན་ནག་སངས་ནས་ཐལ། །དུས་གསུམ་སངས་རྒྱས་ཞལ་མཇལ་ཀྱང་། །ཕྱིན་ཆད་ཞུ་རྒྱུ་མེད་དོ་སྙམ། །སེམས་ཁོ་ཐག་ཆོད་པའི་ཉམས་ཤིག་སྐྱེས། །ཡིད་འགྱུ་བ་ཟད་པ་ངོ་མཚར་ཆེ། །ཨེ་མ་ཡི་དམ་མཁའ་འགྲོའི་ལུང་བསྟན་དང་། །བླ་མས་གསུངས་པ་ཟབ་མོའི་དོན། །ངག་སྨྲ་རུ་མི་བཏུབ་གསུངས་ན་ཡང་། །དགུང་དོ་ནུབ་མི་སྨྲའི་ཐབས་མ་བྱུང་། །དུས་ད་རེས་ཙམ་ཞིག་མ་གཏོགས་པ། །སྔོན་ཆད་ངག་ཏུ་བརྗོད་མ་མྱོང་། །ད་ཕྱིན་ཆད་བཟླས་སམ་རྣ་བས་ཉོན། །ང་སྔོན་ཆད་ཤུལ་རིང་རྒྱང་གི་མི། །མཛའ་བཤེས་གཉེན་མེད་གྲོགས་ཀྱང་མེད། །ལུས་ངལ་དུབ་


KMC018_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲེས་པར་གྱུར་པའི་ཚེ། །བུ་ཁྱོད་ཀྱིས་གང་བྱས་སེམས་ལ་ཡོད། །དེ་མ་བརྗེད་སེམས་ལ་ཤིན་ཏུ་གཅགས། །དྲིན་འཁོར་བར་ཐལ་ལོ་སྙིང་གི་གྲོགས། །རྗེ་གོང་ན་བཞུགས་པའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་ཆོས་སྐྱོང་རྣམས། །མི་བདག་ལ་བཀའ་བཀྱོན་མི་གནང་འཚལ། །དོན་འཁྲུལ་པར་གདའ་ན་བཟོད་པར་གསོལ། །ཞེས་པའི་མགུར་གསུངས་པ་དང་ཀློག་སྐྱ་ཇོ་སྲས་ཀྱིས་བླ་མ་སངས་རྒྱས་དངོས་སུ་མཐོང་ངོ་། །དེ་ནས་ཡང་རྗེ་མར་པ་རྒྱ་གར་ལ་འབྱོན་གསུངས་པ་ལ། སླར་ཡང་སློབ་འབངས་ཀུན་གྱིས་ཕྱག་ཕུལ་ནས་ད་སྐུ་ན་བྱོན་པ་དང་རྒྱ་གར་གྱི་འབྱོན་ལམ་ན་དཔལ་མོ་དཔལ་ཐང་ཞེས་བྱ་བའི་ཐང་ཆེན་པོ་རྟ་ཡང་ངལ་དུབ་ཆད་པ་དང་ཁ་ལ་བྱེ་ལ་ཞེས་བྱ་བ་ཤིན་ཏུ་གྲང་བས་དབྱར་ཡང་འཁྱགས་པ་དང་རོང་དང་བལ་པོ་ཚད་པ་ཤིན་ཏུ་ཆེ་བ་དང་། ཆུ་བོ་གངྒཱ་ཆུ་ཆེན་པོ་འཇིགས་སུ་རུང་བ་དང་རྒྱ་གར་མཐའ་འཁོབ་དང་ལམ་བར་གྱི་ཡུལ་ཕྲན་མུ་གེ་ཆེ་ཞིང་ཨར་ཇག་རྒོད་པ་རྣམས་ནི་བླ་མ་རང་གི་གསུང་ཚད་མ་ལགས་པས་བདེན་ངེས་ཡིན། ད་དེ་ལྟ་བུའི་ཉེན་ལ་བསྔོས་ནས་རྒྱ་གར་ལ་བྱོན་རུང་སྐུ་ཚེའི་བར་ཆད་དུ་སོང་ན་རང་རེ་གྲྭ་པ་


KMC018_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སློབ་གདུལ་བྱར་གྱུར་པ་རྣམས་སུ་ལ་རེ་ཞིང་ཇི་སྐད་བྱེད། གང་ཟག་གིས་ཉམས་ལེན་ནུས་ན་ཆོས་སྔར་བོད་དུ་བསྒྱུར་བ་རྣམས་ཀྱིས་ཅི་དགོས་ཆོག །བླ་མ་ནི་ཐུགས་ཀྱི་དཀྱིལ་དུ་སྒོམ་ཞིང་བཞུགས་པ་ལ་གསོལ་བ་འབྲལ་མེད་དུ་བཏབ་པས་ཐུགས་རྗེའི་བྱིན་རླབས་ལ་ཐག་ཉེ་རིང་མེད་ཕྱིར་འདིར་བཞུགས་རུང་ཆོག་ལགས་མོད། ཅིས་ཀྱང་སྔར་བོད་དུ་སྤྱན་དྲངས་པའི་ཆོས་ཀྱིས་མི་ཆོག་པར་ལེན་དགོས་ན་སྲས་དར་མ་མདོ་སྡེ་ཕྱག་ཕྱི་བ་དང་བཅས་པ་ལ་བསླབ་བྱ་ལམ་ཡིག་གནང་། ཆོས་ཞུ་བ་ལ་བརྫངས་ཏེ་བླ་མ་རང་ད་ལན་བོད་ཀྱི་གདུལ་བྱ་རྣམས་ལ་དགོངས་ནས་ཅིས་ཀྱང་བཞུགས་པ་ཐུགས་རྗེས་འཛིན་པར་ཞུ་ཞེས་གསོལ་བ་བཏབ་པས། བླ་མའི་ཞལ་ནས། །བླ་མའི་ཐུགས་རྗེ་ལ་ཉེ་རིང་མེད་རུང་ངས་ད་དུང་མཇལ་དུ་ཡོང་བའི་དམ་བཅའ་ཕུལ་ཡོད། བོད་ཀྱི་གདུལ་བྱ་རྣམས་ལ་བརྩེ་བའི་ཕྱིར་སྔར་མ་ཐོབ་པའི་གདམས་ངག་ཁྱད་པར་ཅན་ཡོད་ཕྱིར་ལེན་པ་ལ་མཁའ་འགྲོས་བརྡ་བཀྲོལ་ནས་བསྐུལ་འདེབས་རིམ་པས་བྱེད་པ་ལ་ངེས་ཤེས་འདྲོངས་པས་འགྲོ་བ་ཡིན། དེ་ལ་སྤྱིར་དར་མ་མདོ་སྡེ་བཏང་རུང་ན་གཞོན་པས་ཀུན་སེམས་ལས་ཆེ་བ་མིན་པ་མི་ཡོང་ཞིང་། ཁྱད་པར་ངས་བླ་མའི་དྲུང་དུ་ང་རང་ཡོང་བར་ཞུས་པ་མ་གཏོགས་བུ་གཏོང་བར་མ་ཞུས། ཚོང་པ་རྒན་པོ་ལུས་ཟུངས་ངན་རུང་ལམ་རྒྱུས་བཟང་ཟེར་བ་ལྟར། ང་ལུས་ཅུང་ཟད་རྒས་རུང་རྒྱ་གར་དུ་མི་


KMC018_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པའི་རྒན་པོ་མེད་ཅིང་རྒྱ་གར་གྱི་རྒྱུས་ཀྱང་ང་རང་ཆེ་བས། ད་ལན་ལས་ཅི་ལ་ཐུག་ཀྱང་ཆོས་ལེན་དུ་འགྲོ་བ་ཡིན། ལམ་བར་ན་འཇིགས་པ་དེ་དག་ཡོད་དེ་ང་ལ་དེ་དག་གིས་མི་བརྫི་བའི་གདིངས་འདི་དག་ཡོད་པས་ད་ལན་ཤི་བ་སྲོག་ལ་བབ་ཀྱང་རྒྱ་གར་དུ་འགྲོ་གསུང་རྒྱ་གར་ཕར་འབྱོན་གྱི་མགུར་འདི་གསུངས་སོ། །དཔལ་ནཱ་རོ་མཻ་ཏྲིའི་ཞབས་ལ་འདུད། །ངས་ནཱ་རོའི་དྲུང་དུ་དམ་བཅས་པའི། །དགོས་པ་མཆོག་ཅིག་ཡོད་པའི་ཕྱིར། །གསུང་མཁའ་འགྲོས་བརྡ་བཀྲོལ་བསྐུལ་མཛད་པས། །བླ་མ་དྲན་ཏེ་བཟོད་བླགས་མེད། །ང་ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །དཔལ་མོ་དཔལ་ཐང་ཐང་དུ་ཆེ་ལགས་ཀྱང་། །ང་ལ་རྣམ་ཤེས་རླུང་ཞོན་གྱི་གདམས་ངག་ཡོད། །འདི་མདོ་ཕྲུག་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །ཁ་ལ་བྱེ་ལ་ཤིན་ཏུ་གྲང་ལགས་ཀྱང་། །ང་ལ་གཏུམ་མོ་མེ་འབར་གྱི་གདམས་ངག་ཡོད། །འདི་སྣལ་གོས་ཕལ་གྱི་དོ་ཟླ་


KMC018_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །བལ་པོ་ཤིན་ཏུ་ཚད་པ་ཆེ་ལགས་ཀྱང་། །ང་ལ་འབྱུང་བ་ངོ་སྙོམས་ཀྱི་གདམས་ངག་ཡོད། །འདི་བཟང་དྲུག་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །ཆུ་བོ་གངྒཱ་ཆུ་རུ་ཆེ་ལགས་ཀྱང་། །ང་ལ་རྣམ་ཤེས་མཁའ་ལྡིང་གི་གདམས་ངག་ཡོད། །འདི་གྲུ་གཟིངས་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །རྒྱ་གར་མཐའ་འཁོབ་མུ་གེ་ཆེ་ལགས་ཀྱང་། །ང་ལ་དཀའ་ཐུབ་ཆུ་འཐུང་གི་གདམས་ངག་ཡོད། །འདི་བཟའ་བཏུང་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །ལམ་བར་དང་ཡུལ་ཕྲན་འཇིགས་པ་ཆེ་ལགས་ཀྱང་། །ང་ལ་མ་མོ་ཇག་ཆིང་གི་གདམས་ངག་ཡོད། །འདི་ཟླ་སྐྱེལ་ཕལ་གྱི་དོ་ཟླ་མིན། །


KMC018_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །བླ་མ་ནཱ་རོ་དང་མཻ་ཏྲི་ཡང་རྒྱ་གར་ན་བཞུགས། །དཔལ་ཞི་བ་བཟང་པོ་ཡང་རྒྱ་གར་ན་བཞུགས། །རྟེན་མ་ཧཱ་བོ་དྷི་ཡང་རྒྱ་གར་ན་བཞུགས། །ང་ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །ཞེས་གསུངས་ཤིང་ཐག་ཆོད་པའི་ཚེ། སྔར་འབུལ་སྡུད་ལ་བྱུང་པའི་གསེར་དང་སློབ་མ་རྣམས་ཀྱི་འབུལ་བ་ཐམས་ཅད་གསེར་དུ་བསྒྲིལ་ནས་གསེར་དཀར་ཡོལ་གང་བྱུང་བ་བསྣམས་ཏེ། གཞན་ཕྱག་ཕྱི་ལ་གཏོང་བའི་ཞུ་བ་ཕུལ་བ་ཡང་མ་གནང་བར་གཅིག་པུར་རྒྱ་གར་ལ་བྱོན་ནོ། །དེ་ནས་དཔལ་ནཱ་རོ་པ་ཆེན་པོས་མར་པ་ཆོས་ཀྱི་བློ་གྲོས་འདི་ངའི་རྒྱལ་ཚབ་ཏུ་བཀོད་པ་ཡིན་གསུངས། རྫོངས་ཀྱི་ཚོགས་མཆོད་བཤམས་པའི་གྲལ་དུ་བཀའ་ལུང་གནང་བ་ནི། ལོ་ཙཱ་བ་ཁྱོད་ལ་སྔར་ངས་ངོ་སྤྲོད་པ་ལྟར་ཕུང་པོ་ལྔ་རིགས་ལྔ། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གདོད་ནས་གནས་པ་ངོ་འཕྲོད་ཕྱིར་ངོ་བོ་ལ་སྤང་བླང་མེད་པས་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྒྱལ་བ་རིགས་ལྔའི་ངོ་བོར་གྱུར་ཅིང་དེ་དག་ཆོས་ཉིད་འགག་མེད་དུ་ཤེས་པའི་རང་རྩལ་དུ་ཤེས་པས་ཟུང་འཇུག་ཏུ་མ་གྱུར་པའི་ཆོས་གཅིག་ཀྱང་མེད་


KMC018_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཆོས་ཉིད་ཀྱི་ཀློང་དུ་ཉམས་སུ་ལེན་པ་ལ་ཐོག་རྡུགས་མེད་པ་དཔེ་ནམ་མཁའ་ལ་བྱ་འཕུར་བ་ལྟ་བུ་ཡིན་ཞིང་དེ་རྟོགས་པའི་ཆོས་འཁོར་གྱི་བསྟན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་མངོན་དུ་གྱུར་པ་ཡིན་པས། ལུང་གི་ཆོས་འཁོར་གྱི་བསྟན་པ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལྟ་བུ་ཤུགས་ལ་འཛིན་པར་འགྱུར་བས་སྤྱིར་ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་མདོ་སྔགས་གཉིས་ཀ་ལུང་རྟོགས་ཀྱི་སྒོ་ནས་འཛིན་ཅིང་། བྱེ་བྲག་ཏུ་གསང་སྔགས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཀ་ཉིན་མོར་བྱེད་པར་འགྱུར་ཞིང་ཁྱོད་ཀྱི་ཚེ་འདིའི་རིགས་རྒྱུད་ཆད་དེ་ཆོས་རྒྱུད་ཆུ་བོའི་གཞུང་ལྟར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་གནས་པར་འགྱུར་ལ་མ་དག་པའི་གང་ཟག་འགའ་ཞིག་གི་སྣང་ངོར་ཁྱོད་ཚེ་འདིའི་འདོད་ཡོན་ལ་མངོན་ཞེན་རྡོ་ལ་རི་མོ་བྲིས་པ་བཞིན་དུ་འགྱུར་མི་སྲིད་ཅིང་བརྟན་བརྟན་དང་ཆེ་ཆེ་འདྲ་མོ་ཞིག་སྣང་རུང་། ཁྱོད་རང་གི་ངོ་ཐོག་ན་ཆོས་ཉིད་དུ་ངོ་འཕྲོད་འདུག་པས་སྦྲུལ་ལ་མདུད་པ་བོར་བ་བཞིན་འཁོར་བ་རང་གྲོལ་དུ་འགྱུར་ལ། མ་འོངས་པའི་སློབ་རྒྱུད་ཐམས་ཅད་ཀྱང་སེང་གེ་དང་ཁྱུང་གི་ཕྲུག་གུ་བཞིན་དུ་ཇེ་བཟང་ཇེ་བཟང་ལ་འགྲོ་བ་ཡིན་ཞིང་། རང་རེ་གཉིས་ཚེ་འདི་ལ་བརྩེ་གདུང་ནང་མཐུན་པས་འོད་གསལ་གྱི་ངང་ལ་འདུ་འབྲལ་མེད་ལ། ཕྱི་མ་ཡང་དག་པ་མཁའ་སྤྱོད་ཀྱི་གནས་སུ་ངས་བསུ་སྟེ་འབྲལ་མེད་དུ་འགྲོགས་པར་འགྱུར་


KMC018_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བས་དགའ་བར་གྱིས་ཤིག་ཅེས་གསུངས་པས་མར་པས་ཆོས་རྒྱུད་ལ་དར་རྒྱས་ཡོང་བའི་ལུང་བསྟན་ཐུགས་རྗེས་བཟུང་། མཐར་ཐུག་མདོ་སྔགས་ཀྱི་ལྟ་བ་རྟོགས་པ་ལ་ཁྱད་མི་འདུག་པས་གཉིས་ཀའི་རྟོགས་པ་དང་ལུང་གི་བསྟན་པ་འཛིན་རུང་། རྣམ་པ་ཀུན་སྤྱོད་སོ་ཐར་ཉན་ཐོས་ཀྱི་ཆ་ལུགས་ཅན་ནི་མི་ཡོད་ལགས་སམ། བདག་ལ་དར་མ་མདོ་སྡེ་ཞེས་བྱ་བ་ཞིག་གིས་ཐོག་དྲངས་ཤ་ནས་ཆད་པའི་བུ་བདུན་ཡོད་རུང་། རིགས་རྒྱུད་ཆད་ན་མི་ཆད་པའི་ཐབས་ཀྱི་བཀའ་ལུང་གནང་དུ་རུང་ལགས་སམ་ཞེས་ཞུས་པས། པན་ཆེན་ནཱ་རོ་པའི་ཞལ་ནས། མ་འོངས་པ་ན་ཁྱོད་ཀྱི་ཆོས་རྒྱུད་ལ་ཕྱི་ཉན་ཐོས་ཀྱི་རྣམ་པ་ཅན་ལ་ནང་ཐེག་ཆེན་གྱི་དོན་རྟོགས་པའི་སར་གནས་ཀྱི་སེམས་དཔའ་འཁོར་བཅས་ཀྱང་མང་པོ་འབྱུང་ཞིང་། གཞན་ཆ་ལུགས་ངེས་མེད་ཀྱི་སྒྲུབ་རྒྱུད་ཀྱི་བསྟན་པ་དར་རྒྱས་སུ་བྱེད་པར་འགྱུར་ལ། བུ་བདུན་གྱི་མི་ཚད་སྟོང་ཡོད་ཀྱང་རིགས་རྒྱུད་ཡོངས་རིགས་སུ་མི་འདུག་ནའང་འགྱོད་མེད་ཀྱི་ཐབས་ལ་ཕ་བུ་ཀུན་ཡི་དམ་ལྷའི་བསྙེན་སྒྲུབ་ཀྱི་མཚམས་དམ་པོའི་ངང་ནས་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་གཏོར་ལ་འབད་འབུངས་ཐོན། ཁྱོད་སྐྱེ་བ་སྔོན་ནས་སྦྱངས་པའི་ལས་འཕྲོ་ཅན་སར་གནས་ཀྱི་སེམས་དཔའ་ཆེན་པོ་ཡིན་ཕྱིར་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འདུག་པས། བོད་གངས་ཅན་གྱིས་གདུལ་བྱ་རྣམས་འདུལ་ཕྱིར་ངའི་རྒྱལ་ཚབ་


KMC018_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མངའ་གསོལ་བ་ཡིན་ནོ་གསུངས། ཕྱག་གཡས་མར་པའི་དབུ་ཐོག་ཏུ་བཞག་ནས་མ་འོངས་ལུང་བསྟན་གྱི་མགུར་འདི་གསུངས་སོ། །སྔོན་ཚུལ་བཞིན་སྦྱངས་པའི་ལས་འཕྲོ་ཅན། །གཉུག་མའི་དོན་རྟོགས་རྣལ་འབྱོར་པ། །བོད་ཡུལ་གྱི་མར་པ་ལོ་ཙཱ་ཁྱོད། །རིགས་ལྔ་བྱ་འཕུར་ཆོས་ཉིད་ཀློང་། །འཁོར་ལོ་སྒྱུར་རྒྱལ་རིན་ཆེན་འཛིན། །རིགས་རྒྱུད་ནམ་མཁའི་མེ་ཏོག་ཡལ། །ཆོས་རྒྱུད་ཆུ་བོའི་གཞུང་དང་འདྲ། །ཞེན་པ་རྡོ་ལ་རི་མོ་བཀྲ། །འཁོར་བ་ཆུ་རིས་རང་ཡལ་འགྱུར། །བུ་སེང་གེ་ཁྱུང་གི་ཕྲུག་གུ་བཞིན། །སློབ་མ་བས་ཀྱང་ཡང་སློབ་བཟང་། །ཐེག་པ་ཆེན་པོའི་དོན་རྟོགས་ནས། །ལས་ཅན་སྨིན་དང་གྲོལ་གྱུར་པའི། །སྐལ་ལྡན་གདུལ་བྱའི་རྒྱལ་པོ་ཁྱོད། །ད་ནི་བོད་ཡུལ་དབུས་སུ་བྱོན། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །སྤོས་ཀྱི་ཤིང་སྣ་རྒྱས་པ་ས། །སྨན་སྣ་ཚོགས་སྐྱེ་བའི་རི་མགུལ་ན། །སྐལ་ལྡན་གདུལ་བྱ་སྣོད་ལྡན་ཡོད། །བུ་དེ་རུ་སོང་ལ་འགྲོ་དོན་མཛོད། །ཁྱོད་ཀྱིས་འགྲོ་དོན་འགྲུབ་པར་ངེས། །ཚེ་


KMC018_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བརྩེ་གདུང་ནང་མཐུན་པས། །འོད་གསལ་ངང་ལ་འདུ་འབྲལ་མེད། །ཕྱི་མ་དག་པ་མཁའ་སྤྱོད་དུ། །ཁོ་བོས་བསུས་ནས་འབྲལ་མེད་དུ། །འགྲོགས་པར་འགྱུར་ལ་གདོན་མི་ཟ། །བུ་ཁྱོད་ཀྱི་སེམས་ལ་དེ་ལྟར་ཞོག །ཅེས་གསུངས་ཤིང་ད་ཁྱོད་འདི་ནས་མཻ་ཏྲི་པའི་སར་སོང་ལ་འདོད་ཆོས་རྣམས་ནན་ཏན་གྱི་སྒོ་ནས་ཞུས་ཤིག །སྔར་བས་ཀྱང་ངེས་ཤེས་འདྲོངས་པ་ཞིག་ཡོང་བར་འདུག་གི་གསུངས་སོ། །དེ་ནས་མར་པས་བོད་ལ་འབྱོན་པར་ཐུགས་ཆས་པའི་ཚེ། པུལླ་ཧ་རིའི་ནུབ་ཕྱོགས་ཨ་མྲའི་ཚལ་གྱི་ཤིང་དྲུང་ཞིག་ཏུ་གཟིམས་པའི་ཐོ་རངས་ཤིག་ཐུགས་དགོངས་ལ། ཡང་ངས་ཚེ་འདིར་བོད་ནས་རྒྱ་གར་ལ་ལན་གསུམ་འོངས་པའི་སྔ་མ་ལ་ལོ་བཅུ་གཉིས། བར་པ་ལ་ལོ་དྲུག །ད་ལན་གསུམ་སྟེ་ཉེར་གཅིག་སོང་བ་ལས་དཔལ་ནཱ་རོ་པ་རང་གི་དྲུང་དུ་ལོ་བཅུ་དྲུག་དང་ཟླ་བ་བདུན་བསྡད་འདུག །ཆོས་བྱས་པ་ལ་གྲུབ་ཐོབ་ཀྱི་བླ་མ་རྣམས་དང་མཇལ། སྒྲ་སྐད་དང་སློབ་གཉེར་ནི་མཐར་ཕྱིན་པ་ཤེས་དགོངས་ཏེ་དགྱེས་ཤིང་བོད་དུ་འབྱོན་པ་ལ་བླ་མ་དང་མཆེད་གྲོགས་རྣམས་ཤུལ་དུ་ལུས་པ་ལ་ནི་ཐུགས་འཕྲེང་། ལམ་བར་གྱི་ཆུ་འཕྲང་ཨང་ཇག་འཇིགས་པ་རྣམས་ལ་ནི་འཚེར། སློབ་གཉེར་མཐར་ཕྱིན་གྱི་རྗེས་གདམས་ངག་ཁྱད་པར་ཅན་


KMC018_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐོབ་ནས་བོད་དུ་འབྱོན་པ་ལ་ནི་བྲོད་པའི་ཐུགས་ཉམས་དྲག་པོ་ཤར་བ་པཎ་ཆེན་ནཱ་རོ་པ་ལ་ཕྱི་ཕྱག་གི་ཚུལ་དུ་ཚོགས་མཆོད་ཅིག་ཕུལ་བའི་གྲལ་དུ་ལོ་རྒྱུས་དང་བཀའ་གནང་ཞུས་ནས། བུང་བ་རྒྱང་རིང་དུ་འཕུར་འགྲོ་བའི་སྒྲ་ལ་རྟ་དྲངས་ནས་ཡོངས་སུ་གྲགས་པའི་མགུར་ཆེན་ལམ་གླུ་རིང་མོ་འདི་བླ་མ་དང་མཆེད་ལྕམ་རྣམས་ལ་ཕུལ་ལོ།། ༈ རྗེ་འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས། །མི་ཁོ་བོའི་སྤྱི་གཙུག་རྒྱན་དུ་བཞུགས། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང་། །བོད་ཡུལ་གྱི་མར་པ་ལོ་ཙཱ་གཉིས། །སྔར་སྦྱངས་སྨོན་ལམ་གཅིག་པས་མཇལ། །ལོ་བཅུ་དྲུག་ཟླ་བ་བདུན་དུ་བསྟེན། །དུས་སྐད་ཅིག་མི་འབྲལ་འགྲོགས་པའི་ཕྱིར། །ཐུགས་ལ་མི་འདོགས་ཀྱི་སྐབས་མ་མཆིས། །དཔལ་མེ་ཏོག་མདངས་འཕྲོག་གི་དགོན་པ་འདིར། །དབང་བཞིའི་ཆུ་བོ་རྫོགས་པར་བསྐུར། །སྙན་རྒྱུད་ཀྱི་གདམས་ངག་མཐར་ཐུག་གནང་། །བླ་མེད་ཐེག་པ་མཆོག་གི་དོན། །གཉིས་མེད་རྩེ་གཅིག་མཉམ་པར་


KMC018_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །ཁ་བ་ཅན་ལྗོངས་བྱང་ཕྱོགས་སུ། །ལུང་བསྟན་རྒྱལ་ཚབ་བཀོད་པའི་ཕྱིར། །དེ་ནི་བན་ཆུང་བོད་དུ་འགྲོ། །བན་ཆུང་བོད་དུ་འགྲོ་བ་ལ། །ཤུལ་ན་འཕྲེང་བ་རྣམས་གསུམ་ཡོད། །ཡིད་ལ་གཅགས་པ་རྣམ་གསུམ་ཡོད། །ལམ་ན་འཇིགས་པ་རྣམ་གསུམ་ཡོད། །བར་ན་འཚེར་བ་རྣམ་གསུམ་ཡོད། །གདོང་ན་བྲོད་པ་རྣམ་གསུམ་ཡོད། །ངོ་མཚར་ཆེ་བ་རྣམ་གསུམ་ཡོད། །གླུ་དེ་ཡི་རྗེས་ཟློས་མ་བཤད་ན། །ཚིག་དེས་དོན་གྱི་བརྡ་མི་འཇོལ། །ཤུལ་ན་འཕྲེང་བ་རྣམ་གསུམ་ནི། །རྗེ་ནཱ་རོ་དང་མཻ་ཏྲིས་དབུ་མཛད་པའི། །གྲུབ་ཐོབ་ཀྱི་བླ་མ་བརྒྱ་རྩ་གཅིག །ཤུལ་དུ་ལུས་ཏེ་མ་བས་འཕྲེང་། །དཔལ་འཇིགས་མེད་གྲགས་པས་དབུ་མཛད་ནས། །མཆེད་དང་ལྕམ་དྲལ་བརྒྱ་རྩ་གཅིག །ཤུལ་དུ་ལུས་ཏེ་མ་བས་འཕྲེང་། །གནས་ཕུལླ་ཧ་རིས་སྣ་དྲངས་པའི། །གྲུབ་ཐོབ་ཀྱི་གནས་ཆེན་བརྒྱ་རྩ་གཅིག །ཤུལ་དུ་ལུས་


KMC018_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མ་བས་འཕྲེང་། །ཡིད་ལ་གཅགས་པ་རྣམ་གསུམ་ནི། །ལྷ་དྷརྨ་བོ་དྷི་ཨ་ཤོ་ཀ །དྲིན་ཅན་གྱི་གནས་པོ་ཕོ་མོ་རྣམས། །འབྲལ་མི་ཕོད་དེ་ཡིད་ལ་གཅགས། །བྲམ་ཟེའི་ཁྱེའུ་གསེར་འཕྲེང་ཅན། །ཤི་སྲོག་གིས་མཐུད་པའི་གྲོགས་པོ་བྱས། །འབྲལ་མི་ཕོད་དེ་ཡིད་ལ་གཅགས། །དེད་དཔོན་གྱི་བུ་མོ་སྔོ་བསངས་མ། །མཚན་ལྡན་གྱི་རིག་མར་བསྟེན་བསྟེན་ནས། །འབྲལ་མི་ཕོད་དེ་ཡིད་ལ་གཅགས། །ལམ་གྱི་འཇིགས་པ་རྣམ་གསུམ་ནི། །ཆུ་དུག་མཚོ་ཁོལ་མས་སྣ་དྲངས་ནས། །ཤར་ཆུ་བོ་གངྒཱ་ད་བཟོད་བརྒལ། །འདི་མ་མཐོང་གོང་ནས་ང་རེ་འཇིག །རི་ཨུ་ཤི་རི་ཡི་ནགས་འདབས་ན། །ཆོམ་རྐུན་གྱི་ཇག་པས་ལམ་ན་བསྒུག །འདི་མ་མཐོང་གོང་ནས་ང་རེ་འཇིགས། །གྲོང་ཁྱེར་ཏི་ར་ཧུ་ཏི་ན། །ཁྲེལ་མེད་ཀྱི་ཤོ་གམ་ཆར་ལྟར་འབབ། །འདི་མ་མཐོང་གོང་ནས་ང་རེ་འཇིགས། །བར་གྱི་འཚེར་བ་རྣམ་གསུམ་ནི། །འཕྲང་པ་ལ་ཧ་ཏི་མ་གཏོགས་པ། །དཔྱ་འཕྲང་ཟམ་པ་


KMC018_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་གཅིག །ཀྱེ་མ་དངུལ་ཆུ་བས་ཀྱང་འཚེར། །ལ་ཁ་ལ་བྱེ་ལ་མ་གཏོགས་པ། །ལ་ཆེན་ལ་ཆུང་བརྒྱད་ཅུ་གཅིག །ཀྱེ་མ་དངུལ་ཆུ་བས་ཀྱང་འཚེར། །ཐང་དཔལ་མོ་དཔལ་ཐང་མ་གཏོགས་པ། །ཐང་ཆེན་ཐང་ཆུང་བརྒྱད་ཅུ་གཅིག །ཀྱེ་མ་དངུལ་ཆུ་བས་ཀྱང་འཚེར། །གདོང་གི་བྲོད་པ་རྣམ་གསུམ་ནི། །སྒྲ་ཀ་ལ་ཙཱནྡྲས་སྣ་དྲངས་ནས། །སྐད་སྣ་བརྒྱ་དང་རྩ་བརྒྱད་ཤེས། །གྲོགས་ལོ་ཙཱ་ཚོགས་ན་ང་རེ་བྲོད། །དགྱེས་རྡོར་གདན་བཞིས་སྣ་དྲངས་ནས། །རྒྱུད་འགྲེལ་བ་རྒྱ་དང་རྩ་བརྒྱད་ཤེས། །གྲོགས་སྟོན་ཆེན་ཚོགས་ན་ང་རེ་བྲོད། །བཀའ་བཞིའི་གདམས་པས་སྣ་དྲངས་ནས། །སྙན་རྒྱུད་བརྒྱ་དང་རྩ་བརྒྱད་ཤེས། །གྲོགས་སྒོམ་ཆེན་ཚོགས་ན་ང་རེ་བྲོད། །ངོ་མཚར་ཆེ་བ་རྣམས་གསུམ་ནི། །བསྲེ་དང་འཕོ་བ་མ་གཏོགས་པའི། །ཁྱད་ཆོས་བརྒྱ་དང་རྩ་བརྒྱད་ཤེས། །ཆེ་ན་ངོ་མཚར་དེ་ཆེ་མོད། །དུད་སོལ་ལྷ་མོ་མ་གཏོགས་པའི། །བསྟན་སྲུང་བརྒྱ་


KMC018_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྩ་བརྒྱད་ཤེས། །ཆེ་ན་ངོ་མཚར་དེ་ཆེ་མོད། །རིམ་ལྔའི་སྨར་ཁྲིད་མ་གཏོགས་པའི། །རྫོགས་རིམ་བརྒྱ་དང་རྩ་བརྒྱད་ཤེས། །ཆེ་ན་ངོ་མཚར་དེ་ཆེ་མོད། །དེ་ཐམས་ཅད་བླ་མ་རྗེ་ཡི་དྲིན། །འབངས་དྲིན་ལན་གཞལ་གྱིས་མི་འཁོར་བས། །རྗེ་མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས། །དེ་འོག་མཆེད་དང་ལྕམ་དྲལ་རྣམས། །བན་ཆུང་བོད་དུ་འགྲོ་བ་ལ། །རྐྱེན་བར་ཆད་མེད་པའི་སྨོན་ལམ་ཞུ། །དུས་ད་ནི་མཇལ་བར་ཡོང་མ་མཆིས། །དཔལ་ཨུ་རྒྱན་ཡུལ་ལམ་མཁའ་སྤྱོད་དུ། །ཚེ་ཕྱི་མ་ཅིས་ཀྱང་མཇལ་བར་ཞུ། །ཞེས་བླ་མ་ལོ་ཙཱ་བས་མགུར་དེ་བཞེངས་པས། མཆེད་གྲོགས་གོང་མར་གྱུར་པ་བྲམ་ཟེ་སུ་མ་ཏི་ཀཱིརྟི་དང་། རྣལ་འབྱོར་མ་སུ་ཁ་དྷཱ་རི་ལ་སོགས་པ་བརྒྱད་ཀྱིས་སྤྱན་ཆབ་ཤོར་རོ། །དེ་ནས་རྗེ་མར་པས་བླ་མའི་སྐུའི་དཀྱིལ་འཁོར་ལ་དབང་བཞི་ཞུས་སྨོན་ལམ་བཏབ་ནས་བྱོན་པ་ལ། མཆེད་ལྕམ་གཤེགས་སྐྱེལ་བ་རྣམས་ཀྱིས་སྐུ་ཆས་ཀུན་བསྣམས། རྗེ་མར་པ་རང་གིས་པུལླ་ཧ་རིའི་རྡོ་སྐས་ཀྱི་རྩ་བར་མ་ཕེབས་བར་ཕྱི་འགྲོས་ཀྱི་བླ་མ་ལ་གོམ་པ་རེ་ལ་ཕྱག་རེ་དང་ཐེམ་སྐས་རེའི་སྟེང་ནས་ཕྱག་རེ་ཕུལ་


KMC018_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། རྡོ་སྐས་རྫོགས་མཚམས་སུ་བླ་མ་ལ་གདུང་ཤུགས་དྲག་པོས་ཕྱག་མང་དུ་བཙལ་བའི་ས་དེར་ཡང་རྡོ་ལ་རྗེ་མར་པའི་ཞབས་རྗེས་ཤིག་བྱུང་བ་ད་ལྟ་ཡང་ཡོད་དོ། །གསུམ་པ་བོད་ལ་བྱོན་ཚུལ་ནི། དེ་ནས་མཻ་ཏྲི་པ་དང་དཔལ་ཞི་བ་བཟང་པོ་ཡེ་ཤེས་སྙིང་པོ་ལ་སོགས་པ་བཀའ་དྲིན་ཅན་གྱི་བླ་མ་རྣམས་ལ་ཕྱི་ཕྱག་ཕུལ་ནས། དགུན་བལ་པོར་སྙེལ་གསོ་ཞིང་བཞུགས་པའི་ཐུགས་དགོངས་དང་། བོད་ལ་ཚུར་བྱོན་ཏེ་བལ་པོ་ཕམ་མཐིང་དུ་ཕེབས་པ་དང་། སྤྱི་ཐེར་བ་ཆོས་ཀྱི་སྤྱན་ཅན་དེ་ནི་སྐུ་ཡལ་འདུག་པིཎྜ་པས་ཐོག་དྲངས་པའི་མཆེད་ལྕམ་མང་པོས་སྣ་ལེན་དུ་ཚོགས་འཁོར་ཞིག་བཤམས་པའི་གྲལ་དུ་པིཎྜ་པའི་ཞལ་ནས། ལོ་ཙཱ་བ་ཁྱེད་ལ་ངས་དང་པོ་ནས་ཁྱེད་དཔོན་སློབ་ཀྱི་ཐུགས་རྗེ་དང་མོས་གུས་ནང་མཐུན་པས་ཞལ་མཇལ་བར་ངེས་བྱས་པ་ལྟར་ཞལ་མཇལ་བའི་སྙན་པ་ནི་སྔར་ནས་ཐོས། རང་རེ་གཉིས་བསྡེབས་ནས་བཙལ་བ་མ་གཏོགས་གཞན་གང་དང་གང་དུ་བཙལ། བླ་མ་དང་ཞལ་གང་དུ་མཇལ། སྐུ་ཆེ་བའི་ཡོན་ཏན་དང་ངོ་མཚར་ཆེ་བའི་ལྟས་ཅི་འདྲ་བ་མཐོང་། ནཱ་རོ་མཻ་ཏྲི་གཉིས་མ་གཏོགས་པ་བླ་མ་དུ་ཙམ་བསྟེན། ངེད་རྣམས་ཀྱི་ཚོགས་ཆུང་འདི་ཁྱེད་བར་ཆད་མེད་པར་འདིར་བྱོན་པའི་དགའ་སྟོན་ཡིན། ཁྱེད་ཀྱི་ཀྱང་སྐྱེས་ཁ་ལ་དྲི་བ་དེ་དག་གི་ལན་དུ་གླུ་ཞིག་ལོང་མཛོད་གསུངས་པའི་ལན་དུ་ཡིད་གདུང་ཤུགས་སྐྱོ་བ་སེལ་


KMC018_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་ཆོས་སྐྱོང་གི་བཤུག་གླུའི་སྐད་ལ་རྟ་དྲངས་ཏེ་བླ་མ་དང་མཇལ་ཚུལ་ངོ་མཚར་ལྟས་བརྒྱད་ཀྱི་མགུར་ཆེན་འདི་བླ་མ་དང་མཆེད་ལྕམ་རྣམས་ལ་ཕུལ་ལོ།། ༈ དཔལ་ཀ་ན་ཀ་ཤྲཱིས་དབུ་མཛད་པའི། །འདིར་བཞུགས་གསོན་ཅིག་མཆེད་ལྕམ་རྣམས། །མི་ང་རང་གང་ཡིན་ཟེར་ཙ་ན། །མཚན་སྙན་མར་པ་ལོ་ཙཱ་ཡིན། །ལྟེ་བ་བོད་ཡུལ་དབུས་སུ་བཅད། །སྦྱངས་པ་ལྷོ་བལ་རྒྱ་རུ་བྱས། །རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན། །དུས་ད་རེས་ནན་ཏན་ཞུ་ཏིག་བྱས། །ཞབས་པད་སྤྱི་བོར་རེག་མཛད་ཅིང་། །གསུང་དོན་བདུད་རྩི་རྗེས་གནང་བའི། །སྤྱིར་ཆོས་འབྲེལ་བ་ཙམ་གྱི་བླ་མ་མང་། །དཔལ་སིངྒ་གླིང་པས་སྣ་དྲངས་པའི། །མངོན་ཤེས་རིག་པ་མངའ་བརྙེས་ཤིང་། །སྣང་བ་འགྱུར་ངེས་བཅུ་གསུམ་བཞུགས། །ཀུན་གྱི་ནང་ནས་མཆོད་སྡོང་བཞིན། །རྗེ་འགྲན་གྱི་དོ་མེད་ནཱ་རོ་པ། །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །རྗེ་ཁོང་གི་དྲིན་ལ་འཁོར་ཐབས་མེད། །ཕ་ཡིད་ལ་གཅགས་སོ་སྤྲུལ་པའི་སྐུ། །མི་ཁོ་བོས་མ་


KMC018_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་ས་ཕྱོགས་མེད། །ཞལ་ཡང་དེ་མཇལ་དེ་མ་མཇལ། །རི་མུན་པ་ཅན་གྱི་ནགས་འདབས་སུ། །ངོ་མཚར་ཤེལ་གྱི་ཕ་བོང་ལ། །རྒྱ་ཡིས་འབུར་དུ་བཀོད་པ་བཞིན། །ཕ་རྗེ་བཙུན་གཤེགས་པའི་ཞབས་རྗེས་མཐོང་། །ལར་ངོ་མཚར་ཆེ་ན་དེ་ཆེ་མོད། །ཤིང་ཙནྡན་སྨན་གྱི་སྡོང་པོ་ལ། །ནཱ་རོའི་ཐུགས་རྗེའི་རྣམ་འཕྲུལ་གྱིས། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་ཡི། །ཡུམ་ལྷན་ཅིག་སྐྱེས་མའི་ཐུགས་ཀ་ནས། །ཨཱཥྚ་སྔགས་ཀྱི་འཁོར་ལོ་དེ། །སྤུ་ཤད་རྩེ་མོས་བྲིས་འདྲ་ལས། །འོད་ཟེར་སྣ་ཚོགས་འཕྲོ་བ་ཡིས། །བདག་ལ་རྗེས་སུ་གནང་བར་མཛད། །ངོ་མཚར་ཆེ་ན་དེ་ཆེ་མོད། །ང་རང་དབང་མེད་པར་མཆི་མ་ཤོར། །ངུ་སྙིང་འདོད་པའི་གདུང་སེམས་སྐྱེས། །རབ་ཏུ་མ་བཟོད་སྨྲེ་སྔགས་བཏོན། །རྩེ་གཅིག་ཡིད་ཀྱིས་གསོལ་བ་བཏབ། །ཐུགས་རྗེས་གཟིགས་ནས་མདུན་དུ་བྱོན། །མཐོང་ལམ་ལྟ་བུའི་དགའ་བ་སྐྱེས། །ངོ་མཚར་ཆེ་ན་དེ་ཆེ་མོད། །ངས་དཀོན་


KMC018_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིན་ཆེན་གསེར་ཕྱེ་ཕུལ། །ང་ནི་དེ་ཀུན་མི་འདོད་གསུངས། །ཡང་ཡང་བསྐྱར་ཏེ་བཞེས་པར་ཞུས། །ཕ་བླ་མ་དཀོན་མཆོག་མཆོད་ཅིག་གསུང་། །སྟོས་མེད་ནགས་ཀྱི་གསེབ་ཏུ་གཏོར། །ཁོ་བོ་ཕངས་སེམས་སྐྱེས་པ་ལ། །ཁྱོད་འདོད་ན་སླར་ཡང་ཡོད་དོ་གསུངས། །ཕྱག་ཐལ་སྦྱར་སྙིམ་པ་ཁ་ཕྱེ་བས། །མ་གོད་མ་ཉམས་སྔ་མ་བཞིན། །ངོ་མཚར་ཆེ་ན་དེ་ཆེ་མོད། །ཞབས་མཐེ་བོང་ས་ལ་བརྡབས་པ་ལས། །རྡོ་དང་གསེག་མ་གསེར་དུ་གྱུར། །ཐམས་ཅད་གསེར་གླིང་ཡིན་ནོ་གསུངས། །ངོ་མཚར་ཆེ་ན་དེ་ཆེ་མོད། །སྤྱན་ལྟ་སྟངས་མཁའ་ལ་གཟིགས་པ་ཡིས། །ལྟང་དཀར་ཉ་ཡི་ཁོག་པ་ནས། །ཚོགས་ཀྱི་འཁོར་ལོའི་མཆོད་པ་བཤམས། །རོ་བརྒྱ་ལྡན་པའི་ཁ་ཟས་བྱུང་། །ངོ་མཚར་ཆེ་ན་དེ་ཆེ་མོད། །ཡན་ལག་བརྒྱད་ལྡན་རྫིང་བུ་རུ། །ཁྲུས་བྱས་སྲུང་འཁོར་ཁྭ་ཏས་ཁྱེར། །ལྟ་སྟངས་སྡིགས་མཛུབ་མཛད་མ་ཐག །ཁྭ་ཏ་རེངས་ནས་ས་ལ་ལྷུང་། །བར་ཆད་བདུད་


KMC018_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་ལོ་གསུངས། །ངོ་མཚར་ཆེ་ན་དེ་ཆེ་མོད། །ཁྱེད་འདི་རུ་མ་འདུག་བོད་ལ་སོང་། །ལྗོངས་བྱང་ཕྱོགས་ཁ་བ་ཅན་རྒྱུད་ན། །གདུལ་བྱ་སྣོད་ལྡན་ཡོད་དོ་ཞེས། །ལུང་བསྟན་རྗེས་སུ་གནང་བ་ཐོབ། །ངོ་མཚར་ཆེ་ན་དེ་ཆེ་མོད། །སྤྲུལ་སྐུ་ནཱ་རོ་པཎ་ཆེན་ལ། །ངོ་མཚར་ཅན་གྱི་མཐོང་ལུགས་བརྒྱད། །ཁྱོད་རྡོ་རྗེ་སྤུན་རྣམས་མ་གཏོགས་པ། །ཁོང་གཞན་ལ་བཟླས་ན་ཡིད་མི་ཆེས། །ད་དུང་བསྟན་པའི་སྙིགས་མ་ལ། །ལོག་རྟོག་སྐྱེ་བོ་ཕྲག་དོག་ཆེ། །ཡོན་ཏན་བརྗོད་ན་སྒྲོ་སྐུར་འདེབས། །དེ་ཕྱིར་རང་མིན་གཞན་རྣམས་ལ། །བཀའ་མཆེད་མི་སྤེལ་གསང་བར་ཞུ། །དབྱངས་མཆོད་པར་འབུལ་ལོ་བླ་མ་རྗེ། །ཐུགས་དགྱེས་པར་མཛོད་ཅིག་སྙིང་གྲོགས་རྣམས། །ཞེས་གསུངས་པས་ཀུན་ཐུགས་མཉེས་པར་གྱུར་ཏོ། །ཡང་དེ་ནུབ་སྤྱི་ཐེར་བའི་དུས་མཆོད་དང་ཚེས་བཅུའི་མཆོད་པ་ལྷན་ཅིག་བྱེད་པའི་སར། དགེ་སློང་འཇིགས་མེད་གྲགས་པས་དབུ་མཛད་རྣལ་འབྱོར་ཕོ་མོ་ཉི་ཤུ་ཙམ་ཚོགས་པའི་གྲལ་དུ། དགེ་སློང་འཇིགས་མེད་གྲགས་པ་


KMC018_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ན་རེ། སྤྱིར་ཡང་ཁྱེད་བོད་གླུ་མཁས་པ་ཡིན་ཞིང་ཁྱད་པར་དུ་ལོ་ཙཱ་བ་ཁྱོད་རྒྱ་གར་དུ་ཡུན་རིང་བཞུགས་པ་ལ་སྲོག་ལ་བར་ཆད་མེད་པར་སློབ་གཉེར་མཐར་ཕྱིན་འདུག་པས་བཀྲ་ཤིས་པའི་གླུ་ཞིག་ལེན་དགོས། ཁྱེད་ཀྱི་བླ་མ་མཻ་ཏྲི་པ་དེ་ལྟ་བ་གཙོ་བོར་སྟོན་པ་ཡིན་ཟེར་བས་ཁོང་གི་དགོངས་པ་ཇི་ལྟར་བཞེད་འདྲིར་བྱུང་བས། དེའི་ལན་དུ་མཻ་ཏྲི་པའི་བཞེད་གཞུང་གི་མགུར་འདི་བཞེངས་པར་གདའ། ༈ དཔལ་རི་ཁྲོད་ཞབས་ཀྱིས་བྱིན་བརླབས་ཤིང་། །དགོངས་པའི་མཐར་ཐུག་སྙིང་པོའི་དོན། །ཆོས་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པ། །རྗེ་མངའ་བདག་ཆེན་པོའི་ཞབས་ལ་འདུད། །གྲོགས་སྙིང་དང་འདྲ་བའི་རྡོ་རྗེ་སྤུན། །འབྲལ་ཐབས་མེད་དོ་མཆེད་ལྕམ་རྣམས། །ཐ་དད་ལུས་ལ་སེམས་རྒྱུད་གཅིག །དཔལ་འཇིགས་མེད་གྲགས་པ་མ་ལགས་སམ། །ང་རྒྱ་གར་ཡུལ་ནས་ཡོངས་པ་དང་། །ཁྱེད་བལ་ཡུལ་མཐིལ་ན་བཞུགས་པ་གཉིས། །ཚེ་འདུ་བྱེད་དབང་དུ་མ་ཐལ་བར། །ཁ་སང་དེ་རིང་དུས་བཟང་ལ། །མཁའ་འགྲོ་མཆོད་པའི་ཚོགས་གྲལ་དུ། །དུས་མཚུངས་ཞལ་ཡང་འཛོམ་པ་དེ། །དམ་ཚིག་


KMC018_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ལྐོག་མེད་པར་ངེས། །མི་ཁོ་བོ་ཤིན་ཏུ་སྤྲོ་བ་སྐྱེས། ཁྱེད་དགའ་རུ་ཚོར་རམ་འདིར་བཞུགས་རྣམས། །ང་བློ་རྨོངས་བོད་ཀྱི་བན་ཆུང་ལ། །མི་ཁྱེད་ཀྱིས་མཚན་སྙན་ལོ་ཙྭར་བཏགས། །ཁྱོད་སྒྲ་སྒྱུར་བོད་ཀྱིས་གླུ་ལོང་ཟེར། །ངག་མགྲིན་པའི་གྲེ་འགྱུར་མི་བདེ་ཡང་། །ཁྱེད་གོང་མ་རྣམས་ཀྱི་བཀའ་མ་ཆོག །རྗེ་ནཱ་རོ་མཻ་ཏྲི་རྣམ་གཉིས་ལ། །སྐུ་དྲིན་རྗེས་སུ་དྲན་པའི་གླུ། །ངོ་མཚར་ཅན་གྱི་མཐོང་ལུགས་ཡོད། །སྙན་ལྷན་ནེ་གསོན་ཅིག་མཆེད་གྲོགས་རྣམས། །རྗེ་རྟོགས་པ་ཅན་གྱི་མཻ་ཏྲི་པ། །མི་ཁོང་གི་སྙན་པ་རྒྱང་ནས་འཁུམས། །སྤྲུལ་སྐུའི་བཞུགས་གནས་རྒྱ་གར་ཡུལ། །ལྗོངས་ཡངས་པ་ཅན་གྱི་གྲོང་ཁྱེར་དུ། །ས་སྐྱོང་རྒྱལ་པོའི་ཅོད་པན་གྱིས། །ཞབས་ཀྱི་ཟེའུ་འབྲུ་བསྟེན་མཛད་ཅིང་། །གནས་ལྔ་རིག་པའི་པཎ་ཆེན་རྣམས། །མངའ་བདག་གཙུག་གི་རྒྱན་ཡིན་ཞེས། །སྙན་པའི་བ་དན་ཕྱོགས་བཅུར་གྲགས། །ཆོ་འཕྲུལ་བྱ་ཡི་ལོ་དུས་སུ། །བདེ་


KMC018_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་མཆོད་པ་མངའ་མཛད་ཕྱིར། །མཚན་མངའ་བདག་ཅེས་བྱར་ཡོངས་སུ་གྲགས། །རྗེ་སངས་རྒྱས་དེ་ཡི་ཞལ་སྔ་ནས། །ཐེག་པའི་མཐར་ཐུག་སྙིང་པོའི་དོན། །ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས། །ཕྱི་གཟུང་བ་ཡུལ་གྱི་སྣང་བ་འདི། །བདེ་བ་ཆེན་པོར་རྒྱུན་ཆད་མེད་། །སྐྱེ་མེད་ཆོས་ཀྱི་སྐུ་རུ་རྟོགས། །ནང་འཛིན་པ་སེམས་ཀྱི་རྣམ་ཤེས་འདི། །འགྱུ་བ་ངོས་བཟུང་མེད་པའི་ཕྱིར། །རིག་པ་རྟེན་མེད་གཅེར་བུར་མཐོང་། །སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །གདོད་ནས་མ་གྲུབ་སྐྱེ་བ་མེད། །ངོ་བོ་སྤྲོས་དང་བྲལ་བར་རྟོགས། །འཁོར་བ་སྤང་བྱར་མི་འདོད་ཅིང་། །མྱ་ངན་འདས་པ་བསྒྲུབ་བྱར་མེད། །འཁོར་འདས་རང་གྲོལ་གཉུག་མའི་ངང་། །ཟུང་འཇུག་བདེ་བ་ཆེན་པོར་རྟོགས། །དུས་གསུམ་སངས་རྒྱས་ཐུགས་ཕྱུང་ཡང་། །མཐར་ཐུག་དེ་ལས་མེད་དོ་གསུངས། །མི་ཁོ་བོའི་སྒྲོ་འདོགས་དེ་ནས་ཆོད། །རྗེ་མཻ་ཏྲི་ཆེན་པོའི་བཞེད་པ་ཡིན། །ཁྱེད་ལྟ་བ་བཞེད་


KMC018_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེ་ལ་མཛོད། །དབྱངས་མཆོད་པར་འབུལ་ལོ་དཀོན་མཆོག་གསུམ། །ཐུགས་དགྱེས་པར་མཛོད་ཅིག་གདན་གང་རྣམས། །ཞེས་གསུངས་པས་ཁོང་རྣམས་རྗེ་མར་པ་ལ་ལྷག་པར་ངོ་མཚར་སྐྱེས་སོ། །དེ་ནས་མེ་ཛ་གླིང་ན་བླ་མ་མི་མཉམ་རྡོ་རྗེ་ཞེས་བྱ་བ་མངའ་བདག་མཻ་ཏྲི་པས་བསྡུས་པའི་མཆེད་གྲོགས་ཡིན་ཞིང་རྗེ་རང་གིས་ཀྱང་ཀྲི་ཡ་ཚར་གཅིག་གསན་པའི་སློབ་དཔོན་ཡང་ཡིན་པ་ཞིག་ཡོད་པ་དེའི་དྲུང་དུ་ཕྱག་སྐྱེལ་དུ་བྱོན་པས། ཁོང་གི་གྲོགས་པོ་ཁ་ཆེའི་ལྷ་བཟོ་ཞིག་གིས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཞིག་གི་རབ་གནས་མཛད་ཅིང་གདའ་བ་ལ། དེའི་ཚོགས་གྲལ་དུ་བྱོན་པས་ཁོང་རྣམས་ན་རེ། ལོ་ཙཱ་བ་ཁྱོད་ཀྱིས་རྒྱ་གར་དུ་བྱོན་ཡུན་རིང་པོ་བཞུགས། ཁྱེད་ཀྱི་བླ་མ་ནཱ་རོ་པ་དེ་སྐུ་སྙན་པ་ཤིན་ཏུ་ཆེ་བར་གདའ་བ། ཁོང་གི་དྲུང་དུ་ཁྱེད་ཀྱིས་ཇི་ཙམ་བཞུགས། ཆོས་ནི་གང་གསན། ཁྱེད་རང་ལ་ཁོང་དུ་ཆུད་པའི་གདེངས་ཅི་ཡོད། ཁྱེད་ཀྱིས་རྒྱ་གར་ནས་བྱོན་པའི་སྐྱེས་སུ་གླུ་ཞིག་ལོང་ཟེར་བའི་ལན་དུ། ནཱ་རོ་པ་དང་མཇལ་ལུགས་ཀྱི་མགུར་འདི་བཞེངས་སོ།། ༈ རྗེ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །ང་མོས་པའི་བུ་ཡི་ལམ་སྣ་དྲོངས། །ལར་མི་ང་ལ་གླུ་ལོང་


KMC018_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མི་རིགས་ཏེ། །ཁྱེད་མཆེད་གྲོགས་གོང་མའི་གསུང་མ་ཆོག །ད་ནི་འཆི་བྲོད་ཀྱི་གླུ་ཞིག་ལེན། །ཁྱེད་གདན་གང་ཐུགས་ལ་འདི་བཞེས་ལ། །ཆོས་ཚུལ་བཞིན་ཉམས་སུ་ལེན་པར་ཞུ། །ང་བོད་ཡུལ་གྱི་མར་པ་ལོ་ཙཱ་དང་། །རྒྱ་གར་གྱི་ནཱ་རོ་པཎ་ཆེན་གཉིས། །ལྗོངས་མེ་ཏོག་རྒྱས་པའི་གྲོང་ཁྱེར་དང་། །རི་བོ་གསེར་གླིང་གི་དགོན་པར་མཇལ། །དེ་ཚེ་རབས་ཀྱི་སྨོན་ལམ་དག་པ་འདྲ། །གནས་བྱིན་རླབས་ཅན་དུ་གྲགས་པ་དེར། །སྐུ་སྙན་པ་ཅན་གྱི་རྗེ་བཙུན་དེ། །ལོ་བཅུ་དྲུག་ཟླ་བ་བདུན་དུ་བསྟེན། །དབང་བཞི་ཡོངས་རྫོགས་ལན་བདུན་ཞུས། །དཔལ་བདེ་མཆོག་འཁོར་ལོའི་བྱིན་རླབས་མཛད། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་གསུངས། །ཡི་དམ་ལྷན་ཅིག་སྐྱེས་མ་གནང་། །གདམས་ངག་སྐོར་ཚེ་སྐོར་ཚེ་ཞུས། །ལམ་རྩ་དང་རླུང་ལ་སྦར་འཛིན་བྱས། །སངས་རྒྱས་ལག་པའི་མཐིལ་ན་གདའ། །དུས་ལན་ཅིག་འཆི་བའི་ཚུལ་སྟོན་ཏེ། །རྣམ་སྨིན་གྱི་ལུས་རྒྱ་གྲོལ་བའི་


KMC018_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །འདའ་ཀ་ཟབ་མོའི་གདིངས་ཡོད་དེ། །བསྲེ་འཕོ་གནད་ཀྱི་མཚམས་སྦྱར་ནས། །དཔའ་བོ་དཔའ་མོའི་བསུ་བ་ཡོང་། །རྒྱལ་མཚན་རོལ་མོའི་སྒྲ་དང་བཅས། །བདེ་ཆེན་མཁའ་སྤྱོད་གནས་སུ་འགྲོ། །དཔལ་ནཱ་རོ་པ་དང་མཇལ་བར་ངེས། །ད་ནི་འཆི་ཡང་ང་རེ་བྲོད། །ཁྱོད་འདིར་བཞུགས་ཀྱི་ཇོ་བོ་སྔགས་པ་ཀུན། །དོན་སྙན་རྒྱུད་ཀྱི་ངོ་སྤྲོད་མི་མངའ་བར། །བཤད་རྒྱུད་ཚིག་གི་ཐ་སྙད་ལ། །ཚེ་གཅིག་སངས་རྒྱས་མ་རེ་མཛོད། །ལར་སྙིང་ནས་དམ་ཆོས་མཛད་དགོངས་ན། །ནཱ་རོ་མཻ་ཏྲི་བརྒྱུད་པ་ཟུངས། །བུ་སློབ་མ་བས་ཀྱང་ཡང་སློབ་བཟང་། །བདེ་ནས་བདེ་བར་འགྲོ་སྟེ་མཆི། །དབྱངས་སྙན་དུ་བྱོན་ནམ་འདིར་བཞུགས་རྣམས། །དོན་འཁྲུལ་པར་གདའ་ན་བཟོད་པར་བཞེས། །ཞེས་གསུངས་པས་ཁོང་རྣམས་ན་རེ། ལོ་ཙཱ་བ་ཁྱེད་ལ་སྤྱིར་བལ་པོ་ཕན་ཆད་ན་བླ་མ་དུ་བཞུགས། བླ་མའི་གཙོ་བོ་རང་གང་ལ་བགྱིད། མངའ་བདག་གི་ཞབས་དྲུང་དུ་བསྡད་པ་ལ་སྐུ་ཆེ་བའི་ཡོན་ཏན་ཅི་འདྲ་མཐོང་། གདམས་པའི་


KMC018_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ནི་ཅི་ཞུས་འདྲིར་བྱུང་བས། ཡང་ལོ་ཙཱ་བས་དེའི་ལན་དུ་མགུར་འདི་བཞེངས་སོ། །བྲམ་ཟེ་ཆེན་པོའི་གདུང་འཚོབ་པའི། །མཐའ་བྲལ་གཉུག་མའི་དོན་རྟོགས་ཕྱིར། །དཔེ་མེད་ནམ་མཁའི་རྣལ་འབྱོར་པ། །མཚན་མཻ་ཏྲི་ཞེས་བྱར་ཡོངས་སུ་གྲགས། །ཕ་རྗེ་བཙུན་དེ་ཡི་བཀའ་སྲོལ་འཛིན། །ལམ་འབྲལ་མེད་སྒོམ་གྱི་རྣལ་འབྱོར་པ། །མི་ང་རང་མར་པ་ལོ་ཙཱ་འདི། །སྐྱེ་ས་ཕམ་སྟེ་འགྲོ་ས་རྒྱལ། །རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན། །ལུས་སྲོག་ལ་མ་བལྟས་དམ་ཆོས་བཙལ། །རྗེ་སྤྲུལ་སྐུ་སངས་རྒྱས་རྣམས་དང་མཇལ། །དབང་གདམས་ངག་བཅས་པ་ཐུགས་ལ་བཏགས། །དུས་ད་རེས་དྲིན་ལན་སྐྱེལ་དུ་མཆིས། །ལར་ཁྱེད་ལ་བླ་མ་དུ་ཡོད་གསུངས། །ཆོས་སྨོན་ལམ་གྱི་འབྲེལ་པ་བཅུ་གསུམ་བཞུགས། །ཁྱད་པར་གྲུབ་ཐོབ་ཞལ་ལྔ་བཞུགས། །རྗེ་འགྲན་གྱི་དོ་མེད་རྣམ་གཉིས་བཞུགས། །གཙོ་བོ་པཎ་ཆེན་ནཱ་རོ་པ། །དེ་འོག་རྒྱལ་སྲས་མཻ་ཏྲི་པ། །ཁོང་ལྷག་པར་མ་བས་བརྩེ་བའི་ཕྱིར། །


KMC018_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་ཡིད་ལ་འཕྲེང་ནས་ཀྱང་། །ཤར་ཆུ་བོ་གངྒའི་འགྲམ་དུ་ཕྱིན། །རི་མེ་ལྟར་འབར་བའི་དགོན་པ་རུ། །ཤིང་ནྱ་གྲོ་དྷ་ཡི་བསིལ་གྲིབ་ཏུ། །རྗེ་མངའ་བདག་ཆེན་པོ་བཞུགས་པ་མཐོང་། །ས་དང་པོ་ལྟ་བུའི་དགའ་བ་སྐྱེས། །ཌཱ་ཀི་མཉེས་པའི་མཆོད་པ་ཕུལ། །བླ་མ་མཉེས་པའི་མཎྜལ་ལ། །གུ་ལང་གསེར་གྱིས་མེ་ཏོག་བཀོད། །ལུས་ཀྱིས་ཐལ་སྦྱར་རྐྱང་ཕྱག་འཚལ། །སེམས་རྩེ་གཅིག་གདུང་བས་གསོལ་བ་བཏབ། །རྒྱུད་ཟབ་མོ་བསྟོད་པ་གླུར་བླངས་དང་། །ཡི་དམ་དགྱེས་པ་རྡོ་རྗེ་ཞུས། །མཐར་ཐུག་ཕྱག་རྒྱ་ཆེན་པོ་གནང་། །དཔལ་གཉིས་མེད་ཨ་བ་དྷུ་ཏི་པ། །ཕ་རྗེ་བཙུན་དེ་ཡིས་ཐུགས་རྗེས་བཟུངས་། །ནང་ཟབ་མོ་བརྡ་ཡི་དབང་བཞི་བསྐུར། །རྒྱུད་ཡོངས་སུ་དག་པར་བྱིན་གྱིས་བརླབས། །གཞི་འདུན་པའི་ས་བོན་གཏིང་ནས་གཡོས། །ནང་རིག་པ་སེམས་ཀྱི་འདུག་ཚུལ་དེ། །འོད་གསལ་རྒྱུན་ཆད་མེད་པའི་ཕྱིར། །མ་བཅོས་གཉུག་མའི་ངོ་བོ་


KMC018_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །གློ་བུར་གྱི་རྣམ་རྟོག་དབྱིངས་སུ་ཐིམ། །ཟག་མེད་ཀྱི་བདེ་བ་ནང་ནས་ཤར། །གདོད་ནས་དག་པ་ཀུན་གཞིའི་རྒྱུད། །གཞི་ལམ་སྐུ་གསུམ་གཏན་ལ་ཕབ། །སེམས་ཆོས་ཉིད་མ་དང་ཞལ་ཡང་མཇལ། །དུས་ད་རེས་ངོ་མཚར་ཆེ་བའི་ལྟས། །སྒྲོན་ཤིང་མར་མེ་མཛུབ་གང་ལ། །ཞག་བདུན་བར་དུ་སྣང་བ་བྱུང་། །བེམ་པོར་གྱུར་པའི་ལྗོན་ཤིང་དེས། །རབ་ཏུ་མ་བཟོད་གཡོ་འགུལ་བྱས། །སྤྲུལ་པའི་ལྕེ་སྤྱང་དམར་པོ་བདུན། །དངོས་སུ་གཏོར་མ་ལེན་པ་མཐོང་། །ས་གསུམ་གནས་པའི་མཁའ་འགྲོ་རྣམས། །གཟུགས་མེད་སྔགས་ཀྱི་རང་སྒྲ་སྒྲོགས། །བར་སྣང་གང་བའི་ཞིང་སྐྱོང་རྣམས། །སྣ་ཚོགས་རོལ་མོ་སྒྲོགས་པ་ཐོས། །ཁྱོད་སྐྱེ་བ་གསུམ་གྱི་འོག་རོལ་ཏུ། །མཆོག་གི་དངོས་གྲུབ་ཐོབ་བོ་ཞེས། །རྗེ་མངའ་བདག་ཆེན་པོའི་ཞལ་ནས་ཐོས། །ལར་མི་ང་རང་ངན་ཏེ་བླ་མ་བཟང་། །ཆོས་ལྟ་བའི་ཡང་རྩེ་ཕུ་ཐག་ཆོད། །ལམ་གྲུབ་མཐའ་དམའ་བའི་དོགས་མ་མཆིས། །


KMC018_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཻ་ཏྲི་ཆེན་པོའི་བཞེད་པ་ལགས། །མི་ཁྱེད་ཀྱི་ཐུགས་དགྱེས་དེ་ལ་མཛོད། །ཅེས་བླ་མ་མི་མཉམ་རྡོ་རྗེས་དབུ་མཛད་མཆེད་གྲོགས་རྣམས་ལ་བྱོན་སྐྱེས་སུ་ཕུལ་བར་གདའ། དེ་ནས་རྗེ་མར་པ་དེ་ཉིད་བལ་ཡུལ་རིན་ཆེན་ཚུལ་གྱི་གཙུག་ལག་ཁང་ན་བླ་མ་པིཎྜ་པ་ལ་རལ་གཅིག་མའི་མངོན་རྟོགས་དང་བདུད་རྩི་འོད་ལྡན་གྱི་སྒྲུབ་ཐབས་དང་། རྫོགས་རིམ་ཁ་འཐོར་བ་འགའ་གསན་བཞིན་བཞུགས་པ་ལས། ནུབ་གཅིག་གི་མནལ་ལམ་དུ་རྫེ་མངའ་བདག་མཻ་ཏྲི་པ་སེང་གེ་ལ་ཆིབས་ནས་ནམ་མཁའ་ལ་གཤེགས་པ་རྨིས། ཕ་རྗེ་བཙུན་ཐུགས་རྗེས་གཟུང་དུ་གསོལ་ཞེས་འོ་དོད་བོས་པས་མདུན་གྱི་ནམ་མཁའ་ལ་བྱོན་ནས་མཚོན་པའི་བརྡ་བསྟན། དཔེ་དང་བྲལ་བའི་ཆོས་གསུངས། མཐའ་ལས་འདས་པའི་དོན་རྟོགས། སྔར་མ་སྐྱེས་པའི་ཉམས་ཤར་བ་རྨིས། དེར་མནལ་སད་པ་དང་བླ་མ་དྲན་ནས་མང་དུ་བཤུམས། དེའི་ཕྱི་ནུབ་བླ་མ་པིཎྜ་པ་ལ་ཆོས་ཐོན་པའི་གཏང་རག་དང་མཻ་ཏྲི་པ་ལ་གསོལ་བ་འདེབས་པའི་ཚོགས་མཆོད་བཟང་པོ་ཞིག་བཤམས་པའི་གྲལ་དུ་པིཎྜ་པའི་ཞལ་ནས། དོ་ནུབ་ཀྱི་ཚོགས་གྲལ་འདིར་ཁྱེད་རང་གི་ཐུགས་ལ་འཁྲུངས་པའི་མགུར་ཞིག་ཅིས་ཀྱང་ལེན་དགོས་གསུངས་པས་རྗེ་མར་པས་མཚན་ལྟས་ཟློས་པའི་མགུར། ཡིད་བྱིང་བ་གསེང་བར་བྱེད་པ་ཆུ་ལྕག་གཟིལ་པ་ཅན་གྱི་སྐད་ལ་རྟ་


KMC018_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི་མགུར་ཆེན་འདི་གསུངས་སོ། །རྗེ་སྙིང་པོའི་དོན་རྟོགས་ཆོས་ཀྱི་སྐུ། །མཚན་ཡོངས་སུ་གྲགས་པའི་མཻ་ཏྲི་པ། །ཁོང་བསམས་ཤིང་སྐུ་དྲིན་ཆེ་བའི་ཕྱིར། །མི་ཁོ་བོའི་ཡིད་ལ་ཤིན་ཏུ་གཅགས། །ང་རྩེ་གཅིག་གདུང་བ་རྒྱུན་མི་ཆད། །ཕ་བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ། །ཁྱེད་འདྲེན་པའི་བླ་མ་སྐུ་དྲིན་ཅན། །དཔལ་པིཎྜ་པ་ཡིས་དབུ་མཛད་ནས། །ཁྱེད་འདིར་བཞུགས་ཀྱི་རྣལ་འབྱོར་ཕོ་མོ་རྣམས། །གླུ་འདི་ལ་དར་ཅིག་སྙན་གསན་མཛོད། །དབྱངས་འདི་ལ་མཁའ་འགྲོའི་བྱིན་རླབས་ཆགས། །ང་མར་སྟོན་ཆོས་ཀྱི་བློ་གྲོས་འདི། །ཚེ་སུམ་ཆ་རྒྱ་གར་ཡུལ་དུ་བསྐྱལ། །ལོ་བཞི་བཅུའི་བར་དུ་ཐོས་བསམ་བྱས། །དུས་ན་ནིང་གདུག་པ་སྦྲུལ་གྱི་ལོ། །ཆོ་འཕྲུལ་ཁྲ་ཡི་ཟླ་བ་ལ། །མི་ཁོ་བོ་ལམ་ལ་ཞུགས་ནས་མཆི། །ཆུ་འཇིགས་སུ་རུང་བའི་གངྒཱ་བརྒལ། །རིགས་ངན་ཤི་སྐྱིད་ཀྱི་ཇག་པ་གཉིས། །ཆུ་ལ་ཉ་ལྟར་འཛུལ་ཞིང་བྱུང་། །ཐང་ལ་རྟ་ལྟར་རྒྱུག་ཅིང་བྱུང་། །ཚེ་སྔ་ཕྱི་དྲན་


KMC018_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངངས་སྐྲག་ཤོར། །ཕ་རྗེ་བཙུན་སྤྱི་བོར་བསྒོམས་པ་ལས། །ཁོང་ཡང་ཡང་བལྟ་ཞིང་ལོག་ནས་ཐལ། །སྲོག་ཆུ་ནས་བཏོན་ནོ་སྐུ་དྲིན་ཅན། །ཕ་ཁྱེད་ཀྱི་དྲིན་ལན་འཁོར་ཐབས་མེད། །དུས་ཁ་སང་ཟླ་བ་སྔ་མ་ཡི། །ཁྱད་པར་ཡར་ངོའི་ཚེས་བཅུ་ལ། །དུར་ཁྲོད་ར་མ་དོ་ལི་དེར། །བླ་མ་མཉེས་པའི་མཆོད་པ་ཕུལ། །མཁའ་འགྲོ་མཉེས་པའི་ཚོགས་འཁོར་བསྐོར། །ཁོང་དེར་ཚོགས་ཀྱི་རྣལ་འབྱོར་མཐོང་བའི་ཚེ། །རྗེ་ནཱ་རོ་མཻ་ཏྲི་ཏུར་གྱིས་དྲན། །ཐུགས་བརྩེ་བས་འབྲལ་མེད་བསྐྱངས་པའི་ཕྱིར། །ཕ་ཡི་མཛད་སྤྱོད་ཡིད་ལ་དྲན། །སེམས་གདུང་བས་མ་བཟོད་མཆི་མ་ཤོར། །སླར་རྒྱ་གར་ཡུལ་དུ་ལྡོག་གམ་སྙམ། །ནམ་ཐོ་རངས་ཐམ་ཐུམ་རྨི་ལམ་ན། །གོས་ཤིང་ལོ་གྱོན་པའི་བུད་མེད་ཅིག །ཕྱག་གཡས་པ་བརྐྱང་མཛད་སོར་མོ་རྣམས་། །མི་ཁོ་བོའི་མགོ་ལ་རེག་མཛད་དེ། །ཁྱོད་རྒྱ་གར་ཡུལ་དུ་མ་ལྡོོག་པར། །སླར་བོད་ཡུལ་དབུས་སུ་སོང་ཞིག་


KMC018_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ལྗོངས་ཁ་བ་ཅན་དུ་མ་ཕྱིན་པར། །ཕྱི་ནང་གི་བར་ཆད་མི་འབྱུང་ཞིང་། །གདུལ་བྱ་སྣོད་ལྡན་ཡོད་དོ་ཞེས། །ལུང་བསྟན་བྱིན་གྱིས་བརླབས་པར་མཛད། །དེ་ཞིང་སྐྱོང་གི་མཁའ་འགྲོ་ཡིན་པར་ངེས། །དེ་ཡང་རྗེ་བཙུན་ཁྱེད་ཀྱི་དྲིན། །མདང་བག་ཆགས་གཉིད་ཀྱི་རྨི་ལམ་ན། །རྗེ་མངའ་བདག་རྒྱལ་སྲས་མཻ་ཏྲི་པ། །ཁོང་སེང་གེ་ཆིབས་ནས་མཁའ་ལ་གཤེགས། །མི་ཁོ་བོའི་མདུན་དུ་བྱོན་ནས་ཀྱང་། །སྐྱེ་མེད་མཚོན་པའི་བརྡ་གསུམ་བསྟན། །ཡི་གེ་མེད་པའི་ཆོས་ཤིག་གསུངས། །བརྗོད་དུ་མེད་པའི་དོན་ཞིག་རྟོགས། །སྔོན་ཆད་མེད་པའི་ཉམས་ཤིག་ཤར། །ནམ་ལངས་གཉིད་དེ་སད་ཙ་ན། །རྗེ་ཡང་ཡང་དྲན་ནོ་མཻ་ཏྲི་པ། །མི་ཁོ་བོའི་ཡིད་ལ་འབྲལ་མི་ཕོད། །གདོང་མཆི་མས་གང་བའི་ངུ་འབོད་ཤོར། །དབུགས་ཁ་ནས་མ་ཐོན་བྱང་ཁོག་བརྒྱངས། །ཕ་སྙིང་ལ་འདོད་དོ་སྐམ་ཆུ་ལྟར། །མི་ཁོ་བོའི་གདུང་སེམས་མཁྱེན་ལགས་སམ། །ཕ་ཡིས་ལམ་སྣ་དྲོངས་


KMC018_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་སྤྲུལ་པའི་སྐུ། །ལར་རྨི་ལམ་བག་ཆགས་ཡིན་མོད་ཀྱང་། །ཕ་རྗེ་བཙུན་བྱོན་པ་ངོ་མཚར་ཆེ། །སེམས་དགའ་ལ་མི་དགའ་མཐོ་དམན་བྱུང་། །ཁྱེད་འདིར་བཞུགས་ཀྱི་སྙན་དུ་ཞུས་པ་ལགས། །ཞེས་གསུངས་པ་དང་། ཡང་བླ་མ་པིཎྜ་པས་རྗེ་མར་པ་བྲོད་པ་བསྐྱེད་ཅིང་། བླ་མའི་ངོ་བོ་གཅིག་ལ་རང་རང་གི་མཐོང་སྣང་ལྟར་ལས་ཡོན་ཏན་ཐ་དད་དུ་འབྱུང་བ་དང་རྨི་ལམ་དེ་རྣམས་ཇི་ལྟར་བྱུང་ཚུལ་དྲི་བའི་ཕྱིར་ལན་གསུངས་པ། ༈ གྲོགས་སྙིང་དང་འདྲ་བའི་ལོ་ཙཱ་བ། །བུ་ཁྱོད་ལ་དད་པ་གཏིང་ནས་ཡོད། །གཞི་རང་དབང་ཐོབ་པའི་འདུན་པ་ཡོད། །ཡིད་ལྷག་པར་བརྩེ་བའི་སྙིང་རྗེ་ཡོད། །རྒྱུད་ཡོངས་སུ་དག་པའི་སེམས་བསྐྱེད་ཡོད། །རིགས་ཁྱད་པར་ཅན་གྱི་སྐྱེས་བུ་ཁྱོད། །སྔོན་ཆད་བླ་མར་མ་བརྙས་པས། །ད་ལྟ་གྲུབ་ཐོབ་དངོས་དང་མཇལ། །དེ་ཡང་གྲོགས་པོ་ང་ཡི་དྲིན། །བྱས་པ་དྲིན་གཟོ་ཡོད་པའི་ཕྱིར། །མི་ང་ཡང་གཙུག་གི་ནོར་བུར་མཐོང་། །བུ་བྱས་པ་ཤེས་པ་ངོ་མཚར་ཆེ། །གསང་སྔགས་རྒྱལ་པོ་མཆོག་གི་


KMC018_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལམ། །བགྲོད་པ་ཀུན་གྱི་གཞིར་གྱུར་པ། །ལྷག་པའི་དམ་ཚིག་ཁྱོད་ལ་ཡོད། །ལྷ་དང་མཁའ་འགྲོས་རྗེས་གནང་ཞིང་། །བླ་མའི་མན་ངག་སྙིང་ལ་ཞུགས། །དུས་འདིར་བདེ་བ་ཐོབ་པར་རིགས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་ཀྱི་རྩ་བ་བླ་མ་སྟེ། །སྤྲུལ་སྐུ་མཆོག་གི་རྗེ་བཙུན་ལ། །ནམ་མཁའ་ལྟ་བུར་ངོ་ཤེས་ན། །སྐྱེ་བ་མེད་པའི་དོན་རྟོགས་འགྱུར། །ཉི་མ་ལྟ་བུར་ངོ་ཤེས་ན། །གདལ་བའི་སྙིང་རྗེ་ཆེན་པོ་འབྱུང་། །ཟླ་བ་ལྟ་བུར་ངོ་ཤེས་ན། །ཉོན་མོངས་གདུང་བ་སེལ་བར་བྱེད། །རྒྱ་མཚོ་ལྟ་བུར་ངོ་ཤེས་ན། །མི་གཡོ་མཆོག་གི་ཏིང་འཛིན་བརྙེས། །ནོར་བུ་ལྟ་བུར་ངོ་ཤེས་ན། །དགོས་འདོད་རེ་བ་ལྷུན་གྱིས་གྲུབ། །དེད་དཔོན་ལྟ་བུར་ངོ་ཤེས་ན། །ཐར་པའི་རིན་ཆེན་གླིང་དུ་སྐྱེལ། །དམག་དཔོན་ལྟ་བུར་ངོ་ཤེས་ན། །ལོག་ལྟ་དགྲ་ཡི་གཡུལ་ངོ་འཇོམས། །རལ་གྲི་ལྟ་བུར་ངོ་ཤེས་ན། །དངོས་འཛིན་འཆིང་བ་གཅོད་པར་བྱེད། །འཁོར་ལོ་ལྟ་བུར་ངོ་


KMC018_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན། །མཐའ་ལ་མི་གནས་དོན་རྟོགས་འགྱུར། །སེང་གེ་ལྟ་བུར་ངོ་ཤེས་ན། །གཟུང་འཛིན་རི་དྭགས་ཟིལ་གྱིས་གནོན། །གླང་པོ་ལྟ་བུར་ངོ་ཤེས་ན། །ཉམ་ངའི་བདུད་ལས་ཐར་བར་བྱེད། །རྟ་མཆོག་ལྟ་བུར་ངོ་ཤེས་ན། །མྱ་ངན་འདས་པའི་དབྱིངས་སུ་སྐྱེལ། །རྒྱལ་པོ་ལྟ་བུར་ངོ་ཤེས་ན། །ཀུན་གྱིས་མཆོད་ཅིང་བཀུར་བར་བྱེད། །རིགས་ལྡན་ཁྱོད་ཀྱིས་གང་མཐོང་བ། །དྲིན་ཅན་ཕ་ལྟར་ངོ་ཤེས་པས། །ཆོས་ཀྱི་རྒྱལ་སྲིད་རྒྱུན་མི་ཆད། །བུ་ཁྱོད་ཀྱི་བག་ཆགས་རྨི་ལམ་ན། །རྗེ་མངའ་བདག་ཆེན་པོ་བྱོན་ནས་ཀྱང་། །སྐྱེ་མེད་མཚོན་པའི་བརྡ་བསྟན་ཅིང་། །ཡི་གེ་མེད་པའི་ཆོས་གསུངས་པས། །མཐའ་ལས་འདས་པའི་དོན་རྟོགས་ནས། །སྔར་མ་སྐྱེས་པའི་ཉམས་ཤར་བ། །དེ་དོན་གང་ལགས་སྨྲ་བར་རིགས། །ཞེས་གསུངས་པས། ཡང་རྗེ་མར་པས་རྨི་ལམ་དུ་གསན་ཞིང་ཐུགས་ཉམས་སུ་བྱོན་པ་རྣམས། བླ་མ་པིཎྜ་པས་དབུ་མཛད་པའི་མཆེད་གྲོགས་རྣམས་ལ་རྟོགས་པ་ཕུལ་བ། ༈ རྗེ་བརྟུལ་ཞུགས་སྤྱོད་


KMC018_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པའི་པིཎྜ་པ། །མཚན་ལྷ་ཡིས་ལུང་བསྟན་ངོ་མཚར་ཆེ། །དཔལ་གཉིས་མེད་རོལ་པའི་ཕྱག་འོག་ན། །སེམས་ཐ་དད་མེད་པའི་རྡོ་རྗེ་སྤུན། །ཤྲཱི་གུ་ཎ་མ་ཏིས་དབུ་མཛད་པའི། །གྲལ་གཡས་ན་བཞུགས་པའི་དཔའ་བོ་གསོན། །དེ་འོག་སྦས་པའི་རྣལ་འབྱོར་མ། །ལྕམ་སུ་ཁ་བཛྲིས་དབུ་མཛད་པའི། །གྲལ་གཡོན་ན་བཞུགས་པའི་དཔའ་མོ་གསོན། །སྤྱིར་ཆོས་རྣམས་ཐམས་ཅད་སྒྱུ་མ་སྟེ། །རྨི་ལམ་སྒྱུ་མ་ཁྱད་པར་འཕགས། །ནམ་སྲོད་ལ་བག་ཆགས་རྨི་ལམ་བྱུང་། །དེ་ལ་བཟའ་གཏད་ཅི་ཡང་མེད། །ནམ་གུང་བདུད་ཀྱི་སྤྲུལ་པ་སྟོན། །དེ་ལ་ཡིད་བརྟན་བྱར་མི་རུང་། །ཐོ་རངས་ལྷ་ཡིས་ལུང་བསྟན་པ། །ཆེ་ན་ངོ་མཚར་དེ་ཆེ་མེད། །དགུང་ད་ནང་སྐྱ་རེངས་ཤར་བ་ལ། །རྗེ་མངའ་བདག་ཆེན་པོ་བྱོན་ནས་ཀྱང་། །མཐར་ཐུག་སྟོན་པའི་ཆོས་གསུངས་པ། །དེ་མ་བརྗེད་དྲན་པ་འདི་ལྟར་གདའ། །སྤྱིར་ཆོས་རྣམས་ཐམས་ཅད་སེམས་ཉིད་དེ། །རང་སེམས་ཉིད་ལས་བླ་མ་བྱུང་། །


KMC018_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་གུད་ན་གཞན་མེད་པས། །ཅིར་སྣང་ཐམས་ཅད་སེམས་ཀྱི་ངང་། །དེ་ཡང་གདོད་ནས་མ་གྲུབ་པས། །མ་སྐྱེས་གཉུག་མའི་གནས་ལུགས་ལ། །རྣམ་རྟོགས་རྩོལ་བས་སྤང་དུ་མེད། །མ་བཅིངས་རང་སོ་ལྷུག་པར་ཞོག །དེ་ཉིད་བརྡ་ཡིས་མཚོན་པའི་ཕྱིར། །མི་རོ་གདོལ་པ་ཁྱི་དང་ཕག །བུ་ཆུང་སྨྱོན་པ་གླང་ཆེན་དང་། །ནོར་བུ་རིན་ཆེན་ཨུཏྤ་ལ། །དངུལ་ཆུ་རི་དྭགས་སེང་གེ་དང་། །བྲམ་ཟེ་ཁྲི་སྙན་མཐོང་ངམ་གསུངས། །བརྡ་ཡིས་མཚོན་པའི་དོན་རྟོགས་པ། །འཁོར་འདས་གཉིས་སུ་མི་འཛིན་ཅིང་། །སྤང་བླང་རྒྱུད་ལ་མི་སྦྱོར་བ། །གཞན་ནས་འབྲས་བུ་མི་རེ་ཞིང་། །ཡིད་ལ་བྱར་མེད་སྤྲོས་དང་བྲལ། །མཐའ་བཞི་དག་ཏུ་ལྷུང་བ་མེད། །སྒོམ་དུ་མེད་ཅིང་ཡེངས་སུ་མེད། །དྲན་དུ་མེད་ཅིང་བརྗོད་དུ་མེད། །གང་གིས་ཀྱང་ནི་མཚོན་དུ་མེད། །བླ་མའི་དྲིན་གྱིས་དེ་ལྟར་རྟོགས། །དེ་དོན་རྟོགས་པའི་ཉམས་ཤར་བས། །སེམས་དང་སེམས་བྱུང་འགགས་པ་


KMC018_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །དབྱིངས་དང་རིག་པ་དབྱེར་མེད་དེ། །སྐྱོན་དང་ཡོན་ཏན་སྐྱེ་འབྲི་མེད། །བདེ་སྟོང་གསལ་ལ་མ་འགགས་པ། །འོད་གསལ་འགྲོ་འོང་མེད་པར་ཤར། །གཉུག་མ་ངོ་སྤྲོད་ལྟ་བའི་གནད། །སྐྱེ་མེད་མཚོན་པའི་བརྡ་དོན་རྣམས། །རྗེ་མངའ་བདག་ཆེན་པོའི་ཞལ་ནས་ཐོས། །ངག་བརྗོད་པ་གླུ་རུ་མི་ལེན་རྒྱུ། །རྗེ་གོང་དུ་བཀའ་ནན་ཆེས་པ་དང་། །མཆེད་གྲོགས་རྣམས་ཀྱི་ཞལ་མ་ཆོག །མཁའ་འགྲོས་ཀོ་ལོང་མི་མཛད་ཞུ། །ཞེས་པིཎྜ་པས་དབུ་མཛད་པའི་མཆེད་གྲོགས་རྣམས་ལ་བལ་ཡུལ་རིན་ཆེན་ཚུལ་གྱི་གཙུག་ལག་ཁང་དུ་མངའ་བདག་མཻ་ཏྲི་པ་རྨི་ལམ་དུ་བྱོན་ནས་ཕྱག་རྒྱ་ཆེན་པོ་བརྡའི་དོན་བསྟན་པ་རྣམས་མགུར་དུ་བཞེངས་པའོ།། ༈ །།རྗེ་བཙུན་མི་ལའི་གསུང་མགུར་ཐོར་བུ་བཞུགས། ན་མོ་གུ་རུ། གངས་ཅན་ཁྲོད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པ། །ནཱ་རོའི་བརྒྱུད་པས་བྱིན་བརླབས་ཕྱིར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །འགྲོ་བའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གྲགས་ཕྱག་གི་གནས། །མཚན་མི་ལ་ཞེས་བྱར་ཡོངས་གྲགས་པའི། །རས་པ་དེ་ལ་གུས་ཕྱག་འཚལ། །འཁོར་བ་སྙིང་པོ་མེད་པར་ཐུགས་ལ་


KMC018_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཤར། །ཟས་གོས་འདུན་པ་བྲལ་བས་རི་ཁྲོད་འགྲིམ། །བདེ་དྲོད་ངོ་འཕྲོད་སྲོག་རྩོལ་གནད་དུ་ཚུད། །རྗེ་བཙུན་མི་ལའི་སྐུ་ལ་པྱག་འཚལ་བསྟོད། །རྒྱལ་བ་མ་ལུས་པའི་ཁྱབ་བདག་རྡོ་རྗེ་ཐེག་པའི་གསང་བ་ལེགས་པར་གྲུབ་པ། འཕགས་པའི་ཡུལ་ཉིད་ཀྱི་བདག་ཉིད་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་རྗེ་བཙུན་མི་ལ་རས་པ་ཆེན་པོ་དེ་ཉིད་ལ་བླ་མ་དང་ཇོ་མོས་ཐུགས་ལ་བཏགས་ཤིང་གདམས་ངག་ཐམས་ཅད་རྫོགས་པ་དང་ད་ང་ཡར་ལ་འགྲོ་ཞུས་ཏེ་མི་ལས་མགུར་ལ་སྔ་བ་གཙང་ལ་ཡར་འགྲོའི་མགུར་དུ་ཕུལ་བ་ཡིན་ནོ། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་འགྲོ་བར་ཞུ། །ང་ཡི་ཨ་མ་ལུས་ཀྱི་སྒྲོམ་བུ་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་བལྟ། །སྲིང་མོ་པེ་ཏ་དཔལ་འདྲེན་དེ། །དུས་ད་ལྟ་བདེ་འམ་མི་བདེ་བལྟ། །ཁྱིམ་མཚེས་ཨ་ཁུ་གཡུང་དཔལ་དེ། །དུས་ད་ལྟ་ཤི་འམ་མ་ཤི་བལྟ། །ཨ་ནེ་ཁྱུང་བཟའི་དཔལ་འདྲེན་དེ། །དུས་ད་ལྟ་སྐྱིད་དམ་མི་སྐྱིད་བལྟ། །ཁང་པ་ཀ་བཞི་གདུང་བརྒྱད་དེ། །དུས་ད་ལྟ་འགྱེལ་ལམ་མ་འགྱེལ་བལྟ། །


KMC018_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ཁང་ཟུར་བཞི་ལོགས་བརྒྱད་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་བལྟ། །གཤོང་ཞིང་འོར་མོ་གྲུ་གསུམ་ལ། །འཇག་སྐྱ་ཕྱུར་རམ་མ་ཕྱུར་བལྟ། །དམ་ཆོས་གླེགས་བམ་རྒྱས་པ་དེ། །དུས་ད་ལྟ་བཞུགས་སམ་མ་བཞུགས་བལྟ། །བླ་མཆོད་དཀོར་གཉེར་ལྷ་འབུམ་དེ། །དུས་ད་ལྟ་སྐུ་ཁམས་ཨེ་བཟང་བལྟ། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་ཅིག་ཡུལ་དུ་འགྲོ་བ་ལ། །སྐྱེལ་མ་དང་བསུ་མའི་ཐུགས་དམ་མཛོད། །བར་ཆད་དང་རྐྱེན་ངན་གྱི་བཟློག་པ་མཛོད། །ལུས་ངག་དང་བསམ་པའི་སྲུང་མ་མཛོད། །སྨོན་ལམ་དང་ཐུགས་ཁུར་གྱི་རྟེན་འབྲེལ་མཛོད། །ཐུགས་རྗེ་དང་ནུས་པའི་དབང་སྐུར་མཛོད། །རྒྱུད་ལུང་དང་མན་ངག་གི་རྒྱབ་བརྟེན་མཛོད། །ཚེ་རིང་ནད་མེད་ཀྱི་བཀྲ་ཤིས་མཛོད། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་ཞུས་པས། བླ་མའི་ཞལ་ནས་འོ་མཐུ་ཆེན་ཡིད་གཉིས་དང་ཐེ་ཚོམ་མི་དགོས། ཁྱོད་ལ་ཡང་ང་ཤེས་ང་ལ་ཡང་ཁྱོད་ཤེས། ཆོས་


KMC018_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ན་ང་ཡང་གང་ནས་དགའ་འདི་ནས་དགའ་ངེས་པ་མེད་པར་དགའ་ཁྱོད་ཀྱང་གང་ནས་སྐྱིད་དང་འདི་ནས་སྐྱིད་མེད་པར་སྐྱིད་པས་རེམས་ཤིག་གསུངས་ཏེ་མགུར་འདི་གསུངས་སོ།། ༈ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ལས་བྱས་པ་ཆོས་དང་མཐུན་པའི་བུ། །ལུས་སྤྲུལ་སྐུ་སངས་རྒྱས་སུ་འགྲུབ་པར་ཤོག །ངག་རྡོ་རྗེའི་བཟླས་པ་བདུད་རྩིའི་རོས། །རྟེན་འབྲེལ་ལོངས་སྐུར་འགྲུབ་པར་ཤོག །སེམས་རྩ་བ་བྱང་ཆུབ་ཀྱི་སྡོང་པོ་ལ། །ཆོས་སྐུའི་ལོ་འདབ་རྒྱས་པར་ཤོག །བླ་མའི་བཀའ་ཚིག་རྡོ་རྗེའི་གསུང་། །སྙིང་ལ་བརྗེད་མེད་གནས་པར་ཤོག །ཡི་དམ་མཁའ་འགྲོའི་བྱིན་རླབས་དེ། །སྲོག་གི་རྩ་བར་གནས་པར་ཤོག །ཆོས་སྐྱོང་སྲུང་མའི་རྒྱབ་བརྟེན་དེས། །འབྲལ་བ་མེད་པར་སྐྱོང་བར་ཤོག །རྟེན་འབྲེལ་ཟབ་མོའི་སྨོན་ལམ་དེ། །མྱུར་བ་ཉིད་དུ་འགྲུབ་པར་ཤོག །ཆོས་མཛད་ཀུན་གྱི་ཐུགས་རྗེ་དེ། །དུས་གསུམ་ཀུན་དུ་འཛིན་པར་ཤོག །ཁྱོད་གཙང་བསིལ་མ་ལ་ཡི་ལ་ཐོག་ཏུ། །བརྟན་མ་བཅུ་


KMC018_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་བསུ་མ་ཡོད། །སང་ཉིན་འགྲོ་བའི་ལམ་ཁ་ན། །དཔའ་བོ་མཁའ་འགྲོའི་སྐྱེལ་མ་ཡོད། །ཕ་ཡུལ་ཞེན་པའི་མཁར་ཞིང་ན། །མི་རྟག་སྒྱུ་མའི་དམ་ཆོས་ཡོད། །ཨ་ནེ་སྲིང་མོའི་ཉེ་འཁོར་ན། །སྒྱུ་མ་བཤིག་པའི་གདམས་ངག་ཡོད། །མི་མེད་ལུང་པའི་བྲག་ཕུག་ན། །འཁོར་འདས་བརྗེ་བའི་ཚོང་འདུས་ཡོད། །སྙིང་རུས་ལུས་ཀྱི་དགོན་པ་ན། །ལྷ་བདེ་གཤེགས་འདུས་པའི་མཆོད་ཁང་ཡོད། །ན་མེད་ཟྭ་ཡི་ཚོགས་འཁོར་ལ། །མཁའ་འགྲོ་མཉེས་པའི་འདུད་རྩི་ཡོད། །འཁྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཡུལ་མི་རྩིས་ཆུང་བའི་རང་ཡུལ་དེར། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །མཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟགས་མྱུར་དུ་མཐོང་བའི་སྒྲོན་མེ་ཡོད། །ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་བ་ལྷ་ཡི་ཕ་འབབ་ཡོད། །གྲིབ་དྭངས་བ་ལྷ་ཡི་གཞལ་ཡས་ན། །རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། །


KMC018_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་སྐོག་མེད་པའི་ལྷ་ཆོས་ལ། །དམ་ཚིག་གཙང་མའི་ཕྲིན་ལས་ཡོད། །བཀའ་བཞིན་སྒྲུབ་པའི་སོ་ནམ་ལ། །དངོས་གྲུབ་ཀུན་གྱི་གཏེར་ཁ་ཡོད། །དམ་ཆོས་མཁའ་འགྲོའི་སྲོག་སྙིང་ལ། །འཁོར་འདས་གཉིས་ཀྱི་གྱེས་སོ་ཡོད། །མར་པ་ལོ་ཙཱའི་བུ་རྒྱུད་ལ། །གཏམ་སྙན་མང་པོའི་ཡོང་སྒོ་ཡོད། །མི་ལ་རས་པའི་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། །ཅེས་གསུང་ཏེ། ད་འགྲོ་ན་ངས་ཀྱང་ཡར་སྐྱེལ་གསུང་ནས། ཇོ་མོས་ཕུད་བཟང་པོ་དང་ཚོགས་འཁོར་བཤམས། ལམ་ཆས་གང་འདོད་པའི་གྲོ་བརྒྱགས་སྤྲད་དེ་ཇོ་མོ་ཡང་ཉམས་འཕར་བ་དང་སྤྱན་ཆབ་མང་པོ་ཤོར་ཏེ་ཡབ་ཡུམ་སྐུ་འཁོར་བཅུ་ཙམ་གྱིས་སྔ་དྲོ་གཅིག་གི་བར་སྐྱེལ་ཐུང་མཛད་དེ། ཡིད་འཕྲེང་བའི་སྐྱོ་ཤས། ངག་འཕྲེང་བའི་སྙིང་གཏམ། ལུས་འཕྲེང་བའི་ཕྱག་རྒྱ་མང་དུ་མཛད་ཅིང་། ཚོགས་འཁོར་ཞིག་ཤར་ནུབ་གསལ་བའི་ལ་ཁར་མཛད་ནས། མར་པས་མི་ལའི་ཕྱག་ནས་བཟུང་སྟེ། ངའི་རྒྱུད་པ་འདི་ཁྱོད་ཀྱིས་འཛིན་པའི་རྨི་ལམ་འདི་ལྟ་བུ་ཡོད་གསུངས་ནས་ཀ་ཆེན་བཞིའི་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉི་མ་ཤར་དུ་ཀ་ཆེན་བཙུགས་


KMC018_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྨིས། །ཀ་ཐོག་ཏུ་སེང་གེ་འགྱིང་བ་རྨིས། །སེང་གཡུ་རལ་གྲ་རུ་རྒྱས་པ་རྨིས། །སེང་གངས་དཀར་སྟོངས་སུ་འཕྱོ་བ་རྨིས། །ཤར་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་སྟག་མོ་ངར་བ་རྨིས། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་རྨིས། །ཁོང་འཛུམ་ལན་གསུམ་བྱས་པ་རྨིས། །སྟག་ནགས་མའི་གསེབ་ཏུ་འཕྱོ་བ་རྨིས། །ཐང་ཤིང་རྒྱུད་དུ་འབྲེལ་བ་རྨིས། །ལྷོ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་ཁྱུང་ཆེན་བབས་པ་རྨིས། །ཁྱུང་རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །བྱ་སྤུ་གནམ་དུ་གཟིངས་པ་རྨིས། །བྱ་མིག་གྱེན་ལ་ལྟ་བ་རྨིས། །ནུབ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་རྒོད་ཅིག་བབས་པ་རྨིས། །རྒོད་རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །བྱ་ཚང་བྲག་ལ་བཅས་པ་རྨིས། །བྱ་དེ་ལ་བུ་གཅིག་སྐྱེས་པ་རྨིས། །བྱ་བྲན་གྱིས་ནམ་མཁའ་གང་བ་རྨིས། །བྱང་རྨི་


KMC018_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མི་ངན་རྨི་ལམ་བཟང་། །སྔོན་ཆད་དབྱངས་ལ་བསྐྱར་མ་མྱོང་། །ད་རེས་ཚིག་ལ་གསལ་ཞིག་འདེབས། །ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་དེ། །དོལ་གྱི་མཚུར་སྟོན་དབང་ངེ་ཡིན། །ཀ་ཐོག་ཏུ་སེང་གེ་འགྱིང་བ་དེ། །ཁོང་མི་གཞི་སེང་དང་འདྲ་བ་ཡིན། །སེང་གཡུ་རལ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ཡིན། །སེང་གངས་དཀར་སྟོངས་སུ་འཕྱོ་བ་དེ། །གདམས་ངག་གི་བརྒྱུད་པ་ཟིན་པའི་རྟགས། །ཤར་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་དེ། །གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན། །ཀ་ཐོག་ཏུ་སྟག་མོ་ངར་བ་དེ། །ཁོང་མི་གཞི་སྟག་དང་འདྲ་བ་ཡིན། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །ཁོང་འཛུམ་ལན་གསུམ་བྱས་པ་དེ། །བཤད་བརྒྱུད་ཀྱི་བསྟན་པ་དར་བའི་རྟགས། །སྟག་ནགས་མའི་གསེབ་ཏུ་འཕྱོ་བ་དེ། །ཚེ་གཅིག་གིས་གྲུབ་པ་བརྙེས་པའི་རྟགས། །ཐང་ཤིང་


KMC018_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དུ་འབྲེལ་བ་དེ། །བུ་ཚ་བོས་བརྒྱུད་པ་འཛིན་པའི་རྟགས། །ལྷོ་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་དེ། །གཙང་རོང་གི་མེས་སྟོན་ཚོན་པོ་ཡིན། །ཀ་ཐོག་ཏུ་ཁྱུང་ཆེན་བབས་པ་དེ། །ཁོང་མི་གཞི་ཁྱུང་དང་འདྲ་བ་ཡིན། །ཁྱུང་རྩེ་སྒྲོ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །བྱ་སྤུ་གནམ་དུ་གཟིངས་པ་དེ། །གདམས་ངག་གི་བརྒྱུད་པ་ཟིན་པའི་རྟགས། །བྱ་མིག་གྱེན་ལ་ལྟ་བ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བའི་རྟགས། །ནུབ་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་དེ། །ཁྱོད་གུང་ཐང་གི་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་བབས་པ་དེ། །ཁྱོད་མི་གཞི་རྒོད་དང་འདྲ་བ་ཡིན། །རྒོད་རྩེ་སྒྲོ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །བྱ་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་ལས་སྲ་བའི་རྟགས། །བྱ་དེ་ལ་བུ་གཅིག་སྐྱེས་པ་དེ། །འགྲན་གྱི་དོ་མེད་གཅིག་འབྱོན་པའི་རྟགས། །


KMC018_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྲན་གྱི་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བའི་རྟགས། །བྱང་རྨི་ལམ་བཟང་བ་དེ་ལྟར་ལགས། །ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན། །ཆོས་སྒྲུབ་རྒྱུད་ཀྱི་བསྟན་པ་དར་ཏེ་མཆི། །ཞེས་གསུངས་པས་སེམས་དཔའ་ཏིང་གིས་སོང་སྟེ། ངས་སྙིང་རུས་ཤིག་ནུས་ན་དོགས་པ་མེད་པར་འདུག་བསམ་པའི་སྣང་བ་མཐོ་ཏིང་ངེ་བ་ཞིག་རྒྱུན་དུ་བྱུང་ངོ་། །དེ་ལ་འཁོར་བ་སྙིང་པོ་མེད་པར་ཤེས་པའི་ཡོན་ཏན་ནི། ཁོང་རང་གི་ཡུལ་དུ་སོང་ཙ་ན་ཕའི་རུས་པ་ལ་བཙའ་ཞེན་ནས་ཁང་པའི་ཕུག་ན་འདུག །མའི་རུས་པ་ཡང་ཁང་པའི་སྒོ་ཐེམ་ན་སྐྱ་ཁྲོལ་ལེ་འདུག །སྲིང་མོ་སྤྲང་དུ་སོང་ཡུལ་ཐམས་ཅད་ན་འདྲེ་ཡོད་ཟེར་ནས་དྲི་ཟའི་གྲོང་ཁྱེར་དུ་སོང་། ཞིང་ཐམས་ཅད་འཇག་སྐྱ་བཤུག་བཤུག་འདུག །ཚང་མང་འགྱེལ་བའི་གྱང་རར་ཕ་མའི་རྩིབ་ཁོག་སྐྱ་ཟིང་ངེ་འདུག །མཁར་ཞིག་ཡོད་པ་བོང་བུའི་རྣ་ཅོག་བཞིན་སོང་། ཆོས་ཚོ་ཡང་གླེགས་ཐག་གླེགས་ཤིང་རྣམས་མིས་ཁྱེར་ནས། ཤོག་བུའི་བར་དུ་རྩྭ་ལྡུམ་སྐྱེས་ནས་འདུག་སྟེ། ཉིན་མོ་ཝ་སྤྱང་འབྲོག་འུ་རེ། ནུབ་མོ་རི་དྭགས་བཤེ་རིང་ངེ་འདུག་པས་བློ་དང་སྣང་བ་མི་བདེ་བའི་ངང་ལ་དེ་ནུབ་དེར་ཉལ་བ་ལས་མནལ་ཡེ་མ་བྱུང་བས་ད་ཆོས་ཤིག་མ་ནུས་ན་ཕན་གནོད་མི་འདུག་བསམ་པ་ཞིག་སྐྱེས་ཏེ།


KMC018_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཐོ་རངས་ཁ་སྙིང་མི་དགའ་ཕྱོད་དེ་བ་ཞིག་ལ་ཕྱོད་མ་དབྱངས་ཀྱི་མགུར་འདི་གསུངས་སོ།། ༈ ཀྱེ་མ་ཀྱེ་མ་ཀྱི་ཧུད་ཀྱི་ཧུད་ཨང་། །འཁོར་བའི་ཆོས་ལ་བློ་གཏད་བྱས་པ་རྣམས། །བསམས་ཤིང་བསམས་ཤིང་ཡི་མུག་ཡང་ཡང་ལྡང་། །སྤྱད་ཅིང་སྤྱད་ཅིང་སྡུག་བསྔལ་གཏིང་ནས་འཁྲུགས། །བསྐོར་ཞིང་བསྐོར་ཞིང་འཁོར་བའི་གཏིང་ལ་འཕེན། །འདི་འདྲའི་སྙིང་རླུང་ལས་ཀྱིས་ཟིན་པ་རྣམས། །ཙུག་བྱེད་ཙུག་བྱེད་ཆོས་ལས་དྲག་པ་མེད། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །མི་རྟག་སྒྱུ་མའི་གྲོང་ཁྱེར་ན། །བཤུལ་རིང་འགྲོན་པོ་སྙིང་རླུང་ལངས། །ཡུལ་ཡ་མཚན་ཅན་གུང་ཐང་གི་སྐོར་ལུང་ན། །ནོར་ལུག་བ་རའི་ཁ་ཟས་རྩྭ། །དུས་དེང་སང་འབྱུང་པོས་བདག་ཏུ་བཟུང་། །འདི་ཡང་མི་རྟག་སྒྱུ་མའི་དཔེ་གཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །ཚང་མང་ཀ་བཞི་གདུང་བརྒྱད་དེ། །དུས་དེང་སང་སེང་གེའི་ཡ་མགལ་འདྲ། །


KMC018_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ། །དུས་དེང་སང་བོང་བུའི་རྣ་བ་འདྲ། །འདི་ཡང་མི་རྟག་སྒྱུ་མའི་དཔེ་གཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །གཤོང་ཞིང་འོར་མོའི་གྲུ་གསུམ་དེ། །དུས་དེང་སང་འཇག་མའི་ཕ་ཡུལ་རེད། །གཉེན་ཉེ་བ་ཕན་དུ་རེ་བ་རྣམས། །དུས་དེང་སང་དགྲ་བོའི་དམག་དཔུང་རེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ་གཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །ཕ་བཟང་པོ་(མི་ལ་ཤེས་རྒྱལ་)ཐོས་པ་སེ་བ་དེ། །དུས་དེང་སང་(བྱུང་བའི་རྗེས་ཀྱང་མེད་)རུས་ཕྱེ་སྤར་གང་རེད། །ཨ་མ་ཉང་བཟའ་(མྱང་ཚ་)དཀར་རྒྱན་དེ། །དུས་དེང་སང་རུས་པའི་རྩིབ་ཁོག་གཅིག །འདི་ཡང་མི་རྟག་སྒྱུ་མའི་དཔེ་གཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །བླ་མཆོད་དཀོར་གཉེར་ལྷ་འབུམ་དེ། །དུས་དེང་སང་མི་ཡི་གཡོག་པོ་བྱེད། །དམ་ཆོས་དཀོན་མཆོག་བརྩེགས་པ་དེ། །དུས་དེང་སང་བྱ་བྱིའི་ཚང་ཟླ་(སྟན་)


KMC018_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ་གཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །ཁྱིམ་མཚེས་ཨ་ཁུ་གཡུང་(རྒྱལ་)དཔལ་དེ། །དུས་དེང་སང་སྡང་བའི་དགྲ་དང་བསྡོངས། །སྲིང་མོ་(པེ་ཏ་མགོན་སྐྱིད་དེ་)ཁྱུང་བཟའ་དཔལ་འདྲེན་མ། །གར་སོང་རྗེས་འགྲོའི་གཏད་སོ་མེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ་གཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་སྐྱོ་བའི་གདུང་ཤུགས་མང་པོ་བླངས་ནས་ཆོས་དེ་རྣམས་གྱི་ཡིག་འབྲུ་གསལ་བ་རྣམས་སློབ་དཔོན་རྙིང་མ་བ་ཡི་གེ་བསླབས་ས་ཞིག་ཡོད་པ་ལ་ཕུལ་ནས་བླ་བོ་ཞིབ་ཏུ་དྲིས་པས་ཚ་བ་ཞིག་གནང་ནས་ཁྱེད་ད་བར་དུ་གར་སོང་། ཁྱེད་ལ་རེ་མ་བྱུང་མི་མང་པོ་བསད་ནས་མ་ལ་ཡང་མ་ཕན་ཡུལ་མཁར་ཡང་མ་ཟིན་གསུངས་པས་སློབ་དཔོན་རྙིང་མ་བའི་དྲུང་དུ་མི་རྟག་པའི་མགུར་འདི་གསུངས་སོ།། ༈ ཀྱེ་མ་འཁོར་བའི་ཆོས་ལ་སྙིང་པོ་མེད། །མི་རྟག་མི་རྟག་སྙིང་པོ་མེད། །འགྱུར་ཞིང་འགྱུར་ཞིང་སྙིང་པོ་མེད། །མ་ངེས་མ་ངེས་སྙིང་པོ་


KMC018_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཡུལ་ཡོད་བདག་མེད་སྙིང་པོ་མེད། །བདག་ཡོད་ཡུལ་མེད་སྙིང་པོ་མེད། །བདག་ཡུལ་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཕ་ཡོད་བུ་མེད་སྙིང་པོ་མེད། །བུ་ཡོད་ཕ་མེད་སྙིང་པོ་མེད། །ཕ་བུ་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཕ་ཡོད་མ་མེད་སྙིང་པོ་མེད། །མ་ཡོད་ཕ་མེད་སྙིང་པོ་མེད། །ཕ་མ་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཕ་མ་བུ་གསུམ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །མི་ཡོད་ནོར་མེད་སྙིང་པོ་མེད། །ནོར་ཡོད་མི་མེད་སྙིང་པོ་མེད། །མི་ནོར་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །བདེ་སྐྱིད་ལོངས་སྤྱོད་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཅི་བྱས་སྡུག་བསྔལ་སྙིང་པོ་མེད། །ཅི་བསམས་མི་རྟག་སྙིང་པོ་མེད། །ཅི་བསྒྲུབས་སྒྱུ་མར་སྙིང་པོ་མེད། །ཐམས་ཅད་འཛོམ་ཡང་


KMC018_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་མེད་པའི་རང་བཞིན་ལ། །ད་ནི་རྣལ་འབྱོར་བདག་ཅག་གིས། །སྙིང་པོའི་དོན་ཞིག་ཅུག་སྒྲུབ་ཨང་། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་རི་ཁྱོད་ཐུབ་པར་བྱིན་གྱིས་རློབས། །ཞེས་གསུངས་པས་སློབ་དཔོན་དེ་ན་རེ། དེ་བཞིན་ཡིན་ན་གོ་བཅད། ཡུལ་འདིའི་མི་རྣམས་ཀྱིས་ཁྱེད་ཀྱིས་འདྲེ་བསྒྲུབས་ནས་ལས་འདི་བྱས་ཟེར་ཞིང་ཡོད། ཁྱེད་ཀྱི་མ་ཤི་ནས་ལོ་མང་པོ་སོང་། སྲིང་མོ་སྤྲང་དུ་སོང་། ཨ་ནེ་ཡུལ་འདི་ན་ཕུ་འབྲོག་མདའ་ཞིང་འཛོམ་ཡོད་པས་དེར་སོང་དང་བརྒྱགས་ཆུ་ལ་ཕན་པ་ཞིག་སྟེར་མོད་གསུངས་པས་རྗེ་བཙུན་གྱིས་སྐྱོ་ཕྱོད་དེ་བ་ཞིག་ལ་ཨ་ནེ་ཅན་དུ་ཡར་སོང་ཙ་ན། ཨ་ནེས་ཡུན་རིང་བལྟར་མ་ཉན། རེ་ཞིག་ན་སྦྲའི་ཀ་བ་ཕབ་ནས་ཁྱི་བཀྱེ་སྟེ་བརྡུང་དུ་བྱུང་། སྤྲང་པོ་ཕ་མེས་ཀྱི་བླ་འཚོང་པོ་ཡུལ་འཕུང་ཟེར་ཞིང་བརྒྱབས་པས་རྗེ་བཙུན་གྱིས་ཕྱི་ནུད་བྱས་པས་རྡོ་ཞིག་ལ་རྐང་པ་འཐོགས་པས་ཀོ་མོག་ཅིག་ཏུ་འགྱེལ་བ་དང་བེར་ཀའི་སྣེ་མོ་ལ་འཇུས་ནས་མགུར་འདི་གསུངས་སོ། །ཡུལ་ངན་རྩྭ་མའི་ཀོ་རོན་ན། །གཉེན་འདུན་དགྲར་ལངས་ཀྱི་མ་སྨད་གསུམ། །སྲན་ཕུང་བེར་ཀས་གཏོར་བ་བཞིན། །སྤྲང་པོ་མི་ཡུལ་གྱི་ས་མཐའ་


KMC018_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །ཨ་མ་སྡུག་མཐའ་ཤི་བས་བསྐོར། །སྲིང་མོ་པེ་ཏ་(མགོན་སྐྱིད་)དཔལ་འདྲེན་སྤྲང་དུ་སོང་། །ངེད་མ་བུ་གསུམ་ལས་སྡུག་པ་མེད། །ང་རང་ཕ་ཡི་ཡུལ་དུ་ཡོངས་ཙ་ན། །སྙིང་རླུང་གི་སྐྱོ་ཤས་ཁོང་ནས་ལངས། །གཉེན་འདུན་གྱི་གདུང་སེམས་མ་ཆོད་པས། །ཁྱོད་ཨ་ནེ་བཙལ་ནས་སྤྲང་དུ་ཡོངས། །ཚིག་ངན་གྱི་བརྗོད་པ་རྒྱང་ནས་ཚོར། །བློ་ཡི་མུག་གི་ཁོང་གཟེར་ནང་ནས་ལངས། །སྦྲའི་ཀ་བས་བརྡུངས་ཤིང་ཤ་རུས་བཅོམ། །ལུས་ཟུག་རྔུ་སྡུག་བསྔལ་ན་ཚས་བསྐོར། །ཁྲེལ་ངོ་ཚའི་རིབ་མ་གཏིང་ནས་བཀྲལ། །ད་གདུག་པའི་རོ་མིག་མ་འཛུམ་དང་། །མི་བདག་གིས་བླ་བོ་ཚིག་གསུམ་ལབ། །ཅེས་གསུངས་པས། ཨ་ནེ་ན་རེ། བླ་བོ་ཅི་ལབ་རྒྱུ་ཡོད་ཕ་བཟང་པོ་ལ་བུ་ཁྱོད་འདྲ་བ་སྐྱེས་ཟེར་ཞིང་ཐལ་བ་དང་ས་རྡོ་མང་པོ་ངོ་ལ་བཏབ་པས་གཏིང་ནས་མ་བཟོད་དེ་མགུར་འདི་གསུངས་སོ།། ༈ ཨ་ནེ་མ་འདི་བདུད་མོར་འདུག །གུམ་པར་དེའུ་ཤི་བདུད་མོར་འདུག །གཉེན་ཉེ་དུ་ཨ་ནེ་ཡོད་པ་ཡིས། །སྤྲང་པོ་བླ་འ


KMC018_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་ཤོག་ཅིག་ཟེར། །ཁྱི་ཚོ་ཚོ་ཟེར་ཞིང་བཀྱེ་ནས་དེད། །སྦྲ་ཡི་ཀ་བ་ཕབ་ནས་བརྡུངས་ཤིང་བརྒྱབ། །གོར་མོ་རྡོ་ཡིས་སྣ་ལེན་བྱས། །ས་རྡོ་གཉིས་ཀྱི་ཆར་པ་ཕབ། །བེར་ཀའི་སྣེ་མོས་མནན་པ་བྱས། །ཆབ་ཀོ་མོ་གནང་དུ་སྐུ་ཁྲུས་གསོལ། །སྤྲང་རིན་ཆེན་སྲོག་དང་དེའུ་བྲལ་བྱས། །མ་ནུས་ཀྱི་ཉེ་བ་དགྲ་བོར་འདུག །སྙོམས་ཆུང་གི་གྲོགས་པོ་བྱེད་པ་ཉུང་། །ཨ་ནེའི་ཉེ་བ་ཁོ་ཐག་ཆོད། །ཨ་ནེ་བུ་ནོར་དང་བདེ་སྐྱེད་འཛོམས་ལགས་ཀྱང་། །འདིས་ཀྱང་རྟག་ཏུ་འཁྱོངས་པར་མཛོད། །རྗེ་སྒྲ་སྒྱུར་གྱི་རྒྱལ་པོ་རིན་པོ་ཆེ། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་གསུངས་ནས་སྤྱན་ཆབ་མང་པོ་ཡང་ཤོར་ཨ་ནེ་ཡང་དུམ་པ་ཞིག་སྐྱེངས་ནས་སོང་བས་བླ་བོ་འགའ་ཡང་ཟེར་ཏེ། ཁྱོད་མ་སྨད་ཀྱིས་མཐུ་བྱས་པས་ཡོ་ཕུང་ངེད་ཆོས་བསྟེན་སྐྱབས་བྱས་ན་ངོ་ཚ་ཞིང་ངན་ལབ་པར་ཡོད་པས་ལན་པ་ཡིན་ད་མཐུ་མི་བྱེད་ན་ཞིང་ཁང་ངས་ཉོ་ཟེར་བས་ཞིང་མོས་ཉོ་བར་བྱས་ནས་བརྒྱགས་སྤྲོད་པའི་ཆད་དོན་བྱས་ཟ་མ་དུམ་པ་ཞིག་ཀྱང་བྱིན་ནས་ཁྱོད་རང་ཆོས་བྱེད་ན་སོང་ཟེར་སྐད་དོ། །དེ་ཐམས་ཅད་སྔ་ལ་བར་མ་གཉེན་


KMC018_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་སྐོར་རོ། ༈ །གཉིས་པ་རྨི་ལམ་བརྡར་ཤར་བའི་ཡོན་ཏན་ནི། རག་མ་བྱང་ཆུབ་ནམ་མཁའི་རྫོང་བྱ་བ་ལ་བསྒོམས་པས་ཡོན་ཏན་ཆེན་པོ་ཙམ་མ་བྱུང་སྟེ། ད་ཅུག་དྲག་ན་བསམ་གྱིན་ཡོད་པའི་རྨི་ལམ་ན་ཞིང་ཐ་བ་སྲ་པོ་ཞིག་འདུག་པ་རྨོས་ཙ་ན་ཡེ་ནས་མ་ཕེད་པས་ཆུ་བཀྱེ་ཞིང་སྙིང་རུས་བྱས་པས་དུམ་པ་ཕེད་པ་ཞིག་རྨིས་པས། ངས་ཐབས་ལམ་སྒོམ་པ་ལ་སྙིང་རུས་དང་སེམས་བསྐྱེད་གཉིས་དགོས་པར་འདུག་དགོངས་ཏེ། དེའི་དོན་གསལ་གདབ་པའི་མགུར་འདི་གསུངས་སོ། །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །གཞི་མཉམ་པ་ཉིད་ཀྱི་ཞིང་ས་ལ། །ལམ་དད་པ་བརྟན་པོའི་ཆུ་ལུད་སྦྱར། །སེམས་དཀར་པོ་དྲི་མེད་ཀྱི་ས་བོན་བཏབ། །གསོལ་འདེབས་དྲག་པོའི་གཡུ་འབྲུག་ངར། །བྱིན་རླབས་རྩོལ་མེད་ཀྱི་ཆར་པ་བབ། །སེམས་ཡིད་གཉིས་མེད་པའི་རྨོ་བཤོལ་ལ། །ཐབས་དང་ཤེས་རབ་ཀྱི་རྨོ་དོར་བརྡེབས། །འཁྲུལ་རྟོག་མེད་པའི་སྐྱེས་བུ་ཡིས། །ཡེངས་པ་མེད་པའི་ཐོང་ཞིག་འཛིན། །བརྩོན་འགྲུས་དྲག་པོའི་ལྕག་གིས་བྲབ། །ཉོན་མོངས་དུག་ལྔའི་


KMC018_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་བ་རློག །རང་རྒྱུད་ངན་པའི་རྡོ་བ་སེལ། །གཡོ་ཟོལ་མེད་པའི་ཡུར་མ་བྱེད། །ལས་བདེན་པ་དྲག་པོའི་སྙེ་མ་ལ། །རྣམ་ཐར་བཟང་པོའི་བཙས་མ་བྱེད། །གདམས་ངག་ཟབ་མོའི་འབྲས་བུ་ཡིས། །སྟོར་ས་མེད་པའི་བང་བ་འགེངས། །མཁའ་འགྲོའི་རྡོད་འཐག་ཟན་གྱི་མཆོག །བདག་རྣལ་འབྱོར་སྒྲུབ་པའི་འཚོ་བ་ཡིན། །རྨི་ལམ་རྨིས་པ་སད་ནས་དཔྱོད། །ཚིག་ལ་དོན་ཉིད་མི་སྐྱེ་བས། །མཚོན་པ་ཙམ་གྱིས་མི་རྟོགས་ཏེ། །སླད་ནས་བྱང་ཆུབ་སྒྲུབ་འདོད་རྣམས། །དཀའ་ཐུབ་དང་སྙིང་རུས་རྩལ་བསྐྱེད་ལ། །དཀའ་བས་བསྒྲུབས་ན་དཀོན་པ་འགྲུབ། །ཕོ་བྱང་ཆུབ་ཀྱི་སྐྱེས་བུ་ཆོས་བྱེད་རྣམས། །སྒྲུབ་པའི་བར་ཆད་མེད་པར་ཤོག །ཅེས་གསུངས་སོ། །དེ་ནས་འབུངས་ནས་སྒོམ་ཀྱིན་ཡོད་ཙ་ན་ཉིན་གཅིག་ཨ་ནེས་ནས་བྲེ་དྲུག་དང་ཐུལ་གོག་གཅིག་ཁྱེར་ནས་ཡོངས་ཏེ་ཁྱོད་ཀྱི་ཞིང་རིན་འདིས་འཁོར། ད་ང་ལ་བསྙད་སྙོད་མེད་པའི་ཡི་གེ་བྱིན་ལ་ངེད་ཚོས་མི་ཚོར་བའི་ཡུལ་ཞིག་ཏུ་སོང་། ཁྱོད་འདིར་བསྡད་པས་ངེད་ཚོ་ཡང་ངོ་ཚ་མིས་ཀྱང་ལབ་པར་འདུག་ཟེར་བས་སྐྱོ་བ་སྐྱེས་ནས་


KMC018_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མགུར་འདི་གསུངས་སོ། །རྗེ་བླ་མའི་བཀའ་དྲིན་རི་ཁྲོད་འགྲིམས། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །འཇིག་རྟེན་འཁོར་བ་ལས་ཀྱི་དུག །འབགས་ན་ཐར་པའི་སྲོག་རྩ་གཅོད། །སྐྱེ་བོའི་སོ་ནམ་སྡིག་པའི་ལས། །སྤྱད་ན་ངན་སོང་གི་སྡུག་བསྔལ་མྱོང་། །ཉེ་དུའི་གདུང་སེམས་བདུད་ཀྱི་མཁར། །བརྩེགས་ན་མེ་འོབས་ཀྱི་ནང་དུ་ཆུད། །ཟས་ནོར་གྱི་གསོག་འཇོག་མི་ཡི་རྒྱུ། །བསགས་ཚད་སྤྲང་པོའི་བརྒྱགས་ཕྱེ་ཡིན། །སྐྱིད་འདོད་ཀྱི་ཇ་ཆང་བཙན་དུག་གི་ཆུ། །འཐུངས་འཐུངས་ཡི་མུག་གི་མུན་པར་འཁྲིད། །ཨ་ནེའི་ཞིང་རིན་སེར་སྣའི་རྫས། །ཟོས་ན་ཡི་དྭགས་ཀྱི་གནས་སུ་སྐྱེ། །ཨ་ནེའི་ཁ་ཏ་ཞེ་སྡང་གི་ཚིག །ལབ་ན་བདག་གཞན་གཉིས་ཕུང་ཡོང་། །བདག་གི་ཞིང་ཁང་ཐམས་ཅད་པ། །ཨ་ནེ་དབང་བའི་ཡི་གེ་བྱིན། །མི་ཁ་ཆོས་ཀྱིས་སངས་པ་ཡིན། །ལྷ་ཁ་སྙིང་གིས་བསྒྲུབས་པ་ཡིན། །འདྲེ་ཁ་སྙིང་རྗེས་ནོན་པ་ཡིན། །ཉེ་ཁ་རླུང་ལ་བསྐུར་བ་ཡིན། །རང་ཁ་


KMC018_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་ལ་བལྟ་བ་ཡིན། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་གསུངས་ནས་ཞིང་ཁང་ཐམས་ཅད་ཨ་ནེ་ལ་བྱིན། ཉེ་འབྲེལ་གྱི་ཁོ་ཐག་བཅད། སེམས་ཡིད་གཉིས་མེད་པར་གདོས་ཐག་བཅད། ཡིད་སྐྱོ་ཤས་ཀྱི་སྙིང་རླུང་ལངས་པས། ད་དེ་ད་དེ་ཁོ་དེ་ཁོ་དེ་ངས་ཅིག་ངས་ཅིག་ཆོས་ཅིག་ཆོས་ཅིག་བསམས་པ་ཡང་ཡང་སྐྱེས་ཏེ་བྲག་དཀར་རྟ་སོ་དབུ་མའི་རྫོང་བྱ་བ་ཞིག་ཏུ་སོང་སྟེ། སློབ་དཔོན་རྙིང་མ་བས་བྱིན་པའི་རྩམ་པ་དུམ་པ་ཞིག་དང་། ངོ་ཤེས་འགའ་ལ་བསླངས་པའི་ནས་དུམ་པ་ཞིག་བྱུང་བས་རྩམ་པ་ཡ་ཆུང་གང་བྱུང་བ་ལ་བརྒྱགས་ཀྱི་བློ་ཕུགས་གཏད་ནས། དམ་བཅའ་རང་གིས་རང་ལ་མང་པོ་བྱས་ཏེ། ངས་ལུས་འདིའི་སྟེང་ནས་གྲུབ་པ་ཞིག་མ་ཐོབ་བར་དུ་བདག་གིས་འཇིག་རྟེན་གྱི་བྱ་བ་མི་སྒྲུབ་པར་གྱུར་ཅིག །བདག་གི་ལས་ངན་པ་མ་ཟད་བར་དུ་སྡིག་པ་སྤྱོད་པའི་མི་དང་མི་འཕྲད་པར་གྱུར་ཅིག །དངོས་གྲུབ་དམ་པ་མ་ཐོབ་བར་དུ་གཤིན་ཟས་དང་དད་ཟས་སྐུ་གླུད་ཀྱི་ཐལ་བ་མི་འགམ་པར་གྱུར་ཅིག །བདག་གི་བགེགས་རིགས་ལན་ཆགས་བར་ཆད་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག །བླ་མ་སྐུ་དྲིན་ཅན་གྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག །སངས་རྒྱས་བསྟན་པའི་བྱ་བ་བྱེད་པར་གྱུར་ཅིག །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཁུར་པོ་


KMC018_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འཁུར་བར་གྱུར་ཅིག །ཅེས་གསུངས་ཏེ། བདག་འདི་ནས་བྱང་ཆུབ་ཅིག་མ་ཐོབ་ཀྱི་བར་དུ་གྲོང་ཡུལ་དུ་མི་འབབ་ཨེ་གོ །གལ་ཏེ་བབས་ན་ཆོས་སྐྱོང་སྲུང་མས་ཆད་པ་ཆོད་ཅིག་གསུངས་ནས་བསྒོམས་ཏེ་ཉིན་ཅིག་སྤང་སངས་ལ་འགྲོ་འདོད་པ་ཞིག་བྱུང་བ་ལ་མགུར་འདི་གསུངས་སོ།། ༈ རྗེ་རྡོ་རྗེ་འཆང་ཆེན་མར་པའི་སྐུ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཨ་མཚར་པོ་མི་ལ་ཐོས་པ་དགའ། །གྲོས་རང་གཏམ་རང་ལ་ཕན་པའི་དབྱངས། །གྲོགས་གཏམ་སྙན་སྨྲ་བའི་མི་དང་བྲལ། །ལྟད་མོ་བལྟ་འདོད་ཀྱི་ལུང་པ་སྟོངས། །སྐྱོ་བ་སངས་འདོད་ཀྱི་ཡུལ་རྐྱེན་མེད། །སེམས་མ་སྤྲོ་མ་སྤྲོ་རང་སར་ཞོག །སྤྲོས་ན་དོན་མེད་སྣ་ཚོགས་དྲན། །མ་ཡེངས་མ་ཡེངས་དྲན་པ་བརྟེན། །ཡེངས་ན་དགེ་སྦྱོར་རླུང་ལ་འཆོར། །མ་འགྲོ་མ་འགྲོ་ཉལ་ས་གནོན། །སོང་ན་གོམ་པ་རྡོ་ལ་ཐུག །མ་སྲིངས་མ་སྲིང་མགོ་བོ་ཁུག །བསྲིངས་ན་ལག་སྟོངས་ཕྱལ་བར་འགྲོ། །མ་ཉལ་མ་ཉལ་དགེ་སྦྱོར་མཛོད། །ཉལ་ན་བསམ་མེད་དུག་ལྔས་ནོན། །ཅིས་ཀྱང་བསྒོམས་


KMC018_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་གྲོལ་ཡང་། །མི་མེད་ལུང་སྟོང་དུ་འཆི་བར་ཤོག །ཅེས་གསུངས་ནས་བདག་འདི་ནས་བརྟན་པ་ཞིག་མ་ཐོབ་བར་དུ་གྲོང་པའི་གཡེང་བ་ལ་མ་དགའ་ཨེ་གོ །གལ་ཏེ་གྲོང་པའི་གཡེང་བ་ལ་ཤོར་ན་མ་མཁའ་འགྲོ་མ་རྣམས་ཀྱིས་ཆད་པ་ཐོང་ཞིག་གསུངས་ནས་མགུར་འདི་གསུངས་སོ།། ༈ རྗེ་ནཱ་རོའི་བུ་རྒྱུད་ཐར་པའི་ལམ། །སྤྲང་རི་ཁྲོད་དུ་གནས་པར་བྱིན་གྱིས་རློབས། །བདུད་འཇིག་རྟེན་གྱི་བྱ་བས་མི་གཡེང་བར། །སྒོམ་མཉམ་གཞག་གི་བསམ་བཏན་འཕེལ་བར་ཤོག །ཞི་གནས་ཀྱི་རྫིང་ལ་མ་ཞེན་པར། །ལྷག་མཐོང་གི་མེ་ཏོག་འཁྲུངས་པར་ཤོག །སྤྲོས་བཅས་ཀྱི་རྩབ་རྩུབ་མི་སྡང་བར། །སྤྲོས་མེད་ཀྱི་ལོ་འདབ་རྒྱས་པར་ཤོག །སྒྲུབ་ཁང་དུ་ཡིད་གཉིས་མི་སྐྱེ་བར། །ཉམས་རྟོགས་ཀྱི་འབྲས་བུ་སྨིན་པར་ཤོག །བདུད་རིགས་ཀྱི་བར་ཆད་མི་ནུས་པར། །རང་སེམས་ལ་ངེས་ཤེས་རྟོགས་པར་ཤོག །ཐབས་ལམ་ལ་ཐེ་ཚོམ་མི་སྐྱེ་བར། །ཕ་རྗེས་བུ་ཡིས་སླེབ་པར་ཤོག །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་རི་ཁྲོད་


KMC018_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ནོན་པར་བྱིན་གྱིས་རློབས། །ཞེས་གསུངས་ཏེ། བདག་གྲུབ་པ་ཞིག་མ་ཐོབ་བར་དུ་གྲོང་ཡུལ་དུ་མི་འབབ་ཨེ་གོ །གལ་ཏེ་བབས་ན་བླ་མ་བཀའ་དྲིན་ཅན་གྱི་ཆད་པ་ཐོང་ཞིག་གསུངས་ནས་མི་འབབ་པའི་དམ་བཅའ་རྣམ་པ་གསུམ་གྱིས་བསྡམས་ཏེ། མཚམས་དམ་པོ་མི་མེད་ལུང་སྟོང་དུ་འཆི་བ་ཞིག་ཨི་ནུས་བསམ་པ་རང་ཡིད་ལ་བྱས་ནས་འབུངས་ཏེ་བསྒྲུབས་པས་ལོ་གཅིག་མ་འཁོར་བར་དུ་བར་ཆད་མེད་པར་བརྒྱགས་ཀྱིས་སྐྱོལ་བ་བྱུང་བ་དང་། སྤོ་རི་སྤོ་མཐོན་ནམ་མཁའི་རྫོང་བྱ་བའི་བཙན་པོ་ཟྭ་མང་པོ་ཡོད་པ་ཞིག་ཏུ་སྤོས་ནས་སྒོམ་དགོས་བསམ་པ་ལ་བརྒྱགས་ཐེས་གང་ཡང་མེད་པས་ཐུགས་མུག་པ་ཞིག་བྱུང་ནས། ང་འདི་ནས་གྲུབ་པ་ཞིག་མ་ཐོབ་བར་དུ་ཟྭ་སྔོན་མོའི་འཚོ་བ་རང་བཟང་བསམ་པས་སེམས་དཔའ་སྐོང་བ་བསལ་ནས་བསྒོམས་ཙ་ན་ལྟོགས་པའི་སྣང་བ་ཆུང་དུ་སོང་སྟེ། ལུས་ཀྱི་ཤེད་ཇེ་ཆུང་ཇེ་ཆུང་ལ་སོང་ནས་ལན་ཅིག་ཀུན་ཡིད་མི་ཆེས་པ་རེ་བྱུང་སྟེ། སྐུ་ལུས་ལ་བལྟས་ཙ་ན་སྣ་མེད་པར་སོང་ནས་སྔོ་བ་ཧམ་པ་རིད་པ་འགྱེལ་ལ་ཁད་ཆག་ལ་ཁད་པར་སོང་བ་ལ་ཉིན་གཅིག་མི་མང་པོ་བྲག་དེ་ལ་སྒྲོ་འཚོལ་དུ་ཡོངས་པས་ཁོང་མཐོང་བས་མི་རྣམས་དང་པོ་མི་མ་ཡིན་རེད་ཟེར་གྱིན་བྲོས། ང་འདུག་ཡིན་བྱས་པས་ཀྱང་ཨེ་ཡིན་མི་ཡིན་ཟེར་ནས་རྒྱང་ངེ་བ་ལ་བསྡད་ནས་བླ་བོ་བྱས་པས། ཨ་མཚར་པོ་མི་ལ་འཆི་


KMC018_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་པ་རེད་ཟེར་ནས་སོང་ངོ་། །དེ་ནས་མི་ལས་བྲག་འདིའི་ནང་དུ་བདག་འཆི་བ་ཞིག་བྱེད་བསམ་ཡང་འཆི་རྒྱུ་མ་བྱུང་བ་ལ། ཞག་འགའ་ནས་མི་དེ་རྣམས་ཀྱི་ནང་ནས་རྒན་པ་ཞིག་གིས་རྩམ་པ་དུམ་པ་ཞིག་ཁྱེར་ནས་བྱུང་བས་དེ་ཟྭ་ལ་བཏབ་ནས་གསོལ་བས་ཁམས་བཟང་ཏིང་གིས་བཏང་བས་དེ་དུས་མགུར་འདི་གསུངས་སོ།། ༈ རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཡོན་བདག་བཟང་པོའི་ཚོགས་གསོག་དང་། །འཛེད་ཁ་ཟབ་མོའི་རྟེན་འབྲེལ་འགྲིག །རྙེད་དཀའ་འཇིག་སླའི་ལུས་པོ་འདི། །ཟས་དང་ཕྲད་པས་སྐུ་ཁམས་བཟང་། །དོག་མོ་ས་ཡི་རྩི་བཅུད་དང་། །དགུང་སྔོན་དབྱིངས་ཀྱི་ཆར་པ་གཉིས། །འགྲོ་ལ་ཕན་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་ལྷ་ཆོས་ཡིན། །ཕ་མས་གསོས་པའི་སྒྱུ་ལུས་དང་། །བླ་མ་དམ་པའི་གདམས་ངག་གཉིས། །ལྷ་ཆོས་བྱེད་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྙིང་རུས་ཡིན། །མི་མེད་ལུང་པའི་བྲག་ཕུག་དང་། །ཁ་ཞེ་མེད་པའི་དགེ་སྦྱོར་གཉིས། །ཅི་བསམ་


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next