Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་གསུམ་པ།


   
   
   
   
   
   
མན་ངག་ལྟ་ཕྲེང་གི་འགྲེལ་པ། རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ།
   
   
   
   


 
previousམན་ངག་ལྟ་ཕྲེང་གི་འགྲེལ་པ། རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ།next

མན་ངག་ལྟ་ཕྲེང་གི་འགྲེལ་པ། རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ།

མན་ངག་ལྟ་ཕྲེང་གི་འགྲེལ་པ་རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོས་མཛད་པ་བཞུགས་སོ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་སྔ་ནས། སྤྱིར་གང་ཟག་ངེས་པའི་དོན་ལ་མོས་པར་མཚུངས་སུ་ཟིན་ཀྱང་། མོས་པ་དང་དབང་པོའི་བྱེ་བྲག་གིས་ཐ་དད་པ་ཕལ་མོ་ཆེ་རྣམས་ཀྱང་། ཤིན་ཏུ་རྣལ་འབྱོར་གྱི་ཚུལ་ཟབ་མོ་ལ་འཇུག་པར་བྱ་བའི་ཕྱིར་དང་། རྒྱུད་དང་ལུང་ཐམས་ཅད་ཀྱི་སྤྱི་དཔལ་གསང་བའི་སྙིང་པོ་ལས། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཚུལ་བསྟན་པ། མན་ངག་གི་སྙིང་པོའི་ལེའུ་ལ་འཇུག་པའི་ཡན་ལག་ཏུ་མན་ངག་ལྟ་བའི་ཕྲེང་བ་འདི་མཛད་དོ། །དེ་ཡང་དེ་ཉིད་ལས་འདི་སྐད་དུ། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པ་འདི་ཉིད་ལེགས་པར་བསྟན་པའི་ཕྱིར་རོ། །དེ་ལ་མ་རྟོགས་པ་ནི། མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཕྱོགས་གཅིག་སྟེ། དེ་ལ་མ་རིག་པ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡང་དག་པའི་དོན་ལ་རྨོངས་པའི་མ་རིག་པ་དང་། རྒྱུ་དང་འབྲས་བུ་ལ་རྨོངས་པའི་མ་རིག་པའོ། །དེ་ལས་འདིར་རྒྱུ་དང་འབྲས་བུ་ལ་རྨོངས་པའི་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཕྱོགས་གཅིག་ནི་མ་རྟོགས་པ་ཞེས་བྱ་སྟེ། དེ་ཡང་འཇིག་རྟེན་ཕྱལ་པ་དང་། རྒྱང་འཕེན་གཉིས་ཏེ། དེ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་མ་དཔྱད་པའི་ཕྱིར་རོ། །ལོག་པར་རྟོགས་པ་ནི། མུར་སྟུག་དང་། མུ་སྟེགས་པ་དག་སྟེ། དེ་དག་གིས་དཔྱད་ཀྱང་ཇི་ལྟ་བ་བཞིན་མ་རྟོགས་ཏེ་མཐར་ལྷུང་བའི་ཕྱིར་རོ། །ཕྱོགས་རྟོགས་པ་ནི། ཉན་ཐོས་དང་། རང་སངས་རྒྱས་དག་སྟེ། བདེན་པའི་དོན་ལ་སྤྱོད་ཀྱང་རྣམ་པར་ཐར་པའི་སྒོ་ཕྱོགས་རེ་རྟོགས་པ་ལས་སྐྱེས་པའི་ཕྱིར་རོ། །ཡང་དག་ཉིད་མ་རྟོགས་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ལ་སྤྱོད་ཀྱང་། བསམ་པ་མཉམ་པ་ཆེན་པོའི་དོན་ལ་རྨོངས་པ་ཕྱོགས་གཅིག་ཡོད་པའོ། །འདུལ་བ་ནི་བྱ་བའི་རྒྱུད་དེ། དེར་གསང་སྔགས་ཀྱིས་འདུལ་བའི་གཞི་བཅས་པའི་ཕྱིར་རོ། །དགོངས་པ་ནི་རྣལ་འབྱོར་གྱི་རྒྱུད་དེ། དེར་གསང་སྔགས་ཀྱི་དགོངས་པ་མ་ལུས་པའི་གཞི་བཅས་ཏེ་བསྟན་པའི་ཕྱིར་ཏོ། །འདིར་ལྟར་དེར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱི་བཀོད་པའི་རྒྱན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་གཞུང་བསགས་ཏེ། རྣལ་འབྱོར་གྱི་ཚུལ་གཙོ་བོར་མཛད་ནས། གསང་སྔགས་ཀྱི་ཁོག་པ་བཀྲོལ་ཏེ་བསྟན་ཏོ། །གསང་བ་ནི་རྣལ་འབྱོར་ཆེན་པོའི་ཚུལ་ཏེ། དེར་ནི་ཉན་ཐོས་དང་ཐུན་མོང་མིན་པའི་སྒོར་གྱུར་པ། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བའི་སྤྱོད་པ་བསྟན་པའི་ཕྱིར་རོ། །རང་བཞིན་གྱིས་གསང་བ་ནི་རྫོགས་པ་ཆེན་པོའི་ཚུལ་ཏེ། དེར་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ། ཡེ་ནས་མངོན་པར་རྫོགས་པ་སངས་རྒྱས་པ། ད་ལམ་གྱིས་བསྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་པར་བསྟན་པའི་ཕྱིར་རོ། །དེ་དག་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པའི་མདོ་རྣམ་པ་བཞིར་འདུས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འཇིག་རྟེན་ནི། གཡོ་བ་དང་མི་གཡོ་བའི་དངོས་པོ་སྟེ། ལོ་ཀ་ཞེས་བྱ་བའི་སྒྲ་འཇིག་པའི་ཆོས་དང་ལྡན་པ་ལ་འཇུག་པས་འཇིག་རྟེན་ཞེས་བཏགས། ཁམས་ཀྱི་དོན་ནི་རིས་ཀྱི་དོན་ཏེ། དེ་ཡང་རྒྱུ་དང་འབྱུང་ཁུངས་དང་འཛིན་པ་དང་རིས་ཀྱི་དོན་ལ་འཇུག་སྟེ། དེ་ལ་འདིར་ནི་རིས་ཀྱི་སྒྲ་ཉེ་བར་བཟུང་སྟེ་སྣོད་ཀྱི་འཇིག་རྟེན་གཙོར་བྱས་སོ། །སེམས་ཅན་ནི་བརྟགས་པ་དང་། བཏགས་པ་རྣམ་པ་གཉིས་ཏེ། དེ་ལ་བརྟགས་པའི་སེམས་ཅན་ཞེས་བྱ་བ་རྟག་པ་ཞིག་སྐྱེ་བ་གཞན་དུ་འཕོ་ཞིང་ལེན་པར་བྱེད་པར་བརྟགས་པ་དང་། ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་རིགས་སུ་གཏོགས་པ། གནས་མ་བུ་པའི་དེ་ལ་སོགས་པ་ཁ་ཅིག་སེམས་ཅན་ཡོད་ལ་རྟག་མི་རྟག་སྟེ། དེ་ཡང་ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཡོད་དེ་ཞེས་འདོད་པ་ལྟ་བུ་དག་གོ། །བཏགས་པའི་སེམས་ཅན་ནི། སངས་རྒྱས་པ་ཕལ་ཆེར་སེམས་ཅན་ཞེས་བྱ་བ་གང་ཟག་གི་རྫས་ནི་མེད་ཀྱི། ཕུང་པོ་ལྔའི་རྒྱུན་བློས་རྣམ་པར་མ་ཕྱེ་བ་ཙམ་ལ་སེམས་ཅན། གང་ཟག་ཞེས་བཏགས་པར་འདོད་དེ། འདིར་ཡང་དེ་ཉིད་གཟུང་བར་བྱའོ། །ཤེས་རབ་དང་མོས་པའི་བྱེ་བྲག་ནི་ལྟ་བ་སྟེ། དེ་ཡང་མ་རིག་པ་དང་མཚུངས་པར་ལྡན་པས། ཡང་དག་པའི་དོན་ལས་གོལ་བའི་ཕྱིར། ཕྱིན་ཅི་ལོག་གི་ལྟ་བའོ། །གྲངས་མེད་པ་ནི། ཚངས་པ་དྲྭ་བའི་མདོ་ལ་སོགས་པ་ལས་གསུངས་པའི་ལྟ་བའི་གནས་སྣ་ཚོགས་པའོ། །རྣམ་པ་བཞིར་ཞེས་བྱ་བ་ནི། རྣམ་པའི་སྒྲ་ནི་རྒྱུ་དང་། བྱེ་བྲག་དང་། འདྲ་བའམ་སྣང་བའི་དོན་ཏམ། གྲངས་ཀྱི་རྐྱེན་རྣམས་ལ་འཇུག་སྟེ། འདིར་གྲངས་ཀྱི་རྐྱེན་ནོ། །བཞི་ནི་འདི་དག་ཙམ་དུ་བསྡུར་རུང་བས་བཞི་སྟེ། འདི་ལྟར། ཕྱལ་བ་དང་། རྒྱང་འཕེན་དང་། མུར་སྟུག་དང་། མུ་སྟེགས་པའོ། །དེ་ལ་ཕྱལ་བ་ནི་ལྟ་བ་ཐིབས་པོ་སྟེ། འདུ་ཤེས་དང་ཤེས་རབ་ཀྱི་ཤ་ཤས་གཞན་པས། རྒྱུ་དང་འབྲས་བུའི་དངོས་པོ་རྣམས་ལ་མཚན་མ་བཟུང་ཞིང་བྱེ་བྲག་མ་ཕྱེད་པ་སྟེ། འདི་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཕལ་མོ་ཆེ་རྣམས་དངོས་པོ་ལ་ཞེན་ཅིང་འཇིག་ཚོགས་ཀྱི་ལྟ་བ་ལ་གནས་སུ་ཟིན་ཀྱང་ལྟ་བ་ཐིབས་པོས་ནོན་པའི་ཕྱིར་དེ་ལྟ་བུར་གྱུར་པས་དེ་སྐད་ཅེས་བྱ་བའོ། །གྲུབ་པའི་མཐའ་མ་ཆགས་པ་ལྟ་བའི་ཁོངས་སུ་ཅིའི་ཕྱིར་གཞུག་ཅེ་ན། དཔེར་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་གཅིག་ལམ་པོ་ཆེ་གཅིག་ན་གནས་པ་ལས། འགྲོ་བ་ཁ་ཅིག་གིས་ནི་གཞི་ལས་མཐོང་། ཁ་ཅིག་གིས་ནི་ནོར་བུ་མཆིང་བུར་མཐོང་། ཁ་ཅིག་གིས་ནི་རིན་པོ་ཆེ་ཕལ་པར་མཐོང་། ཁ་ཅིག་གིས་ནི་ཇི་ལྟ་བ་བཞིན་ཏུ་མཐོང་ན། གཞི་ནས་མ་མཐོང་བ་རྣམས་ཀྱང་། མཐོང་སྟངས་ཀྱི་མདོ་རིས་གཅིག་ཏུ་བྱེད་པ་ལྟ་བུའོ། །རྒྱང་འཕེན་པ་ཞེས་བྱ་བ་ནི། ལོ་ཀ་ཡ་ཏི་ཞེས་བྱ་བ། ལོ་ཀ་ནི་འཇིག་རྟེན་ཏེ་ད་ལྟར་སྐྱེ་བ་མངོན་པར་གྲུབ་པའི་ཕུང་པོ་འདི་ལ་བྱ། ཡ་ཏིའི་སྒྲ་ནི་ཇི་སྲིད་པའམ་ཇི་ཙམ་པའི་དོན་ཏེ་འཇིག་རྟེན་ཙམ་གྱིས་ཟིན་ཏེ། དེ་ལས་འདའ་མི་ནུས་ཤིང་དོན་ཆུང་བ་ལ་སྙེགས་པ་ལས། བོད་ཀྱི་ལུགས་སུ་དོན་དེ་དང་མཐུན་པའི་མིང་གདགས་པར་བྱ་ན། སྔོན་ཆད་འཇིག་རྟེན་ན་གྲགས་པ། བྱ་བ་ཕྲ་མོ་རེ་རེ་ལ་ལས་ཏེ། དེས་ཟིན་ཅིང་དེ་ལས་འདའ་མི་ནུས་ཏེ། དོན་ཆེན་པོ་དང་བྲལ་བ་ལ་ཕན་ཅེས་གྲགས་ཏེ། དཔེར་ན་འགྲོ་བ་ལ་ཤས་པ་ནི་འགྲོ་བ་ལ་ཕན། ཟ་བ་ལ་ཤས་པ་ནི་ཟ་བ་ལ་ཕན་ཞེས་བྱ་བ་ལྟ་བུའམ། གཞན་ཡང་རྒྱལ་པོའི་ཕོ་བྲང་འཁོར་ན་མཐིལ་ཕབ་པའི་དོན་མེད་པར། གློ་བུའི་བའི་བྱ་བ་སྣ་ཚོགས་ཅུང་ཟད་ཙམ་ལ་སྦྱོར་བའི་གོས་དང་སྣོད་དག་ལ། མང་ལ་ཕན་གྱི་ཐུངས། མང་ལ་ཕན་གྱི་སྣོད་ཅེས་བཏགས་པ་ལྟ་བུའོ། །རྒྱང་ཞེས་བྱ་བ་ནི་སྔོན་ཆད་གྲགས་པ། ཡོར་ཡོར་པོ་ལ་མཚན་མ་བཙུགས་པ་ནི་ཐོ་ཡོར་ཞེས་བྱ། ཕྲེང་ཕྲེང་པོ་ལ་མཚན་མ་བཙུགས་པ་ནི་རྒྱང་ཞེས་བྱ། ཐག་པའམ་ཐག་ཅེས་ཀྱང་བྱ་སྟེ། དེ་བས་ན་རྒྱང་རིང་ཐུང་ཞེའམ་ཐག་རིང་ཐུང་ཞེའམ་རྒྱུ་དང་ཞེས་བྱ་བ་དོན་འདྲ་སྟེ། དེ་བས་ན་མིང་བསྡུས་ན། འཇིག་རྟེན་ཕྲེང་ཕྲེང་པོའི་ངོར་ཕན་པས་ཏེ། དེ་ལས་འདའ་མི་ནུས་དོན་ཆེན་པོ་མཐིལ་ཕབ་པ་མེད་པས་འཇིག་རྟེན་རྒྱང་འཕེན་ཞེས་བཏགས་སོ། །འདི་ལ་ཡང་སྒྲ་མ་འདོམ་པའི་ཆ་ནི། སངས་རྒྱས་པ་མ་ཡིན་པའི་ཕྱི་རོལ་པ་ཐམས་ཅད་ལ་ཡང་ཐུན་མོང་དུ་འཇུག་སྟེ། འདི་ལྟར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་ལྟར་ན་ཞེའམ། འཇིག་རྟེན་རྒྱང་འཕེན་པའི་ལྟར་ན་ཞེས་གསུངས་པ་ལྟ་བུའོ། །ཁ་ཅིག་ཏུ་ལྟ་བའི་བྱེ་བྲག་ཕྱོགས་གཅིག་ཏུ་འཛིན་པ་ལ་འཇུག་པ་ཡང་ཡོད་ན། འདིར་ལྟ་བ་རྣམ་པ་བཞི་འདོམས་པའི་སྐབས་སུ་སྤྱིའི་སྒྲ་བྱེ་བྲག་ལ་འཇུག་པར་བྱ་སྟེ། ཇི་སྐད་གསུངས་པའི་ལྟ་བ་ཕྱོགས་གཅིག་ཏུ་སྦྱར་རོ། །མུར་ཐུག་ཞེས་བྱ་བ་ནི། མཐའ་ཟད་ཅིང་ཕ་རོལ་ཏུ་མ་ཕྱིན་པའི་མིང་སྟེ། འདི་ཡང་སྒྲ་མ་འདོམ་པའི་ཚེ་ཕྱི་རོལ་པ་ཐམས་ཅད་ལ་ཐུན་མོང་དུ་འཇུག་སྟེ། ཇི་ལྟར་འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་ངའི་བསྟན་པ་འདི་ནི། མུར་ཐུག་དགུ་བཅུ་་རྩ་དྲུག་གིས་ནི་འཇིག་པར་བྱེད་མི་ནུས་ཏེ། ངའི་དགེ་སློང་ང་དང་འདྲ་བས་འཇིག་པར་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་འདིར་སྒྲ་འདོམས་པའི་སྐབས་ཡིན་པས། ཡན་ལག་ལ་འཇུག་པར་སྦྱར་རོ། །མུ་སྟེགས་ཞེས་བྱ་བ་ནི། ཏིཪྠི་ཀ་ཞེས་བྱ་བ། ཏིཪྠི་ཏེཪྠེ་ན་ཏིཪྠི་ཀ་ཞེས་བྱ་སྟེ། མྱ་ངན་ལས་འདས་པའི་རྒྱ་མཚོར་འབབ་པའི་ལམ་གྱི་ཆུ་རྒྱུན་གྱི་མུ་ལ་སྟེགས་བཅས་ཤིང་བརྟེན་པ་སྐད་དུ་འཆད་པས་མུ་སྟེགས་སུ་བཏགས་ཏེ། འདི་ཡང་དབང་ཕྱུག་རྒྱུར་ལྟ་བ་དང་། བྱེད་པ་པོ་རྒྱུར་ལྟ་བ་ལྟ་བུ་ཐར་པ་ཚོལ་བའི་ལམ་ལ་བརྟེན་པར་འདོད་པ་རྣམས་ལ་འཇུག་གི། དུས་རྒྱུར་ལྟ་བ་དང་། ཆད་པར་ལྟ་བ་ལྟ་བུ་ཐར་པའི་ལམ་ལ་མི་བརྟེན་པ་རྣམས་ལ་མི་འཇུག་མོད་ཀྱི། ཡན་ལག་གི་མིང་སྤྱི་ལ་འཇུག་པའི་མཚན་མར་བྱས་པ་སྟེ། དཔེར་ན་འཛམ་བུའི་གླིང་ཞེས་བྱ་བ་ཤིང་འཛམ་བུས་ཕྱོགས་ཐམས་ཅད་དུ་མ་ཁྱབ་མོད་ཀྱི། ཕྱོགས་གཅིག་ན་ཤིང་འཛམ་བུ་ཡོད་ལ། དེ་དང་འབྲེལ་བའི་གླིང་ལ་འཛམ་བུ་གླིང་ཞེས་བརྗོད་པ་ལྟར། མུ་སྟེགས་དང་འབྲེལ་བའི་ལྟ་བ་ལ་མུ་སྟེགས་ཀྱི་ལྟ་བ་ཞེས་བྱ་བའོ། །དེ་ལ་འདིར་ནི་སྒྲ་འདོམས་པའི་སྐབས་ཡིན་པས། ཡན་ལག་གི་སྒྲ་ཡན་ལག་ཉིད་དང་། དེ་དང་ཉེ་བར་འབྲེལ་བ་ཙམ་ལ་འཇུག་པར་སྦྱར་རོ། །དེ་ལ་འཇིག་རྟེན་པའི་ལྟ་བའི་སྐབས་འདིར་ནི་ལྟ་བ་ཙམ་ཞིག་བསྟན་གྱི། ལམ་དང་འབྲས་བུ་ནི་མ་བསྟན་ཏེ་དོན་མེད་པར་དགོངས་པར་ཟད་དོ། །དེ་ལ་ཆོས་ཐམས་ཅད་ཞེས་བྱ་བ་ནི། འདིར་ལྟ་བའི་ཡུལ་བསྟན་པ་ཡིན་ཏེ་ཤེས་བྱ་ཐམས་ཅད་ལ་བྱའོ། །དེ་ལ་ཆོས་ཞེས་བྱ་བའི་ངེས་པའི་ཚིག་ནི་དྷརྨ་ཞེས་བྱ་བ་འཛིན་པའི་དོན་ལ་འཇུག་སྟེ། དེ་ཡང་འདིས་འཛིན་པའམ། འདིས་འཛིན་པར་བྱ་བ་ཡིན་ཞེས་བྱེད་པ་དང་ལས་སུ་སྒྲུབ་པར་བྱེད་དེ། དེ་ལ་ཤེས་བྱ་ཐམས་ཅད་ལ་ཆོས་ཞེས་བརྗོད་པའི་ཚེ་ནི། མཚན་ཉིད་འཛིན་པར་བྱས་པས་ཆོས་ཏེ། བྱེད་པ་དང་ལས་གཉིས་ཀར་དྲང་ངོ་། །ལམ་དང་དོན་དམ་པ་དང་བསོད་ནམས་དག་ལ་ཆོས་ཞེས་བརྗོད་པའི་ཚེ་ནི། ལྟུང་བ་ལས་འཛིན་པས་ཆོས་ཏེ་བྱེད་པར་སྦྱར་རོ། །གསུང་རབ་དང་བདེན་ཞིང་ངེས་པ་དང་ཡུལ་ཆོས་ལྟ་བུ་ལ་ཆོས་ཞེས་བརྗོད་པའི་ཚེ་ན། རིག་པ་འཛིན་པས་ཆོས་ཏེ་བྱེད་པར་སྦྱར། ཁམས་སམ་རྒྱུ་ལ་ཆོས་ཞེས་བརྗོད་པའི་ཚེ། འབྲས་བུ་འཛིན་པས་ཆོས་ཏེ་བྱེད་པར་སྦྱར། ཚེ་ལ་ཆོས་ཞེས་བརྗོད་པའི་ཚེ། ལུས་འཛིན་པས་ཆོས་ཏེ་བྱེད་པར་སྦྱར། ཡིད་ཀྱི་ཡུལ་ལ་ཆོས་ཞེས་བརྗོད་པའི་ཚེ། ཆོས་ཕལ་ཆེ་བ་དང་། འདུས་བྱས་དང་འདུས་མ་བྱས་ཀྱང་བསྡུས་པའི་ཕྱིར། སྤྱིའི་མིང་ཡན་ལག་ལ་བཏགས་པར་སྦྱར། སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྲས་བུའི་ཆོས་ཞེས་བརྗོད་པའི་ཚེ་ནི། ཆོས་ལས་བྱུང་བ་དང་། ལྟུང་བ་ལས་འཛིན་པ་དང་། ཁམས་ཀྱི་དོན་ཏེ། བྱིངས་ཆེ་བའི་ཕྱིར་ཆོས་ཞེས་བྱའོ། །ཆོས་ལ་ཆོས་སུ་རྣམ་པར་བཞག་པའི་ཚེ་ནི། འདི་འཛིན་པས་ཆོས་ཏེ་ལས་སུ་སྦྱར། ཆོས་ཀྱི་ངེས་ཚིག་འདི་ལྟ་བུ་ནི་ཐམས་ཅད་ཀྱི་སྐབས་སུ་བརྗོད་པར་བྱའོ། །རྒྱུད་དང་འབྲས་བུ་ཞེས་སྨོས་པ་ནི། འཇིགས་རྟེན་པའི་ལྟ་བ་འདི་དག་གཙོ་བོར་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཡིན་པའི་ཕྱིར། དེའི་ཡུལ་ཆོས་རྒྱུ་འབྲས་ཀྱི་དངོས་པོ་གཞག་པར་རིགས་པས་དེ་དག་བསྟན་ཏོ། །འཇིག་རྟེན་གྱི་གསང་ཚིག་ནི། རྣམ་པར་གྲོལ་བའི་སྒོར་མ་གྱུར་པའི་གསང་སྔགས་ཏེ། འཇིག་རྟེན་པས་བཤད་པ། འཇིག་རྟེན་གྱི་བྱ་བ་བསྒྲུབ་པ་རྣམས་སོ། །ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་ཀྱང་གློ་བུར་དུ་སྐྱེས་ལ་མཐའ་ཆད་པར་ལྟ་ཞེས་པས་ནི། འབྲི་ཧ་སྟེ་ལ་སོགས་པ་ཁ་ཅིག་གི་གྲུབ་མཐའ་ལས། མ་ཤི་བར་དུ་དགའ་མགུར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ཀྱང་ཐལ་བ་བཞིན་སོང་ན། །སླར་སྐྱེས་བ་དག་ག་ལ་ཡོད། །ཅེས་གཞུང་འདི་དག་གིས་བསྒྲུབས་ཏེ། དཔེར་ན་བུད་ཤིང་མང་པོ་སྤུངས་པའི་རྐྱེན་དེ་ཉིད་ཀྱིས་མེ་བྱུང་ནས། འབར་བའི་ཚེ་ཇི་སྲིད་བུད་ཤིང་མ་ཟད་པ་དེ་སྲིད་དུ་མེ་འབར་ཏེ། ཤིང་ཟད་ནས་མེ་ཤི་བ་ན། ཤིང་དང་མེའི་རྒྱུན་འབྲེལ་བ་གཞན་སྐྱེ་བ་མེད་བཞིན་དུ། ལུས་ཀྱི་འབྱུང་བ་ཆེན་པོ་ཤིང་དང་འདྲ་བ་གློ་བུར་དུ་རང་འོངས་ཏེ། དེ་དག་རྒྱུན་ཆད་པ་ན་སྲིད་པར་ཉིང་མཚམས་སྦྱོར་པ་མེད་དོ་ཞེས་འདོད་པའོ། །ཆོས་ཐམས་ཅད་ལ་ཀུན་ཏུ་བརྟགས་པའི་བདག་རྟག་པ་ཞིག་ཡོད་པར་ལྟ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུར་སྣང་བའི་དངོས་པོའི་ཆོས་རྣམས་ལ། མངོན་པར་ཤེས་པ་དང་། ལུས་ལ་སོགས་པའི་རྐྱེན་དག་གིས་དངོས་པོ་མེད་བཞིན་དུ། ཀུན་ཏུ་བརྟགས་ནས་བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་དང་། རྒྱུ་འབྲས་ལོག་པ ར་ལྟ་བ་དང་། རྒྱུ་ཡོད་ལ་འབྲས་བུ་མེད་པར་ལྟ་བ་དང་གསུམ་པོ་འདི་དག་ཏུ་འདུས་སོ་ཞེས་བསྟན་པའོ། །དེ་ཡང་རང་བཞིན་རྒྱུར་ལྟ་བ་དང་། དབང་ཕྱུག་རྒྱུད་ལྟ་བ་དང་། བྱེད་པ་རྒྱུར་ལྟ་བ་ཡིན་ནོ། །ཞེས་སངས་རྒྱས་པས་བཏགས་པ་སྟེ། དེ་དག་རང་རང་གི་གྲུབ་མཐའ་ལས་ནི། ཁ་ཅིག་གིས་གྲུབ་མཐའ་ལས། བ་ནི་བ་སྦྲ་ཉིད་ཀྱི་རྒྱུ། །བླག་ཤ་ཡལ་ག་ཀུན་གྱི་གཞི། །ཆུ་ཤེལ་ཆུ་ཡང་དེ་བཞིན་ཏེ། །སུས་ཀྱང་མ་བྱས་རང་བཞིན་བྱུང་། །ཞེས་བྱ་བ་ལ་སོགས་པས་བསྒྲུབ་སྟེ། དེ་ཡང་རང་བཞིན་ཞེས་བྱ་བ་ཡང་རྒྱུ་དང་རྐྱེན་ལ་མི་ལྟོས་པ། གཟུགས་དང་སེམས་ཀྱིས་མཚན་མར་མ་བྱས་པ། རྣམ་པ་དང་བྱེ་བྲག་ཏུ་མི་ཕྱེད་པ། འགྱུར་བ་མེད་པ་རྟག་པ་ཞིག་ཏུ་འདོད་དེ། དེ་ཡང་རང་བཞིན་དེས་རྒྱུ་བྱས་ནས། འབྲས་བུ་དངོས་པོ་གཞན་ཞིག་གྲུབ་པར་འདོད་པ་ལྟ་བུ་ནི་མ་ཡིན་ཏེ། གཡོ་བ་དང་མི་གཡོ་བའི་དངོས་པོ་འདི་ཉིད་རང་བཞིན་དེ་ཡིན་པར་སྨྲ་སྟེ། དེ་ལྟར་སྤྱོད་ཡུལ་དུ་སྣང་བའི་རྒྱུ་དང་འབྲས་བུ་དང་འཕེལ་འགྲིབ་ལ་སོགས་པའི་མི་རྟག་པ་ནི། དེའི་གནས་སྐབས་ཡིན་པར་སྨྲ་ལ། རང་བཞིན་དང་གནས་སྐབས་ཀྱང་ཐ་དད་དུ་མི་འདོད་དེ། དཔེར་ན་གསེར་ནི་དངུལ་ཆུས་བསྒྲིབས་སམ་སྣ་བསྒྱུར་ཡང་རང་བཞིན་མི་འགྱུར་རོ་ཞེས་ཟེར་རོ། །འདི་ལ་ནི་བདག་གཅིག་པུར་འཛིན་པ་ཞེས་ཀྱང་བྱ། རིལ་པོར་འཛིན་པ་ཞེས་ཀྱང་བྱ་སྟེ། སྣང་བའི་དངོས་པོ་ལ་ནི་ཡེ་ནས་གྲུབ་པ་ཡིན་ལ། དེ་སྐྱེད་པའི་རྒྱུ་གཞན་ནི་མེད་པར་ལྟ་བས། རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་ཞེས་ཀྱང་བྱའོ། །རྒྱུ་ལ་མ་ལྟོས་ན་འབྲས་བུ་ཇི་ལྟར་གཞག་ཅེ་ན། ཡོད་པ་ཉིད་ལ་འབྲས་བུ་མ་གྲུབ་པ་ཞེས་བྱ་སྟེ་ནམ་མཁའ་གདོད་ནས་གྲུབ་པ་ཞེས་བྱ་བ་ཡིན་ནོ། །འདི་ནི་དམིགས་པ་གཅིག་པུ་པ་ཡིན་ནོ། །དབང་ཕྱུག་རྒྱུར་ལྟ་བ་ནི། འདི་སྐད་དུ། དབང་ཕྱུག་གིས་ནི་ཡང་ན་གཡང་སའམ། །མཐོ་རིག་ཁོ་ནར་ངེས་པར་འདྲེན་པར་བྱད། །ཅེས་བྱ་བ་ལ་སོགས་པས་བསྒྲུབ་སྟེ། འདི་ལྟར་དབང་ཕྱུག་ཅེས་བྱ་བའི་གང་ཟག་གདོད་མ་ནས་གྲུབ་པར། རྟག་པ། གཡོ་བ་དང་མི་གཡོ་བ་ཐམས་ཅད་རྣམ་པར་འཕྲུལ་པ་པོ་དབང་བསྒྱུར་བ་ཞེས་བྱ་བ་ལ་སོགས་པར་ལྟ་སྟེ། དེས་ན་དབང་ཕྱུག་ནི་རྟག་ལ། དེས་སྤྲུལ་པ་ནི་མི་རྟག་པར་འདོད་དེ། བདེ་བ་དང་སྡུག་བསྔལ་གྱི་དངོས་པོའང་། དབང་ཕྱུག་མཉེས་པ་དང་མ་མཉེས་པའི་དབང་ལས་བྱུང་བར་འདོད་པས། དེ་མཉེས་པར་བྱ་བའི་ཕྱིར་སྲོག་ཆགས་མང་པོ་སྦྱིན་སྲེག་བྱ་བ་ལ་སོགས་པ་མི་དགེ་བའི་ལས་ཀྱིས། མཐོ་རིས་ཀྱི་བདེ་བ་གྲུབ་པར་འདོད་པས། རྒྱུ་འབྲས་ལོག་པར་ལྟ་བ་ཞེས་ཀྱང་བྱའོ། །འདི་ནི་དམིགས་པ་གཉ ིས་དང་ལྡན་པ་ཡིན་ཏེ། དབང་ཕྱུག་རྟག་པ་དང་། སྤྲུལ་པ་མི་རྟག་པར་ལྟའོ། །བྱེད་པ་པོ་རྒྱུར་ལྟ་བ་ནི། འདི་སྐད་དུ། ང་ནི་རྟག་གོ་བློ་ནི་འགྱུར། །རྫ་བཅག་བྱིའུ་འཕུར་བཞིན་དུ། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །རྟག་པ་མཐེ་བོང་ཡུང་འབྲུ་ཙམ། །བདག་ཅེས་བྱ་བ་དེས་ལེན་ཏོ། །ཞེས་བྱ་བ་ལ་སོགས་པས་བསྒྲུབ་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་ལ། བདག་ཅེས་བྱ་བ་བྱེད་པ་པོ་རང་དབང་ཐོབ་པ། རྟག་པ་མི་འགྱུར་བར་གནས་པ། སེམས་ཅན་གང་ཟག་དང་སྐྱེས་བུ་ལ་སོགས་པའི་མིང་གིས་བརྗོད་པ། ལུས་ཆེ་ཆུང་གི་བྱེ་བྲག་གིས། ཆེ་བ་དང་ཆུང་བར་གནས་པ། ལུས་གཅིག་ནས་གཅིག་ཏུ་འཕོ་བ་ཞིག་ཡོད་པར་འདོད་དེ། དེ་ཡང་ཁ་ཅིག་ནི་ཤེལ་སྦྱངས་པ་འདྲ་བ་གཅིག་ཡོད་དོ་ཟེར། ཁ་ཅིག་ནི་སྐྱེས་བུ་འོད་སྟོང་དང་ལྡན་པ་ཞིག་རིག་བྱེད་ཀྱི་སྨྲེང་འདོན་ཞིང་ཡོད་དོ་ཟེར། ཁ་ཅིག་ནི་སོ་སོའི་ལུས་དང་མཐུན་པ་བརྫུས་ཏེ་སྐྱེ་བའི་སེམས་ཅན་ཡོད་དོ་ཞེས་ཟེར་ཏེ། དེ་དག་ལ་སོགས་པ་ཐ་དད་པར་སྨྲ་བའོ། །འདི་ནི་དམིགས་པ་གསུམ་དང་ལྡན་པ་ཡིན་ཏེ། བདག་རྟག་པ་རྒྱུའི་བྱ་བ་ཁོ་ན་བྱེད་པར་འདོད་པ་དང་། དེས་བྱས་པའི་ཕུང་པོ་འབྲས་བུའི་ངོ་བོ་མི་རྟག་ཅིང་འགྱུར་པའི་ཆོས་ཅན་དུ་འདོད་པ་དང་། འབྲས་བུ་དེ་ཡང་ཐེབས་ཅིག་གི་འབྲས་བུ་ཙམ་ཡིན་ཏེ། དེས་ཕུང་པོ་གཞན་སྐྱེད་པའི་རྒྱུན་མེད་ཅིང་རྒྱུན་ཆད་པར་འདོད་པའོ། །འདི་དག་ནི་མ་རིག་པའི་ལྟ་བའོ་ཞེས་བྱ་བ་ནི་དེ་ལ་མ་རིག་པ་ནི་རིག་པའི་མི་མཐུན་པའི་ཕྱོགས་ཏེ། དེ་དང་མཚུངས་པར་ལྡན་པའི་ལྟ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཡང་དག་པའི་ལྟ་བ་བསྟན་པའི་ཕྱིར། དེའི་གོལ་ས་དང་སྒྲིབ་པ་བསྟན་དགོས་སོ་ཞེས་དགོངས་པའོ། །སྤྱིར་མུ་སྟེགས་ཅན་རྒྱུ་གནས་སུ་འདོད་པ་རྣམས་ཀྱིས་གཞི་ནི་རྣམ་པ་ལྔ་སྟེ། དབང་ཕྱུག་གིས་བསྐོས་པ་དང་། བྱེད་པ་པོས་བྱས་པ་དང་། རང་བཞིན་བྱུང་བ་དང་། དུས་ཀྱིས་བསྒྱུར་བ་དང་། རྒྱུ་མེད་པ་ལས་བྱུང་བ་སྟེ། དེ་དག་ཀྱང་ཇི་སྐད་དུ་བསྟན་པ་དེ་རྣམས་སུ་འདུས་པར་དགོངས་པའོ། །མུ་སྟེགས་ཅན་རྟག་པར་སྨྲ་བ་རྣམས་ཀྱི་གཞུང་ནི་རྣམ་པ་ལྔ་སྟེ། ཚངས་པ་ཆེན་པོ་རྟག་པ་དང་། དབང་སྒྱུར་གྱི་ལྷ་རྟག་པ་དང་། བདག་རྟག་པ་དང་། རང་བཞིན་རྟག་པ་དང་། རྡུལ་ཕྲ་མོ་རྟག་པ་སྟེ། དེ་དག་ཀྱང་ཇི་སྐད་དུ་བསྟན་པ་དེ་དག་ཏུ་འདུས་པར་དགོངས་པའོ། །གཞན་ཡང་ཆད་པར་ལྟ་བ་རྣམས་ཀྱི་གཞི་ནི་ལྔ་སྟེ། རྒྱུ་མེད་པ་དང་། འབྲས་བུ་མེད་པ་དང་། སྲིད་པ་ཉིང་མཚམས་སྦྱོར་བ་མེད་པ་དང་། ཁམས་གསུམ་དུ་སེམས་ཅན་འབྱུང་བ་མེད་པ་དང་། ཁམས་གསུམ་ལས་ཐར་པའི་དཀོན་མཆོག་རྣམས་མེད་པར་ལྟ་བ་སྟེ་དེ་དག་ཀྱང་ཇི་སྐད་དུ་བསྟན་པ་དེ་དག་འདུས་པར་དགོངས་པའོ། །ཕྱིན་ཅི་ལོག་གི་ལྟ་བ་འདི་དག་འབྱུང་བའི་རྒྱུ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་མཚན་ཉིད་ཇི་ལྟ་བ་བཞི་ཁོང་དུ་མ་ཆུད་པ་དང་། སྐྱེས་བུ་དམ་པ་མ་ཡིན་པའི་ལུང་ལ་བརྟེན་པ་དང་། མངོན་སུམ་དང་མི་དམིགས་པས་བསྒྲུབས་པ་རྣམས་ལས་འབྱུང་སྟེ། རྒྱུ་འདི་རྣམས་ཀྱི་དབང་གིས་ནི་ཕྱིན་ཅི་ལོག་གི་ལྟ་བ་འབའ་ཞིག་ཏུ་མ་ཟད་ཀྱི། སངས་རྒྱས་པའི་ལྟ་བ་རྣམས་ཀྱང་གོང་མ་རྣམས་ཀྱིས་གཞལ་ན། འོག་མ་རྣམས་ལ་ཉེས་སྐྱོན་དེ་རྣམས་འབྱུང་བར་འགྱུར་རོ། །དེ་ལ་དབང་ཕྱུག་རྒྱུར་སྨྲ་བ་རྣམས་མངོན་སུམ་དང་མི་དམིགས་པས་ཇི་ལྟར་བསྒྲུབ་ཅེ་ན། དང་པོ་འཇིག་རྟེན་ཆགས་པའི་དུས་སུ་ཚངས་ཆེན་གྱི་གནས་གྲུབ་པ་ན་ཚངས་པ་ཆེན་པོ་འབྱུང་བར་འགྱུར་ཏེ། ཚངས་པ་ཆེན་པོ་དེའི་འདོད་པའི་དབང་གིས་བློན་པོ་དང་ཞམ་འབྲིང་དུ་གྱུར་པ། མདུན་ན་འདོན་དང་ཚངས་འཁོར་ལ་སོགས་པ་སྐྱེད་ཅིང་འཕྲུལ་པར་འདོད་པའི་བསམ་པ་སྐྱེས་པ་དང་མཐུན་པར། ཚངས་པ་མདུན་ན་འདོན་དང་། ཚངས་འཁོར་ལ་སོགས་པའི་གནས་དང་སེམས་ཅན་ཆགས་ཤིང་བྱུང་བར་གྱུར་ཏེ། གཞི་དེ་ལས། སྔར་ནི་མི་དམིགས་ལ། ཁོས་སྐྱེད་ཅིང་སྤྲུལ་པས་ནི་དེ་ལྟ་བུར་མངོན་སུམ་དུ་གྲུབ་པ་དང་། སེམས་ཅན་རྣམས་ཀྱི་ལས་དབང་ལས་སྐྱེ་བ་ནི་མ་དམིགས་པས། ཚངས་ཆེན་ནི་ལྟ་བའི་གནས་ཆེན་པོར་འགྱུར་ཏེ། དེ་ལྟར་ན་འདི་ཡང་མངོན་སུམ་དང་མི་དམིགས་པ་ལ་བརྟེན་པའོ། །དེ་ནས་གཞན་ཡང་དེའི་རིག་བྱེད་སྤྱོད་པར་གྱུར་པ། ཕྱི་རོལ་གྱི་དགེ་སློང་དག་གིས། བསམ་གཏན་གྱི་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ཐོབ་སྟེ། བདག་དང་འཇིག་རྟེན་གྱི་མཐའ་བརྟགས་པ་ཁ་ཅིག་གིས། ཚངས་པ་ཆེན་པོ་འཆི་བ་ནི་མ་མཐོང་། གཞན་འཆི་བ་ནི་མཐོང་ལ། སེམས་ཅན་གྱི་ལས་ཀྱི་བག་ཆགས་ཀྱང་མ་མཐོངས་བས། ཚངས་པ་ཆེན་པོ་རྟག་པ་རྒྱུར་ལྟ་བ་བྱུང་སྟེ། འདི་ཡང་མངོན་སུམ་དང་མི་དམིགས་པ་ལ་བརྟེན་པ་ཡིན་ནོ། །གཞན་ཡང་ཁ་ཅིག་གིས་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་ལྷའི་རྒྱལ་པོ་དབང་སྒྱུར་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་རང་གིས་འཕྲུལ་མི་དགོས་པར། གཞན་གྱིས་འཕྲུལ་པ་ཐམས་ཅད་ལ་དབང་བྱེད་པར་མཐོང་། དབང་སྒྱུར་གྱི་ལྷ་འཆི་བ་ཡང་མཐོང་བས། གཞི་དེ་ལས་དབང་སྒྱུར་གྱི་ལྷ་རྟག་གོ་ཞེས་ལྟ་བ་འབྱུང་སྟེ། དེ་ཡང་མངོན་སུམ་དང་མི་དམིགས་པ་ལ་བརྟེན་པའོ། །ཡང་ཁ་ཅིག་གིས་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ཞེས་བྱ་བ་ལྷའི་མིག་ཐོབ་སྟེ། དེས་འཆི་འཕོ་བ་རྣམས་ལ་བལྟས་ན། དེའི་ལུས་ལས་བརྫུས་ཏེ་སྐྱེས་པའི་སེམས་ཅན་ཅིག་བྱུང་ནས། གནས་གཞན་དུ་སྐྱེ་བ་ལེན་པ་མཐོང་བ་ལས། གང་ཟག་རྟག་པ་དང་འཕོ་བར་ལྟ་བ་འབྱུང་སྟེ། དེ་བས་ན་ལྟ་བ་འདི་དག་ཀྱང་། རྣལ་འབྱོར་གྱི་མངོན་སུམ་གྱིས་གྲུབ་པ་དང་། དེས་མི་དམིགས་པ་ལས་བརྟེན་ཏེ་བྱུང་བའོ། །གཞན་ཡང་ཁ་ཅིག་གིས། དབང་པོའི་མངོན་སུམ་དང་མི་དམིགས་པ་ལ་བརྟེན་ནས། འགྲོ་བ་རིས་གཉིས་སུ་ལྟ་བ་ལ་སོགས་པ་ཡང་བྱུང་སྟེ། དེ་ལྟ་བས་ན་ཡོད་པ་དང་མེད་པའི་ཐ་སྙད་དང་། རྒྱུ་དང་འབྲས་བུའི་དངོས་པོ་ལ་ཚུལ་ཐ་དད་དུ་འཛིན་པ་ཐམས་ཅད་ཀྱང་། མངོན་སུམ་དང་མི་དམིགས་པ་ལ་བརྟེན་པ་ཁོ་ན་ཡིན་ནོ། །དེ་བས་ན་མངོན་སུམ་གྱིས་གྲུབ་པའང་། ཇི་ལྟར་སྣང་བ་ཙམ་དུ་སྐུར་པ་གདབ་ཏུ་མི་རུང་བ་ནི་བདེན་མོད་ཀྱི། སྣང་བ་ཙམ་གྱིས་དེའི་མཚན་ཉིད་དེ་ལྟར་བདེན་པར་བསྒྲུབ་ཏུ་མི་རུང་ངོ་། །མི་དམིགས་ཀྱང་ཤེས་པ་རང་རེའི་སྐབས་སུ་སྒྲོ་གདགས་སུ་མི་རུང་བར་ནི་བདེན་མོད་ཀྱི། དེ་ཙམ་གྱིས་དངོས་པོའི་མཚན་ཉིད་རྣམས་དགག་པར་ནུས་པ་ནི་མ་ཡིན་ནོ། །ལྟ་བ་འདི་རྣམས་གཞི་གང་ལ་ཇི་ལྟར་བརྟེན་པ་ཞིབ་ཏུ་ཤེས་པར་འདོད་པ་རྣམས་ཀྱིས། ཚངས་པ་དྲྭ་བའི་མདོ་ལ་སོགས་པར་བལྟ་བར་བྱའོ། །དེ་ལྟར་མ་རྟོགས་པ་དང་། ལོག་པར་རྟོགས་པ་གཉིས་ཀྱི་སྒོ་ནས་འཇིག་རྟེན་གྱི་ལྟ་བ་བཤད་ནས། ད་ནི་ཕྱོགས་རྟོགས་པ་ལ་སོགས་པའི་སྒོ་ནས་ཐར་པ་མྱ་ངན་ལས་འདས་པའི་ལམ་བསྟན་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པའོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་མཚན་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ཀྱི་སྤྱི་དང་རང་གི་མཚན་ཉིད་དག་སྟེ། དེ་ཡང་མཚན་མ་ནི། འདི་མཚོན་པར་བྱ་བ་ཡིན་པས་མཚན་མའམ། འདིས་མཚོན་པར་བྱེད་པས་མཚན་མ་སྟེ། ས་སྲ་བ་དང་ཆུ་གཤེར་བ་ལྟ་བུའོ། །དེའི་དངོས་པོ་ནི་མཚན་ཉིད་དེ། སྲ་བ་ཉིད་དང་གཤེར་བ་ཉིད་ལྟ་བུའོ། །མཚན་ཉིད་དེ་དག་གཙོར་སྟོན་པའི་གཞུང་ནི། མཚན་ཉིད་ཀྱི་ཐེག་པ་ཞེས་བྱའོ། །དེ་ཡང་འདི་ལྟར། འདི་དག་ནི་སྤྱིའི་མཚན་ཉིད་དོ། །འདི་དག་ནི་རང་གི་མཚན་ཉིད་དོ། །འདི་དག་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དོ། །འདི་དག་ནི་རྣམ་པར་བྱང་བའི་མཚན་ཉིད་དོ། །ཞེས་བྱ་བ་ལ་སོགས་པར་སྟོན་པས་དེ་སྐད་ཅེས་བྱའོ། །རྡོ་རྗེའི་ཐེག་པ་ནི། མཚན་ཉིད་དེ་དག་དེ་ལྟར་གཙོར་མི་སྟོན་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་གསུམ་གྱི་རང་བཞིན་དུ་མི་ཕྱེད་པར་སྟོན་པས་དེ་སྐད་ཅེས་བྱའོ། །དེ་ལ་མཚན་ཉིད་ཀྱི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པའོ། །ཞེས་བྱ་བ་ནི། མཚན་ཉིད་གཙོར་སྟོན་པར་མཚུངས་ཀྱང་། སྐལ་བ་དང་མོས་པ་དང་དབང་པོའི་བྱེ་བྲག་གིས་མཚན་ཉིད་དེ་དག་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མངོན་པར་ཞེན་པ་དང་མ་ཞེན་པའི་བྱེ་བྲག་གིས་ཐེག་པ་ཆེ་ཆུང་གཉིས་སུ་འགྱུར་ལ། ཞེན་པ་རྣམས་ལའང་ཆ་ལས་གྲོལ་བ་དང་མ་གྲོལ་བའི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་བས། དེ་བས་ན་ཐེག་པ་གསུམ་དུ་ཕྱེ་སྟེ་བསྟན་ཏོ། །དེ་ལ་ཉན་ཐོས་ཞེས་བྱ་བ་ནི། སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་ཀྱིས་བསྡུས་པའི་འཕགས་པའི་གང་ཟག་རྣམས་སོ། །དེ་ལ་ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། སྲ་བ་ཀ་ཞེས་བྱ་བའི་སྒྲ། ཉན་པར་བྱེད་པ་ལ་འཇུག་སྟེ། ཉན་ཐོས་རྣམས་ནི་རང་སངས་རྒྱས་ལྟར། དགེ་བའི་བཤེས་གཉེན་ལས་ལུང་མི་ནོད་པ་མ་ཡིན་གྱི། འབྲས་བུ་ཐོབ་ཀར་ཡང་དགེ་བའི་བཤེས་གཉེན་ལས་ལུང་མ་ནོད་ཅིང་ཉན་པར་བྱེད། རྐྱེན་གྱིས་འབྲས་བུ་ཐོབ་པར་བྱེད་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ཤྲ་བའི་སྒྲ་ནི། ཐོས་ཤིང་སྒྲོགས་པར་བྱེད་པ་སྟེ། རང་སངས་རྒྱས་ལྟར་རང་གིས་ཐོས་པའི་འབྲས་བུ་གཞན་ལ་སྒྲོགས་པར་མི་བྱེད་པ་ལྟ་བུ་ནི་མ་ཡིན་གྱི། རང་གིས་ཐོས་པའི་འབྲས་བུ་གཞན་ལ་སྒྲོགས་པར་བྱེད་པས་དེ་སྐད་ཅེས་བྱའོ། །རང་སངས་རྒྱས་ཞེས་བྱ་བ་ནི། རང་གི་འབྲས་བུ་ཐོབ་པ་ལ་ཉན་ཐོས་ལྟ་དགེ་བའི་བཤེས་གཉེན་ལས་ཉན་པར་མི་བྱེད་ལ་མངོན་པར་ཐོབ་པའི་ཆོས་དེ། ངག་གི་སྒོ་ནས་གཞན་ལ་ཐོས་པར་མི་བྱེད་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་བྱང་ཆུབ་སེམས་དཔའ་ལྟར་སེམས་ཅན་མང་པོའི་ཕྱིར་བྱང་ཆུབ་ཏུ་སེམས་མི་བསྐྱེད་ཀྱི། བདག་གཅིག་པུ་གྲོལ་བར་བྱ་བའི་ཕྱིར་སེམས་བསྐྱེད་པས་དེ་སྐད་ཅེས་བྱའོ། །ཡང་ན་པྲ་ཏེ་ཀ་བྷུ་ཏ་ཞེས་བྱ་བའི་སྒྲ། པྲ་ཏ་ནི་རྐྱེན། བུདྡྷ་ནི་རྟོགས་པའི་ཚིག་སྟེ། རང་སངས་རྒྱས་བསྐལ་པ་དུ་མར་ཚོགས་བསགས་པ་གྲུབ་པའི་མཐའ་ལ་བབ་པ་ན། རྐྱེན་ཞིག་གིས་བསྐུལ་ནས་བྱང་ཆུབ་རྟོགས་པར་འགྱུར་བ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད། རྐྱེན་རྣམས་རྟོགས་པ་ལས་བྱང་ཆུབ་ཐོབ་བས་རྐྱེན་དེ་རྟོགས་ཞེས་ཀྱང་བཤད་དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། བྱང་ཆུབ་ནི་བོ་དྷི་ཞེས་བྱ་བའི་སྒྲ། དྲི་མ་ཐམས་ཅད་ཟད་ཅིང་དག་པ་ལ་ཡང་སྙེགས། ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཁོང་དུ་ཆུད་པ་ལ་ཡང་སྙེགས་པས་བྱང་ཆུབ་ཅེས་བཏགས། སེམས་དཔའ་ཞེས་བྱ་བ་ནི། སཏྭ་ཞེས་བྱ་བའི་སྒྲ་ལས་དྲངས་ན། འདོད་པ་དང་སྙིང་སྟོབས་དང་བསམ་པ་བརྟན་ཅིང་མི་འགྱུར་བ་དང་སེམས་ཅན་དང་ཤེས་རིག་དང་སྡུད་པ་དག་ལ་འཇུག་སྟེ། དེ་ལ་འདིར་ནི་བྱང་ཆུབ་འདོད་པའམ། བྱང་ཆུབ་ཀྱི་ཕྱིར་བསམ་པ་བརྟན་པའམ། བྱང་ཆུབ་དང་སེམས་ཅན་ལ་དམིགས་པ་ཡོད་པས་དེ་སྐད་བྱ་སྟེ། འདི་ལྟར། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི། སེམས་ཅན་བྱང་ཆུབ་པས་བྱང་ཆུབ་སེམས་དཔའོ་ཞེས་བཤད་དེ། དེ་ལྟ་ན་ཡང་སེམས་ཅན་བྱང་ཆུབ་ཏུ་རྟོགས་པའོ་ཞེས་བྱ་བར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་ཅན་ཞེས་བྱ་བའི་སྒྲ་ལྟར་ན། སེམས་ཅན་ནི་སྲོག་ཆགས་ཀྱི་སྒྲ་སྟེ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྲོག་ཆགས་གང་དག་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའོ་ཞེས་བྱ་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ནི་མདོར་བསྡུ་ན་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་ཞེས་བྱ་བ་ལ། ཉན་ཐོས་ནི་འབྲས་བུའོ། །ཐེག་པ་ནི་དེའི་ལམ་དང་གཞུང་ངོ་། །དེ་ལ་ཞུགས་པ་ནི་གང་ཟག་རྣམས་སོ། །དེའི་ལྟ་བ་ནི་གྲུབ་པའི་མཐའ་སྟེ། ཤེས་རབ་དང་མོས་པའི་བྱེ་བྲག་གོ་ཞེས་སྦྱར་ཏེ། འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ཡང་འདིར་ལྟ་བ་དང་སྒོམ་པ་དང་འབྲས་བུ་གསུམ་དུ་སྟོན་ཏེ། དེ་ལ་ལྟ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་ལ། ཕྱི་རོལ་པས་ཀུན་ཏུ་བརྟགས་པའི་རྟག་ཆད་གཉིས་ནི། ཐག་པ་ལ་སྦྲུལ་མཐོང་བ་བཞིན་དུ་མེད། ཐག་པ་དང་འདྲ་བའི་ཆོས་རྣམས་ཀྱི་མཚན་ཉིད་ནི་ཡོད་པར་འདོད་དེ། དེ་ཡང་ལྟ་བའི་གཞི་ཕུང་པོ་ལྔ་ཡང་ལུས་སེམས་གཉིས་སུ་འདུས་ལ། ལུས་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། སེམས་རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་ལྟའོ་ཞེས་སྦྱར་རོ། །དེ་ཡང་ཉན་ཐོས་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའི་ལྟ་བ་རྣམ་པ་གཉིས་ཀྱི་བྱེ་བྲག་མི་མཐུན་པ་རྣམས་ཀྱང་མདོར་བསྡུ་ན། བྱེ་བྲག་པས་དབང་པོ་དང་དོན་དུ་འཕྲད་པའི་བློ་རྣམ་པ་མེད་པར་སྐྱེ་ཞིང་། དབང་པོ་དོན་ཡང་གོང་བུ་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་ཡོད་ལ། འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུས་མ་བྱས་རྟག་པར་འདོད་དོ་ཞེས་འབྱུང་ངོ་། །མདོ་སྡེ་པ་ནི། དབང་པོ་དང་དོན་དུ་འཕྲད་པའི་བློ་རྣམ་པ་དང་བཅས་པར་སྐྱེ་ཞིང་། དབང་པོ་དང་དོན་ཡང་ཁ་དོག་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་ཡོད་ལ། གང་ཡོད་པ་ཐམས་ཅད་མི་རྟག་པ་དང་། འདུས་མ་བྱས་རྣམས་ཀྱང་མོ་གཤམ་གྱི་བུ་བཞིན་འདོད་དོ་ཞེས་འབྱུང་ངོ་། །གོང་བུའི་མཚན་ཉིད་ལ་ཡང་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བར་གནས་པ་དང་། བར་དང་བཅས་པ་དང་། བར་ཡང་མེད་ལ་འབྱར་བ་ཡང་མ་ཡིན་ཞེས་འདོད་པའི་བྱེ་བྲག་དང་། གཞན་ཡང་དབྱིབས་དང་རིག་བྱེད་མ་ཡིན་པའི་གཟུགས་དང་མི་ལྡན་པའི་འདུ་བྱེད་ལ་སོགས་པ་ཁ་ཅིག་རྫས་སུ་འདོད་མི་འདོད་ཀྱི་བྱེ་བྲག་ཡོད་དོ་ཞེས་འབྱུང་ངོ་། །བྱེ་བྲག་ཏུ་སྨྲ་བ་ཉིད་ལ་ཡང་། གང་ཟག་རྫས་སུ་འདོད་པ་དང་མི་འདོད་པའི་བྱེ་བྲག་དང་། ཁ་ཆེའི་བྱེ་བྲག་ཏུ་སྨྲ་བ། ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་དང་། ལྟ་བ་ཕྲ་མོ་མི་མཐུན་ནོ་ཞེས་འབྱུང་ངོ་། །སྒོམ་པ་ནི་འཕགས་པའི་བདེན་པ་བཞི་སྒོམ་པའི་རིམ་གྱིས་ཞེས་འབྱུང་སྟེ། འདི་ལྟར་སྡུག་བསྔལ་གྱི་ཆོས་རྣམས་དང་དེ་བཞིན་དུ་སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་རྣམས་ལ། རང་གི་ངོ་བོ་ཇི་ལྟ་བ་བཞིན་ཡིན་ཏེ། རྟག་ཏུ་ཕྱིན་ཅི་ལོག་མེད་པས་བདེན་པ་ཡིན་ལ། དེ་དག་འཕགས་པ་རྣམ་ཀྱིས་ཐུགས་སུ་ཆུད་པ་དང་། ཁ་ཅིག་འཕགས་པའི་རང་བཞིན་ཡིན་པས་དེ་སྐད་ཅེས་བྱའོ། །བསྒོམ་པའི་རིམ་གྱིས་ཞེས་བྱ་བ་ནི། ཁམས་གསུམ་གྱིས་བདེན་པ་བཞི་ལ་དམིགས་ནས། དེ་དག་གི་མཚན་ཉིད། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་དང་། རྒྱུ་ཀུན་འབྱུང་བ། རབ་ཏུ་སྐྱེ་བ། རྐྱེན་གྱི་རྣམ་པ་དང་། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ་དང་། ལམ། རིག་པ། བསྒྲུབ་པ། ངེས་པར་འབྱིན་པ་ཞེས་བྱ་བ་རྣམས་ཀྱི་མཚན་ཉིད་དུ་རྟོགས་ཤིང་གོམས་པར་བྱེད་པའི་མཚན་ཉིད་ཅན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་བྱ་བ་ལ་སོགས་པ། འདོད་པའི་ཁམས་ལ་དམིགས་པ་དང་། ཁམས་གོང་མ་ལ་དམིགས་པའི་བྱེ་བྲག་གིས་ཕྱེ་བ་དང་། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱིས་ཕྱེ་བས། ཇི་སྐད་དུ་གྲགས་པའི་ཡེ་ཤེས་བཅུ་དྲུག་རྣམས་རྟོགས་པ་དང་གོམས་པར་བྱས་པའི་མཐུས། ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་རིམ་གྱིས་སྤོང་བར་བྱེད་པའོ། །དེ་ལ་འདི་སྐད་དུ། སྡུག་བསྔལ་གྱི་རྩ་བ་སྤང་བར་བྱ་བའི་ཉོན་མོངས་པ་དག་དང་། ཀུན་འབྱུང་གི་རྩ་བ་སྤང་བར་བྱ་བའི་ཉོན་མོངས་པ་ལྟ་བུ་དེ་དག་གཅིག་གམ་ཐ་དད་པར་བཞག །གལ་ཏེ་གཅིག་ན་ནི། གཉེན་པོ་ཕྱི་མ་དོན་མེད་པར་འགྱུར་ལ། གལ་ཏེ་ཐ་དད་ན་ནི་ཁམས་དང་འགྲོ་བ་དང་ཆོས་ཇི་སྙེད་པ་ལ་དམིགས་ནས་ཀྱང་། ཉོན་མོངས་པ་ཐ་དད་སྤང་དགོས་པར་འགྱུར་བས་སྤང་བར་ཅི་ཡང་མི་འགྱུར་རོ་ཞེ་ན། འདི་ལྟར་བསྟན་པར་འགྱུར་ཏེ། ཉོན་མོངས་པའི་སྒྱུ་འཕྲུལ་རྣམས་ནི། བདག་ཏུ་ལྟ་བའི་གནས་ནས་དངོས་པོ་དང་མཚན་མར་འཛིན་པའི་ཡུལ་ལ་འབྱུང་སྟེ། དེ་དག་ལྡན་གྱི་བར་དུ། དམིགས་པ་ཇི་སྙེད་པ་དེ་སྲིད་དུ་ཉོན་མོངས་པ་དེ་སྙེད་པ་འབྱུང་བར་འགྱུར་རོ། །བདག་ཏུ་ལྟ་བའི་གནས་གཞིག་ན། སྒྱུ་མ་མཁན་མེད་པས་སྒྱུ་འཕྲུལ་འབྱུང་བར་མི་འགྱུར་རོ། །དེ་བས་ན་ཉོན་མོངས་པ་དེ་དག་ནི་གཅིག་པ་དང་ཐ་དད་པ་ལས་གྲོལ་བ་ཡིན་ཏེ། དེ་བས་ན་འདིར་ཉན་ཐོས་རྣམས། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ཞིན་པ་དག་གདུལ་བའི་ཕྱིར། འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་དང་། མྱ་ངན་ལས་འདས་པར་རྒྱུ་དང་འབྲས་བུར་བཅས་པར་ཕྱེ་བའི་བྱེ་བྲག་གིས་བསྡུས་ན་བདེན་པ་བཞིར་ཕྱེ་སྟེ་བསྟན་པའི་བྱེ་བྲག་ལ་དམིགས་ནས་ཡེ་ཤེས་དང་ཉོན་མོངས་པ་གཉིས་ཀ་ཐ་དད་དུ་རྣམ་པར་ཕྱེ་བར་ཟད་དེ། དངོས་སུ་ན་ཡེ་ཤེས་ཐམས་ཅད་ཀྱང་གཅིག་ཡིན་ཏེ། ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པའི་ཤེས་རབ་བོ། །ཉོན་མོངས་པ་ཐམས་ཅད་ཀྱང་གཅིག་ཡིན་ཏེ། འདི་ལྟར་བདག་ཏུ་རྨོངས་པའི་རྟོགས་པའོ། །དེ་བས་ན་གང་ཟག་ལ་དམིགས་པའི་ཤེས་རབ་ཀྱིས་ནི་ཉོན་མོངས་པ་སྤོང་བར་མི་འགྱུར་ལ། ཆོས་ལ་དམིགས་པའི་ཤེས་རབ་ཀྱང་ཕྱིན་ཅི་ལོག་གི་སྤྲོས་པ་བཅད་པའི་ཕྱོགས་ཀྱི་མཐུས་སྤོང་བར་འགྱུར་གྱི། དངོས་པོར་ལྟ་བའི་ཕྱོགས་ཀྱིས་ནི་སྤོང་བར་མི་འགྱུར་རོ། །འོ་ན་ཉན་ཐོས་ཀྱི་དམིགས་པ་དང་བཅས་པའི་ས་ལ་གནས་པ་དངོས་པོར་ལྟ་བ་དང་མ་བྲལ་བ་ཡིན་ན། དེ་དག་གིས་ཉོན་མོངས་པ་དང་ཟད་ཅིང་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། དེ་ལ་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཉན་ཐོས་ནི་རང་གི་གྲུབ་པའི་མཐའ་ལས། ཉོན་མོངས་པ་ཟད་ཅིང་འདུས་མ་བྱས་ཐོབ་པར་འདོད་ཀྱང་། ཐེག་པ་ཆེན་པོ་ལས་ཉོན་མོངས་པའི་དངོས་པོ་ཟད་ལ་བག་ལ་ཉལ་མ་ཟད། བག་ལ་ཉལ་ཡང་ཕུང་པོའི་ཁོངས་སུ་གཏོགས་པས་རྣམ་པར་སྨིན་པའི་ཕུང་པོ་ལས་མ་འདས་པའི་གང་ཟག །ཁམས་གསུམ་དུ་ཀུན་ཏུ་སྦྱོར་བ་རྣམས་སྤངས་པས། སེམས་ཅན་ལས་ཀྱི་ཚེ་བཀག་པ་ཞེས་བྱ་བར་འདོད་དེ། ཇི་སྐད་དུ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལས། ཐབས་དང་ཤེས་རབ་རྣམ་སྤང་ཤིང་། །ཕྱི་རོལ་དངོས་ལ་མངོན་ཞེན་པའི། །ཐེག་པ་དམན་པ་པ་རྣམས་ཀྱིས། །བླ་མེད་བྱང་ཆུབ་ཇི་ལྟར་ཐོབ། །ཅེས་པའི་ལན་དུ། བྱང་ཆུབ་རྣམ་པ་གཉིས་གསུངས་ཏེ། །ལྷག་མ་དང་བཅས་ལྷག་མ་མེད། །ལྷག་བཅས་ཕུང་པོའི་ངོ་བོ་སྟེ། །ཉོན་མོངས་པ་རྣམས་ཡོངས་སུ་བསྲེགས། །ལྷག་མེད་བག ཆགས་མེད་པ་སྟེ། །མཁའ་ལྟར་དྲི་མེད་དག་པ་ཡིན། །བྱང་ཆུབ་རྣམ་པ་འདི་ལྟ་བུར། །རྒྱལ་བ་རྣམས་ཀྱི་ཐབས་ཀྱིས་བསྟན། །ཅེས་གསུངས་པ་ལྟ་བུར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་འབྱུང་ལ། འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ་ཞེས་ཀྱང་འབྱུང་ན། བྱང་ཆུབ་རྣམས་པ་གསུམ་དུ་བསྟན་པ་རྣམས། ཅི་ཞིག་ཟད་ཅིང་མི་སྐྱེ་བ་ཤེས་ཞེ་ན། དེ་ལ་འདི་སྐད་དུ། ཁམས་གསུམ་ཀུན་ཏུ་སྦྱོར་བའི་ཉོན་མོངས་པ་རྣམས་སྤངས་པས་དགྲ་བཅོམ་པའོ། །གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་སུ་ཤེས་པས་རང་བྱང་ཆུབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་གསུངས་པ་ལྟ་བུའོ། །ཧ་ཅང་སྤྲོས་པས་ཆོག་གོ། །གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྟར་གཉེན་པོ་མཐོང་བ་དང་བསྒོམ་པའི་ལམ་རིམ་གྱིས་བསྒོམས་ཤིང་། སྤང་བར་བྱ་བའི་ཉོན་མོངས་པ་རིམ་གྱིས་སྤངས་པས་འབྲས་བུ་ཅི་ཞིག་ཐོབ་ཅེ་ན། འདིར་གསུངས་པ། འབྲས་བུ་རྣམ་པ་བཞི་ཐོབ་པ་ཡིན་ནོ། །ཞེས་གསུངས་ཏེ། འདི་ལྟར་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའོ། །དེ་ལ་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་མཐའ་དག་སྤངས་པ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་ལས་ཀྱང་། འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཆེ་འབྲིང་དགུར་ཕྱེ་བ་ལས། རྣམ་པ་གསུམ་པ་བཞི་པ་ཡན་ཆད་ལས་གྲོལ་བ་ནི་རྒྱུན་ཏུ་ཞུགས་པ་སྟེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་གྱི་རྒྱུན་ལ་ཞུགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དྲུག་པ་ཟད་པ་ནི་ལན་ཅིག་ཕྱིར་འོང་བ་སྟེ། ཆུང་ངུ་རྣམ་པ་ལུས་པས་འདོད་པའི་ཁམས་ཀྱི་ལྷ་དང་མིར་ཕྱིར་སྐྱེ་བ་ལེན་པས་སོ། །དགུ་པ་སྤངས་པ་ནི་ཕྱིར་མི་འོང་བ་སྟེ། འདོད་པའི་ཁམས་སུ་ཕྱིར་མི་སྐྱེ་བའི་ཕྱིར་རོ། །སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་ཡང་སྤངས་པ་ནི་དགྲ་བཅོམ་པ་སྟེ། ཨ་རི་ཧ་ཏ་ཞེས་བྱ་བའི་སྒྲ། ཨ་རི་ནི་དགྲ། ཧ་ཏ་ན་བཅོམ་པ་སྟེ། ཁམས་གསུམ་དུ་སྐྱེ་བ་ལེན་པར་བྱེད་པའི་ཉོན་མོངས་པ་རྣམས་ཉིད་བདུད་དང་དགྲ་ཡིན་ལ། དེ་དག་བཅོམ་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ཨ་རི་ན་ཧ་ཏ་བ་ཞེས་བྱ་སྟེ། ཨ་རི་ན་ནི་འོས་ཤིང་རིགས་པའི་དོན། ཧ་ཏ་བ་ནི་མཆོད་སྦྱིན་གྱི་ཚིག་སྟེ། ཁམས་གསུམ་གྱི་སྲེད་པ་ཟད་པ་དེ་ལ། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པའི་འོས་ཡིན་པས། མཆོད་འོས་ཞེས་བྱ་བར་ཡང་བཤད་དོ། །རང་བྱང་ཆུབ་ཅེས་བྱ་བ་ནི། མྱ་ངན་ལས་འདས་པའི་མཚན་ཉིད། རང་སངས་རྒྱས་ཀྱི་འབྲས་བུའི་ངོ་བོ། འདུས་མ་བྱས་པའི་མཚན་ཉིད་དོ། །གཞན་ནི་གོང་དུ་བསྟན་པ་བཞིན་ནོ། །འདི་ཡང་ལྟ་བ་ནི་ཉན་ཐོས་ལས་ཁྱད་པར་དུ་གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང་། ཞེས་སྨོས་ཏེ། དེ་ལ་ཕུང་པོ་ལྔ་ལས་ནི་གཟུགས་ཀྱི་ཕུང་པོ་ལ་བདག་མེད་པར་རྟོགས། སྐྱེ་མཆེད་དང་ཁམས་ལས་ནི། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་ཁམས་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཀྱི་ཕྱོགས་གཅིག་སྟེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ། མདོར་ན་གཟུགས་ཀྱི་ཕུང་པོར་བསྡུས་པའི་ཆོས་ལ་བདག་མེད་པར་རྟོགས་སོ་ཞེས་སྦྱར་རོ། །རིག་བྱེད་མ་ཡིན་པའི་གཟུགས་འབའ་ཞིག་ནི་མ་ཡིན་ཏེ། མདོ་རྒྱུད་གཞན་ལས། རང་སངས་རྒྱས་ཀྱིས་གཟུགས་ཀྱི་ཕུང་པོ་རིལ་ལ་བདག་མེད་པར་རྟོགས་པར་འབྱུང་བ་དང་། རྣམས་པར་རིག་བྱེད་མ་ཡིན་པའི་གཟུགས་ཙམ་ནི། ཉན་ཐོས་མདོ་སྡེ་པས་ཀྱང་རྫས་སུ་མེད་པར་རྟོགས་པའི་ཕྱིར་རོ། །ལ་ལ་ན་རེ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཅེས་བྱ་བ། གཟུང་བའི་རྟོགས་པ་སྤངས་པའོ་ཞེས་ཟེར་ཏེ། དེ་ཡང་དེ་སྤངས་པ་ནི་ཡིན་མོད་ཀྱི། དེའི་སྒྲ་དང་མཐུན་པ་ཡང་མ་ཡིན་ལ། དགོས་པ་དང་མཐུན་པ་ཡང་མེད་པས་ཆེད་པོར་མི་རུང་ངོ་། །བསྒོམ་པ་བསྟན་པ་ནི། སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས། ཆོས་ཉིད་ཟབ་མོ་རྟོགས་ནས། ཞེས་སྨོས་པ་སྟེ། དེ་ལ་སྔོན་གོམས་པ་ནི། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དག་ལ། སངས་རྒྱས་ལ་རྟེན་ཅིང་སྦྱངས་པ་ཡིན་ལ། དེ་ནས་སྨོན་ལམ་གྱི་དབང་གིས་སངས་རྒྱས་འབྱུང་བ་དང་མ་འཕྲད་ན་རང་སངས་རྒྱས་སུ་འགྱུར་བས། སྔོན་གོམས་པའི་ཤུགས་ཀྱིས་ཞེས་བྱའོ། །གཞན་ཡང་རང་སངས་རྒྱས་བསེ་རུ་ལྟ་བུ། བསྐལ་པ་བརྒྱར་ཚོགས་བསགས་པའི་རྒྱུ་ལས་འགྲུབ་པས། སྔོན་སྦྱངས་པའི་ཤུགས་ཅན་ནོ། །དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ནི། དྲོད་ལས་དང་པོར་གཟུང་བའི་རྟོག་པའི་ཕྱོགས་ཆ་ཉམས་པར་བྱས་པས། ཆོས་ཀྱི་མིག་དང་པོ་རྙེད་པའོ། །རིགས་ཀྱི་ས་ནི། ཆོས་ལ་བཟོད་པ་ཐོབ་ནས། བྱང་ཆུབ་རྣམ་གསུམ་ཐོབ་པའི་རིགས་དང་ལྡན་པ་སྟེ། དེ་ནས་རིགས་འབྱེད་ཞེས་ཀྱང་བཤད་དོ། །དེ་ལ་རྟེ་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་ཆོས་ཉིད་ཟབ་མོ་རྟོགས་པ་ནི། འདི་ལྟར་ཆོས་ཐམས་ཅད་ནི། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་དེ། བྱེད་བ་པོས་མ་བྱས། དབང་ཕྱུག་གིས་མ་བསྐོས། རང་བཞིན་མ་བྱུང་། དུས་ཀྱིས་མ་འགྱུར། རྒྱུ་མེད་པ་ལས་མ་བྱུང་སྟེ། རྟག་པ་མ་ཡིན། ཆད་པ་མ་ཡིན། སེམས་ཅན་འཕོ་བ་མ་ཡིན་ཏེ། རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བ། སྒྱུ་མ་ལྟ་བུའི་མཚན་ཉིད་དུ་རྟོགས་ནས། ཚིག་གི་དོན་མེད་པར་ཁོང་དུ་ཆུད་པས། བརྗོད་པ་དང་བྲལ་ཏེ། ངག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིན་ལ་ཡང་དག་པར་རེག་པར་བྱེད་དེ་གནས་པ་ཡིན་ནོ། །འོན་ཀྱང་ཆོས་ཐམས་ཅད་བརྗོད་དུ་མེད་དོ་སྙམ་པའི་འདུ་ཤེས་ནི་འཇུག་སྟེ། དེ་བས་ན་ཏིང་ངེ་འཛིན་འདི་ནི་འཛིན་པའི་རྟོག་པ་ནི་མ་སྤངས་པའོ་ཞེས་འདོད་དོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པའི་ཚེ། བདེན་པ་བཞིའི་དོན་བསྒོམས་པ་ཡང་ཡིན་ཏེ། དེ་ལ་ཡན་ལག་བཅུ་གཉིས་ལས། སྡུག་བསྔལ་བདུན་ནི་སྡུག་བསྔལ་གྱི་བདེན་པ། ཉོན་མོངས་པ་གསུམ་དང་ལས་གཉིས་ནི་ཀུན་འབྱུང་གི་བདེན་པ། ཀུན་ནས་ཉོན་མོངས་པ་དེ་དག་དང་བྲལ་བ་ནི་འགོག་པའི་བདེན་པ། དེར་གྲོལ་བའི་ལམ་གྱི་མཚན་ཉིད་རྟེན་ཅིང་འབྲེལ་བའི་དོན་རྟོགས་ནས་སྒོམ་པར་བྱེད་པ་ནི་ལམ་གྱི་བདེན་པའོ། །རྣམ་པ་གཅིག་ཏུ་ཡན་ལག་བཅུ་གཉིས་རེ་རེ་ལ་ཡང་བདེན་པ་བཞི་བཞི་དང་ལྡན་ཏེ། ཡན་ལག་དེ་དག་རང་གི་བདག་ཉིད་ཐོབ་པ་ནི་སྡུག་བསྔལ་གྱི་བདེན་པའོ། །དེ་དག་གཅིག་གི་རྐྱེན་གྱིས་གཅིག་མངོན་པར་གྲུབ་པའི་བྱེད་པ་ནི་ཀུན་འབྱུང་གི་བདེན་པའོ། །དེ་དག་གཅིག་འགགས་པས་གཅིག་འགོག་པ་ནི་འགོག་པའི་བདེན་པའོ། །དེ་དག་འགོག་པར་བྱ་བའི་ཕྱིར། དེ་དག་ཉིད་ཕྱིན་ཅི་མ་ལོག་པར་བསྒོམས་པ་ནི་ལམ་གྱི་བདེན་པ་སྟེ། དེ་ལྟར་བདེན་པ་བཞི་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཀྱང་། ཡན་ལག་རེ་རེ་ལ་འབྱུང་བས། ཡེ་ཤེས་སྐད་ཅིག་མ་བརྒྱ་དགུ་བཅུ་རྩ་གཉིས། སྟན་ཅིག་གིས་སྟེང་དུ་སྐྱེས་ནས། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་བོ་ཞེས་ཟེར་རོ། །ཡོང་ནི་དེ་ལྟར་རྣམ་པ་བཞག་ན། ཡེ་ཤེས་དེ་དག་གི་སྤང་བར་བྱ་བའི་ཉོན་མོངས་པའང་དེ་སྙེད་དུ་འགྱུར་བས། དེ་བས་ན་གོང་དུ་ཉན་ཐོས་ཀྱི་སྐབས་སུ་བཤད་པ་བཞིན་དུ། ཡེ་ཤེས་དང་ཉོན་མོངས་པའི་རྣམ་གྲངས་ནི། དམིགས་པའི་ཡུལ་གྱིས་ཕྱེ་བའི་བྱེ་བྲག་ཙམ་ཡིན་པས། གང་ཟག་དང་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་སྒོར་གྱུར་པ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་དེ་ཉིད་ཀྱིས། བདག་ཏུ་ལྟ་བ་ལས་བྱུང་བའི་ཉོན་མོངས་པའི་སྒྱུ་འཕྲུལ་རྣམས་རང་ཞི་བར་འགྱུར་རོ། །དེ་ལ་ཕྱིན་ཅི་མ་ལོག་གི་ལྟ་བ་སེལ་བའི་ཚུལ་ནི། རྟེན་པའི་དོན་གྱིས་བྱེད་པ་པོས་བྱས་པ་དང་། དབང་ཕྱུག་གིས་བསྐོས་པ་དང་། རང་བཞིན་བྱུང་བ་ལྟ་བུ་སེལ་བར་བྱེད་དོ། །འབྲེལ་བའི་དོན་གྱིས་དུས་ཀྱིས་བསྒྱུར་བ་དང་། རྒྱུ་མེད་པ་ལས་བྱུང་བ་ལྟ་བ་ལྟ་བུ། རྒྱུ་དང་འབྲས་བུ་མཚུངས་པར་མི་འབྱུང་བར་ལྟ་བ་རྣམས་སེལ་ཏོ། །འབྱུང་བའི་དོན་གྱི་སྐུར་པའི་གནས་རྣམས་སེལ་ཏོ། །མདོར་བསྡུ་ན། རྟེན་པའི་དོན་གྱིས་རྟག་པ་ལྟ་བ་བདག་རང་དབང་ཐོབ་པར་སྨྲ་བ་སེལ་ཏོ། །འབྲེལ་ཏེ་འབྱུང་བའི་དོན་གྱིས་ཆད་པར་ལྟ་བ་འཇིག་རྟེན་མེད་པར་ལྟ་བ་སེལ་ཏོ། །དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་ལ་མཁས་པས། དངོས་པོ་རྣམས་འབྲས་བུའང་རྒྱུ་ལ་ལྟོས། རྒྱུའང་འབྲས་བུ་ལ་ལྟོས་པས། བདག་ཉིད་ཐོབ་པ་མེད་པར་ཁོང་དུ་ཆུད་པས་ནི། ཕྱི་རོལ་པའི་རྟག་ཆད་ཀྱི་མཐའ་བསལ་བ་ཙམ་དུ་མ་ཟད་ཀྱི། ཆོས་ཐམས་ཅད་ལ་གཟུང་བར་བྱ་བའི་དོན་གྱི་རང་གི་ངོ་བོ་གང་ཡང་མ་མཐོང་བས། ཕྱིའི་ཡུལ་ལ་བདག་མེད་པར་རྟོགས་ཤིང་། གཟུང་བའི་རྟོག་པ་ཡང་སྤངས་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །འོ་ན་རྟེན་འབྲེལ་གྱི་ཚུལ་ཟབ་མོ་རྟོགས་ན། དེས་ཅིའི་ཕྱིར་འཛིན་པ་ལ་བདག་མེད་པར་མི་རྟོགས་ཤིང་། འཛིན་པའི་རྟོག་པ་མི་སྤོང་ཞེ་ན། དེ་ལ་འདི་བརྗོད་པར་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཟབ་མོའི་ཆོས་ནི། ཉན་ཐོས་ཀྱིས་ཀྱང་རྟོགས། རང་སངས་རྒྱས་ཀྱིས་ཀྱང་རྟོགས། རྣལ་འབྱོར་སྤྱོད་པ་བས་ཀྱང་རྟོགས། དབུ་མ་པས་ཀྱང་རྟོགས་མོད་ཀྱི། ཚུལ་དེ་རྣམས་ཀུན་ཁྱད་པར་ཅུང་ཟད་མེད་པར་མཐར་ཕྱིན་པར་རྟོག་པར་མཚུངས་པ་ནི་མ་ཡིན་ཏེ། འདི་ལྟར་ཉན་ཐོས་ཀྱིས་ནི་རྟེན་འབྲེལ་རྟོགས་ཀྱང་། དེའི་མཐུས་ཕུང་པོ་སྐྱེ་བ་དང་འཇིག་པར་རྟོགས་ནས། མཐའ་གཉིས་བསལ་བར་ཟད་དེ། རྒྱུ་དང་འབྲས་བུའི་དངོས་པོ་སྤྱི་དང་རང་གི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་མ་སྤངས་སོ། །རང་སངས་རྒྱས་ཀྱིས་རྟེན་འབྲེལ་གྱི་ཚུལ་རྟོགས་པས་ནི། དེའི་སྟེང་དུ་རྒྱུ་འབྲས་ཀྱི་དངོས་པོ་རྣམས་ཀྱི་བདག་ཉིད་ཐོབ་པ་མེད་པར་རིག་པས། བཟུང་བར་བྱ་བའི་དོན་མེད་པར་རྟོགས་ཀྱི། དོན་མེད་དོ་སྙམ་པའི་འཛིན་པའི་བློ་ཡང་མི་འཇུག་གོ་སྙམ་པའི་བློ་མི་སྐྱེ་བར་སྤངས་པ་ནི་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་རྟེན་འབྲེལ་གྱི་ཚུལ་རྟོགས་པས་ཀྱང་། དེའི་སྟེང་དུ་གཟུང་བ་དང་འཛིན་པའི་ངོ་བོ་བདག་ཉིད་ཐོབ་པ་མེད་པར་རྟོགས་པས། ཆོས་ཐམས་ཅད་ལ་གཟུང་འཛིན་གཉིས་ཀྱིས་སྟོང་པར་རྟོགས་ཀྱི། འདི་ལྟར་སེམས་དང་སེམས་ལས་བྱུང་བ། གང་གིས་ཡང་གཟུང་བ་མ་ཡིན་ལ། གང་ལ་ཡང་འཛིན་པར་བྱེད་པ་མ་ཡིན་པ། རང་རིག་པ་ཙམ་པོ་རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེ་བ་འདི་ནི། རང་གི་ངོ་བོ་གྲུབ་པར་སྨྲ་སྟེ། བདག་མེད་པར་མ་རྟོགས་སོ། །དབུ་མ་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཚུལ་རྟོགས་པས་ནི། རང་རིག་པ་འདི་ཉིད་ཀྱང་རྒྱུ་དང་འབྲས་བུའི་དངོས་པོའི་བདག་ཉིད་ཐོབ་པ་མེད་པར་རྟོགས་ཏེ། སྤྲོས་པ་ཐམས་ཅད་ལས་ཡོངས་སུ་འདས་པར་རྟོགས་པའོ། །དེ་ལྟ་བས་ན་རྟེན་འབྲེལ་གྱི་ཚུལ་ནི། རྒྱུ་དང་འབྲས་བུ་རང་གི་ངོ་བོ་ལ་མཁས་པ་ཡིན་ལ། དེའི་མཐུས་རྒྱུ་འབྲས་ལ་ལོག་པར་རྟོགས་པ་སེལ་བ་ནི། ཐམས་ཅད་ཀྱི་ཐུན་མོང་གི་ཆོས་ཡིན་པ་ལས། ཉན་ཐོས་ཀྱིས་ནི། ཆོས་ཀྱི་རྒྱུ་འབྲས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པས་ཕྱི་རོལ་གྱི་མུ་སྟེགས་ཅན་གྱི་རྒྱུ་འབྲས་ལ་ལོག་པར་རྟོགས་པ་བསལ་ཏོ། །རང་སངས་རྒྱས་ཀྱིས་ནི། རྟེན་འབྲེལ་དེ་ཉིད་དེ་བས་ཟབ་ཏུ་རྟོགས་པས། རྒྱུ་དང་འབྲས་བུའི་དངོས་པོ་གཟུང་བའི་དོན་དུ་ཡང་མེད་པར་རྟོགས་སོ། །རྣལ་འབྱོར་སྤྱོད་པ་པས་ནི། རྟེན་འབྲེལ་དེ་ཉིད་དེ་བས་ཟབ་ཏུ་རྟོགས་པས། རྒྱུ་དང་འབྲས་བུའི་དངོས་པོ་འཛིན་པའི་བདག་ཉིད་དུ་ཡང་མེད་པར་རྟོགས་སོ། །དབུ་མ་པས་ནི། རྟེན་འབྲེལ་དེ་ཉིད་དེ་བས་ཀྱང་ཟབ་ཏུ་རྟོགས་པས། རྒྱུ་དང་འབྲས་བུའི་དངོས་པོ་རང་རིག་པའི་བདག་ཉིད་དུ་ཡང་མེད་པར་རྟོགས་པས་སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་ཞེས་བྱའོ། །དེ་ལྟ་བས་ན་རྒྱུ་དང་འབྲས་བུའི་ཚུལ་རྟོགས་པ་རགས་པ་དང་ཟབ་པར་རྟོགས་པ་ལ་བརྟེན་ནས། རྒྱུ་དང་འབྲས་བུ་ལ་ལོག་པར་རྟོགས་པ་སེལ་བ་ཡིན་པས་སོ། །འདི་སྐད་དུ། རྟེན་འབྲེལ་ཐམས་ཅད་ཀྱི་ཐུན་མོང་ཡིན་ན། རང་སངས་རྒྱས་རྣམས་ཀྱི་ཁྱད་པར་གྱི་ལམ་དུ་ཅིའི་ཕྱིར་བསྟན་ཅེ་ན། དེ་ནི་འདི་ལྟར་རང་སངས་རྒྱས་རྣམས་དགེ་བའི་བཤེས་གཉེན་གྱི་སྒྲ་ལ་མི་བརྟེན་པས། འཁོར་བའི་ཉེས་དམིགས་སྡུག་བསྔལ་མཐོང་བ་ཉིད། བྱང་ཆུབ་ཀྱི་རྐྱེན་དུ་འགྱུར་ཏེ། དེས་བསྐུལ་བ་དང་། གཞན་ལ་མི་བརྟེན་པར་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་འཇུག་པའི་ཕྱིར། སྡུག་བསྔལ་གྱི་མཚན་ཉིད་དང་། དེའི་རྒྱུ་རྟགས་པ་དང་། དེ་དགག་པ་དང་། དེ་དགག་པའི་ཐབས་བརྟག་པ་ལས་སྒོ་གཞན་མེད་དེ། དེའི་ཕྱིར་དེ་དག་ཁོ་ན་གཙོར་བསྟན་དགོས་པ་ཉིད་དོ། །ཧ་ཅང་སྤྲོས་པས་ཆོག་གོ། །དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྟར་རྟེན་ཅིང་འབྲེལ་བའི་སྒོ་ནས་ལམ་བསྒོམ་པ་བསྟན་ནས། འབྲས་བུ་བསྟན་པ་ནི། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། །ཞེས་གསུངས་པ་སྟེ། དེ་ཡང་འདི་ལྟར་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས་ལས། རྒྱུ་ལ་ཞུགས་པ་དང་འབྲས་བུ་ཐོབ་པའི་བྱེ་བྲག་གིས། གང་ཟག་རྣམ་པ་བཞི་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་བསེ་རུ་ལྟ་བུ་ནི། དབང་པོ་རྣོན་པོ་ཡུལ་དང་དུས་ལ་མི་ལྟོས་པ། བསྐལ་པ་བརྒྱར་ཚོགས་བསགས་པས། སྐལ་བ་རབ་དང་ལྡན་པ། ལས་ཀྱི་མཐའ་ལ་བབ་པས། ལྟོས་པ་མེད་པར་གཅིག་པུར་གནས་པའི་ཕྱིར། བསེ་རུ་ལྟ་བུ་ཞེས་བྱའོ། །ཚོགས་ན་སྤྱོད་པ་ནི། དབང་པོ་རྟུལ་པོ་ཡུལ་དང་དུས་ལ་ལྟོས་ཤིང་། དེ་ལྟ་བུའི་སྐལ་བ་རབ་དང་མི་ལྡན་པས་གཞན་ལ་ལྟོས་པའི་ཕྱིར། སྡེ་དང་ཁྱུར་གནས་པས་ཚོགས་ན་སྤྱོད་པ་ཞེས་བྱའོ། །འོ་ན་གཅིག་ལ་གཅིག་སློབ་དཔོན་དུ་མི་འགྱུར་རམ་ཞེ་ན། རང་རེ་གཙོ་བོ་ཡིན་པའི་ཕྱིར་སློབ་དཔོན་ནི་མེད་དེ། འོན་ཀྱང་དེ་བཞིན་གཤེགས་པའི་བྱིན་རླབས་རྐྱེན་གཞན་དུ་སྣང་བ་ནི་འབྱུང་དུ་རུང་ངོ་། །དེ་ཡང་སངས་རྒྱས་ལ་བརྟེན་པའི་གྲངས་སུ་མི་འགྱུར་ཏེ། སངས་རྒྱས་སུ་མི་སྣང་བའི་ཕྱིར་རོ། །འདི་ལྟ་བུའི་གང་ཟག་ཀྱང་། སྔོན་སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་སྔོན་རོལ་དུ། ཡུལ་ཝཱ་ར་ཎཱ་སཱི་ལ་སོགས་པར། རང་སངས་རྒྱས་ཤེས་རབ་མགྱོགས་ཆེན་དང་། རྫུ་འཕྲུལ་ཆེར་སྟོན་ལ་སོགས་པ་བྱུང་བར་གྲགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ནི་རྒྱུའི་སྒོ་ནས་སྨོས་པ་སྟེ། འབྲས་བུ་ནི་གསང་སྔགས་དང་བྱེ་བྲག་ཏུ་མེད་པས། དེ་བས་ན་ལམ་གྱིས་བྱེ་བྲག་ཏུ་བྱ་བའི་ཕྱིར་དེ་སྐད་སྨོས་སོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་སྒྱུ་མ་ཙམ་དུ་མཚན་ཉིད་མ་འདྲེས་པར་ཡོད་དེ་ཞེས་པ་ནི་ལྟ་བ་བསྟན་པ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི། འདིར་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་ལ་འཇུག་སྟེ། འདིས་སམ་འདི་ཀུན་ནས་ཉོན་མོངས་པར་བྱེད་པས་དེ་སྐད་ཅེས་བྱའོ། །རྣམ་པར་བྱང་བ་ཡང་དེ་བཞིན་ནོ། །དོན་དམ་པར་རང་བཞིན་མེད་ཅེས་བྱ་བ་ལ། དོན་དམ་པ་རང་གི་ངོ་བོ་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་བྱ་སྟེ། དོན་གྱི་སྒྲ་ཡུལ་ལ་འཇུག་པས། ཡེ་ཤེས་དམ་པའི་ཡུལ་ཡིན་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་དོན་གྱི་སྒྲ་དགོས་པ་ལ་འཇུག་པས། ཐོབ་པར་བྱ་བའི་དགོས་པ་རྣམས་ཀྱི་ནང་ན་དམ་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་དག་ལྟར་ན་སྤྱིར་ཆོས་ཉིད་དུ་མཐུན་ཡང་། སྔ་མ་ནི་དེ་བཞིན་ཉིད་སྤྱི་ལ་འཇུག །ཕྱི་མ་ནི་ཆོས་ཉིད་དག་པ་སྟེ་མྱ་ངན་ལས་འདས་པ་ལ་འཇུག་གོ། །དེ་ཉིད་ཕྱིན་ཅི་མ་ལོག་པས་དོན་དམ་པའི་བདེན་པ་ཞེས་ཀྱང་བྱ་སྟེ། འཕགས་པའི་བདེན་པ་མཐོང་བ་རྣམས་ལ་དེ་ལྟར་བདེན་པར་གྲུབ་པའི་ཕྱིར་རོ། །འདི་ཡང་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་བྱས་ཞེའོ། །དེ་ལ་དབྱེ་ན་རྣམ་པ་གཉིས་ཏེ། རྣམ་གྲངས་ཀྱི་དོན་དམ་པ་དང་། སྤྲོས་པ་དང་བྲལ་བའི་དོན་དམ་པའོ། །དེ་ལ་རྣམས་གྲངས་ཀྱི་དོན་དམ་པ་ནི། སྤྲོས་པ་ཕྱོགས་རེ་ཆད་པ་དང་། ཕྱོགས་རེ་མ་ཆད་པའི་བློའི་ཡུལ་ཏེ། འདི་ལྟར་སྟོང་པ་ཉིད་བཅོ་བརྒྱད་ལ་སོགས་པ་དོན་དམ་པའི་རྣམ་གྲངས་ཀྱི་ཚིག་གིས་བསྟན་པར་བྱ་བའི་ཚིག་གི་དོན་རྣམས་སོ། །སྤྲོས་པ་བྲལ་བའི་དོན་དམ་པ་ནི། སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བའི་རང་བཞིན་གང་ཡིན་པའོ། །དེའི་དབང་དུ་བྱས་ན་དངོས་པོ་རྣམས་ཀྱི་རང་བཞིན་གང་ཡང་མི་འགྲུབ་པས། དོན་དམ་པར་རང་བཞིན་མེད་ཅེས་བྱ་སྟེ། ཚུལ་འདི་ནི་ལུང་བཙན་པར་བསྒྲུབ་པའི་ཚུལ་ཞེས་བྱའོ། །རིགས་པ་བཙན་པར་བསྒྲུབ་པའི་ཚུལ་ལྟར་ན། དོན་དམ་པར་རང་བཞིན་མེད་ཅེས་བྱ་བ་ལ། དམ་པ་ནི་བློའི་དམ་པ་སྟེ། དངོས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱི་མཐར་ཐུག་པ་རིག་པའི་དམ་པ་ལ་བྱ་སྟེ། དེའི་ཡུལ་དུ་བསྒྲུབ་ཏུ་རུང་བའི་དངོས་པོའི་རང་བཞིན་གང་ཡང་མི་འགྲུབ་པས། དོན་དམ་པར་རང་བཞིན་མེད་ཅེའམ། དམ་པའི་དོན་དུ་རང་བཞིན་མེད་ཅེས་བྱའོ། །ཀུན་རྫོབ་ཅེས་བྱ་བའི་རང་གི་ངོ་བོ་ནི། འཁྲུལ་པའི་ཤེས་པ་སྣང་བ་དང་བཅས་པ་ལ་བྱ་སྟེ། དེ་ཡང་ས་མ་བྷྲི་ཏ་ཞེས་བྱ་བའི་སྒྲ། ས་མ་ནི་ས་མ་ཀ་སྟེ་ཡང་དག་པ། བྷྲི་ཏ་ནི་སྒྲིབ་པའི་དོན་ལ་འཇུག་པས་ཡང་དག་སྒྲིབ་ཅེས་བཤད་དེ། དེ་ལྟར་འཁྲུལ་པའི་བློ་ཉིད་ཀྱིས་བློ་དེ་ཉིད་ལ་བསྒྲིབས་ནས། ཡང་དག་པའི་དོན་མཐོང་བ་ལ་གེགས་བྱས་པས་ཡང་དག་སྒྲིབ་ཅེས་བྱའོ། །དེ་ལྟར་ན་བློའི་སྣང་བ་ལ་ཀུན་རྫོབ་པ་ཞེས་གདགས། ཡང་ན་ས་མ་ནི་ས་མ་ཏ་སྟེ་ཀུན་ལ་བྱ། བྷྲི་ཏ་ནི་བརྫབས་པའི་ཚིག་སྟེ། དེ་ལྟ་ན་མཁས་པ་པཎྜི་ཏ་ནས། བླུན་པོ་བ་ལང་རྫི་ཡན་ཆད་ཀུན་གྱིས་མཐུན་པར། གློ་བུར་འཁྲུལ་པའི་བློས་བརྫབས་ཤིང་བརྟགས་ཏེ། རྣམ་པར་བཞག་པའི་དོན་ཡིན་གྱི། དོན་མ་བཅོས་པ། མ་བརྟགས་པ། མ་བསླད་པ། གཉུག་མའི་དོན་མ་ཡིན་པས་ཀུན་རྫོབ་ཅེས་བྱ་སྟེ། དེ་ལྟ་ན་སྣང་བའི་དོན་ནི་ཀུན་རྫོབ་ཡིན་ལ། འཁྲུལ་པའི་བློ་ནི་ཀུན་རྫོབ་པ་ཞེས་བྱའོ། །ཀུན་རྫོབ་ཀྱི་འཇུག་ཚད་ནི། ཇི་སྲིད་དུ་མངོན་པར་འདུ་བྱ་བ་དང་བཅས་པའི་བློའི་སྤྱོད་ཡུལ་དུ་བྱས་པ། ཚིག་དང་ཡི་གེ་བརྗོད་པ་ཐམས་ཅད་ཀུན་རྫོབ་ཅེས་ཤེས་པར་བྱའོ། །འདི་ནི་སོ་སོའི་སྐྱེ་བ་རྣམས་ཀྱི་བློ་ལ་གྲགས་པ་དང་། ཐ་སྙད་ཙམ་དུ་བདེན་པས། ཀུན་རྫོབ་ཀྱི་བདེན་པ་ཞེས་ཀྱང་བྱའོ། །འདི་ཡང་ཤེས་པ་ནི་འཁྲུལ་པའི་ཤེས་པའི་སྤྱོད་ཡུལ་དུས་བྱས་སོ་ཞེས་སྦྱར་རོ། །དབྱེ་བ་ནི་རྣམ་པ་གཉིས་ཏེ། ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་བོ། །དེ་ལ་ཡང་དག་པའི་ཀུན་རྫོབ་ནི། དངོས་པོ་རྒྱུ་རྐྱེན་ལས་སྐྱེས་པ། མཐུན་པར་སྣང་བ། དོན་བྱེད་ནུས་པ། བརྟགས་ན་དབེན་པའི་མཚན་ཉིད་ཅན་རྣམས་སོ། །ལོག་པའི་ཀུན་རྫོབ་ནི། སྣང་དུ་འདྲ་ཡང་དེ་ལྟར་དོན་བྱེད་མི་ནུས་པ་རྣམས་སོ། །གཞན་ཡང་གཟུགས་བརྙན་ལྟ་བུ་སྣང་ཡང་དོན་བྱེད་མི་ནུས་དང་། བདག་རྟག་པ་ལྟ་བུ་སྣང་ཡང་མི་སྣང་དོན་བྱེད་ཀྱང་མི་ནུས་པ་དང་། ཡི་གེ་དང་མིང་དང་ཚིག་གི་ཚོགས་ལྟ་བུ། དངོས་པོ་མེད་པ་ལ་དངོས་པོར་བརྟགས་པ་རྣམས་ནི་ལོག་པའི་ཀུན་རྫོབ་བོ་ཞེས་འབྱུང་ངོ་། །སྒྱུ་མ་ཙམ་དུ་ཞེས་བྱ་བ་ནི། སྣང་ཡང་ཡང་དག་པར་མ་གྲུབ་པས་ན་སྒྱུ་མ་ལྟ་བུ་ཞེས་བྱའོ། །ཙམ་གྱི་སྒྲ་ནི་ཡང་དག་པར་གྲུབ་པ་དགག་པའོ། །མཚན་ཉིད་མ་འདྲེས་པར་ཡོད་དོ་ཞེས་བྱ་བ་ནི། རང་རང་གི་བྱ་བ་བྱེད་པ་ལ་སོགས་པའི་ནུས་པ་ལ་མེད་པར་སྐུར་པ་གདབ་ཏུ་མི་རུང་བའོ། །ཡང་ན་མཚན་ཉིད་མ་འདྲེས་པར་ཡོད་ཅེས་བྱ་བ་འདི་ཡང་། གང་ཐས་ལས་མཐུན་ཕྱོགས་གཅིག་གི་བློའི་སྤྱོད་ཡུལ་གྱི་དབང་དུ་བྱས་པར་ཟད་དེ། གང་ཟག་སྤྱིའི་དབང་དུ་གཞག་ན། སྤྱོད་ཡུལ་ཡོངས་སུ་དག་པ་དང་། མ་དག་པ་དང་། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང་། སྤྱོད་པ་མ་ཡིན་པ་དག་དང་། ཉེ་བར་སྤྱོད་པ་དང་། ཉེ་བར་སྤྱོད་པ་ཡིན་པ་དག་དང་། བྱ་བ་བྱེད་པ་དང་། བྱེད་པ་མ་ཡིན་པ་དག་དང་། མཚན་ཉིད་པ་དང་། ཀུན་ཏུ་བརྟགས་པ་དག་དང་། རྫས་སུ་ཡོད་པ་དང་། བཏགས་པའི་ཡོད་པ་ལ་སོགས་པར་རྣམ་པར་བཞག་པ་དག་གིས་ཐུན་མོང་དུ་གཞལ་ན། མཚན་ཉིད་སོ་སོར་གཞག་པ་གང་ཡང་མི་འགྲུབ་སྟེ། ཀུན་རྫོབ་རྣམ་པ་གཉིས་སུ་གཞག་པ་ཡང་དེ་ལྟར་གྲུབ་པར་མི་འགྱུར་རོ། །འདི་ནི་ལུང་བཙན་པར་བྱས་པའི་ཚུལ་གྱིས་བསྒྲུབས་པའོ། །རིག་པ་བཙན་པར་བྱས་པའི་ཚུལ་ལྟར་ན། ཀུན་རྫོབ་ནི་དབང་པོའི་བློ་ལ་བྱ་སྟེ། དེའི་ཡུལ་དུ་ཐུབ་པས་ཀུན་རྫོབ་ཏུ་ཐུབ་ཅེས་བྱའོ། །ད་ནི་བསྒོམ་པའི་ལམ་བསྟན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པའི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་པ་ཞེས་སྨོས་ཏེ། དེ་ལ་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་འདི་བཅུ་ཤེས་རབ་ཀྱིས་ཡོངས་སུ་ཟིན་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཐོབ་སྟེ། དེ་ཡང་པ་ར་མི་ཏ་ཞེས་བྱ་བའི་སྒྲ། པ་ར་མ་ནི་དམ་པ། མི་ཏ་ནི་གྱུར་བ་ཏེ། འདི་ལྟར་ཤེས་རབ་ཐམས་ཅད་ཀྱི་ནང་ན་དམ་པར་གྱུར་ཅིག་མཐར་ཕྱིན་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས། དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་དེས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པའང་དམ་པར་འགྱུར་བ་དང་། དེའི་གྲོགས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་རྒྱ་ཆེ་བ་དང་ཡུན་རིང་བ་དམ་པ་ལ་སོགས་པར་གྱུར་པས་ཀྱང་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་པ་ར་ཨི་ཏ་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡིན་པས་ཤེས་རབ་ལས་འདས་ཏེ། ཡུལ་དུ་མ་གྱུར་པ་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་བྱ་སྟེ། འདི་ཕ་རོལ་ཏུ་ཕྱིན་པས་ཞེས་སྦྱར། ཡང་ན་འདིས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་དེ་སྐད་ཅེས་བྱ་སྟེ། ལམ་ལ་སྦྱར་རོ། །ས་ཞེས་བྱ་བ་ནི། ས་དང་འདྲ་བས་ས་ཞེས་བྱ་སྟེ། ས་དང་པོ་ནས་བཅུ་པ་དག་གི་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་བའི་བདག་ཉིད། ཡེ་ཤེས་ཀྱི་ས་ཡིན་ཏེ། སྒྲིབ་པའི་གཉེན་པོར་གྱུར་པས། ཇི་ཙམ་དུ་སྒྲིབ་པ་བྲི་བ་དང་། ཡེ་ཤེས་འཕེལ་བའི་ཤེས་རབ་དང་ཏིང་ངེ་འཛིན་དེ་ཉིད། དགེ་བའི་རྩ་བ་ཐམས་ཅད་ཀྱི་གནས་དང་རྒྱུར་གྱུར་པ་དང་། གང་ཟག་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། ཡེ་ཤེས་དེ་དག་ལ་གནས་ཤིང་སྤྱོད་པས། དེ་བས་ན་གནས་པ་དང་འཛིན་པ་དང་སྤྱོད་པའི་དོན་གྱིས། ས་དང་འདྲ་བས་ས་ཞེ་བྱའོ། །ད་ནི་འབྲས་བུ་བསྟན་པའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་འགྲུབ་པ་ཡིན་ནོ། །ཞེས་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་འདས་པ། མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པའི་མཚན་ཉིད། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤངས་པ། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྣམ་པ་ཐམས་ཅད་མཆོག་གི་ཡེ་ཤེས་ཀྱི་གནས་བརྙེས་པ་ནི། བླ་ན་མེད་པའི་བྱང་ཆུབ་བོ། །དེ་ལྟར་མཚན་ཉིད་ཀྱི་ཐེག་པ་རྣམ་པ་གསུམ་ལ། སོ་སོའི་ལྟ་བ་དང་ལམ་དང་འབྲས་བུ་རྣམ་པ་གསུམ་དུ་ཕྱེ་སྟེ་བསྡུས་ནས་བསྟན་པར་མཛད་དེ། དེ་ལ་འདིར་དབྱེ་བ་གཞན་ཡང་ཅུང་ཟད་རྣམ་པར་གཞག་ན། སྤྱོད་ཡུལ་གྱི་བྱེ་བྲག་ནི། ཉན་ཐོས་རྣམས་ནི། དམིགས་པ་དང་བཅས་པའི་ས་ལ་གནས་པའི་སྤྱོད་ཡུལ་ཅན། རང་སངས་རྒྱས་ནི་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པའི་སྤྱོད་ཡུལ་ཅན། བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན་ནོ། །རྣམ་པར་གྲོལ་བའི་སྒོའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་རྒྱུ་དང་རྐྱེན་ལས་རྣམ་པ་གྲོལ་བའི་རྣམ་པར་ཐར་པའི་སྒོ་ནས་སྐྱེས་བའོ། །རང་སངས་རྒྱས་ནི་རྒྱུ་དང་འབྲས་བུ་རྣམ་པར་བཤིག་པའི་རྣམ་པར་ཐར་པའི་སྒོ་ལས་སྐྱེས་པའོ། །བྱང་ཆུབ་སེམས་དཔའ་ནི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ལས་སྐྱེས་པའོ། །ཏིང་ངེ་འཛིན་གྱི་མཐུའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ལས་ཀྱི་རྣམ་པར་སྦྱོང་བ་ལ་ཏིང་ངེ་འཛིན་གྱི་མཐུ་ཁྱད་པར་ཅན་བརྙེས་པའོ། །རང་སངས་རྒྱས་ནི་མཐུ་ཁྱད་པར་ཅན་བརྙེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ལས་ཀྱི་རྩེ་ལ་དབང་ཐོབ་པའོ། །ཤེས་རབ་ཀྱི་སྙིང་སྟོབས་ཀྱི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ནང་གི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །རང་སངས་རྒྱས་ནི། ཕྱིའི་སྤྱོད་ཡུལ་དང་གཉིས་ལ་བདག་མེད་པར་རྟོགས་པའོ། །བྱང་ཆུབ་སེམས་དཔའ་ནི་ཕྱི་ནང་གི་ཆོས་དང་གང་ཟག་ཐམས་ཅད་ལ་བདག་མེད་པར་རྟོགས་པའོ། །ཡེ་ཤེས་རྟོག་སྒྲིབ་སྤངས་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ཀྱིས་བདག་ཏུ་རྟོག་པ་སྤངས་པའོ། །རང་སངས་རྒྱས་ནི་གཟུང་བའི་རྟོགས་པའང་སྤངས་པའོ། །བྱང་ཆུབ་སེམས་དཔའ་ནི་འཛིན་པའི་རྟོག་པའང་སྤངས་པའོ། །ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་བྱང་ཆུབ་ཀྱི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ཁམས་གསུམ་དུ་ཀུན་ཏུ་སྤོང་བའི་ཉོན་མོངས་པ་རྣམས་ཟད་པ་ཤེས་པའི་མཚན་ཉིད་ཐོབ་པའོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ནི་གང་ཅི་ཡང་རུང་སྟེ་ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་སུ་ཤེས་པའོ། །བླ་ན་མེད་པའི་བྱང་ཆུབ་ནི། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པ་ཤེས་པའོ། །གཞན་ཡང་དོན་དམ་པ་རྣམས་པར་འཇོག་པའི་ཚུལ་དང་། ཞེན་པ་ལ་སོགས་པའི་བྱེ་བྲག་གིས་ནི། ཐེག་པ་ཆེན་པོ་ལའང་རྣམ་པ་གཉིས་ཏེ། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའོ། །དེ་ལ་དོན་དམ་པ་རྣམ་པར་འཇོག་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི། བདག་གིས་སྟོང་པའི་ཆོས་རྣམས་ཀྱི་མཚན་ཉིད་ནི་དོན་དམ་པའོ་ཞེའོ། །རང་སངས་རྒྱས་ནི་བརྗོད་པས་མ་བསླད་པའི་ཆོས་ཀྱི་མཚན་ཉིད་ནི་དོན་དམ་པའོ་ཞེའོ། །རྣལ་འབྱོར་སྤྱོད་པ་ནི། གཟུང་འཛིན་གྱིས་སྟོང་པའི་རང་རིག་པའི་མཚན་ཉིད་ནི་དོན་དམ་པའོ་ཞེའོ། །དབུ་མ་པ་ནི། སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བའི་ཆོས་ཉིད་ནི་དོན་དམ་པའོ་ཞེའོ། །མངོན་པར་ཞེན་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་སྤྱི་དང་རང་གི་མཚན་ཉིད་ལ་མངོན་པར་ཞེན་པའོ། །རང་སངས་རྒྱས་ནི་སྤྱི་དང་རང་གི་མཚན་ཉིད་ཕྱོགས་དང་། འདུ་འཛི་མེད་པ་ལ་མངོན་པར་ཞེན་པའོ། །རྣལ་འབྱོར་སྤྱོད་པ་ནི། ཀུན་གཞི་རྣམ་པར་ཤེས་པའི་དབའ་རླབས་རང་གི་སེམས་སྣང་བའི་མཚན་ཉིད་ལ་མངོན་པར་ཞེན་པའོ། །དབུ་མ་པ་ནི་ཀུན་རྫོབ་ཀྱི་བདེན་པ། ཡོངས་སུ་མ་དག་པའི་མཚན་ཉིད་ཀྱི་སྤྱོད་ཡུལ་ལ་མངོན་པར་ཞེན་པའོ། །ཡོངས་སུ་མ་ཞེན་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ལྟ་བའི་གནས་ལ་མངོན་པར་ཞེན་པ་མེད་པའོ། །རང་སངས་རྒྱས་ནི། འདུ་འཛིའི་སྤྱོད་ཡུལ་ལ་མངོན་པར་ཞེན་པ་མེད་པའོ། །རྣལ་འབྱོར་སྤྱོད་པ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་མེད་པའོ། །དབུ་མ་ནི་དོན་དམ་པ་ལ་མངོན་པར་ཞེན་པ་མེད་པའོ། །མཐའ་གཉིས་བསལ་བའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི། ཕུང་པོ་སྐྱེ་བ་དང་འཇིག་པ་རྟོགས་པའི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །རང་སངས་རྒྱས་ནི་ཚིག་གི་དོན་མེད་པར་རྟོགས་པའི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །རྣལ་འབྱོར་སྤྱོད་པ་ནི། མཚན་ཉིད་གསུམ་གྱི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །དབུ་མ་པ་ནི་བདེན་པ་གཉིས་ཀྱི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །འདི་དག་ལ་སོགས་པ་བྱེ་བྲག་མང་དུ་བཤད་པ་ནི། གཞུང་སོ་སོ་ནས་བཞུགས་མོད་ཀྱི། དོན་གྱི་སྤྱི་ཙམ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མདོ་ཙམ་སྨོས་པར་ཟད་དོ། །ཉན་ཐོས་དང་རང་སངས་རྒྱས་ཐེག་པ་ཆུང་ངུར་བསྡུས་ཤིང་། ཕལ་ཆེར་ཉན་ཐོས་ཀྱི་ཁོངས་སུ་ཡང་ལྟ་སྤྱོད་མཐུན་པར་བཤད་པ་ནི། བདག་ཅིག་པུ་གྲོལ་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐུན། ཚུལ་ཁྲིམས་ཀྱི་གཞི་མཐུན། འབྲས་བུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པར་མཐུན། བདེན་པའི་ཚུལ་གནས་པའི་སྒོ་མཐུན། རྣམ་པར་གྲོལ་བའི་སྒོ་ཕྱོགས་རེ་རྟོགས་པ་ལས་སྐྱེས་པར་མཐུན། ཐབས་དང་བྲལ་བའི་ཡེ་ཤེས་དང་བསླབ་པ་ལ་སྤྱོད་པར་མཐུན་པས། གཅིག་ཏུ་ཡང་བསྡུས་ཏེ་སྟོན་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་སྒོ་ལ་ཡང་། རྣམ་པ་དང་བཅས་པར་སྨྲ་བ་དང་། རྣམ་པ་མེད་པར་སྨྲ་བའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་རྣམ་པ་མེད་པར་སྨྲ་བ་ནི། སེམས་ཅན་གྱི་དུས་ན་ཡང་བློ་རྣམ་པ་མེད་པར་སྐྱེ་ལ། གཟུང་བ་དང་འཛིན་པའི་རྣམ་པར་སྐྱེ་བར་སྣང་བ་ནི། སེམས་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཡིན་ཏེ། བག་ཆགས་དག་ནས་སངས་རྒྱས་ཀྱི་ས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབའ་ཞིག་མངའ་སྟེ། འགྲོ་བའི་དོན་མཛད་པའི་ཚུལ་ཡང་། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ། རྟོག་པ་མེད་པར་ལྷུན་གྱིས་གྲུབ་པར་མཛད་པར་འདོད་དོ་ཞེས་སོ། །རྣམ་པ་དང་བཅས་པ་སྨྲ་བ་ལ་ཡང་། རྣམ་པ་བདེན་པར་སྨྲ་བ་དང་། བདེན་པ་མ་ཡིན་པར་སྨྲ་བ་གཉིས་ཏེ། དེ་ལ་རྣམ་པ་བདེན་པར་སྨྲ་བ་ནི། ཕྱི་རོལ་གྱི་དོན་མེད་ཀྱང་སེམས་ཉིད་ལུས་དང་གནས་དང་སྤྱོད་ཡུལ་གྱི་རྣམ་པར་སྣང་བ་ནི་དོན་དམ་པར་ཡོད་དེ། སངས་རྒྱས་ཀྱི་ས་ལ་ཡང་གཟུང་འཛིན་དུ་མངོན་པར་ཞེན་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་དེ་ཉིད་སྐུ་དང་ཞིང་གི་རྒྱན་གྱི་རྣམ་པར་སྣང་བ་ནི་དོན་དམ་པར་ཡོད་དོ་ཞེས་འདོད་དོ། །རྣམ་པ་བདེན་པ་མ་ཡིན་པར་སྨྲ་བ་ནི། སེམས་ཅན་གྱི་དུས་ན་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་རྣམ་པར་ཤེས་པ་སྐྱེའང་། དེ་ལྟར་བདེན་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ས་ལ་ཡང་སེམས་ཅན་གྱི་ཁམས་དང་བག་ལ་ཉལ་བ་ལ་སོགས་པ་མཁྱེན་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་ཡང་། དེ་ལྟར་བདེན་པ་ནི་མ་ཡིན་ཏེ། དོན་དམ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མའི་མཚན་ཉིད་ཙམ་འདི་ནི་གྲུབ་བོ་ཞེས་འདོད་པའོ། །དབུ་མ་ཡང་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། མདོ་སྡེ་དབུ་མ་གཉིས་ཏེ། འདི་གཉིས་ཀྱང་དོན་དམ་པའི་ལྟ་བ་ནི་བྱེ་བྲག་མེད་ལ། ཀུན་རྫོབ་ཏུ་རྣལ་འབྱོར་སྤྱོད་པ་དང་སྒོ་མཐུན་པ་དང་། ཉན་ཐོས་མདོ་སྡེ་པ་དང་སྒོ་མཐུན་པས་ཕྱེ་བར་ཟད་དོ། །དེའི་དབང་གིས་མདོ་སྡེ་དབུ་མ་པ་ནི། གཞན་དབང་གི་རྒྱུད་ཀྱང་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་བྱེ་བྲག་གིས་རྒྱུད་གཉིས་སུ་འདོད་དོ། །དེ་ལྟར་མཚན་ཉིད་ཀྱི་ཐེག་པ་བསྟན་ནས། ད་ནི་རྡོ་རྗེ་ཐེག་པ་བསྟན་པའི་ཕྱིར། རྡོ་རྗེའི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བྱ་བའི་རྒྱུད་ནི། བྱ་བ་གཙོར་སྟོན་པ་སྟེ། དེ་ཡང་ནང་སེམས་ཀྱི་ཏིང་ངེ་འཛིན་རྒྱུའི་གཙོ་བོར་སྨྲ་མོད་ཀྱི། ཕྱི་རོལ་གྱི་གཙང་སྦྲ་དང་དཀའ་ཐུབ་ལ་སོགས་པའི་བྱ་བ་ལ་མ་ལྟོས་པར་དངོས་གྲུབ་མི་ཐོབ་པར་འདོད་པས། བྱ་བ་གཙོར་སྟོན་པའི་རྒྱུད་ཅེས་བྱའོ། །རྣལ་འབྱོར་གྱི་རྒྱུད་ནི། ཕྱི་རོལ་གྱི་བྱ་བ་ལ་མ་ལྟོས་ཀྱང་། ནང་གི་རྣལ་འབྱོར་འབའ་ཞིག་གིས་ཀྱང་གྲུབ་པར་འདོད་པས་དེ་སྐད་ཅེས་བྱའོ། །དེ་ལ་དོན་དམ་པར་སྐྱེ་འགག་མེད་པ་ལས། ཞེས་བྱ་བ་ནི། སྐྱེ་འགག་ཉིད་མ་གྲུབ་པར་སྟོན་པ་སྟེ། དངོས་པོ་རྣམས་ཀྱི་རང་བཞིན་ཉིད་སྐྱེ་འགག་མེད་པ་ཡིན་གྱི་ལྷ་ཁང་དགེ་འདུན་གྱི་སྟོང་པ་ལ་སྟོང་པར་བརྗོད་པ་ལྟ་བུའི་འདི་ལ་གཞན་གྱི་རང་བཞིན་གྱིས་སྟོན་པའི་མཚན་ཉིད་ཅན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པར་མི་བྱེད་དོ། །དེ་ལ་ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུ་སྒོམ་ཞིང་ཞེས་བྱ་བ་ནི། སྐབས་འདིར་བྱང་ཆུབ་ཀྱི་སེམས་དང་དེ་ཉིད་གསུམ་དང་ལྡན་པ་ནི་དངོས་གྲུབ་ཀྱི་སྣོད་དུ་བཤད་ལ། དེ་ཉིད་གསུམ་མམ་བདག་གི་དེ་ཁོ་ན་ཉིད་ནི། ཕུང་པོ་ལྔའི་དོན་བློས་རྣམ་པར་མ་ཕྱེ་བ་ནི་བདག་ཅེས་བྱ་ལ། དེའི་ཁོ་ན་ཉིད་ནི། གཟུང་བ་དང་འཛིན་པར་ཀུན་ཏུ་བརྟགས་པས་སྟོང་པ། སེམས་དང་སེམས་ལས་བྱུང་བ་རང་རིག་པ་ཙམ་མོ། །མེད་པར་སྐུར་པ་གདབ་ཏུ་མི་རུང་བ་འདི་ནི་བདག་གི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ནི། ཆོས་ཉིད་དང་སྒྲ་ལ་སོགས་པ་གསང་སྔགས་ཀྱི་དངོས་པོ་ལྷ་དྲུག་ཏུ་གྲགས་པ་རྣམས་སོ། །དེ་ལ་བདག་གི་དེ་ཁོ་ན་ཉིད་གསེར་གྱི་གླེགས་བམ་ལྟ་བུ་ལ། ལྷའི་དེ་ཁོ་ན་ཉིད་དངུལ་ཆུ་ཞུན་མ་ལྟ་བུ་བསྒོས་ཏེ། ལྷའི་སྐུར་བསྒོམ་པར་བཞེད་དོ། །དེ་ཡང་དེ་ཉིད་གསུམ། གཟུགས་ཡེ་ཤེས། མིང་། གཟུགས། ཕྱག་རྒྱ། བརྙན་ཆེན་པོ་གསུམ། དམིགས་པ་གསུམ། ཡན་ལག་བཞི་དང་ལྡན་པའི་བཟླས་བརྗོད་ནི། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཡིན་ཏེ། དེ་ལ་གཟུགས་བརྙན་ཆེན་པོ་གསུམ་ནི། སྐུ་མཚན་དང་དཔེ་བྱད་དུ་གསལ་བ་ནི་སྐུའི་གཟུགས་བརྙན། དེའི་ཐུགས་ཀར་བྱང་ཆུབ་ཀྱི་སེམས་ཀྱི་རྟགས་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི་ཐུགས་ཀྱི་གཟུགས་བརྙན། དེ་ལ་སྙིང་པོ་བཀོད་པ་ནི་གསུང་གི་གཟུགས་བརྙན་ནོ། །དམིགས་པ་གསུམ་ནི་བཟླས་བརྗོད་ཀྱི་དུས་སུ་ཡེ་ཤེས་པ་མདུན་དུ་དམིགས་ལ། གཟུགས་བརྙན་གསུམ་པོ་དེ་ཀུན་ཀྱང་དམིགས་པར་བྱ་བ་ཡིན་པས་དམིགས་པ་གསུམ་ཞེས་བྱའོ། །ཡན་ལག་བཞི་ནི། དམིགས་པ་གསུམ་པོ་དང་བདག་དམ་ཚིག་སེམས་དཔའ་ཟློས་པ་པོ་དང་བཞི་ཅར་ཡང་། བཟླས་བརྗོད་ཀྱི་ཡན་ལག་རེ་རེ་ཡིན་པས་ཡན་ལག་བཞི་ཞེས་བྱའོ། །དམིགས་པ་གཉིས་དང་ཡན་ལག་གསུམ་ལ་སོགས་པའང་དེ་ཡིས་བསྡུས་པར་ཟད་དོ། །དེ་ལྟ་བུའི་ཏིང་ངེ་འཛིན་དང་། བཟླས་བརྗོད་དང་། དེའི་གྲོགས་ཕྱི་རོལ་གྱི་ཡོ་བྱད་སྐུ་གཟུགས་ལ་སོགས་པ་ལ་བརྟེན་ནས། གཙང་སྦྲ་དང་དཀའ་ཐུབ་དྲག་པོའི་བྱ་བ་གཙོར་བླངས་ཏེ་བསྒྲུབས་པས། དངོས་གྲུབ་རབ་འབྲིང་རྣམ་པ་གསུམ་འགྲུབ་པར་འདོད་པ་ཡིན་ནོ། །དེ་ལ་རྡོ་རྗེ་ཐེག་པའི་སྐབས་འདིར་ནི། དོན་དམ་པ་སྐྱེ་འགག་མེད་པ་དང་། ཀུན་རྫོབ་ཏུ་ལྷར་བསྒོམས་པའི་ཚུལ་སོ་སོ་ཙམ་བསྟན་གྱི། ཀུན་རྫོབ་ཀྱི་སྤྱོད་ཡུལ་ལ་དག་མ་དག་ཇི་ལྟར་ལྟ་བའི་ཚུལ་དང་། འབྲས་བུའི་ཁྱད་པར་དག་ནི་མ་གསུངས་ཏེ། འདིའི་དགོངས་པ་ནི། ཀུན་རྫོབ་ཏུ་ལྷར་བསྒོམ་མོ་ཞེས་གསུངས་པ་ཉིད་ཀྱིས། ཀུན་རྫོབ་ལྷར་ལྟའོ་ཞེས་སྨོས་མི་དགོས་ཏེ། ལྟ་བས་དེ་ལྟར་བཅད་པ་བཞིན་དུ་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་ལྟ་བ་དང་སྒོམ་པ་ནི་འགལ་ཏུ་མི་རུང་སྟེ། རིག་པ་དེའི་རྐང་པར་ལྡན་དགོས་པའི་ཕྱིར་དང་། གསང་སྔགས་ཀྱི་གཞུང་དམིགས་པ་ལ་རྣམ་པར་དག་པའི་སྤྱོད་ཡུལ་ཅན་ཡིན་པར་འདོད་པའི་ཕྱིར་རོ། །འོ་ན་མི་སྡུག་པ་བསྒོམ་པ་ལ་སོགས་པ་ལྟ་བུ་ཀུན་བརྟགས་པའི་གཟུགས་རྣམས་ཀྱང་གཉེན་པོར་བསྒོམ་པ་ཡོད་དོ་ཞེ་ན། ལན་དུ། མི་སྡུག་པ་བསྒོམ་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ། ཀུན་ཏུ་བརྟགས་པའི་གཟུགས་ཡིན་པར་གསུངས་པ་དང་། འདོད་ཆགས་ཀྱི་གཉེན་པོར་གསུངས་པ་ནི་བདེན་མོད་ཀྱི། ཆོས་བསྟན་པ་ཐམས་ཅད་ལ་དགོངས་པའི་དབང་ཐ་དད་པ་ཡོད་དེ། འདི་ལྟར་སེམས་ཅན་ཡོངས་སུ་མ་དག་པའི་སྤྱོད་ཡུལ་ཅན། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་རྣམས་ལ། དབང་པོའི་བློའི་སྤྱོད་ཡུལ། ཚད་མས་གྲུབ་པར་བཞག་པའི་སྐབས་སུ་དེ་ལྟར་བཤད་པ་སྟེ། འོན་ཀྱང་མི་སྡུག་པ་དང་ཟད་པར་ལ་སོགས་པའི་བསམ་གཏན་གྱི་ཡུལ་འདི་དག་རིག་པ་དང་ལུང་གིས་གཞལ་ན། དངོས་པོ་རྣམས་ཀྱི་མཚན་ཉིད་དང་འགལ་བར་བསྒོམ་པ་མ་ཡིན་ཏེ། འདི་ལྟར་སེམས་ཅན་རྣམས་ནི་ཕྱིན་ཅི་ལོག་གི་ལྟ་བ་བཞིས་འཁོར་ཏེ། བཞི་གང་ཞེ་ན། ང་གཙང་རྟག་སྐྱིད་དུ་ལྟ་བའོ། །ལྟ་བ་དེའི་གཞི་ཡང་རྣམ་པ་བཞི་སྟེ། ལུས་ཚོར་བ་སེམས་ཆོས་སོ། །དེ་ཡང་འདི་ལྟར། མི་གཙང་བའི་ལུས་ལ་གཙང་བར་འཛིན་ཏེ་རྨོངས་ཤིང་ཆགས་སོ། །སྡུག་བསྔལ་གྱི་ཚོར་བ་ལ་བདེ་བ་ལྟ་སྟེ་རྨོངས་ཤིང་ཆགས་པའོ། །ང་མེད་པའི་སེམས་ལ་ང་བདག་ཏུ་འཛིན་ཏེ་རྨོངས་ཤིང་ཆགས་སོ། །མི་རྟག་པའི་ཆོས་ལ་དངོས་པོ་དང་མཚན་མར་འཛིན་ཏེ་རྨོངས་ཤིང་ཆགས་སོ། །ཕྱིན་ཅི་ལོག་གི་ལྟ་བ་དེ་བཞི་བསལ་བའི་དོན་དུ། དེའི་གཉེན་པོ་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་གསུངས་ཀྱང་། དངོས་པོའི་མཚན་ཉིད་དང་འགལ་བ་མེད་དོ། །འདི་ལྟར་ལུས་ནི་ཤ་རྒྱས་པ་དང་མདངས་དང་དབྱིབས་ཀྱི་སྒོ་ནས་འདོད་ལྡན་རྣམས་ཀྱི་འདོད་ཆགས་ཀྱི་ཡུལ་དུ་གྱུར་ཀྱང་། ལུས་ཀྱི་མཚན་ཉིད་ནི། དབང་བྱེད་པ་དང་ལོངས་སྤྱོད་པ་དང་ཞུམ་པའི་གནས་སྐབས་གསུམ་ཅར་ན་ཡང་། མི་གཙང་བའི་མཚན་ཉིད་ལས་མ་འདས་ཏེ། མི་གཙང་བར་བཏགས་པའི་སྙད་པ་ནི། ལུས་ཁོ་ན་ཙམ་སྟེ། འདི་ལྟར་རླུང་མཁྲིས་བད་ཀན་གསུམ་གྱི་རང་བཞིན་ལས་གཞན་པའི་ལུས་མེད་ལ། བད་ཀན་གྱི་རང་བཞིན་ནི་ཤིན་ཏུ་རུལ་བའི་མཚན་ཉིད། མཁྲིས་པའི་རང་བཞིན་ནི་རྣམ་པར་སྐྱུར་བའི་མཚན་ཉིད། རླུང་གི་རང་བཞིན་ནི་ཀུན་ཏུ་ཁྱབ་པར་བྱེད་པ་སྟེ། མཁྲིས་པ་དང་བད་ཀན་གཉིས་དང་མཚུངས་པར་ལྡན་པའི་རླུང་ནི། ཤིན་ཏུ་རྩོག་པར་གསལ་བར་བྱེད་པ་སྟེ། ཁམས་འདི་དག་དང་ལྡན་པས་མདངས་བཟང་བ་དང་ཤ་རྒྱས་པ་ལ་སོགས་པ་ཡང་རང་བཞིན་དེ་རྣམས་ཉིད་ཡིན་ཏེ། གཙང་བའི་རང་བཞིན་མེད་ལ། རྣམ་པར་སྔོས་པ་ལ་སོགས་པའང་དེ་ལྟ་བུའི་རང་བཞིན་ཉིད་ཡིན་ཏེ། དེ་བས་ན་ལུས་ལ་བརྟེན་ནས་མི་སྡུག་པ་བསྒོམ་པའི་འདི་ཡང་། ལུས་ཀྱི་མཚན་ཉིད་ཇི་ལྟ་བ་ཡིན་པ་དང་། བསྒོམ་པའི་དོན་འགལ་བར་གྱུར་པ་མེད་དོ། །དེ་བཞིན་དུ་ཟད་པར་གྱི་ཏིང་ངེ་འཛིན་དག་ཀྱང་ཆོས་ཀྱི་མཚན་ཉིད་དང་འགལ་བར་བསྒོམ་པ་མ་ཡིན་ཏེ། འདི་ལྟར་ཆོས་རྣམས་ནི་མི་རྟག་པ། མི་བརྟན་པ། རྣམ་པར་འགྱུར་བའི་ཆོས་ཅན། ངོ་བོ་ཉིད་མེད་པ། མཚན་མ་དང་བྲལ་བ། སྨོན་པའི་ཡུལ་མ་ཡིན་པ། ཇི་ལྟར་བལྟས་པ་དེ་ལྟར་སྣང་བ། ཇི་ལྟར་མཚན་མར་བཟུང་བ་དེ་ལྟའི་རྗེས་སུ་འབྲང་བ་ཡིན་པས་ན། ཟད་པར་གྱི་ཏིང་ངེ་འཛིན་དག་ཀྱང་ལྟ་བ་དང་སྒོམ་པ་འགལ་བར་གྱུར་པ་མེད་དོ། །འོན་ཀྱང་མི་སྡུག་པ་དང་ཟད་པར་ལྟ་བུ་ནི་ཡོངས་སུ་མ་དག་པའི་སྤྱོད་ཡུལ་གྱི་དབང་དུ་བཤད་པ་ཡིན་ལ། ཡོངས་སུ་མ་དག་པ་ཡང་གནས་ངན་ལེན་གྱི་ལས་ཀྱི་བག་ཆགས་ཀྱི་བགོ་སྐལ་ཡིན་ཏེ། དེ་བས་ན་འདི་ལ་ཡང་རིགས་པས་གྲུབ་ཅིང་ལུང་དང་མཐུན་པ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་ཏིང་ངེ་འཛིན། ལྷའི་རྣལ་འབྱོར་དུ་བསྒོམ་པ་འདི་ཡང་། ལྟ་བ་དང་སྒོམ་པ་མཐུན་པ་ཡིན་ཏེ། ཟད་པར་ལ་སོགས་པ་ལམ་ཅུང་ཟད་དུ་ན། ལྷའི་སྐུ་ན་ཡོངས་སུ་དག་པའི་སྤྱོད་ཡུལ་གི་དབང་དུ་བྱས་ཤིང་། ཤིན་ཏུ་སྦྱངས་པའི་ལས་ཀྱི་བག་ཆགས་ཀྱི་བགོ་སྐལ་གྱི་དབང་གིས་བྱེ་བྲག་ཏུ་ཕྱེ་བར་ཟད་དོ། །ལས་ཀྱི་བག་ཆགས་འདི་གཉིས་ཀྱང་། བག་ཆགས་ཙམ་དུ་འདྲར་ཟིན་ཀྱང་། བསླུ་མི་བསླུ་དང་བརྟན་མི་བརྟན་འདྲ་བས། ཀུན་རྫོབ་ཏུ་བདེན་མི་བདེན་གྱི་བྱེ་བྲག་ཡོད་པ་ཡིན་ལ། ཤིན་ཏུ་སྦྱངས་པའི་བག་ཆགས་ཀྱང་། གང་ཟག་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པར་གྲུབ་པ་ཡིན་ནོ། །འོན་ཀྱང་དག་པར་མི་སྣང་བ་ནི་མཐུ་ཆེ་ཆུང་གི་དབང་ཡིན་ཏེ། རང་བཞིན་ཁམས་སྣ་ཚོགས་པར་གྲུབ་པའོ། །གྲུབ་པའི་འབྲས་བུ་ནི། ཐུན་མོང་གི་ལས་དང་དངོས་གྲུབ་དག་མི་མཐུན་ཡང་། མཆོག་གི་དངོས་གྲུབ་བླ་ན་མེད་པའི་བྱང་ཆུབ་མཚུངས་པས་གུད་དུ་མ་སྨོས་སོ། །གཉིས་ཀ་རྒྱུད་ཀྱི་སྐབས་སུ། དེ་ཉིད་རྣམ་པ་བཞི་དང་ལྡན་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི། གཉིས་ཀ་རྒྱུད་དུ་གྲགས་པའི་གཞུང་ཁ་ཅིག་ལས། དྲལ་བའི་ཕྱག་རྒྱས་དམ་ཚིག་སེམས་དཔའི་ལུས་དྲལ་ཏེ། ཡེ་ཤེས་སེམས་དཔའ་བསྟིམས་ནས། གཉིས་སུ་མེད་པའི་སྐུར་བསྒོམ་པ་གཙོར་གསུངས་པ་ཡོད་པས། དེའི་དབང་གིས་དེ་ཉིད་རྣམ་པ་བཞིར་འགྱུར་ཏེ། འདིར་ལྟ་ལྷའི་སྐུ་ལ་བདག་དང་ལྷ་གཉིས། དེ་གཉིས་སུ་མེད་པའི་ཐུགས་ཀ་ན་གནས་པའི་ཡིག་འབྲུ་དང་གསུམ། དེ་དག་གི་བཟླས་བརྗོད་དང་བཞིར་འགྱུར་རོ། །ཀྲི་ཡའི་སྐབས་སུ་ནི་ལྷ་དྲུག་ལྷར་གུད་དུ་ཕྱེ་བས་དེ་ཉིད་གསུམ་དུ་བཤད་དོ། །རྣལ་འབྱོར་ཕྱི་པ་ཐུབ་པ་རྒྱུད་ཅེས་བྱ་བ་ལ། ཕྱི་པ་ནི་མདོར་བསྡུ་ན་ལྟ་སྤྱོད་གཉིས་ཀྱི་སྒོ་ནས་ཕྱིར་གཞག་སྟེ། དེ་ལ་ལྟ་བས་ཀུན་རྫོབ་ཏུ་བདག་དང་སངས་རྒྱས་མཉམ་པར་མི་ལྟ་བ་དང་། སྤྱོད་པས་མཉམ་པའི་བརྟུལ་ཞུགས་དང་དུ་མི་ལེན་པའོ། །ཐུབ་པ་ནི་བསྲུང་དུ་མེད་པའི་དམ་ཚིག་ཉམས་སུ་ལེན་མི་ནུས་ཏེ། ཐུན་མོང་གི་སྡོམ་པ་རྣམས་དང་མི་བྲལ་བའོ། །ནང་པ་ཐབས་ཀྱི་རྒྱུད་ཅེས་བྱ་བ་ནི། དེ་ལས་ལྡོག་པ་ཉིད་ཡིན་ཏེ། བདག་ཉིད་མ་ནོར་བའི་དབང་ཕྱུག་ཆེན་པོར་ལྟ་བ་དང་། མཉམ་པའི་བརྟུལ་ཞུགས་དང་དུ་ལེན་པ་དང་། སྒོ་གསུམ་གྱི་སྤྱོད་པ་ལ་བཀག་པ་མེད་ཀྱང་སྐྱོན་གྱིས་མི་གོས་པས་ན་ཐབས་མཁས་པའོ། །དེ་ལ་དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་ཞེས་བྱ་བ་ནི། དེའི་རང་བཞིན་དང་བྱིན་རླབས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་ལ་ལྷ་འདི་ནི་ལྷར་བཏགས་པ་ཞེའམ། ལྷའི་ངོ་བོ་ཞེས་གྲགས་པ་སྟེ། འདི་ལྟར་དོན་དམ་པའི་ལྷ་དང་། སེམས་དཔའི་བྱེ་བྲག་གི་ལྷ་ཞེས་གྲགས་པ་ལས། དེའི་ཆར་གཏོགས་པ་ཡོངས་སུ་དག་པའི་ལྷར་གྲགས་པ་ལ་གཟུང་ངོ་། །དེ་དང་འདྲ་བའི་རྒྱུད་ཡོངས་སུ་ཆོས་ཉིད། དག་པའི་ཏིང་ངེ་འཛིན་གྱིས་དེ་ལས་གཞན་པ། ཀུན་རྫོབ་ཏུ་འཕགས་པའི་གཟུགས་ཀྱི་སྐུ། ཕྱག་རྒྱ་བཞི་དང་ལྡན་པའི་རྣལ་འབྱོར་སྒོམ་ཞེས་བྱ་བ་ནི། དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷར་གཟུང་སྟེ། དེ་ལས་ཀྱང་ཕལ་ཆེར་འདིར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་། ཆོ་འཕྲུལ་ཆེན་པོ་བཞིའི་སྒོ་ནས་ལྷར་བསྐྱེད་ཅིང་བསྒོམས་པས། ཇི་སྐད་དུ་གྲགས་པའི་ཕྱག་རྒྱ་བཞིའི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པ་གཙོར་གཟུང་ངོ་། །དེ་ལ་ཕྱག་རྒྱ་བཞི་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་དང་བཅས་པའི་མཚན་མ་སྟེ། དེ་ལ་དམ་ཚིག་ནི་ཐུགས་གསང་བའི་ཡེ་ཤེས། ཕྱག་རྒྱ་ནི་དེའི་མཚན་མ་རྣམས་ཏེ། དེ་བས་ན་དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ། །འདི་ནི་ཕན་ཚུན་ཐ་དད་པར་སྦྱར་བ་སྟེ། ལྷ་སྦྱིན་གྱི་རིལ་པ་སྤྱི་བླུགས་བཞིན་ནོ། །ཡང་ཕྱག་རྒྱ་འདི་ལྷ་མི་འདའ་བའི་མཚན་ཉིད་དང་ལྡན་པས་དེ་སྐད་ཅེས་བྱའོ། །འདི་ནི་ཆོས་དང་ཆོས་ཅན་དུ་སྦྱར་བ་སྟེ། མར་གྱི་བུམ་པ་བཞིན་ནོ། །ཡང་ན་འདི་ཉིད་འདའ་བར་བྱ་བ་མ་ཡིན་པས་དེ་སྐད་ཅེས་བྱའོ། །འདི་ནི་བདག་ཉིད་གཅིག་པར་སྦྱར་བ་སྟེ། ཨུཏྤལ་སྔོན་པོ་བཞིན་ནོ། །ཆོས་ནི་ཕན་པ་དང་བདེན་པ་སྟོན་པའི་རྒྱལ་བའི་མཚན་ཉིད་དོ། །ལས་ནི་རྒྱལ་བ་རྣམས་ཀྱི་འགྲོ་བའི་དོན་མཛད་པའི་ལས་ཀྱི་མཚན་ཉིད་དོ། །དེ་དག་གི་ཕྱག་རྒྱའི་ཚུལ་བཤད་པ་ནི་སྔ་མ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་ནི་སྐུའི་མཚན་མ་སྟེ། ལྷ་དྲན་པའི་རྒྱུར་ཆེ་བའི་ཕྱིར་ཆེན་པོ་ཞེས་བཤད། ཁ་ཅིག་ལས་ཕྱག་རྒྱ་རྣམས་ཀྱི་གཞིར་གྱུར་པས་ཆེན་པོ་ཞེས་ཀྱང་བཤད་དོ། །རྣལ་འབྱོར་ནང་པའི་ཚུལ་ལ། བསྐྱེད་རྫོགས་རྣམ་པ་གསུམ་གྱི་ཚུལ་གསུམ་དུ་གཞག་པ་ནི། རྒྱུད་ཀྱི་གཞུང་གཅིག་གམ། ལྷའི་དཀྱིལ་འཁོར་གཅིག་བསྒོམ་པའི་ཚུལ་ལའང་། རྣལ་འབྱོར་པ་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཆེ་ཆུང་གི་བྱེ་བྲག་གིས་ཚུལ་གསུམ་དུ་བཤད་པ་ཡིན་ལ། གཞུང་སོ་སོ་ལ་ཡང་ཚུལ་གསུམ་གྱི་ཤས་ཆེ་ཆུང་གི་བྱེ་བྲག་ཡོད་དོ་ཞེས་ཀྱང་གྲགས་སོ། །དེ་ལ་ཏིང་ངེ་འཛིན་རྣམས་པ་གསུམ་རིམ་གྱིས་བསྐྱེད་ཅིང་ཞེས་བྱ་བ་ནི། ཚུལ་འདི་ལ་གནས་པ་རྣམས་བསྐྱེད་ན་ལྷར་ལྟ། མ་བསྐྱེད་ན་མི་ལྟ་བ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དབྱེར་མེད་པར། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་མོད་ཀྱི། ཏིང་ངེ་འཛིན་གྱི་རྩ་ལ་སྦྱང་བ་ལ། རིམ་གྱིས་སྦྱང་བར་བྱ་བ་ཙམ་དུ་ཟད་དོ། །དེ་ཡང་འདི་ལྟར། རྣལ་འབྱོར་ཆེན་པོའི་ལྟ་བ་ལ། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྟ་བ་ལ། སངས་རྒྱས་ཀྱི་བྱེ་བྲག་གསུམ་དུ་སྨྲ་སྟེ། རང་བཞིན་སངས་རྒྱས་དང་། རྟོགས་པའི་སངས་རྒྱས་དང་། གྲུབ་པའི་སངས་རྒྱས་སོ། །དེ་ལ་རང་བཞིན་སངས་རྒྱས་ནི། སེམས་ཅན་ཉིད་ཡིན་ཏེ། དེ་ཡང་གནས་སྐབས་གསུམ་དུ་སྨྲ་སྟེ། རང་བཞིན་སངས་རྒྱས་དང་། རྟོགས་པའི་སངས་རྒྱས་དང་། གྲུབ་པའི་སངས་རྒྱས་སོ། །དེ་ལ་རང་བཞིན་སངས་རྒྱས་ནི། སེམས་ཅན་ཉིད་ཡིན་ཏེ། དེ་ཡང་གནས་སྐབས་གསུམ་དུ་སྨྲ་སྟེ། སྐྱེ་བ་རྒྱུའི་སངས་རྒྱས་དང་། སྐྱེ་བ་རྟེན་པའི་སངས་རྒྱས་དང་། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་སོ། །དེ་ལ་སྐྱེ་བ་རྒྱུའི་སངས་རྒྱས་ནི། སེམས་ཅན་གྱི་ལུས་འགྲུབ་པའི་རྒྱུ། ཕ་མ་གཉིས་ཀྱི་ས་བོན་རྣམ་པར་ཤེས་པའི་ཁམས་ཀྱིས་བཟུང་བའི་དུས་ན། ཉོན་མོངས་པ་དང་ཕུང་པོ་དང་སྐྱེ་མཆེད་ཐམས་ཅད་ཀྱི་ས་བོན་དང་ཁམས་ཀྱི་རང་བཞིན་དུ་གནས་པའི་དུས་ན། དེ་ཉིད་ཡོངས་སུ་རྫོགས་པའི་ལྷའི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྟའོ། །སྐྱེ་བ་རྟེན་པའི་སངས་རྒྱས་ནི། ཕ་མ་གཉིས་ཀྱི་ལུས་དང་སེམས་ཀྱི་ཁམས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གྲུབ་པར་ལྟའོ། །སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་ནི། རང་གི་ལུས་མངོན་པར་གྲུབ་པ་འདི་ཉིད། དེ་ལྟ་བུའི་ཚུལ་དུ་ལྟ་བའོ། །རྟོགས་པའི་སངས་རྒྱས་ནི་དེ་ལྟར་རྟོགས་པའི་རིག་འཛིན་གྱི་ས་ལ་གནས་པ་རྣམས་སོ། །གྲུབ་པའི་སངས་རྒྱས་ནི་དེ་ཉིད་མངོན་དུ་གྱུར་པའོ། །འདི་རྣམས་ཀྱང་རང་བཞིན་དང་གནས་སྐབས་ཀྱི་བྱེ་བྲག་ཏུ་འདོད་དོ། །འདི་ལྟ་བུ་ལ་སོགས་པའི་ཚུལ་གྱིས་སངས་མ་རྒྱས་པའི་ཆོས་མི་འདོད་ཀྱང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མ་གོམས་པ་གོམས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ས་གསུམ་ལ་བློ་སྦྱང་བར་འདོད་དེ། དེ་ཡང་ཀུན་ཏུ་འོད་ཀྱི་ས་ལ་བློ་སྦྱང་བར་བྱ་བའི་ཕྱིར། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་བསྒོམ་པ་དང་། པདྨ་ཅན་གྱི་ས་ལ་གོམས་པར་བྱ་བའི་ཕྱིར། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཤེས་རབ་དང་སྙིང་རྗེ་འབྲེལ་བར་བསྒོམ་པ་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་གོམས་པར་བྱ་བའི་ཕྱིར། རྒྱུའི་ཏིང་ངེ་འཛིན་ཡིག་འབྲུ་བསྒོམ་པ་ནས། དཀྱིལ་འཁོར་རིམ་གྱིས་བསྐྱེད་ཅིང་གོམས་པར་བྱེད་པའི་ཚུལ་ལོ། །རྫོགས་པའི་ཚུལ་ནི། དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་། རྣམ་པར་མི་རྟོག་པའི་དོན་དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས་ལ། ཀུན་རྫོབ་ཏུ་འཕགས་པའི་གཟུགས་ཀྱི་སྐུ་ཡང་གསལ་བར་བསྒོམ་ཞིང་། མཉམ་ལ་མ་འདྲེས་པར་བསྒོམས་པས་འགྲུབ་ཅེས་པ་ནི། འདིར་རྣལ་འབྱོར་རྒྱུད་ཀྱི་གཞུང་ལས་གྲགས་པའི་བསྒོམ་ཞིང་ཉམས་སུ་བླང་བར་བྱ་བའི་དོན་ཐམས་ཅད་བྱང་ཆུབ་ཀྱི་སེམས་རང་བཞིན་རིག་པ་སྐད་ཅིག་མ་གཅིག་ལ་རྫོགས་པར་གསལ་བར་སྒོམ་ནུས་པའི་དབང་དུ་གསུངས་པ་སྟེ། དེ་ཡང་འདིར་ལྟར། ཆོས་ཉིད་རྣམ་པར་མི་རྟོག་པ་དང་། སྒྱུ་མ་ལྷའི་དཀྱིལ་འཁོར་བསྒོམ་པའང་། གཞན་ཡང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རམ། གཞན་ཡང་རང་བཞིན་དང་། ཏིང་ངེ་འཛིན་དང་། གཟུགས་བརྙན་གྱིས་དཀྱིལ་འཁོར་ལྟ་བུ། དགོངས་དོན་སོ་སོར་གསུངས་པ་ཐམས་ཅད་དུས་གཅིག་ཏུ་གསལ་བར་རྫོགས་ཞེས་པའི་དོན་སྟེ། དཔེར་ན་རྫུ་འཕྲུལ་ཅན་གྱིས་སྤྱོད་ལམ་རྣམ་བཞི་དུས་གཅིག་ཏུ་སྟོན་པ་ལ་འགལ་བ་མེད་པ་ལྟ་བུའོ། །དེ་ཡང་མདོར་བསྡུ་ན། གཉིས་ལས་མ་གཡོས་བཞིན་དུ་ནི་གཅིག་ཏུ་གསལ། གཅིག་ཏུ་དབྱེར་མེད་པ་བཞིན་དུ་ནི་གསུམ་དུ་མ་འདྲེས། འདི་ལྟར་རིག་པ་སྐད་ཅིག་མ་ལ་རྫོགས་པ་ནི། རྫོགས་པའི་ཚུལ་ཞེས་བྱ་སྟེ། དེ་ལ་གཉིས་ལས་མ་གཡོས་པ་ནི། དོན་དམ་པར་སྐྱེ་འགག་མེད་པའི་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ། སྣང་སྲིད་ཐམས་ཅད་ལྷུན་གྱིས་གྲུབ་པར་སངས་རྒྱས་པའི་དགོངས་དོན་ལས་མ་གཡོས་པ་དང་གཅིག །དོན་དམ་རྣམ་པར་མི་རྟོག་པ་དབུ་མ་ཆོས་ཀྱི་དབྱིངས་སུ་རྟོགས་པའི་དགོངས་པ་ལས་མ་གཡོས་པ་དང་གཉིས་སོ། །དེ་ལས་མ་གཡོས་བཞིན་དུ་རང་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པ་ནི་གསལ་བ་གཅིག་ཅེས་བྱའོ། །གཅིག་ཏུ་དབྱེར་མེད་པ་ནི། ཅིར་སྣང་ཅིར་བསྒོམས་ཀྱང་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྐྱེ་འགག་མེད་པའི་དབྱིངས་སུ་དབྱེར་མེད་པར་རྟོགས་པའོ། །མ་འདྲེས་པ་གསུམ་ནི། ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བསྒོམ་པ་ཡང་། ཏིང་ངེ་འཛིན་གཞན་དང་མ་འདྲེས་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་གསལ་བ་ཡང་གཞན་དང་མ་འདྲེས་པ་དང་། གཙོ་གཟུངས་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་སོ་སོར་གསལ་བ་ནི་མ་འདྲེས་པ་གསུམ་ཞེས་བྱའོ། །འདི་ལྟ་བུའི་ཏིང་ངེ་འཛིན་ཡང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་སྦྱོར་ནུས་ཤིང་། ཕྱོགས་དུས་མཉམ་པ་ཉིད་དུ་སྦྱོར་ནུས་ན་ནི། རྫོགས་པ་ཆེན་པོའི་ཚུལ་ཉིད་དང་ཡང་ཁྱད་པར་མེད་པར་འགྱུར་བ་ལས། འདིར་དེ་ལྟར་ཅུང་ཟད་མ་ནུས་ཏེ། སྦྱོར་བ་རྩོལ་བ་དང་བཅས་པ་དང་། རིག་པ་ཕྱོགས་སུ་སྦྱོར་བ་དང་། སྐད་ཅིག་མ་དུས་སུ་སྦྱོར་བས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། དེ་ཡང་འདི་ལྟར་རིག་པ་སྐད་ཅིག་མ་གཅིག་ལ། དོན་ཐམས་ཅད་འདི་ལྟར་རྫོགས་པར་སྦྱར་རོ་ཞེས་འདོད་དོ། །བསྐྱེད་པའི་ཚུལ་དང་། རྫོགས་པའི་ཚུལ་འདི་གཉིས་སུའང་། སྤྱིའི་ཁྱད་པར་དང་འབྲས་བུའི་ལྟ་བ་ནི་མ་གསུངས་ཀྱི། ལམ་བསྒོམ་པ་འབའ་ཞིག་ཙམ་ཞིག་གསུངས་ཏེ། འདིའི་དགོངས་པ་ཡང་གོང་དུ་བསྟན་པ་བཞིན་དུ། དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་སྒྱུ་མ་ཡོངས་སུ་དག་པའི་ལྷའི་དཀྱིལ་འཁོར་དུ་ལྟ་བ་དང་། བདེན་པ་རྣམ་གཉིས་ཀྱང་དབྱེར་མེད་པར་ལྟ་བ་དང་། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ལ་ཐེག་པ་ཆེན་པོ་ཐམས་ཅད་ཁྱད་པར་མེད་པས། དབྱེ་མི་དགོས་སོ་ཞེས་དགོངས་པའོ། །འོན་ཀྱང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཚུལ་ཕྲ་མོའི་སྒོ་ནས་དབྱེ་བ་མཛད་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤྱིའི་ཚུལ་ཆོས་ཉིད་སངས་རྒྱས་སུ་ལྟ། ཆོས་ཅན་མཚན་མ་རང་ཀ་མ་ཇི་ལྟར་སྣང་སྣང་ཙམ་དུ་ལྟ། ངེས་པ་དོན་གྱི་མདོ་སྡེ་དང་གསང་སྔགས་ཀྱི་ཚུལ་ནི། བདེན་པ་གཉིས་དབྱེར་མེད་པར་ལྟ་ཞིང་། ཕུང་པོ་ལྔ་ཡང་སངས་རྒྱས་སུ་ལྟ། གསང་སྔགས་ཀྱི་ཚུལ་ཡང་། བྱ་བའི་རྒྱུད་ནི། མཚན་མ་རང་ཀ་མའི་ཆོས་དང་། བྱིན་གྱིས་བརླབས་པའི་ལྷ་དང་། རྣམ་པར་སྤྲུལ་པའི་ལྷ་རྣམས་ཀྱང་། ཆོས་ཉིད་དག་པའི་ལྷ་ལས་མི་གཞན་པས། ཆོས་ཉིད་དག་པའི་ལྷར་ལྟའོ་ཞེས་འཆད་དོ། །རྣལ་འབྱོར་ཕྱི་པའི་ཚུལ་ནི། ཆོས་ཉིད་དག་པ་དང་། བྱིན་གྱིས་བརླབས་པའི་ཚུལ་གཉིས་ཀ་ནས་ལྷར་ལྟའོ་ཞེས་འཆད་དོ། །རྣལ་འབྱོར་ནང་པའི་ཚུལ་ནི། ཆོས་ཉིད་དག་པ་དང་། བྱིན་གྱིས་རླབས་དང་། ལྷུན་གྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚུལ་གསུམ་ཅར་ནས་ལྷར་ལྟའོ་ཞེས་བཅད་དོ། །ནང་པའི་བསྐྱེད་རྫོགས་གསུམ་གྱི་ཚུལ་ལས་ཀྱང་། བསྐྱེད་པའི་ཚུལ་མ་ཧཱ་ཡོ་ག་པ་ནི། འཇིག་རྟེན་འདི་དག་སྐྱེ་བ་རྒྱུའི་སངས་རྒྱས་དང་། སྐྱེ་བ་རྟེན་པའི་སངས་རྒྱས་དང་། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་རྣམ་པ་གསུམ་གྱི་ཚུལ་ནས། རང་བཞིན་གྱི་སངས་རྒྱས་སུ་ལྟའོ་ཞེས་འཆད་དོ། །རྫོགས་པའི་ཚུལ་ནི། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ལས་གཞན་པའི་ཆོས་མེད་ལ། དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེན་པོར་སངས་རྒྱས་པར་ལྟ་བས་ལྷར་ལྟའོ། །ཞེས་འཆད་དོ། །རྫོགས་པ་ཆེན་པོའི་ཚུལ་ནི། མན་ངག་གི་ཡི་གེ་འདིའི་བརྩམ་པའི་གཞི་ཉིད་ཡིན་པའི་ཕྱིར། དོན་གཏན་ལ་ཕབ་ནས་རྒྱས་པར་གསུངས་ལ། ལྟ་བ་གཞན་ཐམས་ཅད་ནི་འདིའི་གོལ་སྒྲིབ་དང་མུ་སྟེགས་ཙམ་ཡིན་པའི་ཕྱིར་ཕྱོགས་ཙམ་གསུངས་སོ། །དེ་ལ་འདིར་བརྩམ་པའི་གཞི་རྫོགས་པ་ཆེན་པོའི་ལྟ་བའི་དོན་གཏན་ལ་ཕབ་སྟེ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླང་དུ་རུང་བར་བསྟན་པའི་ཕྱིར། འདིར་རྫོགས་པ་ཆེན་པོའི་ལྟ་བ་མཐར་ཕྱིན་པའི་དོན་བསྟན་པ་དང་། དེ་ཉམས་སུ་བླངས་ཞིང་གོམས་པར་བྱ་བའི་ཐབས་འབྲས་བུ་དང་བཅས་པ་བསྟན་པའི་ཕྱིར། རྫོགས་པ་ཆེན་པོའི་ཚུལ་བསྟན་པ་དང་། དེ་ཆུད་མི་གཟན་པའི་ཕྱིར་རྫོགས་པའི་དོན་འདི་རྙེད་པར་དཀའ་ཞིང་ཀུན་གྱི་ཐུན་མོང་མ་ཡིན་པ་དང་། འདི་སྟོན་པའི་སློབ་དཔོན་ཡང་དོན་འདི་ཙམ་ཤེས་པས་བྱར་མི་རུང་སྟེ། སེམས་ཅན་གྱི་སྣོད་དང་སྦྱར་ནས་སྟོན་ཞེས་པས་བྱ་དགོས་པར་སྟོན་ཏོ། །དེ་ལྟ་བུའི་ཚུལ་དེ་དག་བསྟན་པའི་ཕྱིར། རྫོགས་པ་ཆེན་པོའི་ཚུལ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདིར་རྫོགས་པ་ཆེན་པོའི་དོན་དང་། དེའི་ཚུལ་གཉིས་མདོར་བསྟན་པར་དགོངས་ནས། རྫོགས་པ་ཆེན་པོའི་ཚུལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན། ཡེ་ནས་ཡིན་པ་རྟོགས་ནས་བསྒོམ་པ་སྟེ། ཞེས་བྱ་བ་གསུངས་ཏེ། དེ་ལ་ཀུན་ནས་ཉོན་མོངས་པའི་ཆོས་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་དང་། རྣམ་པར་བྱང་བའི་ཆོས་མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་དབྱེར་མེད་ཞེས་སྦྱར་ཏེ། དེ་ལ་དབྱེ་བ་ནི་གང་། དབྱེར་མེད་པ་ནི་གང་དུ་ཇི་ལྟར་མེད་ཅེ་ན། དེ་ལ་དབྱེ་བ་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་མཚན་ཉིད་སོ་སོའི་དབྱེ་བ་སྟེ། འདི་ལྟར་དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དག་ནི། འདི་དག་འདི་དག་ཞེའམ། སྤྱི་དང་རང་གི་མཚན་ཉིད་དག་ནི་འདི་དང་འདི་དག་ཞེའམ། ནག་པོ་དང་དཀར་པོའི་ཆོས་ཀྱི་མཚན་ཉིད་དག་ནི། འདི་དང་འདི་དག་གོ་ཞེས་བྱ་བ་ལ་སོགས་པ། ཆོས་ཀྱི་རབ་ཏུ་དབྱེ་བ་ཇི་སྙེད་པ་ཐམས་ཅད་དོ། །དེ་དག་དབྱེར་གང་དུ་མེད་ཅེ་ན། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་དབྱེར་མེད་ཅེས་སྦྱར་ཏེ། དཔེར་ན་འཇིག་རྟེན་ཕལ་པ་དང་། ཕྱི་རོལ་མུ་སྟེགས་ཅན་གྱིས་རྣམ་པར་བཞག་པའི་ཐ་སྙད་ཀྱི་མཚན་ཉིད་ཐམས་ཅད་དང་། གང་ཟག་གི་མཚན་ཉིད་ཐམས་ཅད་དང་། སངས་རྒྱས་པ་རྣམས་ཀྱིས་ཆོས་ཀྱི་མཚན་ཉིད་དུ་དབྱེར་མེད་པར་བསྡུས་ཏེ་བསྟན་པ་བཞིན་ནོ། །ཇི་ལྟར་དབྱེར་མེད་ཅེ་ན། དེའི་རང་བཞིན་ཡེ་ནས་ཡིན་པའི་ཕྱིར་ཏེ། འདི་ལ་སྒྲོ་སྐུར་དང་རྩོལ་བ་དག་གིས་བསྙད་པའི་གླགས་མི་རྙེད་པའི་ཕྱིར་རོ། །དེས་ནི་རྫོགས་པ་ཆེན་པོའི་ལྟ་བའི་དོན་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །དེ་ལྟར་ཡིན་པར་རྟོགས་ནས་བསྒོམ་ཞེས་བྱ་ནི། ཚུལ་མདོར་བསྟན་པ་སྟེ། དེ་ཡང་འོག་ནས་འབྱུང་བ་ལྟར། རྟོགས་པ་རྣམ་བཞིའི་ལམ་གྱིས་ཡིད་ཆེད་པར་བྱ་བ་དང་། ཡིད་ཆེས་པ་དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་བྱ་བ་དང་། མཐར་ཕྱིན་པར་བྱ་བ་དེ་ཉིད་ལ་ཡང་། བསྙེན་བསྒྲུབ་རྣམ་པ་བཞིས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་དོན་ལ་བཟླ་བ་དང་། དེ་ལྟ་བུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཐབས་བསྟན་པ་རྣམས་ཀྱིས། རྟོགས་ནས་བསྒོམ་པའི་ཚུལ་ལ་ལེགས་པར་སྟོན་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས། ད་ནི་རྫོགས་པ་ཆེན་པོའི་རྒྱས་པར་བཤད་པར་བཞེད་དེ། དེ་ཡང་ལུང་གིས་ཡིད་ཆེས་པར་བྱ་བའི་ཕྱིར། རྒྱུད་ཀྱི་ཁུངས་སྨོས་པའི་ཚུལ་གྱིས་བཤད་པ། དེ་ཡང་རྒྱུད་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་བྱ་བ་ལ་སོགས་པ། རྒྱུད་ལས་གསུངས་པའི་ཚིག་དང་སློབ་དཔོན་གྱིས་རྣམ་པར་སྦྱར་བར་མཛད་པ་དག་སྟེ། དེ་ལས་ཕལ་ཆེར་ནི་སྤྱིར་གྲགས་པས་མ་བཤད་དོ། །རྡོ་རྗེ་ཕུང་པོ་ཞེས་བྱ་བ་ནི། གསང་སྔགས་ཀྱི་གྲུབ་པའི་མཐའ་ལས་ཆོས་ཅན། ཕུང་པོ་རྣམས་ཀྱང་རྡོ་རྗེ་ཕུང་པོ། སྐྱེ་མཆེད་རྣམས་ཀྱང་རྡོ་རྗེ་སྐྱེ་མཆེད་དུ་བཞེད་དེ་དམ་བཅའ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་ལྷའི་རང་བཞིན་ཡིན་པའི་ཕྱིར་རོ་འཐད་པ། ལུས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་དང་། ཡུལ་དང་། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞེས་སྨོས་པ་ལ། ཡུལ་སྐུ། དབང་པོ་གསུང་། རྣམ་པར་ཤེས་པ་ཐུགས། ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་དོ། །དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། ལུས་ཀྱི་རྣམ་པར་ཤེས་པའི་རྗེས་སུ་སྐྱེས་པའི་ཡིད་ཀྱི་ཁམས་ལ་བྱ་ཞེས་ཡོངས་གྲགས་ཁམས་ལུགས་པ་གསུངས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བྱ་ཞེས་དབུས་ལུགས་པ་གསུང་སྟེ། དེ་ལྟ་ན་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་བདེ་བ་མྱོང་བའི་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་འཆད། ཡོངས་ནི་འདི་ལུས་ཀྱི་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་གསུམ་འཕྲད་པ་ལས་སྐྱེས་པའི། སེམས་དང་སེམས་ལས་བྱུང་བ་གང་ཡིན་ཡང་འགལ་བ་མ་མཐོང་ངོ་། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོའི་རང་བཞིན་ཞེས་སྨོས་པ་ནི། སེམས་ཀྱི་རང་བཞིན་བྱང་ཆུབ་ཡིན་པས་རྡོ་རྗེ་ལྟ་བུ་སྟེ། དེ་བས་ན་ཐམས་ཅད་ནས་ཐམས་ཅད་དུ་སྤང་ཞིང་དོར་བར་བྱ་བའི་ཆོས་མེད་པས་ཀུན་ཏུ་བཟང་པོའོ། །དེ་ལྟར་རང་གི་རྒྱུད་ཀྱི་གཞུང་དྲངས་ནས། དེ་དང་མཐུན་པའི་ལུང་གཞན་དག་དྲངས་པའི་ཕྱིར། ཆོས་ཐམས་ཅད་རང་གི་སེམས་ལས་གུད་ན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པ་ལས། རང་སེམས་སོ་སོར་རྟོག་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་པོའང་ནི་ཁམས་གསུམ་གྱི་སེམས་ཅན། དེ་ཉིད་དོ། །འབྱུང་བ་ཆེ་རྣམས་ཏེ་ཕྱི་སྣོད་ཀྱང་དེ་ཉིད་དོ། །གསུངས་ཏེ། དེ་ལ་རང་གི་སེམས་སོ་སོར་རྟོག་པ་ཞེས་བྱ་བ་ནི། སེམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་བྱ་སྟེ། དེ་ཡང་འདི་སྐད་དུ། སེམས་འཁྲུལ་པའི་དུས་ན་འཁོར་བ། མ་འཁྲུལ་བར་རྟོགས་ན་བྱང་ཆུབ་ཅེས་བཤད་པ་ནི། རྫོགས་པ་ཆེན་པོའི་གཞུང་དུ་ཡང་མི་འགྱུར་ཏེ། དམ་བཅའ་ཐེག་པ་འོག་མ་རྣམས་ཀྱང་དེ་ལྟར་འདོད་པའི་ཕྱིར་རོ་འཐད་པ། དེ་བས་ན་རྫོགས་པ་ཆེན་པོའི་རང་གཞུང་སྟོན་པའི་སྐབས། འདིར་ཆོས་ཐམས་ཅད་སེམས་སུ་སྣང་ཡང་། སྣང་བ་དེ་ཉིད་སངས་རྒྱས་བྱང་ཆུབ་ཀྱི་རང་བཞིན་ནོ་ཞེས་སྦྱར་རོ། །དེ་དང་ཚུལ་མཐུན་པ་གཞན་ཡང་། གསང་བ་འདུས་པ་ལས། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་གསུངས་ཏེ། དེའི་དོན་ཆོས་ཐམས་ཅད་ནི་སེམས་སུ་འདུས་ལ། སེམས་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའི་རང་བཞིན་ནི་མཚན་ཉིད་མེད་པའོ་ཞེས་སྟོན་པའོ། །དེ་དང་ཚུལ་མཐུན་པ་གཞན་ཡང་ལུང་ཐོར་བུ་རྣམས་ནས་འབྱུང་བ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་ཐམས་ཅད་ཆོས་ཅན་དང་ཆོས་ཉིད་རྣམ་པར་བསྒྲུབ་པ་དང་བྲལ་བས་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། འདི་ལ་འདིས་སྟོང་ཞེས་རྣམ་པར་གཞག་པ་དང་བྲལ་བའོ། །དེ་བཞིན་དུ་ཉོན་མོངས་པའི་དྲི་མ་ཉིད་ཡེ་ནས་གྲུབ་མ་མྱོང་བས་གཟོད་མ་ནས་རྣམ་པར་དག་པའོ། །སྒྲིབ་པའི་མུན་པ་ཉིད་ཡེ་ནས་མ་གྲུབ་པས་ཡོངས་ཀྱིས་འོད་གསལ་བའོ། །མི་མཐུན་པ་དང་གཉེན་པོ་གཉིས་སུ་དབྱེར་མེད་པས། རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །སྒྲིབ་པ་རྣམ་པ་གཉིས་བྲི་བ་དང་། ཚོགས་རྣམ་པ་གཉིས་བསགས་པ་དང་བྲལ་བས། ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་གསུངས་པ་འདི་དག་ནི། རྫོགས་པ་ཆེན་པོའི་དོན་བཤད་པའོ། །དེའི་ཚུལ་བཤད་པའི་ཕྱིར་རྫོགས་པ་ཆེན་པོའི་ཚུལ་ནི། རྟོགས་པ་རྣམ་བཞིའི་ལམ་གྱིས་ཡིད་ཆེས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྟོགས་པ་རྣམ་པ་བཞི་ནི། ཡུལ་གྱི་ཚུལ་ཏེ་མཚན་གཞིར་གཞག །མཚན་ཉིད་གསུམ་ནི་ཐབས་ཀྱི་ཚུལ་ཏེ། དེའི་མཚན་ཉིད་དུ་གཞག །བསྙེན་བསྒྲུབ་བཞི་ནི་འབྲས་བུའི་ཚུལ་ཏེ། ལ་བཟླ་བའི་མན་ངག་ཏུ་གཞག །ལྷུན་གྱིས་གྲུབ་པའི་དཀྱིལ་དུ་འཇུག་པའི་ཚུལ་ནི་འཇུག་རིམ་དུ་གཞག་གོ། །དེ་དག་ལ་ཡང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གཉིས་ནི་ཡུལ་གྱི་ཚུལ། བྱིན་གྱིས་བརླབས་པར་རྟོགས་པ་ནི་ཐབས་ཀྱི་ཚུལ། མངོན་སུམ་པར་རྟོགས་པ་ནི་འབྲས་བུའི་ཚུལ་ལོ། །དེ་བཞིན་དུ་མཚན་ཉིད་གསུམ་ལ་ཡང་། ཤེས་པའི་མཚན་ཉིད་ནི་ཡུལ་གྱི་ཚུལ། འཇུག་པའི་མཚན་ཉིད་ནི་ཐབས་ཀྱི་ཚུལ། འབྲས་བུའི་མཚན་ཉིད་ནི་འབྲས་བུའི་ཚུལ་ལོ། །བསྙེན་བསྒྲུབ་བཞི་ཡང་། བསྙེན་པ་ནི་ཡུལ་གྱི་ཚུལ། ཉེ་བའི་བསྙེན་པ་དང་། བསྒྲུབ་པ་ནི་ཐབས་ཀྱི་ཚུལ། བསྒྲུབ་པ་ཆེན་པོ་ནི་འབྲས་བུའི་ཚུལ་ལོ། །དེ་བཞིན་དུ་འཇུག་རིམ་གསུམ་ལ་ཡང་། ཐོས་པས་མིག་ཕྱེ་བ་ནི་ཡུལ་གྱི་ཚུལ། གོམས་པར་བྱེད་པས་དཀྱིལ་འཁོར་དུ་ཞུགས་པ་ནི་ཐབས་ཀྱི་ཚུལ། གོམས་པས་མངོན་དུ་གྱུར་ཅིང་དངོས་གྲུབ་ཆེན་པོ་ཐོབ་པ་ནི་འབྲས་བུའི་ཚུལ་ལོ། །དེ་ལྟར་ཁོག་བཀྲོལ་ནས། ཡིག་འབྲུའི་དོན་ཅུང་ཟད་བཤད་ན། ཚོགས་རྣམ་པ་གཉིས་རྫོགས་པས་ན་རྫོགས་པ་ཞེས་བྱ་ལ། དེ་ཡང་ཐེག་པ་འོག་མ་ལྟར་བགྲོད་ཅིང་སྦྱོར་བ་ལ་ལྟོས་པ་མ་ཡིན་གྱི། སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཆེན་པོ། དེ་ལྟ་བུའི་དོན་ལ་འཇུག་པའི་ཐབས་དང་སྒོ་ནི་ཚུལ་ལོ། །རྟོག་པ་རྣམ་པ་བཞི་ལ། རྒྱུ་གཅིག་པར་རྟོགས་པ་ནི་རང་བཞིན་གཅིག་པར་རྟོགས་པ་སྟེ། སྐྱེ་བ་གྲུབ་པར་བྱེད་པའི་རྒྱུ་དང་གཏན་ཚིགས་གཅིག་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ཡང་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པས་སོ་སོ་མ་ཡིན་པ་དང་། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་སོ་སོ་ཡིན་པ་གཉིས་ནི་ཐེག་པ་ཆེན་པོའི་ཐུན་མོང་སྟེ། དེའི་ཕྱིར་བདེན་པ་གཉིས་ཀྱི་སྐད་ཀྱིས་གཞག་གོ། །དེ་གཉིས་དབྱེར་མེད་པར་རྟོགས་པ་ནི་ཐུན་མོང་མ་ཡིན་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་སྟེ། གསང་སྔགས་འབྲས་བུའི་ཆོས་སུ་སངས་རྒྱས་པར་རྟོགས་པ་ནི། དེ་ཡང་ཡིག་འབྲུ་གསུམ་ནི་རྣམ་པར་ཐར་པའི་སྒོ་ཡིན་ལ། སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་ལྷུན་གྱིས་གྲུབ་པ་ནི་རྣམ་པར་ཐར་པའི་དོན་ནོ། །དེ་ཡང་ཨ་ནི་སྐྱེ་བ་མེད་པའི་སྒོ། ཨོ་ནི་ཆོ་འཕྲུལ་འབྱུང་བའི་སྒོ། ༀ་ནི་གཉིས་སུ་མེད་པའི་སྒོ། བྱིན་གྱིས་བརླབས་པའི་རྟོགས་པ་ནི། རྟོགས་པ་གཉིས་པོའི་མཐུ་ཤེས་པའོ། །མངོན་སུམ་པར་རྟོགས་པ་ནི། འདིར་ཤེས་རབ་ཀྱི་དབང་པོའི་མངོན་སུམ་སྟེ། མངོན་སུམ་གཞན་ནི་མ་ཡིན་ནོ། །དེ་ཡང་ཇི་ལྟར་བསྲེག་བཅད་བརྡར་བ་གསུམ་གྱིས་གསེར་རྟོགས་པར་བྱེད་པ་ནི། བསྲེགས་པས་ནི་གསེར་ཡིན་ནམ་མ་ཡིན་ཤེས་པར་བྱེད་དོ། །བཅད་པས་ནི་ཟོལ་ཡོད་མེད་ཤེས་པར་བྱེད་དོ། །རྡོ་ནག་པོ་ལ་བརྡར་བས་ནི་གསེར་བཟང་ངན་རྟོགས་པར་བྱེད་དོ། །དེ་བཞིན་དུ་རྟོགས་པའི་དོན་གསེར་དང་འདྲ་བར་གཏན་ལ་དབབ་པར་བྱ་བ་དེ་ཡང་། ལུང་དང་མ་འགལ་ན་ནི་སྤྱི་ལ་འཁྲུལ་པ་མེད་དེ། བསྲེགས་པས་གསེར་བརྟག་པ་དང་ཆོས་མཚུངས་སོ། །ལུང་ལ་ཡང་སྒྲ་ཇི་བཞིན་མ་ཡིན་པར་བཤད་ཅིང་། དགོངས་པའི་ཚིག་དོན་གཞུང་དུ་འདྲེན་པ་དང་། དོན་རྟོགས་པར་དཀའ་བ་ཡང་ཡོད་པས། བླ་མ་རྣམས་ཀྱི་མན་ངག་དང་མ་འགལ་ན་སྐྱོན་དེ་ལྟ་བུ་ཡང་སེལ་བས། བཅད་པས་གསེར་བརྟག་པ་དང་ཆོས་མཚུངས་པ་ཡིན་ནོ། །དེ་ལྟར་ལུང་དང་མན་ངག་དང་མི་འགལ་ཡང་། ཚིག་ཙམ་གྱིས་སྒྲ་ཕྱིར་འབྲངས་ཏེ། རང་གི་བློའི་གཏིང་དུ་ཉམས་སུ་མ་ལོན་པ་ཡང་ཡོད་པས། ལུང་དང་མན་ངག་གི་ཚིག་ཙམ་ལ་མ་བརྟེན་པར། བློའི་གཏིང་དུ་ཡིད་ཆེས་ཤིང་མངོན་སུམ་དུ་རྟོགས་པས་ནི། ཉེས་སྐྱོན་དེ་ཡང་སེལ་ཏེ། བརྡར་བས་གསེར་བརྟག་པ་དང་ཆོས་མཚུངས་སོ། །མངོན་སུམ་དེ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱི་དུས་ན་ཡིན་ཏེ། རྣལ་འབྱོར་གྱི་མཐུས་མངོན་དུ་གྱུར་པའི་དུས་ན་ནི་འབྲས་བུ་ཉིད་ཡིན་ནོ། །དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་གྱུར་པ་ནི། རྟོགས་པ་རྣམ་པ་བཞི་མཚན་གཞིར་བཞག་པ་དེ་ལ། ཤེས་པ་དང་འཇུག་པ་དང་མངོན་དུ་གྱུར་པའི་ཚུལ་གྱིས་མཚན་ཉིད་གསུམ་དུ་འགྱུར་ལ། དེས་རྫོགས་པ་ཆེན་པོའི་དོན་མཐར་ཕྱིན་པར་འགྱུར་བས། འདི་དང་མི་ལྡན་དུ་མི་རུང་ངོ་ཞེས་ཤེས་པར་བྱའོ། །མཚན་ཉིད་གསུམ་གྱིས་དགོས་འབྲེལ་གསུམ་བསྟན་པ་ནི། ལམ་གྱི་དགོས་འབྲེལ་ཡིན་ཏེ། དེ་ཡང་འདི་སྐད་དུ། རྟོགས་པ་རྣམ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དེ། དེ་ནི་འབྲེལ་པའོ། །གང་དང་འབྲལ་ཞེ་ན། བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཡིན་པའི་དོན་དང་འབྲེལ་བའོ་ཞེས་སྦྱར་རོ། །རྟོགས་པ་རྣམ་བཞིའི་ཚུལ་ཇི་ལྟར་རིག་ཞེ་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སུ་བཏགས་པ་ཐམས་ཅད། ཡིག་འབྲུའི་ཚུལ་གྱིས་རྟོགས་པའི་དོན་གྱིས། ཡེ་ནས་སྐུ་གསུང་ཐུགས་ཀྱི་བདག་ཉིད། རྒྱུ་གཅིག་པར་རྟོགས་པའི་དོན་གྱིས་རང་བཞིན་གྱིས་སངས་རྒྱས་པའི་དབྱིངས་དང་། བྱིན་གྱིས་བརླབས་པར་རྟོགས་པ་དང་མངོན་སུམ་པར་རྟོགས་པའི་དོན་གྱིས་བྱིན་གྱི་རླབས་ཡིན་པར་དོན་རྟོགས་པ་སྟེ། དེ་ནི་ཤེས་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དགོས་པ་ནི་འཇུག་པའི་མཚན་ཉིད་དེ། གང་གི་ཕྱིར་དགོས་ཞེ་ན། བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་རྐྱེན་ཡིན་པའི་ཕྱིར་དགོས་པའོ། །དགོས་པའི་ཡང་དགོས་པ་ནི་འབྲས་བུའི་མཚན་ཉིད་དེ། དེ་ཡང་གང་ཞེ་ན། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཆེན་པོའི་ངང་དུ་བླང་དོར་མེད་པར་ལྷུན་གྱིས་གྲུབ་པ་ནི་འབྲས་བུའི་མཚན་ཉིད་ཡིན་ཏེ། དེ་ཡང་གང་གི་ཕྱིར་ཞེ་ན། སྲིད་པའི་འཁོར་བ་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན། མྱ་ངན་ལས་འདས་པའི་མཚན་ཉིད་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ཏེ། དངོས་སུ་ན་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་མངོན་སུམ་དུ་གྱུར་པ་ནི་དགོས་པའི་ཡང་དགོས་པའོ། །ཞེས་སྦྱར་རོ། །དེ་ལ་འདི་སྐད་དུ་རྒྱུ་རྐྱེན་འབྲས་བུ་དང་གསུམ་ནི། ཐེག་པ་འོག་མའི་གཞུང་དང་མཐུན་པ་ཡིན་ན། རྫོགས་པ་ཆེན་པོ་ཡེ་ནས་སངས་རྒྱས་པ་ལ། རྒྱུ་རྐྱེན་འབྲས་བུར་བཞག་པ་མི་འགལ་ལམ་ཞེ་ན། དེ་ལ་འདི་ལྟར་མ་ཧཱ་ཡོ་ག་ལ་སོགས་པ་ཐེག་པ་འོག་མའི་གཞུང་གིས། ལམ་གྱི་དངོས་པོ་བསྙེན་བསྒྲུབ་ཀྱི་ཡན་ལག་གི་རྒྱུ་རྐྱེན། སྒོ་ནས། འབྲས་བུ་གྲུབ་པར་བྱ་བ་འདོད་པ་ཡིན་ལ། རྫོགས་པ་ཆེན་པོའི་གནས་སྐབས་ན། དེ་ཡང་དེ་ལྟར་བྱ་མི་དགོས་ཏེ། བསྙེན་བསྒྲུབ་རྣམ་པ་བཞི་ཡང་། དངོས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ལ་རྫོགས་པས། རྒྱུ་རྐྱེན་འབྲས་བུའི་དངོས་པོར་དངོས་སུ་གྱུར་པ་ནི་མེད་དེ་ཞེས་དོན་ལྷུན་གྱིས་གྲུབ་པར། ལ་བཟླ་བའི་མན་ངག་ཏུ་སྦྱར་རོ། །དེ་ལ་མ་ཧཱ་ཡོ་གའི་བསྙེན་བསྒྲུབ་བཞི་ལས། རྫོགས་པ་ཆེན་པོ་ལ་བཟླ་བ་ནི་ཅུང་ཟད་གསལ་ལོ་སྟེ་བསྙེན་པ་བྱང་ཆུབ་ཀྱི་སེམས་ཞེས་འདོད་པ་ལ་སོགས་པའམ་ད་ལམ་གྱིས་མ་ཡིན་ནོ་ཞེས་པ་ལྟ་བུའོ། །བསྒྲུབ་པ་ཆེན་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ ། བྱང་ཆུབ་ཀྱི་སེམས་དང་བཅས་པ་འབྲེལ་བར་སྟོན་པ་ལ། ཐབས་དང་ཤེས་རབ་བྱང་ཆུབ་སེམས་དང་གསུམ། ཡབ་ཡུམ་སྤྲུལ་པ་ལྕམ་དྲལ་དང་གསུམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པ་དང་གསུམ་ཡེ་ནས་བཟུང་དུ་འབྲེལ་ཅིང་། ལྷུན་གྱིས་གྲུབ་བོ་ཞེས་སྦྱར་རོ། །བདུད་རྣམ་པ་བཞི་བཏུལ་བ་ནི། སྤྱིར་གཞུང་སོ་སོ་ལས་བདུད་བཏུལ་བའི་ཐབས་སོ་སོར་གྲགས་པ་ཡོད་དེ། དེ་ལས་འདིར་ནི་བསྙེན་བསྒྲུབ་ཡན་ལག་བཞིའི་སྒོ་ནས། བདུད་རྣམ་བཞི་བཏུལ་བར་འདོད་དེ། དེ་ཡང་འདི་ལྟར་བསྙེན་པ་བྱང་ཆུབ་ཀྱི་སེམས་ཤེས་པའི་མཚན་ཉིད། མ་སྐྱེས་པའི་ཏིང་ངེ་འཛིན་གྱིས་འཆི་བདག་གི་བདུད་བཅོམ་མོ། །ཉེ་བའི་བསྙེན་པ་བདག་ཉིད་ལྷར་ཤེས་པའི་མཚན་ཉིད། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕུང་པོའི་བདུད་བཅོམ་མོ། །བསྒྲུབ་པ་ཡུམ་བསྐྱེད་པའི་མཚན་ཉིད། རྡུལ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཅོམ་པའོ། །བསྒྲུབ་པ་ཆེན་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཚན་ཉིད། མི་དམིགས་མཁའ་དང་སྙོམས་པའི་ཏིང་ངེ་འཛིན་གྱིས་ལྷའི་བུའི་བར་ཆད་གཡེང་བའི་བདུད་བཅོམ་མོ། །དེ་ལྟར་ན་གང་ལ་བདུད་རྣམ་པ་བཞི་འདུལ་བར་བྱེད་པའི་མཐུ་ཡོད་པའི་ལམ་དེ་ནི། རྣམ་པར་དག་པའི་ལམ་ཡིན་ལ། དེ་ཡང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ལམ་ཆེན་པོའོ། །ད་ནི་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་རིམ་བསྟན་ཏེ། དེ་ཡང་ཐེག་པ་འོག་མའི་གནས་སྐབས་ནས། རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པའི་རིམ་པའང་། མིག་ཕྱེ་བ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་དོན་བསྟན་པ་དང་། དབང་བསྐུར་བར་བྱས་ནས། དངོས་གྲུབ་བསྒྲུབ་པ་ལ་འཇུག་པར་བྱེད་པ་ཡིན་ཏེ། འདིར་ནི་དེ་ལྟ་བུ་ལ་ལྟོས་པའང་མ་ཡིན་ཏེ། དཀྱིལ་འཁོར་ནི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་གོ། །འཇུག་ཐབས་ནི་གསང་བ་རྣམ་པ་གསུམ་གྱི་སྒོ་ནས་འཇུག་སྟེ། དེ་ཡང་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ལས། དང་པོ་ཉན་པའི་ཤེས་རབ་ཀྱིས་གཞུང་ཐོས་པ་ནི་མིག་ཕྱེ་བའོ། །དེ་ནས་བསམ་པའི་ཤེས་རབ་ཀྱིས་དོན་རྟོགས་པ་ནི་དཀྱིལ་འཁོར་མཐོང་བ་སྟེ་ལྷའི་མཚན་ཉིད་ངོ་ཤེས་པའོ། །རྟོགས་ནས་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་བྱེད་པ་ནི། དཀྱིལ་འཁོར་དུ་ཞུགས་པ་སྟེ་དབང་བསྐུར་བ་ཐོབ་པའོ། །ཞུགས་ན་མངོན་དུ་གྱུར་པ་ནི་དངོས་གྲུབ་ཆེན་པོ་ཐོབ་པ་སྟེ། དེ་ལྟར་ཡང་གཞུང་འདི་ཉིད་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདའ་བར་མི་མཛད་དམ་ཚིག་མཆོག །ཅེས་གསུངས་པའི་དོན་ཡིན་པར་དགོངས་སོ། །ད་ནི་རྫོགས་པ་ཆེན་པོའི་ཚུལ་འདི་ཀུན་གྱི་ཐུན་མོང་མ་ཡིན་པར་སྟོན་ཏེ། དེའི་ཕྱིར། དེ་ལྟར་ཚུལ་འདི་ནི་རྫོགས་པ་ཆེན་པོ་མཐར་ཕྱིན་པའི་དོན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་འཇུག་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་བྱ་བ་ནི། སྤྱིར་གཞུང་སོ་སོ་ལས་སངས་རྒྱས་ཀྱི་སའི་བྱེ་བྲག་སོ་སོར་གྲགས་པའང་། མཚན་ཉིད་ཀྱི་ཐེག་པ་སྤྱི་ལས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཅེས་གྲགས་ཏེ། འདི་ལྷ་ལས་འོད་ཟེར་མང་པོ་བཀྱེ་བས་གདུལ་བྱའི་འགྲོ་བ་སྣོད་དུ་རུང་བར་མཛད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་གྲགས་སོ། །རྡོ་རྗེ་ཐེག་པ་སྤྱི་ལས་ནི། སངས་རྒྱས་ཀྱི་ས་གསུམ་དུ་གྲགས་ཏེ། འདི་ལྟར་ཀུན་ཏུ་འོད་ཀྱི་ས་དང་། པདྨ་ཅན་གྱི་ས་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། དེ་ལ་ཀུན་ཏུ་འོད་ནི། ཆོས་ཀྱི་སྐུ་མཚན་མ་མེད་པ་རང་བཞིན་གྱི་ས་འོད་གསལ་བས་ཀུན་ལ་ཁྱབ་པའོ། །པདྨ་ཅན་ནི་དམིགས་པ་མེད་པའི་ཤེས་རབ་ཀྱིས། ཆོས་ཀྱི་སྐུའི་དོན་ཅིར་ཡང་མ་གཟིགས་པ་ཉིད། མ་ཆགས་པའི་ཐུགས་རྗེའི་གཞི་ཡིན་པའོ། །ཡི་གེ་འཁོར་ལོ་ཚོགས་ཆེན་ནི། དེ་ཉིད་ཀྱི་དུས་ན་ཡེ་ཤེས་དང་མཚན་མའི་དཀྱིལ་འཁོར་གྱི་བདག་ཉིད། རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། དེ་ལ་ཡི་གེ་ནི་གཉིས་ཏེ། ཡེ་ཤེས་དང་མཚན་མའོ། །མཚན་མ་ལའང་རྣམ་པ་གཉིས་ཏེ། མིང་དང་གཟུགས་སོ། །གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་རྫོགས་པ་དང་ཆ་ཤས་སུ་སྣང་བ། འདི་ལྟ་བུའི་འབྲས་བུའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཚོགས་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་ཀྱང་བྱ། སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཞེས་ཀྱང་བྱའོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཀྱི་ས་བཅུ་གཉིས་གསུངས་ཏེ། དེ་ཡང་ཐབས་དང་ཤེས་རབ་གཉིས། སྐུ་ལྔ་ཡེ་ཤེས་ལྔ་སྟེ་བཅུ་གཉིས་ལ་བཞག་པར་སྣང་ངོ་། །འདི་ལྟ་བུ་ལ་ནི་གཞུང་འདི་ཉིད་ལས། ས་རབ་རིག་པ་འཛིན་ལ་གནས། །ཞེས་གསུངས་པ་དང་། ཐབས་དང་ཤེས་རབ་མཆོག་གིས། ཞེས་གསུངས་པ་དང་། གཞན་ལས་ཀྱང་རྡོ་རྗེ་འཛིན་གྱི་ས་ཞེའམ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེའམ། ཡེ་ཤེས་བླ་མའི་ས་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་དོན་འདི་ལྟ་བུ་ལ་བྱ་སྟེ། ཆེ་བའི་ཡོན་ཏན་གྱི་སྒོ་སོ་སོ་གཙོར་བཞག་པ་ཙམ་དུ་ཟད་དོ། །འདི་ལྟར་བུ་ལ་མ་བཙལ་ལྷུན་གྱིས་འཇུག་པ་འདི་ཡང་། སྐྱེས་བུ་བློ་རྩལ་རབ་ཀྱིས་གོམས་པ་དྲག་རྡུལ་དུ་འགྲོ་བ་ཡིན་གྱི། ཕལ་གྱིས་བྱ་བ་ནི་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པར་བསྟན་པ་སྟེ། དེ་ལ་གོམས་པ་དྲག་རྡུལ་དུ་འགྲོ་ཞེས་བྱ་བ་ནི། ཅིག་ཅར་འགྲོ་བ་སྟེ་རིམ་གྱིས་འགྲོ་བ་བཀག་པའོ། །སྔོན་གྱི་སློབ་དཔོན་ལ་དག་གི་མན་ངག་ལས། དལ་ཞེས་བྱ་བ་ནི། བློའི་རྩལ་ཆུང་བ་རིམ་གྱིས་འགྲོ་བ་ཡིན་ནོ་ཞེས་ཟེར་བ་ནི། དོན་གྱི་སྐབས་མ་ཡིན་པ་དང་ཚིག་གི་ཤུགས་དང་འགལ་བའི་ཕྱིར་གཞག་གོ། །དེ་ལྟར་ན་ཀུན་གྱི་ཐུན་མོང་མ་ཡིན་པས། སློབ་དཔོན་གྱི་ས་འཛིན་པ་རྣམས་ཀྱིས་ཀྱང་། ཐེག་པ་ཐམས་ཅད་ལ་མཁས་པར་བྱས་ལ། གདུལ་བྱའི་སྣོད་དང་སྦྱར་ཏེ་བསྟན་དགོས་སོ་ཞེས་གསུངས་པ་སྟེ། འདི་ཉིད་ཀྱི་གཞུང་ལས་ཀྱང་། སྣོད་མ་ཡིན་པ་ལ་བྱིན་པའི་སྐྱོན་བསྟན་པར་འབྱུང་ལ། དབང་བསྐུར་བའི་ཏནྟྲ་ལ་སོགས་པ་བཀའ་ཕལ་མོ་ཆེ་ལས་ཀྱང་གྲགས་པས། གསང་བ་འདི་ཡང་རང་བཟོ་མ་ཡིན་པར་དགོངས་པའོ། །ད་ནི་གོང་དུ་བསྟན་པའི་ལྟ་བའི་ཁྱད་པར་དེ་དག་གི་སྤྱོད་པ་དང་གྲོགས་ཀྱི་མཚན། སྡོམ་པའི་ངོ་བོ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་བྱེ་བྲག་བསྟན་པར་ཞེད་ནས། ལྟ་བའི་ཁྱད་པར་གྱིས་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་བྱེ་བྲག་ཏུ་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྟ་བ་མིག་དང་འདྲ་བས་ཇི་ལྟར་བཅད་པ་བཞིན་དུ། དཀའ་ཐུབ་དང་བརྟུལ་ཞུགས་རྐང་པ་དང་འདྲ་བ་རྗེས་སུ་འགྲོ་བ་འགྱུར་རོ་ཞེས་པའི་དོན་ཏེ། དེ་ལ་དཀའ་ཐུབ་ནི་ཐ་པ་ས་ཞེས་བྱ་བ་གདུང་བའི་དོན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར་ལུས་གདུང་བར་བྱེད་པའི་སྤྱོད་པའི་མཚན་ཉིད་བསྟན་པའོ། །བརྟུལ་ཞུགས་ནི། བརྠ་ཞེས་བྱ་བ་བསྒྱུར་བའི་དོན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར། རང་གི་ངང་ཚུལ་སྔ་མའི་གནས་ལས་གཞན་དུ་བསྒྱུར་བའི་སྤྱོད་པའི་མཚན་ཉིད་བསྟན་པའོ། །དེ་ལ་ལྟ་བའི་བྱེ་བྲག་གིས་དཀའ་ཐུབ་ཡོད་མེད་གཉིས་སུ་འགྱུར་ཏེ། དེ་ལ་དཀའ་ཐུབ་མེད་པ་ནི། ལྟ་བ་ལ་བསྒྲུབ་པར་བྱ་བ་མེད་པའི་དབང་གིས། འཇིག་རྟེན་ཕྱལ་བ་དང་། མུར་ཐུག་དག་གོ། །དཀའ་ཐུབ་ཡོད་པ་ནི། ལྟ་བ་ལ་བསྒྲུབ་པར་བྱ་བ་ཡོད་པའི་དབང་གིས་རྣམ་པ་བཞིའོ། །དེ་ལ་རང་སངས་རྒྱས་ལྟ་བའི་སྐབས་སུ་གུད་དུ་བཞག་ནས། དཀའ་ཐུབ་མ་སྨོས་པ་ནི་ཉན་ཐོས་དང་མཐུན་པར་སྦྱར། མེ་ལྔ་བསྟེན་པའི་དཀའ་ཐུབ་ཅེས་བྱ་བ་ནི། འཇིག་རྟེན་གྱི་མངོན་པར་ཤེས་པ་ཐོབ་པའི་བྱེ་བྲག་གང་གིས། འགྲོ་བ་གང་དག་ལྷར་སྐྱེས་པའི་ལས་ཉེ་བར་གནས་པ་ལས། གྲང་བའི་རྐྱེན་གྱིས་ཕྱོགས་བཞིར་མེ་བཞི་བསྟན་པ་མཐོང་སྟེ། དེས་ལས་ཀྱི་རྐྱེན་ནི་མ་མཐོང་། སྤྱོད་པའི་ཚུལ་ལས་འདི་ལ་ཡོན་ཏན་ཅི་ཞིག་ཡོད་སྙམ་དུ་བསམས་ཏེ། འཇིག་རྟེན་གྱི་མངོན་ཤེས་ཀྱིས་བརྟགས་ན། ཤི་འཕོས་ནས་ལྷར་སྐྱེ་བ་མཐོང་བས། མེས་གདུངས་པའི་ཡོན་ཏན་དུ་མཐོང་སྟེ། དེ་ནས་ཤིན་ཏུ་ཉི་མ་ཚ་བ་ཉིད་ལ། མེས་གདུངས་པ་ཡོན་ཏན་དུ་ལྟ་སྟེ། མེ་བཞི་ཉི་མ་དང་ལྔ་བསྟེན་པས་མེ་ལྔ་བསྟེན་པའི་དཀའ་ཐུབ་འཇིག་རྟེན་དུ་འབྱུང་ངོ་། །དེ་བས་ན་འདི་ཡང་ལྟ་བས་རྣལ་འབྱོར་གྱི་མངོན་སུམ་གྱིས་གྲུབ་པ་དང་། དེས་མི་དམིགས་པ་ཚད་མར་བྱས་ཏེ། ཡོངས་སུ་བཅད་པའི་རྗེས་སུ་འབྲངས་བ་ཡིན་ཏེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །བརྟུལ་ཞུགས་ལོག་པར་སྤྱོད་པ་ཞེས་པ་ནི། ལུས་སྡུག་བསྔལ་བར་བྱེད་པའི་མཚན་ཉིད་ནི། སངས་རྒྱས་པའི་དཀའ་ཐུབ་ལ་ཡང་ཡོད་དེ། ཇི་སྐད་དུ། ལུས་ཀྱི་ཉོན་མོངས་སྤྱད་པ་ལས། །འབྲས་བུ་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་དེ་ལྟ་བུ་རྣམ་པར་བཅད་པའི་ཕྱིར་དེ་སྐད་ཅེས་སྨོས་ཏེ། ངལ་བ་འབྲས་བུ་མེད་པའི་ལས་ཅན་ནོ་ཞེས་བྱ་བའི་ཚིག་གོ། །ཉན་ཐོས་ཀྱི་དཀའ་ཐུབ་ནི། སོ་སོར་ཐར་པའི་མདོ་ལས། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པའི་དོན་ནི། བསླབ་པ་གསུམ་མདོར་བསྡུས་ནས་སངས་རྒྱས་ཀྱི་བཀར་བཞག་པ་སྟེ། དེ་ལ། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ནི། ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་གསུངས་པ་སྟེ། འདི་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་ཀྱང་། ཤིན་ཏུ་ལྕི་བར་གྱུར་པ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་སྨྲ་བ་ལྟ་བུ། ཕམ་པར་འགྱུར་བའི་ལུས་ངག་གི་གནས་ངན་ལེན་གྱི་ལས་རྣམས་དང་། དེ་ལ་སོགས་པར་བྱ་བ་མ་ཡིན་པ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་སོ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་བྱ་བ་ནི། ཤེས་རབ་ཀྱི་བསླབ་པའི་དབང་དུ་གསུངས་པ་སྟེ། བདེན་པ་བཞིའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱིས་བསྡུས་པ། འཕགས་པའི་ལམ་དང་འབྲས་བུའི་ཆོས་སྤྱད་ཅིག་ཐོབ་པར་བྱ་བའི་ཆོས་རྣམས་སོ། །རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་བྱ་བ་ནི། ལྷག་པའི་སེམས་ཀྱི་བསླབ་པའི་དབང་དུ་གསུངས་པ་སྟེ། འདི་ལྟར་འགྲོ་བ་ལ་ཕལ་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔ་ལ་རང་བཞིན་གྱིས་སེམས་འཕྲོ་བས། ཉོན་མོངས་པ་ཐམས་ཅད་སྐྱེ་བའི་སྤྱོད་ཡུལ་ལ་ངང་གིས་བསྟེན་པ་ཅན་ཡིན་ལ། འཕགས་པ་རྣམས་ནི་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་མཐུས་སེམས་དབང་དུ་གྱུར་པས། མ་དག་པའི་སྤྱོད་ཡུལ་ལས་ཕྱིར་ལྡོག་སྟེ། རྣམ་པར་དག་པའི་སྤྱོད་ཡུལ་ལ་འཇུག་པར་བྱེད་པའི་ཏིང་ངེ་འཛིན་བསྟན་པ་ཡིན་ནོ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི། ཚད་མར་བྱེད་པའི་ཚིག་སྟེ། འདི་ལྟ་བུའང་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པས་བཤད་པའི་ལུང་དང་མི་འདྲ་སྟེ། ཀུན་གྱིས་ཡིད་བརྟུལ་དུ་རུང་བའི་ཚད་མ་སངས་རྒྱས་ཉིད་ཀྱིས་བསྟན་པ་དམ་པའི་ཆོས་འདུལ་བ་ལེགས་པར་གསུངས་པ་ཡིན་ནོ། །དེའི་དབང་གིས་དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད། ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་སོ་སོར་ལྟའོ་ཞེས་སྦྱར་ཏེ། དེ་ལ་ཡོད་པ་ཞེས་བྱ་བ་ནི་རིག་པས་རྣམ་པར་བཞག་པ་ཡིན་ཏེ། དེའི་ཕྱིར་ཀུན་རྫོབ་ཏུ་ཡང་ཡོད་ལ་དོན་དམ་པར་ཡང་ཡོད་ཅེས་གཞག་སྟེ། འདི་ལྟར་ཀུན་རྫོབ་ཀྱི་ཤེས་པ་ལ་སྣང་བའི་ཆོས་གང་དག །དོན་དམ་པའི་ཤེས་པ་ལའང་སྣང་སྟེ། དེ་བས་ན་གཉིས་ཀར་ཡོད་པ་ཞེས་བྱའོ། །བདེན་པ་ཞེས་མ་སྨོས་པ་ནི། སྒྲིབ་པས་བཞག་པ་ཡིན་པའི་ཕྱིར། གཉིས་ཀ་བདེན་དུ་མི་རུང་སྟེ། འདི་ལྟར་གང་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་གྲུབ་པ་དེ་ནི། དོན་དམ་པའི་བདེན་པ་ཡིན་པར་འགལ་ལ། དེ་ལས་ལྡོག་པའང་དེ་བཞིན་ཏེ། དེ་བས་ན་འདིར་བདེན་པར་སྒྲུབ་པ་མ་ཡིན་གྱི། ཡོད་པར་སྒྲུབ་པ་ཡིན་པས། དེ་བས་ན་འདི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་སོ་སོར་ཡོད་པར་ལྟ་བ་ཞེས་རྣམ་པ་བཞག་པ་གྲུབ་བོ། །དེའི་དབང་གི་ལུས་ངག་གི་དགེ་མི་དགེ་དག་ཀྱང་བླང་དོར་དུ་སྤྱོད་དོ། །བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི། ཇི་སྐད་དུ། སྡོམ་པ་ཉི་ཤུ་པ་ལས། རྐྱེན་དུ་འཚམས་པར་དོན་མི་བྱེད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ནི། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་བསྐྱེད་པ་ནི། སྡོམ་པའི་དངོས་གཞི་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་མ་ཐོབ་པར་སེམས་ཅན་གྱི་དོན་བྱེད་ཀྱང་མི་ནུས་པས་སོ། །དེས་ཐོབ་པར་བྱ་ན་རྒྱུ་ནི་སྙིང་རྗེས་བསྡུས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་འབྱིན་པ་ནི་ཐབས་ལ་མཁས་པ་སྟེ། འདི་གསུམ་ནི་མི་ཚང་དུ་མི་རུང་ངོ་། །དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ། རང་བཞིན་གྱིས་ཁ་ན་མ་ཐོ་བར་གྱུར་པ། །བྱང་ཆུབ་སེམས་དཔའི་ཕམ་པ་ནི་རྣམ་པ་བཞི་ཡིན་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་མི་མཐུན་པ་ནི། བྱང་ཆུབ་ཀྱི་སེམས་གཏོང་ངོ་། །དེའི་རྩ་བ་སྙིང་རྗེ་ཆེན་པོའི་མི་མཐུན་པའི་ཕྱོགས་ནི། སེར་སྣའི་དབང་གིས་སེམས་ཅན་མི་སྐྱོབ་པ་དང་། གནོད་སེམས་ཀྱིས་སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་མཐར་ཕྱིན་པར་བྱེད་པའི་ཐབས་ལ་མཁས་པའི་མི་མཐུན་པའི་ཕྱོགས་ནི། དམ་པའི་ཆོས་ཡོངས་སུ་སྤང་བ་ཡིན་ཏེ། དེ་ལྟར་དམ་པའི་ཆོས་ཡོངས་སུ་སྤང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པ་རྣམ་པ་བཞིའི་ཕམ་པ་མ་བྱུང་ཞིང་། རྩ་བ་སྙིང་རྗེ་ཆ་ཟིན་ནས། ལུས་ངག་གི་སྤྱོད་ཚུལ་སེམས་ཅན་ཚར་བཅད་པ་དག་ཀྱང་ཆེད་དུ་བྱ་དགོས་ཏེ་དེ་བས་ན། རྐྱེན་དུ་འཚམས་པར་ཚར་མི་གཅོད། །ཅེས་ཏེ། བྱང་ཆུབ་སེམས་དཔའ་དག་ཚར་གཅོད་པའི་ལས་ཀྱིས་འགྲོ་བ་འདུལ་བའི་རྐྱེན་དུ་འཚམས་བཞིན་དུ། ཚར་གཅོད་པར་མི་བྱེད་ན་ཡང་ཉམས་པར་འགྱུར་རོ། །དེ་བཞིན་དུ། རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །ཅེས་ཏེ། རྫུ་འཕྲུལ་བསྟན་པས་བྲིད་པ་དང་སྐྱེ་བ་དང་བསྡིགས་པ་ལ་སོགས་པ་སྦྱོར་བ་དམ་པ་མ་ཡིན་པ་རྣམས་ཀྱིས་འདུལ་བཞིན་དུ་དེ་ལྟར་མི་སྟོན་ན་ཡང་ཉམས་པར་འགྱུར་བ་སྟེ། དེ་དག་ནི་བཟློག་སྟེ་བསྟན་པའོ། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ནི། ཚུལ་བཞིན་བསྟན་པ་སྟེ། འདི་ལྟར་བསམ་པ་བྱམས་པ་དང་སྙིང་རྗེས་ཟིན་ཏེ། སེམས་དགེ་ན་སྦྱོར་བ་རྩུབ་ཀྱང་སྡོམ་པ་ཉམས་པའི་ཉེས་པ་མེད་ཅེས་སྦྱར་རོ། །གསང་བ་བླ་ན་མེད་པའི་དཀའ་ཐུབ་ནི། དམ་ཚིག་ཆེན་པོའི་མདོ་ཉིད་ལས། སངས་རྒྱས་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་གསུངས་ཏེ། དེ་ལ། སངས་རྒྱས་ཐེག་པར་རབ་ངེས་ན། །ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཟབ་མོའི་ཚུལ་གདིང་དུ་གྱུར་པའི་བློ་ཡོད་པ་སྟེ། བསམ་པ་མཉམ་པ་གདིང་དུ་གྱུར་ན་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ལྔ་དང་། འདོད་པ་ལྔ་ལ་སྤྱད་ཀྱང་། པདྨ་ལ་འདམ་གྱིས་མི་གོས་པ་བཞིན་ནོ་ཞེས་བྱ་བ་ནི། བྱས་ལ་མི་སོགས་པར་བསྟན་པའི་ཚིག་སྟེ། ཇི་ལྟར་སོ་སོར་ཐར་པའི་སྡོམ་པ་ལས། གཞན་གྱི་དོན་དུ་བསམ་པའི་ལས་ནི། ཕམ་པ་ལས་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་མདོ་ལས། བསམ་པ་སྙིང་རྗེས་ཟིན་པའི་སྦྱོར་བ་རྩུབ་མོ་རྣམས་ནི་ཉེས་བྱས་མེད་པར་མ་ཟད་ཀྱི། སྡོམ་པ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་འདོད་པ་བཞིན་དུ། འདིར་བསམ་པ་མཉམ་པས་ཟིན་ན། ལས་ཇི་ལྟར་སྤྱད་ཀྱང་སྐྱོན་གྱིས་གོས་པར་མི་འགྱུར་ཏེ། གཞན་དུ་ན་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏེ། ཆོས་མཉམ་པ་ཉིད་ཀྱི་བློས་ཟིན་ན་ཅི་ཡང་མི་འགལ་ལོ་ཞེས་དགོངས་པའོ། །མདོར་བསྡུ་ན་ཉན་ཐོས་ཀྱི་སྡོམ་པ་ནི། སེམས་ཅན་ལ་གནོད་པའི་སྦྱོར་བ་ལས་ལོགས་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། སེམས་ཅན་ལ་གནོད་པར་སྤྱོད་པ་ལས་ལོག་གི་སྟེང་དུ་ཡང་། སེམས་ཅན་ལ་ཕན་འདོགས་པ་ལ་ཞུགས་པའོ། །གསང་སྔགས་ཀྱི་སྡོམ་པ་ནི། སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལོག་ཅིང་ཕན་འདོགས་པར་ཞུགས་པ་དེ་ཡང་། དེ་བཞིན་གཤེགས་པའི་མཛད་སྤྱོད་ཉམས་སུ་བླངས་ཏེ་སྤྱོད་པའོ། །གཞན་ཡང་ཉན་ཐོས་ཀྱི་སྡོམ་པ་ནི། འདུ་ཤེས་དང་དངོས་གཞིའི་སྒོ་ནས་གཙོ་བོ་ཡིན་པར་འདོད་དོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་གཙོ་བོ་ཡིན་པར་འདོད་དོ། །གསང་སྔགས་ཀྱི་ནི་ཤེས་རབ་གཙོ་བོ་ཡིན་པར་འདོད་དོ། །གཞན་ཡང་ཉན་ཐོས་ཀྱི་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པའོ། །བྱང་ཆུབ་སེམས་དཔའ་ནི། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པའོ། །གསང་སྔགས་ཀྱི་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་རྗེས་སུ་སློབ་པའོ། །ཧ་ཅང་སྤྲོས་པས་ཆོག་གོ། །གཞུང་ཉིད་ལ་འཇུག་པར་བྱ་སྟེ། གསང་སྔགས་མཉམ་པ་ཆེན་པོའི་དམ་ཚིག་ལ་སྤྱོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་མ་དག་པ་མེད་དེ། དེ་བས་ན་ཇི་ལྟར་ལྟ་བས་ཡེ་ནས་རྣམ་པར་དག་པར་རྟོགས་པ་བཞིན་དུ། དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་དེ་ལྟར་རྣམ་པར་དག་པར་སྤྱོད་པའོ་ཞེས་གསང་སྔགས་མཉམ་པ་ཆེན་པོའི་དམ་ཚིག་གི་སླད་སྡུད་པའི་ཚིག་ཏུ་སྦྱར་རོ། །འདིའི་ཤུགས་ཀྱིས་ནི། ལྟ་བ་མ་དག་པ་རྣམས་ཀྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་རིམ་གྱིས་མ་དག་པར་སྤྱོད་དོ་ཞེས་བྱ་བ། མ་སྨོས་ཀྱང་དོན་གྱིས་རྟོགས་པར་ཤེས་པར་བྱའོ། །དེ་ལྟར་གཞུང་གི་དོན་བསྟན་པ་རྫོགས་ནས། ལས་སུ་བརྩམས་པ་དོན་ཡོད་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་བསྔོ་བ་མཛད་པ་ནི། ལྟ་བའི་ཕྲེང་བ་གསང་བ་འདི། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ལྟ་བ་མཐོ་དམན་གྱི་བྱེ་བྲག་རྣམས་ཕྲེང་བ་བཞིན་དུ་རིམ་པས་རྒྱུད་ཆགས་སུ་བཀོད་ཅིང་། དགོས་པ་ཚང་བར་བསྡུས་པས་ན། ལྟ་བའི་ཕྲེང་བ་ཞེས་བྱའོ། །གསང་བ་ཞེས་བྱ་བ་ནི་མན་ངག་གི་དོན་ཏེ། ཐེག་པ་མཐའ་དག་གི་དོན་ཚིག་ཉུང་ངུར་བསྡུས་ནས་བློ་ལ་བཅང་བའི་མན་ངག་ཏུ་གཞག་པ་ཡིན་པ་དང་། ཚིག་ཉུང་ངུ་འདིས་དོན་མང་པོ་རྟོགས་པར་བྱེད་པའི་སྒོ་ནས་སྒྲོན་མ་ཡིན་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་གཅེས་སྤྲས་བྱས་ནས་གསང་ཞིང་སྦས་ཏེ་བཅང་བར་བྱ་བ་ཡིན་པས་ན་གསང་བ་འདི་ཞེས་བྱའོ། །རྣམ་པ་གཅིག་ཏུ་རྫོགས་པ་ཆེན་པོའི་དོན་ནི། ཀུན་གྱི་ཐུན་མོང་མ་ཡིན་པས། ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་ཀྱང་གསང་བར་བྱ་བ་ཡིན་པས་ན། གསང་བ་འདི་ཞེས་བྱའོ། །དམུས་ལོང་རང་ཕྱེ་མིག་རྙེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆང་བའི། །སྐྱེ་མཆོག་ཡོད་ན་འཕྲད་གྱུར་ཅིག །ཅེས་བྱ་བ་ནི། ཇི་ལྟར་དམུས་ལོང་གཟུགས་ཀྱི་བྱེ་བྲག་མཐོང་མ་མྱོང་བ་དག་ནམ་ཞིག་ན་སྔོན་གྱི་བསོད་ནམས་ཀྱི་ལས་ཀྱིས་མིག་རང་ཕྱེ་བ་སྲིད་དེ། དེ་བཞིན་དུ་འགྲོ་བ་རྣམས་ཐོག་མ་མེད་པ་ནས་ལིང་ཐོག་གིས་ཤེས་རབ་ཀྱི་མིག་ལྡོངས་ཏེ། ཕྱིན་ཅི་མ་ལོག་པའི་དོན་མཐོང་མ་མྱོང་བ་ལས། སྔོན་གྱི་བསོད་ནམས་ཀྱི་ལས་ཀྱིས་སྐྱེ་བས་ཐོབ་པའི་ཤེས་རབ་དང་། ཐབས་ཀྱི་རྩལ་མཆོག་དང་ལྡན་པའི་སྐྱེས་མཆོག་དག་ཡོད་ན་འདི་དང་འཕྲད་པར་གྱུར་ཅིག་ཅེའོ། །རྣམ་པ་གཅིག་ཏུ་དམུས་ལོང་དག་གིས། ཕྱག་དར་གྱི་ཕུང་པོ་ལ་ནོམ་པ་ལས། བསོད་ནམས་ཀྱི་ལས་ཀྱིས་ནོར་བུ་རིན་པོ་ཆེ་ཞིག་དང་འཕྲད་དེ། དེའི་དབང་གི་མིག་རང་ཕྱེ་ནས། འབྱོར་པ་སྣ་ཚོགས་དང་ཡང་ལྡན་པ་བཞིན་དུ། གང་དག་གིས་འཁོར་བའི་ཕྱག་དར་གྱི་ཕུང་པོ་ལས། རྐྱེན་དགེ་བའི་བཤེས་གཉེན་དང་འཕྲད་དེ། དེའི་དབང་གི་ཤེས་རབ་རྣམ་པ་གསུམ་གྱི་མིག་ཕྱེ་ནས། ཐབས་དང་ཤེས་རབ་ཀྱི་རྩལ་རྙེད་པའི་སྐྱེས་མཆོག་དག་ཡོད་ན། དེ་དག་གི་དོན་དུ་རུང་བའི་མན་ངག་འདི་དང་འཕྲད་པར་གྱུར་ཅིག་ཅེའོ། །མན་ངག་གི་ཡི་གེ་འདི་ནི། སློབ་དཔོན་པདྨ་འབྱུང་གནས་བོད་ཡུལ་ནས་སླར་གཤེགས་ཀར། བྲག་དམར་མཚོ་མོ་མགུར་གྱི་ནེའུ་ཐང་དུ་མགུར་གསུམ་བཞེད་པ་ནས། ལྷ་སྲས་ཁྲི་སྲོང་ལྡེ་བཙན་དང་རྗེ་འབངས་དགྱེས་ཕྱག་གི་དུས་སུ། འདི་དང་མ་མོ་གསང་བ་ལས་ཀྱི་ཐིག་ལེ་གཉིས་མཛད་ནས། ལྷ་སྲས་ལ་མན་ངག་ཏུ་གནས་སྟེ་བཞག་པ་ལགས་སོ། །མན་ངག་ལྟ་ཕྲེང་གི་འགྲེལ་པ་འདི་རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ་ཞེས་བྱ་བ་རྒྱ་བོད་གཉིས་ན་མཁས་པའི་ཁྱུ་མཆོག་ཆེན་པོར་གྱུར་པ་དེས་མཛད་པའོ། །དགེའོ།། །།


previousམན་ངག་ལྟ་ཕྲེང་གི་འགྲེལ་པ། རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ།next