Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

12 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]


  
 
  
  
collapse section
སྙིང་པོ་དོན་གྱི་མན་ངག་སེམས་ཀྱི་མེ་ལོང་།
  
 
 
  
  


12 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]

 
previousསྙིང་པོ་དོན་གྱི་མན་ངག་སེམས་ཀྱི་མེ་ལོང་།next

སྙིང་པོ་དོན་གྱི་མན་ངག་སེམས་ཀྱི་མེ་ལོང་།

སྙིང་པོ་དོན་གྱི་མན་ངག་སེམས་ཀྱི་མེ་ལོང་བཞུགས་སོ། །བླ་མ་མཆོག་གི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ། །གཉུག་མའི་མདའ་གཅིག་བསྣུན་པས་ཅིག་ཅར་དུ། །གཉིས་སྣང་མ་ལུས་གཤེད་དང་བྲལ་མཛད་པས། །སྙིང་པོ་དོན་གྱི་འཕོངས་མཁས་རེ་རྣམས་ཡིད། །གུས་པའི་ལྷུང་སར་གྱུར་ལ་ཕྱག་འཚལ་ལོ། །ཆོས་ཕུང་བྱེ་བའི་ཆུ་ཀླུང་ཀུན་འཐུངས་པས། །མན་ངག་རིན་ཆེན་རྣམས་ཀྱི་གནས་གྱུར་པ། གཏིང་མཐའ་མི་མངོན་བློ་གྲོས་ཆུ་གཏེར་ཆེའི། །བདག་པོ་གང་དེར་རྟག་ཏུ་ཕྱག་འཚལ་ལོ། །བདག་ནི་མཆོག་དེའི་ཞབས་སེན་ཆུ་སྐྱེས་གང་། །བདེ་འབྱུང་རལ་པའི་རྒྱན་དུ་རྟག་ཐོབ་པས། །ཡང་དག་ཕུལ་གྱི་ལྟད་མོར་ཚོགས་པའི་ཁྲོད། །ཤེས་རབ་མཛེས་པའི་དཔལ་གྱིས་འཕྱུར་བ་སྙམ། །སྙིང་པོ་དོན་གྱི་མན་ངག་བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ལས་བྱུང་བ། རྙེད་པར་དཀའ་བའི་གནས་གསལ་བར་བྱ་སྟེ། ཡིད་ཆེས་པའི་ལོ་རྒྱུས་དང་། དོ་ཧ་རྡོ་རྗེའི་གླུ་རྣམ་པར་འབྱེད་པ་གཉིས་ལས། དང་པོ་ནི། བྱང་ཆུབ་སེམས་དཔའ་ཐུགས་ཀྱི་རྡོ་རྗེ་ཇི་ལྟ་བར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་མ་ལུས་པ་འཛིན་པའི་སྒྲ་བསྒྱུར་གྱི་དབང་པོ་མར་པའི་ཞལ་སྔ་ནས། བལ་ཡུལ་གྱི་ཆར་གཏོགས་པའི་ལི་ཤོ་ཀ་རའི་གྲོང་ན་བཞུགས་པའི་ཚེ་རྨང་ལམ་དུ། བྲམ་ཟེའི་བུ་མོ་རིགས་ཀྱི་ཚངས་སྐུད་ཅན་ཤིན་ཏུ་མཛེས་པ་སྐྱེ་དགུ་ཐམས་ཅད་ཀྱི་ཡིད་འཕྲོག་པར་ནུས་པ་གཉིས་འོངས་ནས་འཛུམ་པའི་བཞིན་གྱིས། ལྷོ་དཔལ་གྱི་རི་ལ་འདེང་ངོ་ཞེས་ཟེར་རོ། དེར་སྔར་འགྲོ་མ་མྱོང་བས་ལམ་ཡང་མི་ཤེས་ཞེས་གསུངས་པས་ན། དེ་གཉིས་ན་རེ། མིང་པོ་ཁྱོད་ཀྱིས་དཀའ་བ་བྱ་མི་དགོས་ཀྱིས། ངེད་ཀྱིས་ཕྲག་ལ་ཁུར་བས་ཆོག་གོ་ཟེར་དར་གྱི་དོ་ལིར་བཅུག་ནས་གཏེག་སྟེ་སྐད་ཅིག་ལ་དཔལ་གྱི་རི་ལ་ཕྱིན་ཏེ། བྱང་ཆུབ་ཀྱི་ཤིང་པླཀྵའི་གྲིབ་མ་ལ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་བཙུན་མོ་གཉིས་ཀྱིས་མཐའ་བརྟེན་ནས་ཞིང་གི་གདན་ལ་བརྗིད་པར་རོལ་པའི་བྲམ་ཟེ་ཆེན་པོ་ས་ར་ཧ་དང་མཇལ་ནས། བུ་བདེ་བར་འོངས་སམ་ཞེས་གསུངས་པ་ཐོས་པས། ཡིད་དགའ་བ་དང་བདེ་བ་བླ་ལྷག་པ་སྐྱེས་ཏེ། གུས་པ་དང་བཅས་པས་ཕྱག་དང་བསྐོར་བ་བགྱིས་ནས། ཕ་ཐུགས་རྗེས་གཟུང་བར་འཚལ་ལོ་ཞེས་གསོལ་བ་ན། ལུས་ངག་ཡིད་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཀྱི་ས་ལ་བཀྲི་བ་ལ་སོམ་ཉི་མེད་པའི་ཡང་དག་པའི་ལམ་འདི་རྡོ་རྗེའི་མགུར་དུ་སྩལ་ལོ། །རྗེ་བཙུན་དེས་ཀྱང་། མཆོག་གི་ས་ལ་ཐོགས་པ་མེད་པར་ཆས་པའི་སྐལ་ལྡན་གྱི་སློབ་མ་དཔལ་བཞད་པའི་རྡོ་རྗེ་ལ་སོགས་པ་ལ་གདམས་ཤིང་། དེ་དག་གི་གསུང་བླ་མ་ཡོངས་སུ་བསྟེན་པ་རྣམས་ལ་རྣ་བ་ནས་རྣ་བར་འཕོས་པ་གང་ཡིན་པ་དེ་ཉིད། བདག་གིས་ཀྱང་བླ་མ་དམ་པའི་ཞབས་ལ་བསྙེན་བཀུར་བ་ལས་རྙེད་པའི་ཕྱིར་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ནོ། །གཉིས་པ་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་རྗེན་པར་སྟོན་པའི་ལྟ་བ། ཡང་དག་པའི་གནས་ལ་ངེས་པར་བཀྲི་བའི་སྒོམ་པ། འཁོར་བའི་རྫུན་མཚང་རང་སར་བཤིག་པའི་སྤྱོད་པ། ཆོས་ཟད་སར་བསྐྱལ་བ་འབྲས་བུའི་རྣམ་གཞག་བཤད་པ་དང་བཞི་ལས། དང་པོ་ནི། ན་མོ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྒྱུན་ཆད་མེད་པ་གཉུག་མའི་སེམས། །གདོད་ནས་དག་པ་དེ་བཞིན་ཉིད། །ནམ་མཁས་ནམ་མཁའ་སྦྱོར་བ་མཐོང་། །ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ། རྟོག་པ་དང་མི་རྟོག་པའི་ཡུལ་ལས་ཤིན་ཏུ་འདས་པ། ཐོག་མ་མེད་པའི་དུས་ནས་སྤྲོས་པ་ཐམས་ཅད་ཀྱིས་རྣམ་པར་དག་ཅིང་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོང་པ་ཉིད་དེ། ཐབས་ཤེས་གྲུབ་པ་ལས། སྤྲོས་པ་མེད་པའི་རང་བཞིན་གང་། །ཤེས་རབ་ཅེས་བྱར་རབ་ཏུ་གྲགས། །ཞེས་གསུངས། སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ཞེས་བྱ་བ་ནང་གི་དགའ་བའི་ཆ་བཅུ་དྲུག་ཡོངས་སུ་གང་བ། འགྱུར་བ་ཐམས་ཅད་ཟད་པས་མཆོག་ཏུ་མི་འགྱུར་བའི་བདེ་བ། མཐའ་ཡས་པའི་སེམས་ཅན་གྱི་དོན་འགོག་པ་མེད་པར་འཆར་བཞིན་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ནི་སྙིང་རྗེའོ། །ཡང་། ཡིད་བཞིན་ནོར་བུ་ཇི་བཞིན་དུ། །མ་ལུས་འགྲོ་དོན་བྱེད་སྙིང་རྗེ། །ཞེས་སོ། །དེ་གཉིས་གཅིག་གིས་གཅིག་ལ་འཁྱུད་པས་རྣམ་པར་གྲོལ་བའི་ཡེ་ཤེས་སུ་རོ་གཅིག་པར་གྱུར་པ་འདི་ནི་དབྱེར་མེད་པའོ། །ཡང་། མི་དམིགས་གནས་ཀྱི་ཤེས་རབ་དང་། །མི་དམིགས་སྙིང་རྗེ་ཆེན་པོ་སྟེ། །ནམ་མཁའ་ལ་ནི་ནམ་མཁའ་བཞིན། །བློ་ལྡན་ལྷན་ཅིག་གཉིས་སུ་མེད། ཅེས་སོ། །དེ་ནི་གཞི་སེམས་ཅན་གྱི་གནས་སྐབས་ན་ཇི་ལྟར་མཆིས་པ་བཞིན་དུ། འབྲས་བུ་སངས་རྒྱས་ཀྱི་ས་ན་ཡང་མ་འགྱུར་བ་གནས་གནས་པ་ཉིད་ཀྱིས་རྒྱུན་ཆད་མེད་པའོ། །དེ་ཡང་ལྷན་ཅིག་སྐྱེས་གྲུབ་ལས། །རྒྱུ་དང་མི་རྒྱུ་གནས་པ་ནི། །དུས་ཀུན་དུ་ནི་ཡང་དག་གནས། །ཞེས་སོ། །སུས་ཀྱང་བཅོས་སུ་མེད་པ་མི་ཤིགས་པ་ཉིད་ཀྱིས་གཉུག་མའི་སེམས་སོ། །དེའང་དོ་ཧ་ལས། གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། །ཅེས་སོ། །རྣམ་པར་རྟོག་པའི་མཚན་ཉིད་ཅན་གྱི་འཁྲུལ་པས་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་ལ་ནམ་ཡང་རེག་མ་མྱོང་བས་གདོད་ནས་དག་པའོ། །ཐབས་ཤེས་གྲུབ་པ་ལས། རང་བཞིན་དག་པ་དྲི་མ་མེད། །ཅེས་གསུངས། དེ་ནས་བསལ་བ་དང་བཞག་ཏུ་མེད་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་མ་ནོར་བ་ཡིན་པས་དེ་བཞིན་ཉིད་དོ། །ཡང་། བཞག་དང་བསལ་བར་སྤང་བ་ནི། །ཆོས་རྣམས་དེ་ཉིད་ཅེས་བྱར་བརྗོད། །ཇི་ལྟར་ནམ་མཁའ་ལས་ཆོས་ཐམས་ཅད་བྱུང་ཞིང་། ཆོས་ཐམས་ཅད་ནམ་མཁའི་ཁོངས་སུ་གཏོགས་པ་བཞིན་དུ། དེ་བཞིན་ཉིད་ལས་ཆོས་ཐམས་ཅད་ཡང་དག་པར་སྐྱེ་ཞིང་། དེ་བཞིན་ཉིད་དུ་ཞི་བར་འགྱུར་བས་ནམ་མཁས་ནམ་མཁའ་སྦྱོར་བ་མཐོང་། །ཞེས་སོ། །དེ་ཡང་གསང་འདུས་ལས། མ་སྐྱེས་པ་ཡིས་ཆོས་རྣམས་ལ། །དངོས་པོ་མེད་དེ་སྒོམ་པའང་མེད། ནམ་མཁའི་ཚུལ་དུ་སྦྱོར་བ་ཡི། །དངོས་པོ་འདི་དག་རབ་ཏུ་གྲགས། །ཞེས་སོ། །གཉིས་པ་ལ། ཡིད་ཀྱི་བཙོན་བུ་ལྕགས་སུ་འཇུག་པ། དྲན་པའི་རྟོག་པ་རང་ཡལ་ལ་བཏང་བ། ཚོགས་དྲུག་གི་སྟེང་དུ་གློད་ནས་འཇོག་པ། སྔ་ཕྱིའི་ཤེས་པ་གཅིག་ཏུ་བསྲེ་བ་བཞི་ལས། དང་པོ་ལ། སྔོན་དུ་བླ་མ་ལ་གསོལ་བ་གདབ་པ། བར་དུ་སེམས་རྟེན་མེད་དུ་བཞག་པ། ཐ་མར་གཟེར་གསུམ་གྱིས་གེགས་བསལ་བ་དང་གསུམ་ལས། དང་པོ་ནི། །འཁོར་བ་ལས་བརྒལ་བ་ལ་རང་གི་སེམས་རྟོགས་དགོས། སེམས་རྟོགས་པར་བྱེད་པ་ལ་གདམས་ངག་ཟབ་པ་གཅིག་པུས་མི་ཕན། བླ་མ་དམ་པའི་བྱིན་རླབས་འཇུག་དགོས། དེ་འཇུག་པར་བྱེད་པ་ལ་ལུས་ལོངས་སྤྱོད་ཐམས་ཅད་བལྟོས་མེད་དུ་ཕུལ་ནས། སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་དེ། དད་གུས་རྒྱུན་ཆད་མེད་པར་གསོལ་བ་བཏབ། ཅི་གསུང་ཉན་ཅིང་གང་མཛད་ལེགས་པར་བལྟས་པས། རང་གི་སེམས་ལ་ཡེ་ཤེས་སྐྱེས་པས། བླ་མ་སངས་རྒྱས་སུ་མཐོང་ནས་མོས་གུས་གཤའ་མ་ཞིག་ད་གཟོད་སྐྱེ། དེ་སྐྱེས་པ་དང་ཡོན་ཏན་ཐམས་ཅད་ནམ་ཟླ་སྟོན་ཀའི་འབྲས་བུ་བཞིན་དུ་དུས་གཅིག་ཏུ་སྨིན་པར་འགྱུར་རོ། །གཉིས་པ་ནི། རྩ་བ་ཁྱིམ་ན་གནས་པའི་ཕྱིར། །ཡིད་ཀྱི་རྣམ་ཤེས་བརྩོན་དུ་གཟུང་། །གང་ཡོངས་སུ་ཤེས་པ་ནི་བྱ་བ་དང་གྲོལ་བའི་གཞི་ཡིན་པས། མྱ་ངན་ལས་འདས་པ་ཞེས་བྱ་ལ། ཡོངས་སུ་མ་ཤེས་པས་ཕུང་པོ་ཆེན་པོ་རྣམས་བསྐྱེད་ནས་མི་བཟད་པའི་སྡུག་བསྔལ་ལ་སྦྱོར་བའི་ཕྱིར་འཁོར་བ་ཞེས་བྱ་བའི་མིང་ཡང་འཛིན་པས་ན། འཁོར་འདས་ཐམས་ཅད་འདི་ལ་རག་ལས་པའི་ཕྱིར་རྩ་བ་སྟེ། སྐྱེ་ལྡན་རྣམས་ཀྱི་ཡིད་འདི་ཇི་སྲིད་རྟོག་པའི་མུན་པ་སྣམ་བུ་འཐུག་པོས་དཀྲིས་གྱུར་པ། །དེ་སྲིད་སྡུག་བསྔལ་དཔག་ཏུ་མེད་ཡིན་དེ་ནས་དེ་ནི་ཇི་སྲིད་བཤུས་པར་གྱུར་པ་ན། །དེ་སྲིད་བདེ་བ་རྒྱ་ཆེན་མཚུངས་མེད་ཡིན་པས་འཕགས་མཆོག་དེ་ལ་ནན་ཏན་གྱིས་ཤིག་དང་། །དེ་ཟད་ནས་ནི་དེ་ཉིད་ལ་གནས་ཡོན་ཏན་རྒྱས་པས་དེ་ཉིད་ཀྱིས་ནི་སྣང་བར་འགྱུར། །ཞེས་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་སོ། །དེ་རང་གི་སེམས་ལས་གཞན་དུ་མེད་པའི་ཕྱིར་ཁྱིམ་ན་གནས་པ་ཞེས་གསུངས་པའོ། །རྩེ་མོ་དོ་ཧ་ལས། མཆོག་ཏུ་གཅེས་པ་རང་ལ་གནས། །སེམས་ལས་མ་གཏོགས་ཕྱི་རོལ་དོན། །གཅིག་ཀྱང་ཡོད་པར་མ་བཤད་དེ། །སེམས་ཉིད་ཀུན་ཏུ་འོད་གསལ་བའོ། །དེ་བས་སེམས་ལས་གཞན་པའི་ཆོས། ཡང་དག་པར་ནི་བརྟག་ན་མེད། །ཅེས་སོ། །གསང་བ་གྲུབ་པ་ལས། རང་གི་ལུས་ལ་རབ་གནས་པ། །དེ་ཉིད་འབད་པས་རིག་པར་བྱ། །ཞེས་སོ། །དེ་བས་ཆོས་ཐམས་ཅད་བདག་ཡོད་པའམ་མེད་པ་ཞེས་དམ་བཅའ་བ་དང་། རྟགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པས་བསྒྲུབས་ཏེ། ཚིག་ཙམ་གྱིས་ཆོས་ཐམས་ཅད་སྟོང་པར་བརྗོད་པས་ལྷན་ཅིག་སྐྱེས་པའི་རང་བཞིན་མི་ཤེས་པའི་ཕྱིར་དོན་མེད་པའི་ངལ་བ་མ་བྱེད་པར། མ་ཡེངས་པའི་ར་བར་ཡིད་ཀྱི་རྣམ་ཤེས་བཙོན་དུ་ཟུང་ཞིག་པའོ། །དེ་ཡང་། རྣམ་རྟོག་དུ་མས་བརྟགས་པ་ཡི། །རྨོངས་པ་དོན་གྲུབ་འདོད་གྱུར་པ། །མཁའ་ལ་ཁུ་ཚུར་རྡེག་པ་དང་། །སྨིག་རྒྱུའི་ཆུ་ལ་འཐུང་བ་བཞིན། །ཞེས་སོ། །དེའི་ཚུལ་ཡང་། ལུས་སེམས་ཁོང་གློད་ལ། །སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་ཐམས་ཅད་བཅད་ནས་ཅི་ལ་ཡང་མི་རྟོག་པར་ཡིད་ལ་མི་བྱེད་པ་ཉིད་ཀྱིས་སེམས་རང་གི་རང་བཞིན་ལ་ཇི་ལྟ་བ་ཉིད་དུ་མ་བཅོས་པར་བཞག་གོ །གལ་སྲིད་མི་གནས་ན། ཐབས་སྣ་ཚོགས་པའི་སྒོ་ནས་སེམས་བཟུང་བས་རྣམ་པར་རྟོག་པ་ཡུལ་ལ་འཕྲོ་མི་ནུས་ལ། དེ་མ་ནུས་པས་དབང་པོ་དྲུག་གི་རྟོག་པ་ནུབ་པར་འགྱུར་ཞིང་། ཚུལ་དེས་རྟོག་པ་དབྱིངས་སུ་ཡལ་བས་སེམས་དྭངས་སྙིགས་ཕྱེད་པ་དེའི་ཚེ་སེམས་རང་གི་ངོ་བོ་ཡང་ངོས་གཟུང་ཐམས་ཅད་དང་བྲལ་ནས་ནམ་མཁའ་ལྟར་དག་པས། ཚིག་གི་བརྗོད་པ་དང་། བློས་བསམ་པ་དང་། འཇིག་རྟེན་པའི་སྒོམ་པའི་ཡུལ་ལས་ཤིན་ཏུ་འདས་པས། སངས་རྒྱས་ཀྱི་དགོངས་པ་མངོན་དུ་བྱས་པ་ཞེས་བྱ་སྟེ། རྗེ་བཙུན་མཻ་ཏྲི་པས། ཇི་སྲིད་སེམས་ནི་འཇུག་བར་དུ། ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ཉིད་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་གྲོལ་བ་མེད། །ཅེས་གསུངས་པས། དེ་ལས་གཞན་དུ་ཐར་པ་ཞེས་བྱ་བ་ཅི་ཡང་གྲུབ་པ་མ་ཡིན་ནོ། །ཐར་པའི་གོ་འཕང་གཅིག་ཏུ་ངེས་པས། དེར་བགྲོད་པའི་ལམ་ཡང་། ཡིད་ལ་མི་བྱེད་པ་མ་བཅོས་པའི་ལམ་འདི་ཁོ་ནར་ཟད་དེ། གཞན་ནི་རྟོག་པའི་སྒོམ་པ་ལས་མ་འདས་པའི་ཕྱིར་རོ། །དེ་ཡང་ཀླུ་སྒྲུབ་ཞབས་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཁྱོད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་གསུངས་པས། །ཐེག་པ་གསུམ་རབ་ཏུ་བསྟན་པ་ཡང་། རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པའི་སྟོང་པ་སྙམ་སེམས་པའི་དོན་རྟོགས་པར་བྱ་བའི་ཕྱིར་དུའོ། །ཡིད་ལ་མི་བྱེད་པ་ཞེས་པ་ལ། འགའ་ཞིག བློ་ཉམས་པའི་རྨོངས་པའི་སྒོམ་པར་ལྟ་སྟེ། ཡིད་ལ་བྱེད་པ་གཟུང་བ་དང་འཛིན་པ་དགག་པ་ལས་ཡིད་བཀག་པར་ག་ལ་འགྱུར་ཏེ། རྒྱལ་པོའི་བཙུན་མོས་ཉི་མ་མི་མཐོང་ཞེས་བརྗོད་པས་ཉི་མ་བཀག་པ་མ་ཡིན་པ་བཞིན་ནོ། །གསུམ་པ་ནི། །བྱིང་ན་ཤེས་པ་གཟེངས་བསྟོད་པའི་གཟེར་ནི། ཤེས་པ་དྲག་ཏུ་གཅུར་ཞིང་སེང་གེའི་འགྱིང་ཚུགས་བྱ། ལུས་ཀྱི་ཡན་ལག་བསྒྲིམ་ཞིང་སྒྲ་ལ་ཤེས་པ་གཏད། རྒོད་པ་གཉའ་གཅོག་པ་ནི། བསྒོམ་པའི་ཐུན་ཚོད་བསྐྱུང་ཞིང་ཐུན་གྲངས་མང་བར་བྱ། ཞི་ཚེ་རྣལ་དུ་བཞག་པའི་གཟེར་ནི། ཉམས་མྱོང་སྐྱེས་ནས་རྩོལ་བ་གློད། །དེ་ཡང་བྱིང་རྒོད་ཀྱི་སྐྱོན་བསལ་མི་དགོས་སོ། །གཉིས་པ་ནི། སེམས་ཀྱིས་བཅོས་པ་ཁོ་ན་བདུད་དུ་འདུག་ཅིང་། འབད་པ་དེ་ཁོ་ན་ཉིད་རྟོག་པ་མེད་པའི་ཕྱིར། སྒོམ་པ་ཤེས་པ་ཕྱི་མ་ཡིས། །སེམས་ལ་ལྷན་པ་གདབ་ཏུ་མེད། །རིག་བྱ་རང་བཞིན་གྱིས་མ་དམིགས་པས། དེ་རིག་བྱེད་ཀྱི་བློ་ཡང་ཇི་ལྟར་དམིགས་ཏེ། རིག་བྱ་དང་རིག་བྱེད་གཉིས་སུ་མ་ཕྱེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །ཇི་ལྟར་སྣང་ཡང་སྣང་བའི་དུས་དེ་ཉིད་དུ་གྲུབ་པ་མེད་པའི་ཕྱིར་སྣང་སྟོང་ཟུང་འཇུག་ཅེས་བྱ་སྟེ། མདོར་ན། འདོར་དུ་མེད་པའི་ཕྱིར་བླང་བར་བྱ་བའང་མ་མཆིས་པས། སྤང་གཉེན་མཉམ་པ་ཉིད་ཀྱི་ངང་དུ་བཞག་པར་བྱ་བ་ཡིན་ནོ། །མཻ་ཏྲི་པས། བསམ་གྱིས་མི་ཁྱབ་སེམས་ཉིད་དེ། །དངོས་པོ་ཀུན་གྱི་རང་བཞིན་ནོ། །འགྲོ་བ་རོ་གཅིག་པར་རྟོགས་ན། །རྟོག་པ་མེད་ཅིང་འོད་གསལ་བའོ། །ཞེས་དང་། དེ་ལ་རིག་པས་མཐོང་བ་མེད། །གཉིས་སུ་མ་ཡིན་གཉིས་མེད་མིན། །བྱང་ཆུབ་དག་པའི་མཚན་ཉིད་ཡིན། །ཞེས་སོ། །ཡང་ལྭ་བ་པས། བླང་བྱ་དོར་བྱ་སྤང་བ་ཉིད། །གང་དུ་ཇི་ལྟ་དེ་ལྟ་བུར། །དེ་ནི་འབད་པ་མེད་པར་ཐོབ། །ཅེས་སོ། །གསུམ་པ་ནི། ནང་དུ་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་བདེན་འཛིན་གྱི་སྦལ་ཞི་བས། ཕྱི་རོལ་གྱི་སྣང་བའི་དངོས་པོས་རྟག་མ་ཐུབ་པར་ཧད་པོར་འཆར་ཞིང་། དེའི་སྟེང་དུ་ལྷན་གྱིས་བཞག་པས་ཅི་ཞིག་ན་སྣང་གྲགས་ཐམས་ཅད་ཡེ་ཤེས་ཀྱི་རྣམ་པ་མཐའ་ཡས་པར་འཆར་བཞིན་པའི་སྒྱུ་འཕྲུལ་གྱི་རོལ་པར་སོང་སྟེ། སྣང་བ་དང་སེམས་ཆུ་ལ་ཆུ་བསྣན་པ་ལྟར་དབྱེར་མེད་གཅིག་ཏུ་འདྲེ་བར་གྱུར་པ་ཡིན་ནོ། །དགྱེས་རྡོར་ལས། འགྲོ་ཀུན་གདོད་མ་ཉིད་ནས་སྟོང་། །རྒྱུ་རྐྱེན་གང་གིས་སྟོང་མ་བྱས། །འདི་ལ་སྐྱེ་རྒ་ཡོད་མ་ཡིན། །ལྷན་ཅིག་སྐྱེས་པར་དེ་ལ་བརྗོད། །ཅེས་དང་། ས་ར་ཧས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་གསུངས་སོ། །བཞི་པ་ནི། རྣམ་པར་རྟོག་པ་སྔ་མ་འགགས། །ཕྱི་མ་མ་སྐྱེས་པའི་མཚམས་སུ་སེམས་ཀྱི་གནས་ལུགས་དྲན་བྱ་དྲན་བྱེད་ལས་འདས་པ་ཞིག་རང་ལུགས་སུ་འཆར་ལ། རྣམ་པར་རྟོག་པ་གང་སྐྱེས་ངོས་གཟུང་ནས་མ་བཅོས་པར་བཞག་པས། དེ་ཉིད་དབྱེར་མེད་གཅིག་ཏུ་གྱུར་ནས་གཉིས་སུ་སྣང་བ་ཐམས་ཅད་ནུབ་པར་འགྱུར་བ་ཡིན་ནོ། །དེ་ཡང་གཞུང་ལས། སེམས་ཀྱི་གནས་ལུགས་དྲན་དུ་མེད། དེ་ཡང་མ་བཅོས་ངང་ལ་བཞག །ཅེས་གསུངས་སོ། །དེ་ལྟར་དེ་བཞིན་ཉིད་དག་པ། མ་རིག་པ་ནི་རིག་པར་འགྱུར། །ཞེས་སོ། ཡང་། རང་བཞིན་གྱིས་ནི་བདེ་ཐོབ་གང་། །ཀུན་ཏུ་རྟོག་པ་ཐམས་ཅད་སྤང་། །གང་ཕྱིར་འགྲོ་བ་འདི་དེ་ཉིད། །དེ་ཕྱིར་ཐམས་ཅད་རྙོག་པ་མེད། །ཅེས་གསུངས་སོ། །གསུམ་པ་ལ། ལས་དང་པོ་པའི་སྤྱོད་པ་དང་། ཡེ་ཤེས་ལ་ཅུང་ཟད་དབང་བའི་སྤྱོད་པ། ཡེ་ཤེས་ལ་ཡང་དག་པར་དབང་བའི་སྤྱོད་པ་གསུམ་ལས། དང་པོ་ནི། ཚོགས་དྲུག་གི་སྣང་བ་ལ་དགག་བཞག་མི་བྱེད་པར་སེམས་ཀྱི་གླང་པོ་ཡན་དུ་འཇུག་པ་བུ་ཆུང་ལྟ་བུའི་སྤྱོད་པ་དང་། ཉོན་མོངས་པའི་གཉེན་པོར་མ་སོང་ན་ཆོས་ཀྱི་དགོས་པ་སྟོངས་པས་ཉོན་མོངས་པ་ངན་པར་མི་བལྟ། གཉེན་པོ་ཡེ་ཤེས་བཟང་པོར་མི་སེམས་པར་རྐྱེན་གང་སྣང་གི་སྟེང་དུ་ལམ་ཁྱེར་གྱི་གནད་ཟིན་པ་བུང་བ་མེ་ཏོག་ལ་རྒྱུ་བ་ལྟ་བུས་གཙང་དམེའི་རྟོག་པ་གཞོམ་པ་གདོལ་བའི་སྤྱོད་པས་གནས་པར་བྱའོ། །དེ་ཡང་། གཞུང་ལས། དེ་དོན་མཐོང་ན་གྲོལ་བའི་ཕྱིར། །བུ་ཆུང་གདོལ་པའི་སྤྱོད་པ་ལྟོས། །ཞེས་དང་། སེམས་ཀྱི་གླང་པོ་ཡན་དུ་ཆུག །བུང་བ་མེ་ཏོག་རྒྱུ་བ་ལྟོས། །ཞེས་གསུངས་སོ། །གཉིས་པ་ནི། འཁོར་བ་ལ་སྐྱོན་དུ་མི་ལྟ་བས་དོགས་པ་བསད། མྱ་ངན་ལས་འདས་པ་ལ་ཐོབ་འདོད་མེད་པས་རེ་བ་བཤིག་པའི་འཇར་ཉལ་ཁྲིག་མེད་ཀྱི་གནད་གོམས་པར་བྱ་བའི་ཕྱིར་ཤིན་ཏུ་གསང་ཏེ་སྨྱོན་པའི་བརཏལ་ཞུགས་ཀྱིས་རྣམ་པར་མི་རྟོག་པ་མྱང་བཞིན་པས། དུར་ཁྲོད་བས་མཐའ་ལ་སོགས་པའི་གནས་ཐམས་ཅད་དུ་ཤ་ཟ་བཞིན་དུ་ཀུན་ཏུ་འཁྱམ་པར་བྱས་ཏེ། གཞུང་དུ། ཤ་ཟ་སྨྱོན་པ་གང་དགར་ཐོངས། །ཞེས་དང་། འཁོར་བ་སྐྱོན་དུ་མི་ལྟ་ཞིང་། །མྱ་ངན་འདས་པ་ཐོབ་བྱར་མེད། །ཅེས་གསུངས་ཤིང་། གསང་བ་གྲུབ་པ་ལས། མཉམ་བཞག་མི་སྨྲ་གྱུར་པ་ཡི། །སྨྱོན་པའི་གཟུགས་སུ་བཞག་པར་བྱ། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །ཤ་ཟ་བཞིན་དུ་ཀུན་ཏུ་འཁྱམས། །ཞེས་སོ། །གསུམ་པ་ནི། བསྙེངས་དང་བྲལ་བའི་སེངྒེ་བཞིན། །ཞེས་པ། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེངྒེ་རི་ལ་གནས་པའི་རི་དྭགས་ཀྱི་ཚོགས་ཀྱིས་འཇིགས་པའམ། །བག་ཚ་བ། སྤུ་ཟིང་ཞེས་བྱེད་པའམ། དོགས་པ་ཙམ་ཡང་མེད་ཀྱི། གཞན་དུ་རང་གི་ཁ་ཟས་ཙམ་ཞིག་ཡིད་ལ་བྱེད་previous hit ་དེ་བཞིན་དུ། ཏིང་ངེ་འཛིན་མལགྱིཤེས next hit་པའི་རང་ལུགས་ལ་མ་བཅོས་པར་གནས་ནས། བྱ་བྱེད་ལ་སོགས་པའི་རྣམ་པར་རྟོག་པའི། མཚན་མའི་འདུ་ཤེས་ཐམས་ཅད་ཟིལ་གྱིས་གནོན་ཅིང་དོགས་པ་མེད་པར་གནས་ལ། གཞན་དུ་དངོས་པོའི་ལྟ་བ་ཐམས་ཅད་བདག་མེད་པ་ལ་འཛུད་པ་ཙམ་ཞིག་ཡིད་ལ་བྱེད་པས་རོལ་པ་སྟེ། གཞུང་ལས། ཐ་མལ་ཤེས་པ་རང་ལུགས་དེ། །མ་བཅོས་སོ་མ་ཉིད་དུ་གཞོག །བྱ་བ་རྣམས་ལ་ཁྱོད་མ་རྟོག །ཅེས་གསུངས་ཤིང་། གསང་བ་གྲུབ་པ་ལས། དེ་ནས་སེང་གེ་བཞིན་དུ་སྤྱད། །ཅེས་གསུངས་སོ། །བཞི་པ་ནི། ཕྱོགས་དང་ཆ་ལ་མི་གནས་ཤིང་། །སྤྲོས་བྲལ་ནམ་མཁའི་དཀྱིལ་དུ་ལྟོས། །ཡོད་པའམ། མེད་པའམ། རྟག་པའམ། ཆད་པའམ། དངོས་པོའམ། དངོས་པོ་མེད་པའམ། འདུས་བྱས་དང་འདུས་མ་བྱས་ཞེས་ཕྱོགས་སུ་མ་ལྷུང་ཞིང་། གཉིས་ཀའི་ཆ་ལ་མི་གནས་ཤིང་། ཟུར་དུ་འཇུག་པ་ཞེས་བྱ་བར་ཡང་བཞག་ཏུ་མེད་པ། གཉིས་ཀ་མ་ཡིན་པ་ལ་སོགས་པའི་མཐའ་བྲལ་གྱི་སྤྲོས་པ་དང་ཡང་བྲལ་བས་ནམ་མཁའ་ལྟ་བུར་ཆོས་ཐམས་ཅད་ཡང་དག་པར་རྫོགས་ཤིང་མངོན་པར་བྱང་ཆུབ་པ་གཞན་གྱི་དོན་ལྷུན་གྱིས་གྲུབ་པས། སངས་རྒྱས་ཀྱི་མཛད་པ་ལ་རྒྱུན་མི་འཆད་པར་འཇུག་པ་ཡིན་ནོ། །དེར་ཡང་། འཁྲུལ་པའི་ཆོས་ཐམས་ཅད་ཟད་པའི་ཕྱིར་སངས་པ་དང་། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆ་ནས་རྒྱས་པ་ཞེས་བྱའོ། །རྗེ་བཙུན་མཻ་ཏྲི་པས། སྙིང་པོ་དེ་ཡི་རང་བཞིན་ལས། །དེ་མཐོང་འདི་ཡི་རིག་པ་ཡི། །ཡང་དག་རྫོགས་པའི་བྱང་ཆུབ་འགྲུབ། །ཅེས་དང་། འདི་ནི་སངས་རྒྱས་ཆེན་པོར་འགྱུར། །རྣམ་པ་ཀུན་གྱི་ལུས་གཅིག་པུ། །འདུས་མ་བྱས་སེམས་ཆོས་ཡིན་ཏེ། །རྫོགས་པ་ལོངས་སྤྱོད་རྫོགས་མཚན་ཉིད། །དེ་ཉིད་སེམས་ནི་སྤྲུལ་པའོ། །ཞེས་གསུངས་སོ། །ཐར་པའི་གྲོང་ཁྱེར་མཆོག་གི་དགའ་སྟོན་ལ། །ཆས་པར་འདོད་རྣམས་ཀུན་རྟོག་མྱ་ངམ་གྱི། །ཐང་ཆེན་བཞག་ནས་བག་ཡོད་རྒྱལ་རྣམས་གྱི། །བགྲོད་པ་གཅིག་པའི་ལམ་འདི་བརྟེན་པར་བྱོས། །ཟབ་མོའི་ལམ་འདི་ཇི་བཞིན་བསྟན་གྱུར་ན། །བྱིས་རྣམས་སྐྲག་པས་འདོར་གཟིགས་སངས་རྒྱས་རྣམས། །ཐེག་པ་གསུམ་གྱི་ཚུལ་ལ་ཁ་དྲངས་ནས། །ཐ་མར་སྙིང་པོའི་དོན་འདིར་སྦྱོར་བར་མཛད། །མངའ་བདག་ཛཀྵྭའི་ཞལ་ལས་བྱུང་བའི་རྒྱུན། །གྲུབ་པའི་རྣམ་དཔྱོད་རལ་པས་བརྟེན་གྱུར་པ། །ལེགས་བཤད་གདྒཱ་འདིར་བབ་ས་དབང་ནི། །དགའ་བའི་རྒྱལ་པོའི་དག་བྱེད་ཉིད་དུའོ། །སྙིང་པོ་དོན་གྱི་མན་ངག་ཤིན་ཏུ་གསང་བའི་གནས་གསལ་བར་བྱས་པ་འདི་ཡང་། སྤེལ་ཆུང་ནས་སྡེ་པ་དགའ་བའི་རྒྱལ་པོས་དད་པས་བསྐུལ་བ་བཞིན། པདྨ་དཀར་པོས་ལྷོ་བྲག་མཁར་ཆུར་ཡི་གེར་བཀོད་པའོ། །སརྦ་མངྒལཾ།། །།


previousསྙིང་པོ་དོན་གྱི་མན་ངག་སེམས་ཀྱི་མེ་ལོང་།next