Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽

39 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


collapse section
 
  
  
  
བཞི་པ། ཡེ་ཤེས་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
38  expand section


39 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousབཞི་པ། ཡེ་ཤེས་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ།next

བཞི་པ། ཡེ་ཤེས་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ།

༈ དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར། ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨཿརབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་བྱུང་ཡེ་ཤེས་རྒྱུ་ཡིན་ནོ། །

ཨ་ཨཱ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵཿ ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་ནས། ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །ཧོཿ དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །ཨེ་མ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱི། །རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཡི་གེ་མགོ་ནས་ཀྵ་ལ་རྫོགས། །སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོ་ཡོད་མ་ཡིན། །དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །སྐུ་གསུང་ཐུགས་ནི་ངོ་མཚར་གྱི། །ཡ་མཚན་འཕྲུལ་ཆེན་རབ་འགུགས་པའོ། །དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །མགོ་ནི་མ་ནོར་ལམ་ཡིན་ཏེ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད། །ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད། །ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད། །ཎ་ནི་ཀུན་ཏུ་སྒྱུ་འཕྲུལ་ཉིད། །ཐ་ནི་དྲྭ་བ་མངོན་རྫོགས་ཉིད། །ཏ་ནི་དྲྭ་བས་བརྟན་པ་ཉིད། །ད་ནི་དྲྭ་བས་ལྷམ་མེ་ཉིད། །དྷ་ནི་དྲྭ་བས་འཁྲིལ་བ་ཉིད། །ན་ནི་དྲྭ་བས་ཀུན་ཏུ་འགྱུར། །ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག །ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག །གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག །ང་ནི་ཐུགས་ཀྱང་འཇིག་བྱེད་པའོ། །ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཚ་ནི་སྙན་གྱི་སྐུ་ཡི་མཆོག །ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག །ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག །ཉ་ནི་སྐུ་ཡང་འཇིག་བྱེད་པའོ། །པ་ནི་སྤྱན་གྱི་གསུང་གི་མཆོག །ཕ་ནི་སྙན་གྱི་གསུང་གི་མཆོག །བ་ནི་ཤངས་ཀྱི་གསུང་གི་མཆོག །བྷ་ནི་ལྗགས་ཀྱི་གསུང་གི་མཆོག །མ་ནི་གསུང་ཡང་འཇིག་པར་བྱེད། །ཡ་ནི་སྐྱེ་བ་རྣམ་པར་དག །ཝ་ནི་གནས་པ་དག་པ་ཡིན། །ར་ནི་འཇིག་པ་དག་པ་སྟེ། །ལ་ནི་སྟོང་པ་དག་པའོ། །ཤ་ནི་རྟག་པ་དག་པ་སྟེ། །ཥ་ནི་ཆད་པའང་ཡོད་མ་ཡིན། །ས་ནི་མཐའ་བྲལ་བདག་མེད་པ། །ཧ་ནི་མཚན་མ་མེད་པ་ཉིད། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཨི་ནི་རྡུལ་སྙེད་ལྷ་རྣམས་སུ། །ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན། །ཨུ་ནི་རྡུལ་སྙེད་མི་རྣམས་སུ། །ཨཱུ་(༡༡༥)ནི་རྡུལ་སྙེད་བྱོལ་སོང་རྣམས། །ཨེ་ནི་རྡུལ་སྙེད་ཡི་དྭགས་སུ། །ཨཻ་ནི་རྡུལ་སྙེད་དམྱལ་བ་རྣམས། །ཨ་ནི་ཐམས་ཅད་འཇིག་པར་བྱེད། །ཨོ་ནི་ཐམས་ཅད་ཞིག་པ་ཡིན། །ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས། །ཞེས་བརྗོད་དོ། །ཨ་ཧོཿདེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨ་ཧོཿ ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་འཚོགས་པའི་མཐུ་ཆེན་ཡིན། ། ཧོཿ རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་འཁོར་ལོར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ་སྟེ་བཞི་པའོ།། །།


previousབཞི་པ། ཡེ་ཤེས་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ།next