ཁྱད་པར་བཅུ་གསུམ་དང་ལྡན་པའི་རྩ་བརྒྱད་སྟོང་སྦྱར་གྱི་རྟོག་པ་བརྗོད་པ་ཡོངས་འདུས་མེ་ཏོག་གསར་པའི་ཕྲེང་བ་དཔྱོད་ལྡན་རྣ་རྒྱན།
ཁྱད་པར་བཅུ་གསུམ་དང་ལྡན་པའི་རྩ་བརྒྱད་སྟོང་སྦྱར་གྱི་རྟོག་པ་བརྗོད་པ་ཡོངས་འདུས་མེ་ཏོག་གསར་པའི་ཕྲེང་བ་དཔྱོད་ལྡན་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །
ཁྱད་པར་བཅུ་གསུམ་དང་ལྡན་པའི་རྩ་བརྒྱད་སྟོང་སྦྱར་གྱི་རྟོགས་པ་བརྗོད་པ་ཡོངས་འདུས་མེ་ཏོག་གསར་པའི་ཕྲེང་བ་དཔྱོད་ལྡན་རྣ་རྒྱན་ཅེས་བྱ་བ། བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་གིས་ཡེ་ཤེས་བདུད་རྩིའི་ཕྱག་རྒྱ་བཅིངས། །དེ་ལས་ཆགས་སོགས་དུག་གིས་མི་འདའ་བར། །རྟོགས་འཁྲུལ་སྤང་བླང་ལྷན་ཅིག་སྦྱོར་མཛད་པ། །ཆེ་བའི་མཆོག་ལ་འདུད་དོ་གྲུབ་པས་སྐྱོང་། །པདྨའི་ཉི་མ་རྡོ་རྗེའི་ལང་ཚོ་ཅན། །གངས་ཅན་མུན་པར་གཟི་བརྗིད་ལྷགས་པར་ཡང་། །པདྨ་དྲྭ་བའི་མཁའ་ལ་འབྲལ་མེད་པ། །བྱང་ཆུབ་བར་དུ་དབྱེར་མི་ཕྱེད་གྱུར་ཅིག །ལྐོག་གྱུར་གསང་བའི་ལྗགས་དེ་
མངོན་སུམ་བརྐྱང་། །ས་གསུམ་རྡོ་རྗེར་བྱེད་པའི་བདུད་རྩིའི་སྒྲས། །སྐལ་བཟང་བུང་བའི་ན་ཆུང་གཉིད་སད་ནས། །ཡོ་གའི་ཆང་གི་མྱོས་པའི་ངར་དིར་ལེན། །འདིར་རེ་ཞིག་བསྙད་པར་བྱ་བ་ནི་གང་ཞིག །ཁྱད་པར་གྱི་ཆོས་ཇི་ལྟ་བུ་དང་ལྡན་ཅེ་ན། སྨྲས་པ། སྐུ་གསུམ་གྱི་རྣམ་པ་ཐམས་ཅད་པས་ཆེ་བའི་བདག་ཉིད་རྣམས་ཀྱིས་དགོངས་པ་བརྡ་དང་ཚིག་གི་སྒོ་ནས་མཐའ་ཡས་པའི་ཞིང་རྣམས་སུ་ཚད་མེད་པར་གསུངས། རིག་འཛིན་རྣལ་འབྱོར་ཕོ་མོ་ཐམས་ཅད་གཤེགས་ཤིང་གཤེགས་པར་འགྱུར་བའི་ལམ་གསང་བ་བདེ་མྱུར་གྱི་ཆོས་ཅན་གྲངས་གཞལ་བར་མི་ནུས་པ་དག་ལས། མཆོག་ཏུ་
གསང་བའི་གོ་འཕང་བགྲོད་པ་གཅིག་པ་ལ་གང་ལས་བགྲོད་པའི་ལམ་གསང་བའི་གོང་ན་གཞན་མེད་པ། སྨན་ཆེན་པོ་འཁོར་འདས་བདུད་རྩིར་བྱེད་པ་དཔལ་ཧེ་རུ་ཀ་ཆེ་བའི་མཆོག་གདུལ་བྱ་ལ་ཐུགས་རྗེ་སྐྱེས་བའི་རྟོགས་པ་སྙིང་པོའི་སྙིང་པོར་གྱུར་པའི་རིམ་པ་ལས་དངོས་གྲུབ་ཀྱི་དམ་རྫས། བཅུད་ལེན་གྱི་ནོར་བུ་འདོད་པ་འཇོ་བའི་དབྱིག་གི་གཏེར་དུ་བསྒྲུབས་ཤིང་བྱིན་གྱིས་བརླབས་པའི་ཚུལ་ལས་བརྩམས་ཏེ། འཇིག་རྟེན་གྱི་ཉི་མ་མཆོག་གྱུར་གླིང་པ་གསར་དུ་ཤར་བའི་ཕྲིན་ལས་ཀྱི་སྣང་བ་གངས་རིས་མཛེས་པའི་ལྗོངས་སུ་སྒྲིབ་བའི་ཆུ་ཁུར་དང་བྲལ་བར་རབ་ཏུ་ཁྱབ་པའི་རྟེན་འབྲེལ་གྱི་སྒོ་དང་པོར་འབྱེད་པ་ལས། གངས་ཅན་གྱི་སྣོད་དང་བཅུད་དུ་གྱུར་པ་དག་བདེ་ལེགས་སུ་བྱེད་ཅིང་ཤིས་པ་སྒྲུབ་པའི་ཐབས་གསང་བའི་ཁྱད་པར་ལུང་དང་རིགས་པས་འཐད་པ་དག་ཇི་ལྟར་འབད་རྩོལ་དུ་བགྱིས་པའི་རབས་གང་ཡིན་པ་དེ་འདིར་མདོར་བསྡུས་ཏེ་འཆད་པར་བྱའི་རྒྱས་པར་ནི་མ་ཡིན་ནོ། །བློ་ལྡན་ནོར་བུའི་རྒྱལ་པོ་ཆོ་གས་བསྒྲུབས། །འཆིང་བུའི་ནོར་ལ་བྱི་དོར་བྱ་བ་མིན། །ཕྲ་བའི་མིག་ཅན་བདེ་མྱུར་ལམ་དུ་འཇུག །རིང་བའི་ལམ་ནི་ཀིམ་བའི་འབྲས་བུར་བྱེད། །ས་སྟེང་ཀུན་ཏུ་རྐང་པས་བསྐོར་བ་དང་། །རིན་ཐང་ཚད་མེད་ཟོང་
གིས་བསྒྲུབས་པར་ཡང་། །བསོད་ནམས་ནོར་གྱིས་བཀྲེན་ལ་དཀོན་པ་བཞིན། །དེ་དངོས་ལེགས་བྱས་ལག་པའི་རྩེ་མོར་འོངས། །མཚན་རྟོག་ཡིད་ཀྱི་འཇིགས་ལས་སྐྱོབ་པའི་ཐབས། །འདི་དང་གཞན་ཏུ་བསྟན་པའི་ཁྱད་པར་ལྕིད། །སྐུ་གསུམ་སྟོན་པས་གཞལ་བ་ཚད་མའི་བཀས། །དབང་པོ་མཆོག་རྣམས་ཐེ་ཚོམ་སྐྱེད་པ་མིན། །ཡན་ལག་སྟོང་གིས་རྩ་བ་བརྒྱད་བརྒྱན་ཏེ། །ལུས་སེམས་ནད་དོ་ཅོག་གི་དགྲ་ཆེ་བར། །བསྒྲུབས་པའི་བྱུང་བ་ཁུ་བྱུག་མྱོས་པའི་གླུ། །དུས་ཀྱི་དང་པོའི་ལང་ཚོ་བཞད་ལས་ཐོས། །དེ་ལ་ཁྱད་པར་གྱི་སྡོམ་ནི། །སྒྲུབ་གནས་སྦྱིན་བདག་བསྒྲུབ་བྱ་བ། །སྒྲུབ་ཐབས་ཡོ་བྱད་རྟེན་དུས་ཚོད། །སྒྲུབ་པོའི་གྲོགས་དང་ཕྱག་བཞེས་དང་། །འགྲོ་དོན་བྱ་བ་རྟེན་འབྲེལ་ལོ། །ཇི་སྐད་སྨོས་པ་ལེགས་བྱས་མཆོག་གི་ཚུལ་དེ་འཆད་པར་བྱེད་པའི་ཁྱད་པར་ནི་བཅུ་ཕྲག་གཅིག་ལ་རྩེ་མོས་བརྒྱན་པ། འཁྱོག་པོར་བརྗོད་པའི་ལམ་དང་བྲལ་ཞིང་དངོས་པའི་རང་བཞིན་བརྗོད་པ་ལ་དགའ་བས་ཐོག་མ་གང་ཡིན་པ་དེ་བསྙད་པར་བྱའོ། །དེ་ལ་ཡིད་ཆེས་སྐྱེད་པར་ནུས་པའི་གསུང་ནི་ཇི་སྐད་དུ། ཁྱད་པར་ལར་ལུང་ཤེལ་གྱི་བྲག་ཕུག་འདི༔ བདུད་རྩི་སྨན་སྒྲུབ་བྱས་པའི་གནས་ཡིན་
པས༔ གནས་གཞན་ལ་ཡང་ཡོན་ཏན་ཡོད་མོད་ཀྱང་༔ བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཆར་མི་ཉེ༔ ཨོ་རྒྱན་ཧེ་རུ་ཀ་དང་མཚུངས་དཔེར་བཞག༔ ཅེས་བྱ་བ་ལ་སོགས་པས་མཐའ་ཡས་པའི་བསྔགས་པ་གསུངས་པ་དེ་ནི་བྱ་བ་འདི་གང་དུ་བསྒྲུབས་པའི་གནས་ཏེ། དེ་ཡང་ཡུལ་ལ་སྔ་བ་ཡར་མོ་ལུང་གི་ཐིག་ལེ། སྲིད་པའི་ལྷ་རབ་ཤམ་པོ་སོགས་ཀྱིས་མེལ་རྩེ་ལ་བརྩོན་པ། རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་བསོད་ནམས་གནམ་གྱི་དམུ་ཐག་ལས་བབས་ཏེ་བདག་གིར་བཞེས་པ། མཁར་ལ་སྔ་བ་ཡུམ་བུ་བླ་མཁར་དུ་གྲགས་པའི་གཞལ་མེད་ཁང་ལ། ཕྱོགས་ཀུན་ནས་ཁང་པ་བརྩེགས་པ་དང་གྲོང་དང་གྲོང་བརྡལ་འབྱོར་པའི་འདུ་ལོང་ཅན་དག་གིས་མངོན་པར་བརྒྱན་པ། བསྟན་པ་ལ་སྔ་བ་ཐུགས་དམ་གཉན་པོ་གསང་བ་མཁའ་དབྱིངས་ཡངས་པའི་དཀྱིལ། དབང་པོའི་གཞུ་རིས་ཀྱི་ལམ་ནས་ནོར་འཛིན་གྱི་ཁྱོན་ལ་ཕེབས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས་པ། གཙུག་ལག་ཁང་ལ་སྔ་བ་འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོས་ཆོས་སྣང་བའི་ཆོ་འཕྲུལ་གྱི་སྒོ་བསྟན་པའི་ཐོག་མ་རང་བྱུང་གི་རྟེན་ཁྱད་པར་ཅན་དུ་མས་རྒྱ་མཚོ་ལ་ནོར་བུ་བཞིན་ཡོངས་སུ་གཏམས་བ་གཡོ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་
ལྷུན་གྱིས་གྲུབ་པ་དང་ཟུང་དུ་འབྲེལ་པ་གཞན་ཡང་ངོ་མཚར་དང་བྱིན་རླབས་ཀྱི་གཟི་འོད་རྣོན་པོས་དབང་པོ་ལ་ཡ་མཚན་གྱི་དགའ་བ་སྟེར་བའི་རྟེན་དང་། གནས་དང་གཙུག་ལག་ཁང་གསེར་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་དབུས་ན། ལྷུན་པོ་ལྟར་གྱེན་ཏུ་འཕགས་པའི་རྡོ་ཤེལ་གྱི་རི་བརྩེགས་པའི་ཁོང་གསེང་ན་གྲུབ་པའི་རིག་འཛིན་རྣམས་བསམ་གཏན་མཛད་པ། དཔའ་བོ་དང་རྣལ་འབྱོར་མས་ཚོགས་ཀྱི་འདུ་བ་རྒྱུན་མི་འཆད་པ་ལ་སྤྱོད་པ། ཆོས་དང་ནོར་གྱི་རིགས་བཞག་ཏུ་འོས་པ་དང་། སྤྱད་དུ་འོས་པའི་གཏེར་གྱི་མཛོད་དུ་མས་གཏམས་པ་རྡོ་རྗེ་ཅན་གྱིས་གསང་བའི་ལྗགས་ཀྱིས་ཇི་སྐད་བསྒྲགས་པའི་སྒྲུབ་གནས་ཀྱི་ཡོན་ཏན་མ་ཚང་བ་མེད་པ་དང་ལྡན་པ་དེ། འདིར་སྒྲུབ་པའི་གནས་ཏེ་ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་དང་པོའོ། །ཁ་བ་ཅན་ལྗོངས་ཡུལ་གྱི་འགོ། །དབྱིབས་ལེགས་ཀུན་ནས་ཁོད་སྙོམས་པ། །བདེ་བའི་འབྱོར་པ་དུ་མས་བརྒྱན། །ཡར་མོ་ལུང་ཞེས་བྱ་བ་ཡོད། །དེ་ན་ཨོ་ཌཱི་ཡ་ལས་འོངས། །ཧེ་རུ་ཀ་ཡི་འདུ་ཁང་ནི། །ཆུ་བུར་ཅན་ངོར་རྡོ་བའི་རི། །པདྨ་བརྩེགས་ཞེས་བྱ་བ་བྱུང་། །དྲི་མེད་ཤེལ་གྱི་རྡོ་ལེབ་བརྩེགས་པའི་ངོས། །མརྐ་ཏ་ཡི་ཁུ་བས་བྱུགས་འདྲ་བ། །
མཁའ་ངོས་རྩེ་མོས་འབིགས་པའི་ས་འཛིན་ནི། །གཡུ་འོད་ཆར་སྤྲིན་གསར་པའི་ཕུད་ཀྱུ་ལྡེམས། །དབུ་སྐྱེས་དྲི་ལྡན་ཤིང་གི་ཟར་བུ་དང་། །གྲུབ་པའི་ཆུ་མིག་བདུད་རྩིའི་དོ་ཤལ་དཔྱངས། །མ་བཅོས་ཕུག་བའི་ཁང་བཟང་ཡིད་འོང་ངོས། །བཀའ་རྟགས་འཕྲུལ་གྱི་པ་ཏྲ་འབུར་དུ་དོད། །དེ་ན་འཁོར་གྱི་དབུས་བཞུགས་འཁོར་ལོའི་མགོན། །རྒྱལ་དང་གྲུབ་པ་ཏིལ་གྱི་གོང་བུ་བཞིན། །བཞུགས་ཚུལ་བསམ་གྱིས་མི་ཁྱབ་དག་པའི་བློར། །ཡེ་ཤེས་ཆེན་པོའི་རོལ་རྩེད་ཅི་ཡང་སྒྱུར། །གཙང་བྱེད་གྱ་གྱུའི་རྒྱུན་ནི་འཐོར་འཐུང་སོགས། ཁ་བའི་འདབ་མ་ལྷ་ཡི་མེ་ཏོག་ཉིད། །བསུང་ཞིམ་འཛག་པའི་ལྗོན་བཟང་ལྷན་སྐྱེས་སྤོས། །རྐང་འཐུང་འབྲས་བུའི་ལྕིད་ལྡན་ལྗགས་སྨིན་བྱེད། །ཙ་ཀོ་ར་དག་དྲི་ཟའི་པི་ཝཾ་རྡུང་། །བྱེའུའི་ཅ་ཅོ་མིའམ་ཅི་ཡི་གླུ། །སྤང་ལྗོངས་ངོས་སུ་མེ་ཏོག་ཚོམ་བུས་མཛེས། །རང་བྱུང་དུར་ཁྲོད་རྣམས་ནི་ཁྱུད་མོར་བསྐོར། །ལྷུན་གྲུབ་གནས་ཀྱི་རང་བཞིན་ནི། །རྣལ་འབྱོར་ལྡན་པ་ཁོ་ནས་མཁྱེན། །བརྟུལ་ཞུགས་གྲུབ་ལ་དགའ་སྐྱེད་པ། །དེ་ན་བསྟི་བའི་སྐལ་པ་ཐོབ། །ད་ནི་གཉིས་པར་བརྗོད་པ་དེ་བསྙད་པར་བྱའོ། །དེ་ལ་ཇི་སྐད་དུ། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་ཐམས་ཅད་འགྲུབ། །ཅེས་དང་། སྐྱེས་པའི་རབས་ལས། ས་བདག་
རྣམས་ནི་ཚིག་གིས་ཏེ། །ལྷ་རྣམས་བསམ་པས་འགྲུབ་པ་ཡིན། །བསམ་གཏན་ལྡན་པ་རྣམས་ཀྱིས་ནི། །སེམས་བསྐྱེད་པ་ཡིས་ཐམས་ཅད་འགྲུབ། །ཅེས་འབྱུང་སྟེ་གང་སུ་ལ་ལེགས་བྱས་ལས་བྱུང་བའི་བསོད་ནམས་ཀྱི་གཟི་བརྗིད་ཚད་མེད་པ་དང་ལྡན་པ་དེས་ནི། སེམས་བསྐྱེད་པའམ། ཚིག་ཙམ་མམ། ཕལ་ཆེར་རྩོམ་པ་ཆུང་ངུས་ཀྱང་དོན་ཆེན་པོ་བདེ་བླག་ཏུ་འགྲུབ་པ་ཡིན་པས་ན། འདིར་ཡང་སེམས་ཅན་ལ་གནོད་པའི་རྐྱེན་ཏུ་འགྱུར་བའམ། ཟིང་ཟིང་པོའི་འདུ་ལོང་ངམ། གཡེར་ཆེན་ཏུ་བསྒྲག་པ་སྐད་ཀྱི་ལས་ཐབས་ལ་མ་བརྟེན་པར་དགོས་པར་བྱ་བ་གང་ཡིན་པ་དེ་རྨི་ལམ་བཞིན་ཏུ་འགྲུབ་པའི་བདག་པོའི་རྐྱེན་དང་། མཐུན་པའི་རྐྱེན་སྟོབ་པ་པོ་ནི། རི་ཁ་བ་ཅན་པའི་བསོད་ནམས་ཆམ་མཁའི་ངོས་སུ། སྙིང་རྗེ་ཉི་ཟླའི་ཤིང་རྟས་འགྲོ་བའི་དཔའ་བོ་ཆེན་པོ་ཞིང་ཀུན་ཏུ་མངོན་པར་གྲགས་པའི་བ་དན་བདུད་ཀྱི་དཔུང་གིས་ཀྱང་བསྙལ་བར་མི་བཟོད་པ། མཁྱེན་བརྩེའི་དཀྱིལ་འཁོར་ཚད་མེད་པར་རྒྱས་པས་ཉིན་མོ་དང་། མཚན་མོའི་གདུང་བ་ཞི་བར་བྱེད་པ་དག་ལས། གཅིག་པ་ནི། གཞན་ཕན་རྣམ་རོལ་ལ་སོགས་པ་སྔོན་ཡང་དག་པའི་མཐའ་ལ་དེ་བཞིན་གཤེགས་པའི་འགྲོས་ཀྱིས་ཡང་ནས་ཡང་དུ་
གཤེགས། ད་ལྟ་སྤྱན་རས་གཟིགས་རྣམ་སྣང་གང་ཆེན་མཚོ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་མངོན་པར་བཀོད་དེ་འདུལ་བ་བཞིའི་ཆོ་འཕྲུལ་ཚད་མེད་པ་བསྟན། ཕྱིས་བསྐལ་བཟང་གི་སྒྲོན་མེ་དྲུག་པ་སེང་གེ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པར་འགྱུར་བ་ལ་སོགས་ཏེ་བསམ་གྱིས་མི་ཁྱབ་བའི་རྣམ་པར་ཐར་པ་རྒྱལ་བ་ཀུན་དང་མཉམ་པ་ཉིད་དུ་བརྙེས་པ། འཇིག་རྟེན་མགོན་པོ་རང་ཉིད་རང་གིས་ཕྱག་མཚན་ཏུ་བཞེས་པའི་ཁ་བ་ཅན་པའི་འདྲེན་པར་མི་འགྱུར་བ་ཕྱག་རྒྱའི་ཅོད་པན་མཐོང་གྲོལ་དབང་སྔོན་གསེར་གྱི་གཤོག་པ་ཅན་གཙུག་ཏུ་བཅིངས་ཏེ་ཡང་དང་ཡང་དུ་འོངས་པ་ལས། ཕྱོགས་རེའི་གྲངས་སུ་གཞལ་བ་དག་གི་རྟོག་ངོར་སྐྱེས་པ་རབས་ཀྱི་ཕྲེང་བ་བཅུ་བཞིའི་ཉག་ཐག་འཛིན་པ། ཐེག་པ་མཆོག་གི་རྡོ་རྗེ་ཞེས་པའི་མཚན་ཙམ་གྱིས་ཀྱང་འཁོར་བའི་བཅིངས་པ་ནི་དགྲོལ། སྲིད་པའི་སྲེད་པ་ནི་གཞིལ། ངན་འགྲོའི་སྒོ་ཆེན་ནི་བཅད། ཐར་པ་ཆེན་པོའི་ལམ་རབ་ཏུ་ཡངས་པར་མཛད་པ་སོགས་སངས་རྒྱས་ཀྱི་མཛད་པ་བདེ་བླག་ཏུ་བསྒྲུབ་ནུས་པ་གང་ཡིན་པ་དེ་ཉིད་དོ། །གཉིས་པའང་གང་ཞེ་ན། འདི་ལྟར་མི་ཡི་ལྷ་སྲོང་བཙན་སྒམ་པོས་དཀོན་མཆོག་གི་རྟེན་བཀོད་ཅིང་བདག་གིར་མཛད་པའི་ཆབ་སྲིད་དང་འབངས་ཀྱི་སྐྱེ་བོ་རྣམས་
འཕགས་པའི་རྣམ་པར་རོལ་པ་དུ་མས་བསྐྱངས་ཤིང་ཐར་པའི་ལམ་དུ་ཡང་དག་པར་འཁྲིད་པར་མཛད་པ་ལས། སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་དམར་པོའི་ཕོ་བྲང་གཞན་གྱིས་ཟིལ་གྱི་མི་ནོན་པའི་མངའ་འོག་ཏུ། རྒྱ་དང་བོད་དང་ཧོར་ལ་སོགས་པའི་སྐྱེ་དགུ་མ་ལུས་པ་བཀར་བཏགས་ཏེ་མཐའ་བཞིའི་སོ་ཁ་འཚོ་བས་འདི་དང་ཕ་རོལ་གྱི་འཇིགས་པ་རྒྱུ་དང་བཅས་པ་ལས་ཟློག་པའི་ཆོ་འཕྲུལ་ཆེན་པོའི་སྣང་བ་བསྟར་ཆགས་པ་དེ་ཉིད་དུ་འཇིག་རྟེན་གསུམ་གྱི་རྣམ་པར་འདྲེན་པ། གནམ་བསྐོས་ཀྱི་སའི་དབང་ཕྱུག །འཕྲུལ་ལྡན་བསོད་ནམས་ཀྱི་ཤིང་རྟ་ལ་མངོན་པར་འཛེགས་པའི་བཀའི་མདུན་ན་འདོན་དག་གི་ཐུགས་བསྐྱེད་པ་དང་། བློ་གྲོས་ཀྱི་འདུན་སྟངས་གཅིག་ཏུ་མཐུན་པར་གྱུར་པ་ལས་ཏེ། སྔ་ཕྱི་གཉིས་ཀའང་གཞན་ལ་ཕན་པ་འབའ་ཞིག་གི་རྗེས་སུ་ཆགས་པའི་ཐུགས་རྗེ་ཆེན་པོ་སྐྱེས་ཏེ། ལས་སུ་བྱ་བ་འདི་དབྱིག་གི་སྙིང་པོ་ལྟར་མ་རྩོལ་བར་ཡང་བདེ་བླག་ཏུ་འགྲུབ་པར་མཛད་པ་དེ་དག་ནི། འདིར་ཡོན་སྦྱོར་བའི་བདག་པོ་སྟེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་གཉིས་པའོ། །རབ་དཀར་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས། །དེ་ན་དཔའ་བོ་སྙིང་རྗེའི་དབང་
ཕྱུག་ཡོད། །དེ་དག་རྣམ་པར་ཐར་ནི་མཐའ་ཡས་ཏེ། །མི་མཉམ་སྟོབས་ཅན་ཕྱོགས་བཅུའི་འདྲེན་པས་བསྒྲགས། །དམ་པའི་སྨན་ཆེན་འགྲོ་བའི་ཟུག་རྔུ་གསོ། །དམ་པའི་ཉི་མས་རྒྱུ་མེད་པར་ཡང་ཕན། །དམ་པའི་ཟླ་བས་ཡིད་ལ་བདུད་རྩིར་བྱེད། །དམ་པ་ནོར་བུ་གང་གི་བསྟེན་རྣམས་འཆིངས། །གཞན་ལ་ཕན་པས་འགྲོ་བའི་དཔའ་བོ་རྣམས། །རང་དོན་བགྱི་བ་ཅིར་ཡང་མ་མཆིས་པས། །བྱ་དཀའི་ཁུར་ཡང་བདེ་བླག་བསྣམ་བྱེད་ན། །གཞན་ལས་ཕྱིར་མི་ལྡོག་པ་སྨོས་ཅི་དགོས། །དཔུང་པའི་འཁྲི་ཤིང་པུཎྜ་རཱི་ཀའི་འཛུམ། །རབ་དཀར་སྙིང་རྗེའི་དཀྱིལ་འཁོར་མཚོན་བྱེད་པ། །རྒྱལ་བ་ཀུན་གྱི་ཕྲིན་ལས་དབང་ཕྱུག་དེས། །ལས་འདིར་ཕྲིན་ལས་པ་བཞིན་དབང་བསྐུར་རོ། །ལྷ་ལྡན་ལུགས་གཉིས་འབྱོར་པའི་གཟི་བརྗིད་ནི། །མ་བཟོད་སུམ་རྩེན་དགུང་དུ་ཕྲོས་པ་བཞིན། །གང་དེའི་བདག་པོ་གཞན་ཕན་སྙིང་སྟོབས་ཅན། །མཐུན་རྐྱེན་ནམ་མཁའ་མཛོད་སྒོ་དབྱེ་ལ་ཞུགས། །གདེངས་ཀ་ཅན་སྐྱེས་ཆར་སྤྲིན་གཞོན་ནུའི་གདུགས། །དབྱར་རྔས་སྐུལ་བའི་རྨ་བྱའི་ཟློས་གར་དང་། །དམ་པའི་ཞོ་ཤས་འཚོ་བའི་དམ་པའི་ལས། །འཇིག་རྟེན་ཀུན་དགར་བྱེད་པའི་དགའ་ཚལ་ཉིད། །ད་ནི་གསུམ་པའི་གྲངས་སུ་སྨོས་པ་དེ་འཆད་
པར་བྱའོ། །དེ་ལ་ཚུ་རོལ་མཐོང་བ་རྣམས་ཀྱིས་ནི་ཚེ་འདིའི་བྱ་བ་ཙམ་བསྒྲུབ་པར་བྱ་བ་ཟད་ལ། སོ་སོའི་སྐྱེ་བོའི་གང་ཟག་རྣམས་ཀྱིས་ནི་ཕ་རོལ་ཏུ་ཡང་དག་པར་འགྲོ་བའི་ལམ་དེ་ཚོལ་བ་དང་མངོན་པར་སྒྲུབ་པར་བྱེད་དོ། །བསྟན་པ་ལ་ཞུགས་པ་རྣམས་ནི་རང་རང་གི་སྐལ་བའི་ཁྱད་པར་བཞིན་ཏུ། ཁ་ཅིག་ཉན་ཐོས། ཁ་ཅིག་རང་སངས་རྒྱས། ཁ་ཅིག་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་དོན་ཏུ་གཉེར་བར་བྱེད་དོ། །དེ་ལ་མཆོག་ཏུ་གྱུར་པ་ནི་ཕྱི་མ་ཁོ་ན་སྟེ་དེར་བགྲོད་པའི་ལམ་སངས་རྒྱས་ཀྱིས་བསྟན་པ་རིང་བ་དང་། ཉེ་བ་དང་། བར་མའི་ཁྱད་པར་མཐའ་ཡས་པ་ནི་དཔེར་ན་ཚོང་དུས་ཆེན་པོར་འགྲོ་བའི་ལམ་སྲང་བཞིན་ནོ། །དེ་དག་ཀྱང་དོན་གཅིག་པ། དགོངས་པ་གཅིག་པ། བསྒྲུབ་བྱ་གཅིག་ལ་མཐར་གྱིས་གཞོལ་ཞིང་འབབས་སུ་ཟིན་ཀྱང་རྡོ་རྗེ་ཐེག་པ་འབའ་ཞིག་བདེ་བ་དང་མྱུར་བའི་ཐབས་ཀྱིས་ཁྱད་པར་དུ་བྱས་པར་ཟད་དོ། །ཐབས་དེ་ལ་བརྟེན་ནས་ལས་ཆེན་བཅུ་དང་གྲུབ་པ་བརྒྱད་ལ་སོགས་པ་ཐུན་མོང་དང་། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། བདེ་ཆེན་མཆོག་ཏུ་མི་འགྱུར་བས་སྤྲས་པ། སྒྱུ་འཕྲུལ་དྲ་བའི་རོལ་མོ་མཐའ་ཡས་པ་གྲུབ་པའི་མཆོག་ཆེན་པོ་དག་ཀྱང་རྡོ་རྗེ་རྩེ་མོའི་རིག་པ་
འཛིན་བདག་གིས་རྒྱུན་མི་ཆད་པར་བསྒྲུབས་སོ། །འགྲུབ་པར་འགྱུར་རོ། །སྒྲུབ་བཞིན་པས་སྲིད་པའི་གདུང་བ་སེལ་བ་ལ་བརྩོན་པ་ཉིད་དོ། །ཐུན་མོང་ནི་དམན་པ་སྟེ། བླ་ན་མེད་པའི་བསྒྲུབ་བྱ་མཆོག་ལ་ཡང་དག་པར་གཞོལ་བ་འདི་ནི་བློ་གྲོས་དང་སྐལ་པར་ལྡན་པ་རྣམས་ཀྱིས་རིགས་པའོ། །དོན་དེ་རྡོ་རྗེ་ཐེག་པ་པ་རྣམས་ཀྱིས་ཚེག་ཆུང་ངུས་ཡུན་ཐུང་ངུར་བདེ་བླག་ཏུ་བྱེད་པའི་ཐབས་ཀྱི་ཁྱད་པར་མཐའ་ཡས་པ་དང་ལྡན་པ་ཡིན་ཏེ། འདི་ལྟར་ལྟ་བ་མ་བཅོས་པ་དང་སྒོམ་པ་མ་ནོར་བ་དང་སྤྱོད་པ་ཟབ་མོ་སྤྱད་པ་བསོད་ནམས་དང་། ཡེ་ཤེས་དང་། འཕོ་བ་མེད་པའི་ཚོགས་ཟུང་དུ་འཇུག་པའི་ཐབས་རེ་རེ་ལ་ཐབས་རྒྱ་མཚོ་འདུ་བ། སྒོ་གཅིག་ལ་སྒོ་ཀུན་འཇུག་པ། བགྲོད་པ་གཅིག་གིས་བགྲོད་པ་ཐམས་ཅད་སྡུད་པ། རྟོག་གེའི་སྤྱོད་ཡུལ་དུ་མ་གྱུར་པའི་ངོ་མཚར་བའི་གསང་བ་རྒྱ་མཚོ་ཡོད་པ་ལས། དཔེར་ན། གྲུབ་པའི་དངུལ་ཆུ་ནི་བསྒྲུབ་བྱ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྟེ། དེ་གང་ལ་རེག་པ་ཙམ་གྱིས་བེམ་པོ་གསེར་དུ་སྒྱུར་བ་དང་། བློ་ལྡན་འཆི་བ་མེད་པའི་བཅུད་ལེན་གྱི་རིག་པ་འཛིན་ཏུ་སྒྱུར་བའི་བྱ་བ་བྱེད་དོ། །དམ་ཚིག་གི་རྫས་ར་ས་ཡ་ན་ནི་དེ་ལ་ས་འབུམ་ཕྲག་དུ་མས་འཕགས་པ་སྟེ།
དཔལ་ཆེན་པོའི་གསང་བ་རྨད་དུ་བྱུང་བ་ཡིན་པས་མྱང་བ་ལྟ་ཅི་སྨོས། དྲི་ཙམ་ཚོར་བས་ཀྱང་ཐུན་མོང་དང་མཆོག་གི་འདོད་པ་བདེ་བླག་ཏུ་འཇོ་བ་ནི་སྐབས་སུ་བབས་པའི་བསྒྲུབ་བྱ་ཉིད་དེ། དེ་ལས་བསྒྲུབ་པའི་གཞི་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལྔ་དང་། ཡེ་ཤེས་གསལ་བའི་སྒྲོན་མེ་ལྔ་ནི་རྒྱུད་ཀུན་ལས་གཙོར་གསུངས་པས། འདིར་ཐོག་མར་དབུས་ཉིད་དུ་བཞག་པ་རྡོ་རྗེ་མི་བསྐྱོད་པའི་རིལ་བུ་བཻ་ཌཱུརྻ་དང་། ཕྱོགས་བཞིར་རྣམ་སྣང་རིལ་བུ་ཟླ་ཤེལ་ཆེན་མོ། རིན་འབྱུང་རིལ་བུ་ཟླ་ཞུན་འཁྱིལ་པ། སྣང་མཐའ་རིལ་བུ་པདྨ་རཱ་ག །དོན་གྲུབ་རིལ་བུ་གཡུ་ཞུན་འབར་བ་རྣམས་ནི་ཨཱ་ཙརྻ་པདྨ་སཾ་བྷ་བ་དང་། ལས་ཅན་བུད་མེད་རྣམས་ལྔས་མཚོན་རིག་འཛིན་རྩལ་འཆང་འཕགས་པའི་ས་ལ་ངེས་པར་བཞུགས་པ་འབའ་ཞིག་པའི་སྐུའི་ཆ་ཤས་ལས་སོ་སོར་ཕེབ་པ་གོང་བུ་གཅིག་ཏུ་འདྲིལ་བ་རྣམས་དང་། སླར་ཡང་དབུས་དང་མཚམས་སུ་སྐྱེ་བ་བདུན་པའི་བམ་རིགས་མང་པོ་གཙོ་བོར་གྱུར་པའི་རྡོ་རྗེའི་མཱཾ་སའི་རིལ་བུ་ས་ལེ་སྦྲམ། གྷོ་ར་ཁྱད་པར་ཅན་གྱི་ཆ་ཤས་བཅས་དངོས་སུ་འབྱོར་བ་དེ་དག་གི་བཞུགས་ཚོགས་མྱོང་གྲོལ་དཀར་ཆག་མཐོང་བ་དོན་ལྡན་གྱི་སྐབས་གཉིས་པར་ཇི་སྐད་བཤད་པ་དག་ལ། སྐྱོབས་
སུ་རྩ་བ་བརྒྱད་དང་ཡན་ལག་སྟོང་གི་འཕྲད་སྩལ་བའང་། སྔོན་དཔལ་ཆེན་པོས་རུ་ཏྲ་བཏུལ་ཞིང་རྣམ་པར་སྨིན་པའི་ཕུང་པོ་རྡོ་རྗེ་བདུད་རྩིར་བྱིན་གྱིས་བརླབས་པ་དེའི་ཚེ། ཟག་པའི་རྫས་ཡན་ལག་བརྒྱད་ལྡན་གྱི་མཚོར་ལྟུངས་པ་ལས་དཔག་བསམ་ཤིང་སྦྲུལ་གྱི་སྙིང་པོ་རྩ་བ་མཱུ་ལ་པ་ཏི་ལ་སོགས་པ་བརྒྱད་ལ། ཡན་ལག་རི་དང་ཐང་དང་ཆུ་དང་ནགས་སོགས་སྡེ་ཚན་གྱིས་དབྱེ་བའི་སྨན་གྱི་རྣམ་གྲངས་སུ་ལྷུན་གྱིས་གྲུབ་པ་ཕྱིའི་རྩ་བརྒྱད་སྟོང་སྦྱར་དེང་སང་འཕགས་པའི་ཡུལ་དང་། བལ་པོ་དང་། བོད་ལ་སོགས་པའི་ཡུལ་འཁོར་ཆེན་པོ་རྣམས་ལས་འབྱུང་བ་དག་ངོས་འཛིན་མ་འཁྲུལ་བས་ཁུངས་དང་ལྡན་ཅིང་། མི་མཐུན་པའི་ཕྱོགས་ཀྱིས་མ་བཅོམ་པ་དང་ཡོན་གཞལ་བ་སོགས་རྒྱུ་དང་དངོས་པོའི་སྒོ་ནས་གཙང་ཞིང་དག་པར་སྦྱར། ཡབ་ཀྱི་རྒྱུ་བཞི་དང་ཡུམ་གྱི་རྐྱེན་བཞི་ལས་དགའ་བའི་ཡན་ལག་རྩ་དང་རླུང་གི་གྲངས་སྙེད་དང་ལྡན་པའི་ནང་གི་རྩ་བརྒྱད་ཡན་ལག་སྟོང་སྦྱར་དམིགས་པའི་བྱེད་པ་དང་དམ་རྫས་ཀྱི་རྒྱུན་ཁྱད་པར་ཅན་དུ་མས་ཁྱབ་པར་སྦོལ། རྣམ་པར་ཤེས་པའི་ཚོགས་བརྒྱད་ཉོན་མོངས་པའི་བྲན་དང་བཅས་པ་ཡེ་ཤེས་ཀྱི་རོལ་བར་དག་པས་འཁོར་འདས་སྣང་སྲིད་གཞིར་བཞེངས་ཐམས་ཅད་བདུད་
རྩིར་གདོད་ནས་དག་པ་གསང་བའི་རྩ་བརྒྱད་སྟོང་སྦྱར་དག་མཉམ་ཡོངས་ཤེས་ཀྱི་དགོངས་པས་བྱིན་གྱིས་བརླབས། བཅུད་ལྡན་གྱི་ཟས་ལ་ལན་ཚྭའི་ཁུ་བ་བཞིན་བསྒྲུབ་བ་ནུས་པ་འབྱིན་ཅིང་མ་བསྒྲུབས་པར་ཡང་བྱིན་གྱིས་རློབས་པའི་མྱང་གྲོལ་གྱི་རྫས་སྔོན་ཆད་ས་སྟེང་དུ་འབྱུང་བའམ་ལོངས་སྤྱོད་པ་མཐོང་བའམ་ཐོས་པ་ལྟ་ཞོག །མཚན་ཙམ་ཡང་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པ་དཔེ་དང་བློའི་སྤྱོད་ཡུལ་ལས་འདས་པ་དག །སྙིགས་མའི་དུས་སུ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་རྗེ་མྱུར་བའི་ཞལ་བཞེས་ལས་མི་འདའ་བར་སྟོན་པ་དང་། དད་མོས་ཀྱི་ཉེར་ལེན་ལས་བྱུང་བའི་རྣམ་དཀར་འབྲས་བུ་ཆུད་མི་ཟ་བར་མཚོན་པ་དང་། སྐྱེས་བུ་ཆེན་པོ་རྣམས་ཀྱི་ཐུགས་བསྐྱེད་དུས་ལས་ཡོལ་བ་མ་ཡིན་པར་སྟོན་པའི་སླད་དུ། ལས་འཕྲོ་གཏེར་གྱི་རྒྱ་ཐོབ་པ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་རིན་ཆེན་བྲག་གི་བག་མ་ནས་རྡོ་རྗེའི་རྒྱ་བཀྲོལ་ཏེ་སྤྱན་དྲངས་ཤིང་བསོད་ནམས་གསེར་གྱི་ཡོལ་གོར་བསམ་འཕེལ་ནོར་བུའི་རྒྱལ་པོ་རྣམས། དམིགས་པ་མེད་པའི་ཐུགས་རྗེས་ཆགས་པ་མེད་པའི་གཏོར་བ་ཆེན་པོར་སྩལ་བ་ནི་དབུལ་པོས་རྨི་ལམ་ན་ནོར་བུ་རྙེད་པ་བཞིན་ཏེ། ཇི་སྙེད་ཐོབ་པ་དེ་དག་ཀྱང་བདག་གིར་ཡོངས་སུ་བཟུང་
བས་ནི་རྒྱ་ཆེན་པོའི་དོན་ཏུ་འགྱུར་བ་མ་ཡིན་པས། འགྲོ་བ་མཐའ་ཡས་པ་ལ་ཕན་པར་སེམས་བསྐྱེད་དེ་བདུད་རྩི་ཕུར་མའི་ཕུང་པོ་དང་རོ་གཅིག་ཏུ་གཏམས་པ་ནི། མདོ་ཁམས་སྡེ་དགེ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོའི་རྫོང་ཆེན་རྣམས་ལས་ཐོག་མ་གང་ཡིན་པའི་ཡུལ་གྱི་མགོ་བོ། ཤོད་ཆེན་རྣམས་ཀྱི་ཡ་གྱལ། སྨན་ཤོད་འཛོམ་ནང་བྲག་དཀར་ཡང་རྩེ་ནས་སྙིང་ཏིག་རྣམ་གཉིས་དང་ལྷན་ཅིག་སྤྱན་དྲངས་པ་ཨརྨ་གརྡྷའི་གའུ་ལས་བྱོན་པ། དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བསྟན་པའི་བཙས། ངན་འགྲོའི་སྡུག་བསྔལ་ལས་སྒྲོལ་བའི་གྲུ་བོ་ཆེ། བཙན་ཐབས་འོད་སྐུར་སྒྲོལ་བའི་སྨན། དམ་རྫས་མྱང་གྲོལ་ཀུན་གྱི་རྒྱལ་པོ་མ་བྱོན་མི་འབྱོན་འབྱོན་པར་མི་འགྱུར་བ། རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་འཇའ་ལུས་འོད་སྐུར་གཤེགས་པའི་ཐུགས་ཀྱི་དངས་མ་ནོར་བུའི་གདུང་དུ་བྱིན་གྱིས་བརླབས་ནས་མཁས་པ་ཤྲཱི་སི༚་ཧའི་ཕྱག་ཏུ་བབས་པ་དང་། གུ་རུ་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། མདོ་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ། འཛོམ་ནང་གནས་ཀྱི་མཐིལ་བདེ་ཆེན་པདྨ་ཤེལ་ཕུག་ནས་རྫོགས་ཆེན་སྡེ་གསུམ་དང་ལྷན་ཅིག་སྤྱན་དྲངས་པ་རིག་འཛིན་ཤྲཱི་སི༚་ཧས་བསྒྲུབས་པའི་བདུད་རྩི་ཆོས་སྨན།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལོ་ཆེན་བཻ་རོ་ཙ་ནའི་དབུ་སྐྱེས། གུ་རུའི་རྫོང་ཆེན་བརྒྱད་ཀྱི་ཡ་གྱལ་ཆམས་གཤིས་ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཐེག་པ་དགུ་འབྲེལ་དང་ལྷན་ཅིག་སྤྱན་དྲངས་པ། པ་ཆེན་བི་མ་ལ་མི་ཏྲའི་བདུད་རྩི་ཆོས་སྨན་གྱི་རིལ་བུ། ཨོ་རྒྱན་སློབ་དཔོན་ཆེན་པོའི་ཤངས་མཚལ་དང་གསང་གོས་དུང་གི་མདོག་ཅན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རུས། ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་དྲི་མེད་ཀྱི་མཐོང་གྲོལ་དུམ་བུ། ཡེལ་ཕུག་ནམ་མཁའ་མཛོད་ཀྱི་གུ་རུའི་ གསང་ཕུག ་ཆེན་པོའི་སྒོ་གོང་བྲག་སྦྱར་གྱི་ཁྲོའི་སྒྲོམ་བུ་ཕྱུང་དུ་མི་བཏུབས་པ་ནས་དྷཱ་ཀི་མ་ཧཱ་སུ་ཁ་དང་ཟུང་དུ་འབྲེལ་བས། གུ་རུའི་སྐུ་ཚབ་རྣམ་གཉིས། གསང་བའི་མགོན་པོའི་སྐུ་རྟེན། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་དང་འབྲེལ་བའི་བོད་ཁམས་ཕན་བྱེད་ཀྱི་ཆོས་སྡེ་དགུ། གསང་མགོན་སྐོར་དགུ་ཟབ་བདུན་གྱི་ཆ་ལག་ཡང་ཟབ་གནད་ཟབ་སོགས་ཟབ་ལ་རྒྱ་ཆེ་བའི་གདམས་སྐོར་དཔག་ཏུ་མེད་པ་དང་ལྷན་ཅིག་སྤྱན་དྲངས་པ། གུ་རུ་ཡབ་ཡུམ་ཟག་མེད་བདེ་ཆེན་རོལ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་རང་བྱོན་པ། མཐོང་གྲོལ་མྱང་གྲོལ་ཚོར་གྲོལ་རེག་གྲོལ་དུ་བསྔགས་པའི་དམ་རྫས་རོལ་
པ་ཆེན་པོ་ཡིག་འབྲུ་སྣ་ཚོགས་ཀྱི་རྟགས་རྒྱ་རང་བྱོན་ཏུ་གསལ་བ། འོག་མིན་ཀརྨའི་གནས་ཆེན་པོའི་ཟླ་གམ་དབང་ཆེན་ཕོ་བྲང་གི་རྒྱབ་ངོས་དམ་ཅན་མཁར་གྱི་གཡས་ཟུར་གོང་མོ་འདྲ་བའི་བྲག་ནས་གནམ་ལྕགས་ཀྱི་ཕུར་སྒྲོམ་ཁྲུ་གང་པ་ལས་དམ་ཆོས་ཟབ་པ་སྐོར་བདུན་དང་ལྷན་ཅིག་སྤྱན་དྲངས་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་དབུ་ལོ། ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱིས་ཡ་གྱལ་རི་བོ་དབང་ཞུ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་སྐོར་གསུམ་དང་ལྷན་ཅིག་སྤྱན་དྲངས་པ་འཕགས་པ་ཐུགས་རྗེ་ཆེན་པོས་ཨོ་རྒྱན་རིན་པོ་ཆེ་ལ་སྩལ་བ་དམ་རྫས་སྡུག་བསྔལ་ཞི་བྱེད་འཁོར་བ་དོང་སྤྲུགས། འཛི་ལུང་མཁའ་འགྲོ་ཤེལ་ཕུག་ནས་རྒྱལ་བ་མཆོག་དབྱངས་ཀྱི་སྙན་ལུང་སོགས་དང་ལྷན་ཅིག་སྤྱན་དྲངས་པ་མཁན་ཆེན་བོ་དྷི་སཏྭའི་སྐུ་ཆོས། འབྲི་ཀླུང་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པའི་གོང་མོ་འོག་མ་ནས་སྐུ་ཚབ་མཐོང་གྲོལ། རྡོར་སེམས་སྐུ་རྒྱན་དམ་ཆོས་ཤོག་སྡེ་དྲུག་པ་སོགས་དང་ལྷན་ཅིག་ཁྲོམ་གཏེར་དུ་སྤྱན་དྲངས་པ། རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེའི་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩིའི་ཕབ་རྒྱུན། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཤེས་རབ་རིལ་
བུ། བཀའ་བབས་རིག་འཛིན་ཆེན་པོ་བརྒྱད་ཀྱི་བདུད་རྩི་ཆོས་སྨན། སློབ་དཔོན་སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། དྲང་སྲོང་རིག་པའི་ཡེ་ཤེས་ཀྱི་སྨན་གྱི་རིལ་བུ། ཐུགས་རྗེ་ཆེན་པོའི་མ་ི་རིལ་བུ། སྐྱེ་བདུན་སྐུ་ཤའི་རིལ་བུ། སྟོན་པ་ཐུབ་པའི་དབང་པོའི་སྐུ་ཆོས། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཆགས། དུས་གསུམ་མཁྱེན་པ་གུ་རུ་རིན་པོ་ཆེའི་གསང་གོས། ཟབ་བེར། ལྷ་ལྕམ་མནྡཱ་ར་བའི་ན་བཟའ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ཀཱ་ནི་ཀཱ་རྡོ་ཚོས་མ། གྱི་ན་བཟའ་དང་གསང་གོས་དཀར་པོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ན་བཟའ། ལྡང་གུ། གསེར་མ། གསེར་མདོག་ལོ་ཆེན་མཐིང་ཁ་བཻ་རོ་ཙ་ནའི་སྐུ་ཆོས་རྣམས་དང་། མཁའ་འགྲོའི་བྲོ་རའི་དབང་སྔོན། རྒྱབ་ངོས་ནས་རྣམ་སྲས་སྐུ་རྟེན་དང་ལྷན་ཅིག་སྤྱན་དྲངས་པ་ཨོ་རྒྱན་རྗེ་འབངས་ཉེར་ལྔ་དང་བཅས་པས་བསམ་ཡས་མཆིམས་ཕུར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་བསྒྲུབས་པའི་བདུད་རྩི་ཆོས་སྨན། སེང་ཕུ་སྨན་གྱི་རི་བོ་ནས་བཞེས་པའི་ཙནྡན་དཀར་དམར་ཁྱད་ཅན། གཏེར་གནས་འགའ་ཞིག་ནས་བྱོན་པ་རི་བོ་པོ་ཏ་ལའི་ས་རྡོ་ཆུ་ཤིང་མྱང་གྲོལ་ཚོར་གྲོལ་ཨོ་རྒྱན་ཡབ་ཡུམ་གྱི་ཕྱག་བྲིས་བྱང་སེམས་ཀྱིས་དགོས་པ་སོགས་
ཤོག་སེར་རིགས་མི་གཅིག་པ་མང་པོའི་ཚལ་བ། གཏེར་སྒྲོམ་སྐུ་ཚབ་སོགས་ལྕིབས་བྱེད་ཨོ་རྒྱན་ག་ཛ་ནཱིའི་སིནྡྷཱུ་ར་གྲོག་མའི་རྐང་ལག་ཙམ་ཁར་མྱང་ན་ངན་སོང་དུ་མི་འགྲོ་བར་གསུངས་པ་དང་། ཅུ་གང་དང་ག་བུར་ཁྱད་ཅན། ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་སྤྱན་དྲངས་པའི་ཤེལ་གྱི་གའུ་ལས་བྱོན་པ་ཨོ་རྒྱན་ཡབ་ཡུམ་གྱིས་བསྒྲུབས་པའི་འཆི་མེད་ཚེའི་རིལ་བུ་བཅས། སྲེག་ཟའི་སྡོང་པོ་ཅན་སྒྲ་རྒྱལ་འབྲུག་གི་གནམ་ཁོ་ཤར་བ་ཕན་ཆད་དུ་འགྲོ་བའི་དོན་ཏུ་ཇི་ལྟར་བདག་གིར་མཛད་པའི་ཡིད་བཞིན་ནོར་བུའི་རྒྱལ་པོ། ངན་འགྲོའི་སྒོ་མཐའ་དག་བཅད་པའི་གླེགས་བུ། འཁོར་བའི་གཅོང་ནད་གློ་བུར་དུ་འབྱིད་པའི་སྨན་ཆེན་པོ། གདོད་མའི་ས་ལ་བཙན་ཐབས་སུ་འཁྲིད་པའི་འཁྲུལ་འཁོར་ཚན་པོ་ཆེའི་སྟོབས་བརྙེས་པ་དག །རྣམ་བྲོས་བུའི་མཛོད་རིན་ཐང་མེད་པའི་རིན་པོ་ཆེའི་གཏེར་གྱིས་གཏམས་པ་ལྟར་ཕྱོགས་གཅིག་ཏུ་རབ་ཏུ་ཚོགས་པ་ནི། འདིར་བསྒྲུབ་བྱའི་དམ་རྫས་ཆེན་པོ་སྟེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་གསུམ་པའོ། །བསོད་ནམས་བློ་གྲོས་ཁྱད་པར་གྱིས། །འབད་པ་ཙམ་དུ་མཐུན་ན་ཡང་། །བསྒྲུབ་བྱ་མཆོག་དམན་མཐའ་ཡས་པས། །ཕལ་ཆེར་ངལ་བ་འབྲས་བུར་ཐོབ། །
རྨོངས་པས་འཁོར་བའི་སྡུག་བསྔལ་སྒྲུབ། །བློ་ངན་ལོག་པའི་ལམ་ལ་ཞུགས། །བློ་ཆུང་རང་དོན་སྒྲུབ་པར་ཡང་། །ཐམས་ཅད་མཁྱེན་པས་རབ་ཏུ་སྨད། །བློ་ལྡན་ཙམ་དུ་མཚུངས་པར་ཡང་། །སྐལ་པའི་ཁྱད་པར་ཤིན་ཏུ་ཆེ། །མི་ཀུན་མཐོ་རིས་མཚུངས་སྤྱོད་ཀྱང་། །ས་བདག་དཔལ་ལ་འགྲན་མི་བཟོད། །གཞན་ཕན་རྨངས་བརྟན་ཐབས་ཀྱི་ཁྲི་འཕང་མཐོ། །ཤེས་རབ་བུམ་པ་ཟུང་འཇུག་རྩེ་མོས་བརྒྱན། །ཐེག་མཆོག་མཆོད་སྡོང་གང་གིས་སྒྲུབ་བྱེད་པ། །དེ་ལ་རྡོ་རྗེ་འཆང་གིས་རབ་ཏུ་བསྔགས། །ཇི་ལྟར་བསོད་ནམས་ཤེ་མོང་དར་དྲགས་པས། །དེད་དཔོན་རིན་ཆེན་གླིང་དུ་ཞུགས་པས་ནི། །ཆོ་གའི་འཁྲུལ་འཁོར་མཐའ་དག་ཟིལ་གྱིས་ནོན། །བསྒྲུབ་བྱ་དེས་ཀྱང་འཇིག་རྟེན་ཀུན་དགར་བྱེད། །གསང་བའི་སྙིང་པོ་བདུད་རྩི་རྣམ་དག་གི། དགོངས་པའི་རྒྱལ་པོས་སྣང་སྲིད་དེར་སྒྲུབ་པ། །སྒྲུབ་ཐབས་མཆིངས་བུའི་ཕུང་པོས་ཟིལ་མི་ནོན། །བསྒྲུབ་བྱའི་ནོར་བུས་འཇིག་རྟེན་ཕན་བདེ་སྤེལ། །འཕགས་པའི་ཡུལ་ནས་བྱུང་བའི་སྨན། །དྲང་སྲོང་ཕལ་པའི་སྦྱོར་བས་ཀྱང་། །ལུས་སྲོག་མངོན་སུམ་འཚོ་བའི་ཕྱིར། །སྐྱེ་དགུ་དགའ་བས་བསྟན་བྱེད་ན། །རྒྱལ་དང་གྲུབ་བའི་བདུད་རྩིའི་ཆ། །སྨན་གྱི་ཆར་རྒྱུན་མཉམ་
འདྲེས་པ། །གསང་སྔགས་བདེན་པའི་བྱིན་རླབས་ཅན། །སྲོག་གི་ཟུངས་སུ་ཅིས་མི་བསྟེན། །ད་ནི་བཞི་པར་སྨོས་པ་དེ་འཆད་པར་སྤྲོ་བས་ཡང་དག་པར་རབ་ཏུ་བཤད་པར་བྱའོ། །ཇི་ལྟར་འཇིག་རྟེན་ན་དོན་ཏུ་གཉེར་བ་ཐམས་ཅད་ཕྱོགས་གཅིག་ཏུ་འཇུག་པའི་གཞི། ཁང་བཟང་རིན་པོ་ཆེས་བརྒྱན་པའི་གྲོང་ཁྱེར་ཉམས་དགའ་བར། འབྱོར་བའི་བྱེ་བྲག་མ་ཚང་བ་མེད་པའི་འདུ་ལོངས་ཅན། དེར་ཕྱིན་པ་ཐམས་ཅད་ནི་རྟག་ཏུ་མི་ཉམས་པའི་བདེ་བ་འཐོབ་པར་འགྱུར་ལ། འགྲོ་བའི་ལམ་རིང་བ་དང་ཉེ་བའི་བྱེ་བྲག་མང་ཞིང་དེར་ཡང་འཇིགས་པ་དང་བཅས་པ་ཞིག་ཡོད་པར་གྱུར་ལ། ཕྱོགས་དེ་ན་སྐྱེས་བུ་མཁས་པ་མཛངས་པ་བློ་གསལ་བ་ཡིད་གཞུངས་པ་ཞིག་ཀྱང་མཆིས་པར་གྱུར་པ། དེས་དེར་བགྲོད་པ་ལ་དུངས་ཤིང་རིང་སྟེ། དཔུང་དང་ཐབས་ཀྱི་ཁྱད་པར་དུ་མ་ཉེ་བར་བསྡོགས་ནས་མྱུར་དུ་ཕྱིན་པའི་ལམ་གང་ཡིན་པ་ལ་ཞུགས་ཏེ་བདེ་བླག་ཏུ་མངོན་པར་འདོད་པའི་གནས་ག་ལ་བར་ཕྱིན་ཅིང་ཡུལ་གྱི་བདུད་རྩི་སྟེན་པར་བྱེད། བསོད་ནམས་དང་འབྱོར་བའི་ཁྱད་པར་ལ་སྤྱོད་པར་བྱེད། བགས་ཀྱིས་ཡུལ་འཁོར་དང་བཅས་པའི་བདག་པོའི་དབང་ཕྱུག་གང་ཡིན་པ་ལའང་མངོན་པར་སྦྱོར་བར་བྱེད་དོ། །དེ་བཞིན་
ཏུ། སངས་རྒྱས་ཀྱི་རྗེས་སུ་ཞུགས་པ་རྣམས་ནི་ཡེ་ཤེས་རིན་པོ་ཆེའི་ཁང་བཟང་གིས་བརྒྱན་པའི་ཐར་པ་ཆེན་པོའི་གྲོང་ཁྱེར། གཏན་གྱི་བདེ་བ་ལས་མི་གཡོ་མི་འགྱུར་བར་བགྲོད་པའི་དོན་མཐུན་པ་ལས། དབང་པོའི་ཁྱད་པར་གྱིས་ཐེག་པའི་ལམ་རིང་བ་དང་ཉེ་བའི་བྱེ་བྲག་མི་མཐུན་པའི་ཕྱོགས་ཀྱི་འཇིགས་པ་དང་བཅས་པ་དག་ལས། གང་དབང་པོ་རབ་ཏུ་གྱུར་པ་རྣམས་ནི་ཐབས་ལ་མཁས་པའི་དཔུང་དང་བཅས་ཏེ་ཤིན་ཏུ་གསང་བའི་ལམ་རིང་བ་མ་ཡིན་པ་དག་ལ་བརྩོན་པ་རབ་ཀྱི་མཐའ་ཡིས་བགྲོད། བཅིངས་གྲོལ་མེད་པའི་གནས་པས་སྤང་བླང་དང་བྲལ་བའི་འདོད་ཡོན་གྱི་བདུད་རྩི་བསྟེན། སྒྱུ་འཕྲུལ་དྲྭ་བའི་འབྱོར་པ་ལ་ལོངས་སུ་སྤྱོད། མཐར་གྱིས་དབང་ཕྱུག་ཆེན་པོ་སྐུ་བཞིའི་རང་གནས་མངོན་ཏུ་བྱེད་དོ། །དེ་ནི་ཤིན་ཏུ་དཀའ་བ་བྱེད་པ་སྟེ་བསོད་ནམས་དང་ལྡན་པ་རྣམས་ལ་ནི་བདེ་བླག་ཉིད་དུའོ། །བདེ་བླག་ཏུ་བྱ་བ་རྫོགས་ལྡན་ལ་སོགས་པར་སྣང་བར་མ་གྱུར་པ་གང་ཡིན་པ་དེ་དུས་ཀྱི་མཐར་རབ་ཏུ་གསལ་བས་སྔགས་པ་རྣམས་ལ་བློ་གྲོས་ཀྱི་འབྲས་བུ་སྟེར་བ་སྟེ་སྔགས་ཀྱི་མཐུ་ནི་དེ་འདྲའོ། །གང་སངས་རྒྱས་རྣམས་ནི་ལྐོག་ཏུ་གྱུར་ཀྱང་མངོན་སུམ་པ་སྟེ། དམ་པའི་ཆོས་ལ་སྐྱེས་པའི་
རབ་དུ་མར་ཡིད་གདུང་བ་ཐོབ་པའི་རྒྱུ་མཐུན་གྱིས་འབྲས་བུ་ཚེ་རབས་འདིར་ཡང་འབྲལ་བར་མ་གྱུར་པ་རྣམས་ལ་ཐུགས་རྗེ་ཆེན་པོས་དགོངས། སྔ་ན་མ་མཆིས་པའི་གསང་བ་ཟབ་མོ་དག་ཀྱང་ནམ་མཁའི་ལམ་ནས་སྒྲ་དང་། རིའི་སུལ་ནས་གླེགས་བམ་ལ་སོགས་པའི་གཏེར་ཐོབ་པར་མཛད་དེ། དེ་ལ་ལོངས་སྤྱོད་པའི་སྐལ་པ་དང་ལྡན་པ་དེ་ནི་བདེ་ཆེན་མཆོག་མི་འགྱུར་བའི་གོ་འཕང་ལ་ཕྱོགས་པ། སྦྱོར་བའི་ལམ་གྱི་རྩེ་མོར་མངོན་པར་འཛེགས་པ་སྟེ་དེ་བཞིན་གཤེགས་པས་མཁྱེན་ཏེ་བསྡགས་སོ་བསྐུར་རོ། །གཏེར་ཆེན་པོ་བཞིའམ་བརྒྱད་ལ་སོགས་པའང་གཅིག་ཐོབ་ན་ཀུན་ཐོབ་པར་འགྱུར་བ་སྟེ་ཟབ་མོའི་མཛོད་དེ་དང་། བདག་པོའི་དབང་ཕྱུག་དེ་དག་ནི་སྙིགས་མ་ལྔ་བདོ་བའི་ཞིང་དུ་སངས་རྒྱས་འཇིག་རྟེན་ཏུ་འབྱུང་བའམ། ཨུ་དུམྦ་རའི་མེ་ཏོག་ལྟར་རབ་ཏུ་དཀོན་པའོ། །ཅི་ཚུལ་དེ་ལྟ་བུ་ནི་མདོ་ཁམས་ཀྱི་ལྗོངས་ཁོ་ནར་སླང་ལ་ཤྭ་མང་བརྡོལ་བ་ལྟར་གློ་བུར་དུ་རབ་ཏུ་མང་པོ་འབྱུང་བ་ཞིག་པས་ཁྱོད་ལ་སུ་ཞིག་དཀོན་ཙ་ན། དེ་ལ་བདུད་རིས་ཀྱི་ལྷ་དང་འབྱུང་པོའི་བྱིན་རླབས་ལས་བྱུང་བ་དམ་པའི་གཟི་བརྗིད་མི་གཟོད་པ་དང་། བཀའ་བཞིན་དུ་རྡོ་མི་ཐོགས་ཏེ་བརྟུལ་ཞུགས་
འཆོལ་བར་སྤྱད་པས་ནོངས་པ་དང་། མིའི་ཆོས་བླ་མ་སྐྱབས་སུ་བཅོལ་ནས་རང་དང་གསང་བ་ཟབ་མོ་ལྟོ་རྒྱབ་ཀྱི་ཡང་ཟོང་དུ་འཚོང་བ་སྟེ། ཁོང་དུ་སྦས་པའི་ཟོལ་གྱི་སྦྱོར་བ་རིང་པོར་མ་ཐོགས་པར་རང་ཉིད་ཀྱིས་བརྟོལ་བ་དེ་དག་ལ་སྐྱེ་བོ་ཕལ་པའང་བཞད་གད་ཀྱི་གནས་སུ་བྱེད་པ་ཞིག་ན། དཔྱོད་ལྡན་སུ་ཞིག་ཡིད་བརྟོན་པར་འགྱུར། མངོན་སུམ་དང་རྗེས་སུ་དཔག་པའི་གཏན་ཚིག་གིས་ཡང་དག་པར་ཚད་མར་གྱུར་ཅིང་དཔང་དུ་གྱུར་པ། ངེས་དོན་གྱི་གསུང་རབ་དང་མཐུན་ཅིང་ལུང་དང་རིགས་པའི་གནོད་པས་མི་བརྫི་བ། སོ་སོ་སྐྱེ་བོས་བསྒྲུབ་པར་མི་ནུས་ཤིང་བསམ་གྱིས་མི་ཁྱབ་པའི་གནས་ལ་བདེ་བླག་ཏུ་སྤྱོད་པ། དུས་འདི་དང་གནས་སྐབས་འདི་ལྟ་བུའི་རྒུད་པ་གང་ལ་ཅི་འདུལ་དུ་གསོ་བ་ལ་སྨན་པ་མཁས་པས་ནད་ཀྱི་ཟུག་རྔུ་བཅོས་པ་བཞིན་ཐབས་ལ་མཁས་པ་དེ་ནི་ཁོ་བོ་ཅག་ལ་སངས་རྒྱས་དང་མཚུངས་པར་ཤིན་ཏུ་དཀོན་པ་སྟེ། དེ་ལྟ་བུའང་། སངས་རྒྱས་ཀྱི་མཐུ་དང་། གདུལ་བྱའི་བསོད་ནམས་དང་། རང་ཉིད་ཀྱི་སྨོན་ལམ་དུས་སུ་སོན་པས་གྲུབ་པའི་རིག་འཛིན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཞེས་བྱ་བ་ཞིག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་དགོངས་པའི་རྩལ་ལས་ཐོན་ཏེ། །
ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱིས་གནས་ངང་ཡུལ་དང་ཞིང་ལ་སོགས་པར་དངོས་དང་རྣམ་པར་འཕྲུལ་པས་རྒྱུ་ཞིང་། དགོངས་པའི་མཛོད་དང་། བྲག་གི་རྫོང་དང་། ཆུ་གཏེར་ཆེན་པོའི་མཇིངས་ལ་སོགས་པ་ནས་མཁའ་འགྲོའི་ཁ་རླངས་དང་བྱིན་རླབས་ཀྱི་བསུང་ཞིམ་ལྷན་ཅིག་པར་འཐུལ་བའི་ཆོས་དང་། དམ་རྫས་དང་གསང་བ་གསུམ་གྱི་རྟེན་མཐའ་ཡས་པ་བདག་གིར་བཞེས་ཏེ། གངས་རིའི་ལྗོངས་ཀྱི་འདྲེན་པ་ཆེན་པོ་རྣམས་ཀྱི་ཡང་འདྲེན་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་འོད་ཀྱི་ཤིང་རྟ་གླིང་བཞིའི་ཁོངས་སུ་འགྲོ་བར་བརྩམས་པ་ན། ཁོ་བོ་ཅག་ལྟ་བུ་ཡང་སློབ་དཔོན་ཆེན་པོའི་བཀས་སྐལ་ལྡན་གྱི་གྲངས་སུ་དབུགས་ཕྱུང་ཞིང་། སྔོན་ཆད་ས་སྟེང་དུ་མ་གྲགས་པའི་གསང་བ་ཟབ་མོ་མངོན་པར་འདོད་པ་མཐའ་དག་དུས་མཁྱེན་པས་རེ་བ་བཞིན་ཏུ་སྩལ་བར་མཛད་པའི་རྣམ་གྲངས་བརྗོད་པར་དཀའ་བ་དང་། བརྗོད་པའི་སྐབས་སུ་མ་བབས་པ་ཇི་སྙེད་པ་དག་ལས། འདིར་དཔལ་ཀརྨའི་སྒྲས་བླ་དྭགས་སུ་བོད་པའི་ས་སྤྱོད་གསུང་གི་འཁོར་ལོ་བྲག་གི་ཁང་བཟང་ཟླ་བ་གམ་པའི་དབྱིབས་སུ་སྣང་བའི་རྒྱབ་ངོས་ནས་གསང་བའི་རྒྱ་བཀྲོལ་བ། གནམ་ལྕགས་ཕུར་བུའི་སྒྲོམ་བུ་ནས་རང་བྱུང་རིན་པོ་ཆེའི་བྱང་བུ་དབྱིབས་
ཐ་དད་པ་འཕྲུལ་ཆེན་བརྡའི་ཡི་གེས་སྤྲས་པ། རྣམ་པའི་བྱེ་བྲག་གཅིག་ཙམ་ལའང་ངེས་པའི་ཐིག་ལེ་འབུམ་ཕྲག་སྙེད་ལས་འཕྲོའི་དབང་པོ་ལ་སྣང་བས་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ལ་དབང་ཐོབ་པའི་ཆོ་འཕྲུལ་མངོན་པར་འདུ་མཛད་ནས་དུང་གི་གླེགས་བུའི་ངོས་སུ་གཏན་ལ་ཕབ་སྟེ། ཇི་ལྟར་རྒྱལ་པོ་ཛཿམི་ལས་སྐལ་པ་དང་ལྡན་པའི་ཁང་ཐོག་ཏུ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབས་པ་ན་བསྟན་པའི་དབུ་བརྙེས་པ་བཞིན། གཉགས་ཆེན་དྲི་མེད་ཟླ་ཤར་གྱི་སྤྲུལ་པའི་སྐུ་སོགས་སྐལ་ལྡན་རྣམས་ཀྱི་བསོད་ནམས་བགོ་སྐལ་དུ་རྒྱུད་དང་མན་ངག་ཟབ་པའི་སྐོར་ཆེན་པོ་བདུན་གྱི་གསང་བ་མངོན་ཏུ་ཕྱུངས་པ་རྣམས་ཀྱི་ཆེས་རྩེ་མོར་ཕྱིན་པ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་བླ་མ། གྲུབ་མཐའ་ཐམས་ཅད་ཀྱི་སྤྱི་གཞི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། བཀའ་མར་གྲགས་པའི་གཏམ་གྱི་ཆ་ཤས་ཙམ་གྱིས་རྒྱུད་སྡེ་ལ་མངོན་པར་དགའ་བ་ཀུན་འདོད་པ་འཇོ་བ་ཉིད་དུ་ཟད་ཀྱིས། བརྒྱུད་པ་དྲུག་ལྡན་གྱི་ལམ་དུ་སྔོན་ཆད་མ་བྱོན་པ། ཕྱིན་ཆད་འབྱུང་བར་དཀོན་པ། རྡོ་རྗེ་སེམས་དཔའི་གསང་བ་དངོས་སུ་སྣང་བ་ལྟ་བུ། གནུབས་སོ་ཟུར་གྱི་
ཤིང་རྟ་ཆེན་པོ་རྣམས་སླར་མི་ཡུལ་དུ་འབྱོན་པ་སྙམ་བྱེད་པ། རྒྱུད་གདམས་ངག་དང་འབྲེལ་བ། དབང་རབ་ཏུ་བྱེད་པས་ཁྱད་པར་དུ་བྱས་པ། རིམ་པ་གཉིས་ཀྱི་སརྒ་མ་ལོག་པ། དངོས་པོ་བཅུའི་ལས་ཀྱི་རིམ་པ་མདོ་རྒྱས་འཚམས་ཤིང་རྣམ་པར་གསལ་བ། གཅིག་ནས་གཅིག་ཏུ་བརྒྱུད་པའི་གསང་བ་ཟབ་མོས་རབ་ཏུ་དབྱེ་བ། རྡོ་རྗེ་སེམས་དཔའ་དཔལ་བདེ་བ་ཆེན་པོ་དང་ཁོ་བོ་ཅག་གི་བར་དུ་གྲུབ་པའི་རིག་འཛིན་གཅིག་ཅིག་གིས་བར་དུ་ཆོད་པ། རྟོག་གེའི་ཚིག་དང་དམ་ཚིག་གི་སེལ་ལ་སོགས་པས་བར་དུ་མ་ཆོད་པ། རྡོ་རྗེ་གསང་བའི་ཚིག་ཡན་ལག་མེད་པའི་རྡོ་རྗེ་ལ། དགོས་པའི་ཡན་ལག་གཞན་ཚེ་དང་སྐོང་བ་དང་བགེགས་འདུལ་བའི་ཕྲིན་ལས་ཀྱི་ལྷའི་རིམ་པ་གཞན་གསོལ་བ་གདབ་པའམ་སྨོན་ལམ་དུ་བྱ་བ་ཅུང་ཟད་ཙམ་ཡང་རྡོ་རྗེའི་ཚིག་གུང་མཐུན་པར་བསྡེབས་པས་སྒྲུབ་པ་ཆེན་པོའི་ལས་ཀྱི་རིམ་པ་གཞུང་ཚུགས་པ་ལས་གཞན་ལ་གཞན་གྱིས་ལྷན་པ་གདབ་པ་མ་ཡིན་པ་ནི། །འདིར་སྒྲུབ་བྱེད་ཐབས་ཀྱི་མཆོག་ཏུ་གྱུར་པ་སྟེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་བཞི་པའོ། །ལེགས་སྤྱོད་ཡར་ངོར་གྱུར་པ་དེ་སྲིད་དུ། །སྐྱེས་བུ་ཟླ་བ་འཇིག་རྟེན་ཁམས་སུ་བྱུང་།
། བདུད་རྩིའི་ཟེར་བརྒྱ་འཛག་ལ་རིས་མེད་ཀྱང་། །འཐུང་བའི་བློ་ལྡན་ཆུ་གཏེར་ཁོ་ན་ཉིད། །བརྒྱ་ལམ་སངས་རྒྱས་རྣམས་ནི་འབྱུང་བ་དཀོན། །དེ་ལས་རྡོ་རྗེ་རྩེ་མོ་དཀོན་པའི་མཆོག །དེ་བྱུང་འཁོར་བ་དོང་སྤྲུགས་ཕྲིན་ལས་ལ། །ཕྱོགས་བཅུའི་འདྲེན་པ་རྣམས་ཀྱང་ཐུགས་སྙོམས་མཛད། །གསང་བའི་སྣོད་ལྡན་བསམ་པ་དག་པ་ན། །དེ་ཡི་གན་ཏུ་བཅོམ་ལྡན་འདས་གཤེགས་ཏེ། །སྔ་ན་མེད་པའི་རྨད་ཅིག་སྩོལ་མཛད་པ། །འདི་ཡི་ངོ་མཚར་དཔེ་ཟླར་བྱ་བ་མེད། །ངེས་གསང་རིན་ཆེན་ལྷན་ཅིག་རིན་ཆེ་ཡང་། །གསང་བའི་སྙིང་པོ་ཀླུ་རྒྱལ་གཙུག་གི་ནོར། །བྱི་དོར་བྱེད་པའི་བློ་ལྡན་འདུན་ས་རུ། །གསང་བ་རྣམས་ཀྱང་མཆིངས་བུའི་ཕུང་པོར་བརྡལ། །སྒྱུ་འཕྲུལ་དྲྭ་བ་བདུད་རྩིའི་བཞིན་རས་སུ། །འཆར་བ་བདུད་རྩི་རྣམས་ཀྱི་ཆེན་པོ་ཉིད། །སྒྲུབ་ཐབས་ལས་ཀྱང་མྱུར་ཞིང་བདེ་བ་སྟེ། །ཆུ་ཤེལ་མེ་ལོང་འཕྲད་པའི་ཟླ་འོད་བཞིན། །མ་ལ་ཡ་ནས་འོངས་པའི་ཙནྡན་དྲི། །ནགས་སུ་སྤྱོད་པ་ཁུ་བྱུག་བུ་མོའི་གླུ། །སྔོན་མེད་གཏེར་གྱི་བྱུང་བ་བརྗོད་པའི་གཏམ། །ཀུན་དགའ་སྟེར་བ་དུས་སུ་སོན་པའི་མཐུ། །བརྒྱུད་མར་བརྒྱུད་པའི་གསང་བ་ལ་ཡང་དམ་པ་རྣམས་ནི་རིམ་གྲོ་མཛད། །སོ་སྐྱེའི་མིག་གིས་ནམ་ཡང་
མི་མཚོན་ཡེ་ཤེས་སྐུ་ཅན་རིམ་ལས་སྐྱེས། །རྟོག་གེའི་བློ་ཡི་སྤྱོད་ཡུལ་ལས་འདས་བདེན་པའི་རེ་ཁཱ་མི་ཟུབ་པ། །འདིར་སྤྱོད་གང་ཟག་ཕལ་པ་དག་ཀྱང་རྒྱལ་བའི་སྲས་སུ་དབང་བསྐུར་རོ། །ད་ནི་ལྔ་པའི་རྣམ་གྲངས་འཆད་པར་སྤྲོའོ། །དེ་ལ་རྒྱུད་རྣམས་ནས་ཕུན་སུམ་ཚོགས་པའི་ཡན་ལག་ལྔ་ལྡན་ཏུ་བཤད་པ་ཡོད་ལ་གླེང་བཞིའི་ནི་མ་ཡིན་ནོ། །གང་སྒྲུབ་པའི་ཡན་ལག་ཏུ་བཤད་པ་གང་ཡིན་པ་དེ་དག་ལས་གཅིག་ནི་ཡོ་བྱད་ཕུན་སུམ་ཚོགས་པ་སྟེ་དེ་ནི་མ་འབད་པར་ཡང་ལྷུན་གྱིས་གྲུབ་པར་གྱུར་ཏོ། །འདིར་བསྒྲུབ་བྱའི་གཙོ་བོ་དམ་ཚིག་གི་རྫས་རྡོ་རྗེ་ཨ་མྲྀ་ཏ་ཡིན་པ་བཞིན་ཏུ་བརྟེན་པ་དེ་གང་ལ་རྟེན་པའི་ཡོ་བྱད་ཀྱི་གཙོ་བོ་ནི་རྡོ་རྗེའི་ལྷུང་བཟེད་ཡིད་བཞིན་གྱི་གཏེར་དང་ལྡན་པ་ལ་སོགས་ཏེ། དེའི་རྣམ་གྲངས་དང་མཚན་ཉིད་བདེ་གཤེགས་འདུས་པ་ལ་སོགས་ལ་ནས་བཤད་པ་དེ་མངོན་པར་མི་ཤེས་བཞིན་ཏུ་བརྟག་ཅིང་བརྙན་པོ་དྲི་མ་དར་བཅས་པ་མ་ཡིན་པ། སྒྲུབ་པ་པོ་ནུས་པའི་ཁྱད་པར་དང་མི་ལྡན་ཏུ་ཟིན་ཀྱང་སྣོད་མཆོག་གང་ལ་དམ་ཚིག་གི་རྫས་རྣམས་བླུགས་པ་ཙམ་གྱིས་མྱང་བས་རྒྱུད་གྲོལ་བར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོར་བྱིན་གྱིས་རློབས་པའི་སྣོད་དེ་གང་ལས་བྱུང་བའང་། བདག་ཅག་གི་སྟོན་པ་དམིགས་པ་
མེད་པའི་ཐུགས་རྗེ་དང་ལྡན་པ་དཔལ་ཀརྨ་པའི་ཡེ་ཤེས་ཀྱི་གཟིགས་པ་ལྷུང་བ་ལས་ཏེ། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་རྟེན་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་མཆོད་པའི་གྲལ་ནས་འདོད་པའི་དོན་སྒྲུབ་པ་ལ་ཕེབ་པ་ཅི་འདི་ལྟར། དབང་ཆེན་ཧེ་རུ་ཀ་ཡི་དམ་དགོངས་པ་འདུས་པའི་གསང་མཛོད་མངའ་བས་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་དཔའ་བོ་སྟག་གི་སྟག་གི་ཤམ་ཐབས་ཅན་གྱིས་དངོས་གྲུབ་ཏུ་བརྙེས་པ། དཔལ་ཆེན་པོ་མཚོ་སྐྱེས་རྡོ་རྗེའི་ཕྱག་མཚན། བྲམ་ཟེ་སྐྱེ་བ་བདུན་པ་ཉི་མའི་སྙིང་པོའི་ཐོད་པ་གསེར་གྱི་ཁ་དོག་ཅན་ཤས་མཐུག་ལ་ལྕིད་ཆེ་བ། ཨཱ་ཡུཿདཔལ་དང་ལྡན་པ་སོགས་ཇི་སྐད་བཤད་པའི་ཡོན་ཏན་མཐའ་དག་ཕུན་སུམ་ཚོགས་པ་ནི་ཐབས་ཀྱི་སྣོད་དང་། ལས་འཕྲོ་གཏེར་འབྱིན་གྱི་སྤྲུལ་པའི་ལུས་བར་མ་ཆད་པ་ལས་བཅུ་དང་གཉིས་པར་གྱུར་པ་འཛམ་གླིང་བདེ་བའི་རྡོ་རྗེའི་གཅེས་ནོར། ཡེ་ཤེས་ཀྱི་ཌཱ་ཀི་ནཱིའི་བདེ་སྐྱོང་དུང་ཕྱིས་པའི་ཁ་དོག་ཅན། སྐུ་དང་ཡིག་འབྲུ་དང་རིང་བསྲེལ་གྱི་ཚོགས་རང་བྱུང་འབུར་དུ་དོད་པས་སྤྲས་པ་ནི་ཤེས་རབ་ཀྱི་སྣོད་དེ། རིག་འཛིན་རྩལ་འཆང་དེ་དག་དང་། མཐིང་དམར་གྱི་ཅོད་པན་འཆང་བའི་རྒྱལ་བ་ཟུང་དང་། འཇིག་རྟེན་དབང་ཕྱུག་བཅུ་
བཞི་པ་དཔལ་ལྡན་དཔའ་བོའི་དབང་ཕྱུག་བཅས་ཀྱིས། དུར་ཁྲོད་དགའ་བའི་ཚལ་དང་། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ལ་སོགས་པར་བར་མ་ཆད་པར་བདུད་རྩི་ཆེན་པོ་བསྒྲུབ་པའི་སྣོད་ཁ་སྦྱར་བ་དང་། གཞན་ཡང་གྲུབ་ཐོབ་གཏེར་འབྱིན་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་དབུ་ཐོད་རིགས་གསུམ་མགོན་པོ། ཌཱ་ཀི་སྡེ་ལྔ། སྐྱེ་མེད་ཀྱི་ཡིག་འབྲུ་དམར་པོ་སོགས་ཀྱིས་གཏམས་པ་དང་། གསང་བདག་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་འཆང་གི་ཐུགས་དམ་འོག་མིན་ཚོགས་ཆེན་འདུས་པ་དང་། བཀའ་བརྒྱད་བདེ་གཤེགས་འདུས་པ་ལ་སོགས་ཏེ་རྒྱུད་སྡེ་དང་སྒྲུབ་སྡེ་དུ་མ་སྒྲུབ་པའི་རྟེན་གྱི་གཙོ་བོ་མཚན་ཉིད་ཡོངས་སུ་རྫོགས་པའི་ཀ་པཱ་ལ་ཟུང་དུ་འབྲེལ་བ་སྟེ་དེ་དག་རྣམས་དང་། རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར། མཁའ་དབྱིངས་ནས་བྱིན་གྱིས་རློབས་པ་ཚངས་པའི་ཕོ་བྲང་། བར་མཚམས་སུ་མཛེས་ཤིང་ཉེ་བར་མཁོ་བ་རྒྱན་དང་ཡོ་བྱད་ཀྱི་བྱེ་བྲག །མཐའ་བསྐོར་དུ་བར་ཆད་སྲུང་བའི་ཕུར་བུ་དང་རལ་གྲི་ལ་སོགས་པ་རྣམས་ཀྱང་གསང་བ་སྔགས་ཀྱི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་བྱོན་པ་ངོ་མཚར་བའི་བཀོད་པས་ཁྱད་པར་དུ་བྱས་ཤིང་། བྱིན་རླབས་
ཀྱི་གཟི་བརྗིད་ལྡན་པ་ཤ་སྟག་རྣམས་དང་། གཞན་ཡང་སྐུ་གསུང་ཐུགས་རྟེན་འོག་ཏུ་སྨོས་པ་རྣམས་དང་། བགེགས་འདུལ་བའི་ཕྱག་བརྙན་ཨོ་རྒྱན་ཀུན་སྐྱོང་གླིང་པས་གཏེར་དུ་བཞེས་པའི་རྡོ་རྗེ་ཕུར་བུས་མཚོན་ཤིན་ཏུ་རྙེད་པར་དཀའ་བའི་སྒྲུབ་རྫས་གཉན་པོ་ཐམས་ཅད་རྒྱ་མཚོ་ལ་ཆུ་བྲན་ལྟར་ངང་གིས་འདུས་པར་གྱུར་པ་ནི། །འདིར་སྒྲུབ་པའི་ཡོ་བྱད་དེ་ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་ལྔ་པའོ། །གླིང་བཞིར་བདེ་བའི་ཡོ་བྱད་ཇི་སྙེད་པ། །རྣམ་སད་འབྱོར་བ་གཅིག་གི་ཟིལ་གྱིས་གནོན། །དཔལ་འབྱོར་བརྒྱ་ཡིས་བསྒྲུབས་པའི་བཀོད་པ་ཡང་། །རིན་ཐང་མེད་དངོས་གཅིག་གི་བག་ལ་ཞ། །རིན་ཆེན་གླིང་གི་དབང་ཕྱུག་གདེངས་ཀ་ཅན། །རྣམ་ཐོས་བུ་ཡི་གཏེར་གྱི་གཉེར་ཁ་བ། །དེ་དག་ལ་ཡང་མཆོག་གིས་སོངས་པས་ན། །ལོངས་སྤྱོད་རྫོགས་འདིར་བདག་ཅག་སྐལ་པ་སྦོམ། །པདྨའི་གཞོང་པ་མི་ཡི་ནོར་བུ་སྟེ། །བགེགས་འདུལ་བ་ཡང་རྡོ་རྗེ་ཁྲོ་བོའི་མཚོན། །བཀོད་པའི་རྣམ་གྲངས་བྱིན་རླབས་གཟི་བརྗིད་ཅན། །གསང་ཆེན་རོལ་པའི་རྒྱན་ཏུ་ལྷུན་གྱིས་གྲུབ། །སྤྲིན་གྱི་ལམ་ནས་གནམ་ལྕགས་ལྟུང་བ་དང་། །ཆུ་གཏེར་བཅུད་དུ་འདོད་འཇོའི་ཕུང་པོ་འཁྲུངས། །
ས་ལ་མི་ཟད་འབྲས་བུ་ལྡན་པ་ཡང་། །རྟེན་འབྲེལ་ནུས་པ་ཚོགས་པའི་སྟོབས་སུ་གྱུར། །དབང་བཅུ་གྲུབ་པའི་ཕྱག་ཆ་གང་དག་ཏུ། །ཕྱིན་པ་ཙམ་ལ་སྨོན་པའི་འབྲས་སྟེར་ན། །མཆོད་ཅིང་རྣལ་འབྱོར་སྦྱོར་བས་བསྒྲུབ་པའི་དོན། །ཟག་མེད་བདུད་རྩིར་སྒྱུར་བ་སྨོས་ཅི་དགོས། །ད་ནི་དྲུག་པ་བརྗོད་པའི་རྣམ་གྲངས་འཆད་པར་བྱའོ། །གནས་དེ་ན་ཤིན་ཏུ་རབ་ཏུ་ཁྱད་པར་འཕགས་པའི་རྟེན་རྣམས་གཟོད་མ་ནས་བཞུགས་ཤིང་། ཁོ་བོ་ཅག་གི་མཆོད་པའི་གནས་རྣམས་ཀྱང་ཚོགས་ཀྱི་ཞིང་དང་བྱིན་གྱིས་རློབས་པའི་མགོན་ཏུ་ལྷན་ཅིག་བཞུགས་སུ་གསོལ་བ་ནི་འདི་ལྟ་སྟེ། རྒྱལ་པོའི་སྲས་ལྷའི་རྗེ་བདག་པོ་རང་ནོར་ལ་ལོངས་སྤྱོད་པའི་སྨོན་ལམ་དུས་སུ་སོན་པ་ན་ཡར་རྗེ་ཨོ་རྒྱན་གླིང་པ་ཞེས་བྱ་བའི་གཟུགས་གཞན་གྱིས་རི་ཁ་བ་ཅན་གྱི་ལྗོངས་སུ་ཕྱིན་ཏེ། ཆོས་ཀྱི་རྒྱ་མཚོ་དང་། གདུང་སྐྱེ་བ་བདུན་པ་དང་། རྫས་དང་ཕྱག་ཆ་སྨྱོན་གཏེར་གྱི་རིགས་བྱེད་བསམ་གྱིས་མི་ཁྱབ་པ་རིའི་ཁོང་གསེང་ནས་ཕྱུངས་བ་ལས་ཁྱད་པར་གྱི་དབྱིག་གི་མཆོག་ཁྱབ་བདག་པདྨ་ཀུན་ཏུ་འཆང་ཆེན་པོས་རང་ཉིད་ཀྱི་ཚབ་ཏུ་བཞག་པའི་གཟུགས་བརྙན་གྱི་སྤྲུལ་སྐུ་ལྔ་ཕྲག་ལྔའི་བར་དུ་སྤྱན་དྲངས་པ་རྣམས་ལས་གོང་ན་མེད་པ། པདྨ་ཤེལ་གྱི་ཕུག་པ་ནས་བྱོན་པ། མཐོང་བ་ཐམས་
ཅད་དོན་དང་ལྡན་པ། ལྷ་དང་ཀླུ་དང་མིའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ལྟ་བས་ཆོག་མི་ཤེས་པའི་བྱིན་རླབས་ཀྱི་འོད་ཟེར་མདུན་རྒྱབ་མི་མངའ་བར་ཀུན་ཏུ་འཕྲོ་བ། ས་ཧོ་རའི་རྒྱལ་པོའི་ཆེ་བའི་རྟགས་ཀྱིས་སྤྲས་པ་དང་། སྐུ་གསུམ་གྱི་རྒྱལ་ཚབ་རྣམ་སྣང་ལོ་ཙཱ་བ་ཆེན་པོ་གཉིས་མེད་གཉིས་སུ་སྣང་བ་ཆུ་ཟླའི་གར་མཁན། གཞོན་ནུ་བློ་གྲོས་མཐའ་ཡས་ཀྱི་མཚན་གྱིས་དབང་བསྐུར་བའི་མ་བྱོན་པའི་བཅོམ་ལྡན་འདས་སྣང་མཛད་བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་པ། འགྲོ་བ་ཀུན་གྱི་སྒྲ་སྐད་དུ་ཆོས་སྟོན་པ་ལ་མཁས་པ་སོགས་ཐམས་ཅད་མཁྱེན་པའི་རྒྱལ་སར་མ་བསླབ་པར་ཡང་འཛེགས་པ་རྡོ་རྗེ་གླིང་པ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས་ངམ་ཤོད་གནམ་ལྕགས་འབར་བའི་རྡོ་རྗེའི་ཡང་མཛོད་ནས་འདུས་པ་ཆེན་པོ་སྐོར་བཞི་ལ་སོགས་པ་དང་ལྷན་ཅིག་དངོས་གྲུབ་ཏུ་བཞེས་པ། རྡོ་རྗེ་ཀླུའི་འཇིམ་པ་དང་། རིང་བསྲེལ་གྱི་ཕུང་པོ་དཀར་དམར་བྱང་ཆུབ་སེམས་ཀྱི་འདུ་འཕྲོད་ལས་དཔལ་བདེ་བ་ཆེན་པོ་དགོངས་པ་ལ་མཉམ་པར་བཞག་པའི་ཆ་ལུགས་སུ་རང་བྱོན་པས་ལག་གི་ཆོ་གས་བསྐྲུན་པ་སུས་ཀྱང་འགྲན་ཏུ་མི་བཟོད་པ། ཁ་བ་ཅན་པའི་རྗེ་འབངས་ཡོངས་ཀྱི་བསོད་ནམས་ཀྱི་
ཞིང་དུ་སངས་རྒྱས་གཉིས་པ་རང་ཉིད་ཀྱིས་མངའ་ཆེན་གསོལ། བྱིན་ཆེན་ཕབ། དབང་ཆེན་བསྐུར་ཏེ་རང་ཉིད་དང་ཐ་དད་དུ་བགྱི་བ། བྱེ་བྲག་ཏུ་བགྱི་བ་ཅི་དང་མ་མཆིས་པར་གཉིས་སུ་མི་གསུང་བས་ཞལ་གྱི་འཆེས་པ་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་ཏེ་རྣམ་པར་འཕྲུལ་པས་ཞིང་རྒྱ་མཚོ་མངོན་པར་གཡོ་བར་མཛད་པའི་ཆོས་ཀྱི་ཉི་མ་རྣམ་པར་སྣང་མཛད་རཀྵི་ཏ་དཔའ་བོ་ཀུན་སྐྱོང་གླིང་པ་ཞེས་བྱ་བའི་མིའི་ཟོལ་གྱིས་གསང་བའི་མཛོད་ཆེན་པོ་ལ་དབང་བསྒྱུར་བ་དེའི་ཚེ་དབྱིག་གི་རྣམ་གྲངས་སུ་གྱུར་པ། བཀའ་སྡེ་ཟུར་གྱི་རིག་འཛིན་གྲུབ་པ་རྣམས་མཆོག་སྒྲུབ་པ་ལ་བར་དུ་གཅོད་པ་འདུལ་བའི་ཐུགས་དམ་གྱི་ལྷར་རྩོད་པ་དང་བྲལ་བ་རྡོ་རྗེ་སྲིན་པོ་བཛྲ་ཀུ་མཱ་ར་རིན་པོ་ཆེ་ལི་སེར་གྱི་གཟུགས་ཅན་རིགས་ལྔའི་ཅོད་པན་གྱིས་ཁྱད་པར་དུ་བྱས་པ་དང་། ཨོ་རྒྱན་ཆོས་ཀྱི་རྒྱལ་པོར་ཌཱ་ཀི་འབུམ་སྡེས་མདངས་གསོལ་དུ་ཕུལ་བའི་དར་ལེ་བརྒན་གྱི་ཆོས་གོས་ངོ་མཚར་གྱི་པ་ཏྲ་འཛིངས་པ་དང་། གདུགས་གཅིག་ལ་ནས་ཁལ་ལྔ་བརྒྱའི་ཆད་ཚོད་བཞེས་ཏེ་ནུས་པའི་ཆ་ཤས་བསྟན་པའི་ཞལ་སྐྱོགས་བདེ་སྐྱོང་གི་སྣོད་དངོས་གྲུབ་སྣ་ཚོགས་པའི་བཅུད་འཇོ་བ་དང་། གནས་གསུམ་གྱི་རྡོ་རྗེ་ཕོ་ཉ་མོ་རྡོ་རྗེ་ཅན་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ།
གསང་བར་འོས་པ། གསང་བ་ཟབ་མོ་ལྟ་བར་མི་དབང་བ་རྣམས་ལ་བརྡ་དང་རྟགས་ཀྱིས་དོན་མཚོན་པར་སྟོན་པ་ནམ་མཁའི་དབྱུག་པ་རྩེ་གསུམ་དང་དྲིལ་བུ་སོགས་རྒྱན་གྱིས་བརྒྱན་པ་དང་། འཇའ་ཚོན་གྱི་སྐུ་ལ་ཚ་གྲང་གི་རེག་བྱ་བཟུང་བ་མི་མངའ་ཡང་གདུལ་བྱའི་བློར་ཤོང་བའི་ཐབས་ལ་མཁས་པས་ཨཱ་ཙརྻ་ཆེན་པོའི་རྣམ་པས་ཕེབ་པ་ལྟར་མཛད་པའི་ཞབས་ཀྱི་ཆགས་ལྷྭམ་སྟེ། སྔ་ཕྱི་གཉིས་ཀའང་གདོང་དམར་གྱི་ཡུལ་དུ་ཚེ་ལ་དབང་བའི་རིག་པ་འཛིན་པའི་ལུས་ཀྱིས་ཕེབ་པའི་ཉེ་བར་སྤྱོད་པ་མ་ནོར་ཞིང་མ་བཅོས་པ་དག་དང་གསུང་གསང་བའི་གླེགས་བམ་གྱི་ཕྲེང་བ་ལས་ཀྱང་ཁྱད་པར་དུ་གྱུར་པ། དར་ཆེན་དང་ཟིམ་བུ་རའི་ཤུན་པ་ལ་སོགས་པའི་ངོས་སུ་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པ་བཀའ་རྟགས་གསང་བའི་བརྡ་རིས་རྡོ་རྗེ་ཐོད་ཕྲེང་མཁའ་འགྲོ་མའི་འཁོར་དང་བཅས་པས་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་བཀོད་པ་དང་། བཻ་རོ་དང་རྩེ་མང་དང་ཨཱ་ཙར་སཱ་ལེ་ལ་སོགས་པས་འཕྲུལ་ཆེན་ཡི་གེའི་གཟུགས་ངོ་མཚར་གྱི་ཁྱད་པར་ཅན་ཏུ་མངོན་པར་སྣང་བར་མཛད་པ། བཀའ་ཤོག་མཐོང་བ་དང་། མཚོན་ཏུ་མེད་པའི་ངད་པ་བཟང་པོ་ཚོར་བས་ཀྱང་ངན་འགྲོའི་སྒོ་འགེགས་
པ། ཡིག་འབྲུ་རེ་རེར་ཡང་ཌཱ་ཀི་མ་འབུམ་འབུམ་ཡོངས་སུ་འདུ་བ་སོགས་མཐའ་ཡས་པའི་བསྔགས་པ་ཅན་སྔ་ཕྱིའི་གཏེར་ཁ་དུ་མ་ལས་བྱོན་པ་ཅུང་ཟད་ཆང་བ་དང་། ཕལ་ཆེར་ཚང་བ་དང་། ཆོས་ཚན་གཅིག་མ་ཚང་བ་མེད་པའི་ཕྱི་མོར་གྱུར་པ་རྣམས་དང་། ཐུགས་དྲི་མ་མེད་པའི་མེ་ལོང་རྡོ་རྗེ་སེམས་དཔའི་བཞིན་རས་ཀྱི་སྣོད་ལྷའི་སྲས་དམ་འཛིན་མུ་རུབ་བཙད་པོར་བླ་མ་དགོངས་པ་འདུས་པའི་ཐུགས་ཀྱི་རྟེན་ཏུ་པདྨ་བཛྲས་སྩལ་བ། གཏེར་འབྱིན་གྱི་འཁོར་ལོས་སྒྱུར་བ་མཆོག་གྱུར་བདེ་ཆེན་གླིང་པ་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་སྟོན་པ་ན། ལྷ་སྲས་རྒྱལ་པོའི་སྒྲུབ་རྫས་པདྨ་བྷཉྫ་དང་། རྡོ་རྗེའི་ཕྱག་མཚན་ལ་སོགས་པ་དང་ལྷན་ཅིག་པར་བྱོན་པ་དང་། གཞན་ཡང་ཐོད་ཕྲེང་རྩལ་གྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྟེན་པའི་གནས་རིན་པོ་ཆེའི་མཆོད་སྡོང་ལྷུན་པོ་ལྟར་མངོན་པར་འཕགས་པ། སྐུ་ཚབ་དང་རིང་བསྲེལ་གྱི་ཚོགས་ཀྱིས་ཏིལ་གྱི་གོང་བུ་ལྟར་གཏམས་པ་ཆེ་ཞིང་བཀོད་ལེགས་པ། བག་དྲོ་ཞིང་བྱིན་ཆགས་པ་ལ་སོགས་ཏེ་སྟེང་དང་འོག་དང་ཕྱོགས་མཚམས་རྣམས་སུ་གྲུབ་པའི་དཔའ་བོ་ཆེན་པོ་དུར་ཁྲོད་རས་ཆེན་གྱིས་ཆོ་འཕྲུལ་མངོན་པར་འདུ་མཛད་པའི་བཀོད་པའི་ཁྱད་པར། རྩ་གསུམ་
རྒྱལ་བ་རྒྱ་མཚོ་རྟག་ཏུ་བཞུགས་པ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་རང་བཞིན་གྱིད་འདུ་བ། ཕོ་མོ་མ་ནིང་གི་དྲེགས་པ་དམ་ཚིག་གཉན་པོའི་གཉེར་ཁ་ཅན་རྣམས་ཀྱང་མེལ་ཚེ་ལ་བརྩོན་པ། པདྨ་དྲྭ་བའི་གཞལ་མེད་ཁང་རྟེན་དང་བརྟེན་པར་བཅས་པ་ལ་འཕོས་པའམ། རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་ལྟ་བུ་ནི། འདིར་སྒྲུབ་པའི་རྟེན་གྱི་བྱེ་བྲག་སྟེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་དྲུག་པའོ། །དཔྱིད་ཀྱི་དཔལ་མོའི་ཕུན་སུམ་ཚོགས་པ་དང་། །བསོད་ནམས་ལྡན་ལ་འདོད་པ་ལྷུན་གྱིས་གྲུབ། །འཆི་མེད་གྲོང་ཁྱེར་ལེགས་དགུས་འབྱོར་པ་ཡང་། །རྒྱུ་ཡི་རྐྱེན་ལས་རང་བཞིན་སྟོབས་སུ་མངོན། །གང་ཞིག་གང་དུ་སྣང་བ་ཡང་། །པདྨ་དྲྭ་བར་བྱིན་རློབ་ཅིང་། །མཐོང་བས་སྡིག་པ་ཟད་བྱེད་པ། །ཚོགས་ཀྱི་མགོན་ཏུ་བཞུགས་པར་གྱུར། །དེ་ནས་དེ་ལ་རབ་གུས་པའི། །རིག་འཛིན་བུ་རྣམས་གླགས་ལྟ་ཡིས། །བརྫི་བར་མ་ནུས་བྱིན་རླབས་ཀྱི། །གཟི་བརྗིད་དཔལ་དང་མངོན་པར་འགྲོགས། །ལྷ་དག་ཆོས་བཟང་འདུན་སས་མཛེས། །ཀླུ་རྣམས་རིན་ཆེན་གྲམ་བུར་བརྡལ། །རྟེན་གྱིས་གཏམས་པའི་གཞལ་མེད་ཁང་། །རྣལ་འབྱོར་སྤྱོད་
དག་འགྲན་ལས་རྒྱལ། །གསེར་བཟང་རིན་ཆེན་བརྒྱན་སྤྲས་པ། །མཆོད་སྟོད་མར་མེའི་ཕྲེང་བ་ཅན། །རང་བྱུང་ཉི་མའི་དོ་ར་འདིར། །ཟླ་བ་བཞིན་ཏུ་མོག་པོར་བྱེད། །མི་མཉམ་ཟླ་བ་དེ་ལ་ལུས་དང་སེམས། །དད་པས་ལྟ་བའི་སྙིང་ཆུའི་གདོང་བརླན་པ། །དེ་དང་ཡིད་ལ་དཔེ་བྲལ་ཆོས་སྐུའི་ཞལ། །མཚོ་ལ་པདྨོའི་ལང་ཚོ་ལྟ་བུར་བཞད། །གསང་གསུམ་ནོར་བུ་གྲུབ་པའི་གླིང་ནས་བྱུང་། །དེ་དག་སེམས་ཅན་དོན་ཏུ་རྣམ་པར་སྤྱོད། །མོས་པའི་རི་མགོར་ཕྱོགས་སུ་ལྷུང་བ་ལ། །འགྲོ་བའི་ཉི་མ་དེ་དག་སེམས་ལྡན་བཞིན། །མཁའ་ལ་བསིལ་བྱེད་རྒྱུ་སྐར་ཕྲེང་བས་གཏམས། །ས་གཞིར་མཐོང་གྲོལ་སྣང་བརྙན་རྟེན་གྱི་ཁྲོད། །མུན་པའི་དཀྱིལ་འཁོར་དག་ལ་དགྲ་ཆེ་བ། །སྙིང་གི་བདུད་རྩིར་བྱེད་ལ་མཚུངས་པ་ཉིད། །ད་ནི་རྣམ་གྲངས་བདུན་པ་བརྗོད་པར་བྱའོ། །དེ་ལ་འདིར་ནི་སྒྲུབ་པའི་དུས་ཚོད་ཀྱང་ཕུན་སུམ་ཚོགས་པ་སྟེ། གསང་བ་སྤྱོད་པའི་བྱེ་བྲག་བདུད་རྩི་ར་ས་ཡ་ན་ངེས་པར་སྒྲུབ་པའི་དུས་ནི་རྩ་བ་དང་བཤད་པའི་རྒྱུད་ཆེན་པོ་རྣམས་ནས། དཔྱིད་ཀྱི་དུས་བག་དྲོ་ཞིང་རྩྭ་ཤིང་དང་མེ་ཏོག་ལ་སོགས་པའི་སྟེང་དུ་འབྱུང་བ་དང་སྟོན་གྱི་དུས་ཅུང་ཟད་བསིལ་ཞིང་རྩི་སྨན་ཐམས་ཅད་ཀྱི་ནུས་པ་རང་གནས་སུ་སྡུད་པ་དག་
ནི། བསིལ་དྲོད་ཀྱི་ཁོད་སྙོམས་པ་དང་། ཕྱི་ནང་གི་ནུས་པའི་འགྲོ་ལྡོག་མཚུངས་པས་ཡང་དག་པར་བསྔགས་ཤིང་། དབྱར་ཚ་བའི་དྲོད་ཤིན་ཏུ་རྒྱས་པའམ། དགུན་གྲང་བའི་ངར་རབ་ཏུ་ལྡངས་པ་དེའི་ཚེ་དམ་ཚིག་གི་རྫས་རུལ་བ་དང་འཁྱགས་པ་ལ་སོགས་པའི་ཉེས་པ་འབྱུང་བ་བཀག་པ་ལས་དཔྱིད་ཀྱི་དུས་བཟང་པོར་རབ་ཏུ་སོན་པ། སྐྱེ་བོ་རྣམས་སོ་ནམ་བྱ་བའི་གར་གྱིས་རྩེ་ཞིང་དགའ་བའི་གླུ་ལེན་པ། འཁྱགས་པ་དང་ཆབ་རོམ་ཞུ་བའི་ཆུ་ཀླུང་རྙོགས་པ་མེད་ཅིང་ཆེ་ཆུང་རན་པ་རྣམས་ལྷུང་ལྷུང་གི་སྒྲ་དང་བཅས་པས་དལ་གྱིས་འབབ་པ། རྩ་དང་ལོ་ཏོག་གི་མྱུ་གུའི་ཕྲེང་བ་དག་རྩེ་མོ་བརྟོལ་ཞིང་མེ་ཏོག་ཁ་དོག་སྣ་ཚོགས་པར་འབུས་པར་རྩོམ་པ་དག་གློ་བུར་དུ་ཉི་མའི་མདངས་ཀྱིས་ཀྱང་བརྟོལ་མི་བྲ་བ། ཁུ་བྱུག་དང་། ཅོ་ག་མ་བུ་དགའ་བས་མྱོས་ཤིང་མགྲིན་པའི་གླིང་བུ་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་དག་སྒྱུར་བ། ན་བུན་གསར་པ་གཡུ་འོད་ཀྱི་མདངས་ཅན་རིའི་ཕོངས་པར་འཁྱུད་པ་ལས་ཆར་ཟིམ་བུ་འབེབས་པ། ཧ་ཅང་ཚ་བ་དང་གྲང་ཕ་མ་ཡིན་པས་དགོས་པ་བདེ་བླག་ཏུ་སྒྲུབ་ནུས་པ་དེ་ལྟ་བུའི་སྐབས་སུ་བབས་པ་ན། ཡུལ་ཡར་མོ་ལུང་གི་དགེ་མཚན་ལྟ་བ་ལ་ཕྱིན་པར་གྱུར་ཏོ། །
ཕྱིན་ནས་ཀྱང་ལས་སུ་བྱ་བ་གཞན་དག་རེ་ཞིག་བཏང་སྙོམས་སུ་བྱས་ནས་ཐོག་མ་ཉིད་དུ་དང་པའི་རྒྱལ་པོ་ཆུ་གཏེར་ལ་འཇུག་པ་བཞིན་ཤེལ་གྱི་བྲག་རིའི་སྤོར་དལ་གྱིས་འཛེགས་ཏེ། པདྨ་བརྩེགས་པའི་ཕུག་ལ་སོགས་པར་འདོད་པའི་དོན་སྒྲུབ་པ་ལ་མངོན་པར་ཞུགས་སོ། །སའི་བདག་པོའི་མདུན་ན་འདོན་འཁོར་དང་བཅས་པ་རྣམས་ཀྱི་གནས་ཁང་བྱི་དོར་བྱ་ཞིང་རྒྱན་དགྲམ་པ་དང་། ཁྲི་དང་སྟན་བཤམ་པ་དང་། གནས་མལ་གྱི་མཐུན་པའི་རྐྱེན་དང་། ཁ་ཟས་དང་སྤྱོད་ལམ་ལ་མཁོ་བའི་ཡོ་བྱད་སྟ་གོན་དུ་བྱས་ཤིང་། སྒྲུབ་པའི་རྫས་གསང་བར་འོས་པ་དང་། མཆོད་པ་དང་ཚོགས་ཀྱི་ཡོ་བྱད་ལ་སོགས་པ་རྣམས་ཀྱང་འདྲེས་པའི་མཆེད་དག་གིས་ཉེ་བར་བསྡོགས་ཏེ་ཚོམ་བུ་དང་བཅས་པའི་ཚོགས་ཀྱི་སྒྲུབ་པ་ལ་གསང་བའི་འདུ་བ་ཐོག་མར་འདུས་ཤིང་བདུད་རྩིའི་དཀྱིལ་འཁོར་ཞལ་རས་དབྱེ་བའི་དུས་ཀྱི་ཁྱད་པར་དུ་གྱུར་པ་ཡང་འདི་ལྟར་སྡིག་པ་དང་ཉེས་པ་ཐམས་ཅད་ཆ་ཡིས་ཟད་པར་འགྱུར་བ་དབོས་ཉ་བའི་དམར་པོའི་ཕྱོགས། རྡོ་རྗེའི་རིག་པ་འཛིན་པ་ཧ་རི་ནཱ་ཐ་མ་ི་བཛྲ་རྩལ་དང་། ཡེ་ཤེས་ཀྱི་མེ་ལོང་བྱམས་པའི་གཟུགས་བརྙན་ཅན་བསྟན་པའི་ཉིན་བྱེད་དང་། དཔལ་ལྡན་དབྱར་རྔའི་སྒྲ་ས་གསུམ་དུ་འགྲོ་བ་
བཀའ་བརྒྱུད་ཕྲིན་ལས་ཀྱི་ཤིང་རྟ་ཅན་དག །ཀུན་རྫོབ་གཟུགས་བརྙན་དོན་དམ་ཆོས་ཀྱི་སྐུ་འོད་གསལ་ཕྱག་རྒྱ་ཆེན་པོའི་མཁའ་ལ་སྙོམས་པར་ཞུགས་ཤིང་། སླར་ཡང་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཕྲིན་ལས་སྤྲུལ་པའི་སྐུའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བ་འདུལ་བའི་ཆོ་འཕྲུལ་ཆེན་པོའི་སྒོ་བསྟན་པ། ཕྱི་དང་ནང་གི་གནས་དང་ཞིང་དང་དུར་ཁྲོད་རྣམས་སུ་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོ་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཚོགས་ཀྱི་འདུ་བ་ཁྱད་པར་ཅན་ལ་ལོངས་སུ་སྤྱོད་པ་རྫོགས་པ་གཉིས་པའི་དཔལ་མོ་གཞོན་ནུ་དང་མངོན་པར་འགྲོགས་པར་གྱུར་ཏོ། །མངོན་པར་འདོད་པ་གསང་བའི་དོན་གང་ཡིན་པ་ལེགས་པར་གྲུབ་ནས་དངོས་གྲུབ་ཀྱི་བགོ་སྐལ་ཚིམས་པར་ཉམས་སུ་བསྟར་བ་སོགས་མཐའ་རྒྱས་སུ་བྱེད་པའི་རྣམ་གྲངས་གང་གིས་དགེ་ལེགས་སུ་བྱེད་པ། བཀྲ་ཤིས་ཀྱི་སྣང་བའི་རླབས་སྲིད་རྩེར་འཆེལ་བ་དེར་ཡང་བཟང་པོའི་དུས་ཀྱི་དཔལ་མོ་བཞད་པའི་འཛུམ་མདངས་ཀྱིས་བསུས་པར་གྱུར་ཏེ། འབྱོར་པ་དྲུག་སོགས་ཡོན་ཏན་དང་ཡེ་ཤེས་ཀྱི་ཆ་ཤས་བླ་ནས་བླར་རྒྱས་ཤིང་གང་བ་ལ་ཕྱོགས་པ་ནག་པ་ཟླ་བའི་དཀར་པོའི་ཕྱོགས། དང་པོའི་སངས་རྒྱས་དོན་ཐམས་
ཅད་གྲུབ་པས་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་རྡོ་རྗེའི་ཚིག་སྟོང་ཕྲག་བཅུ་གཉིས་པ་གཞོམ་དུ་མེད་པར་བསྒྲགས་པའི་སྒྲས་སྲིད་པ་གསུམ་གྱི་འཐོ་བའི་འཇིགས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོར་བཅོམ་ཞིང་། ཆོས་རྒྱལ་དང་རིགས་ལྡན་སྤྲུལ་པའི་སྐུ་རྣམས་ལུང་བསྟན་པར་མཛད་པའི་ཟླ་བའི་དཀྱིལ་འཁོར་གྱི་ཆ་ལས། རྒྱལ་བ་དང་པོའི་སྔ་གྲོ་ཆ་ལ་བབས་པའི་ཚེ་ལེགས་པར་འདོད་པའི་དོན་ཐམས་ཅད་གྲུབ་པར་གྱུར་བ་ནི། འདིར་གང་གི་ཚེ་སྒྲུབ་པའི་དུས་ཚོད་དེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་བདུན་པའོ། །ས་ལ་དཔྱིད་ཀྱི་ལང་ཚོ་གསར་དུ་བཞད། །མི་རྣམས་ལུས་སེམས་དགའ་བའི་ཆང་གིས་དྲེགས། །དུས་ཀྱི་དང་པོའི་ཕུན་སུམ་ཚོགས་པ་དང་། །དངོས་གྲུབ་སྒྲུབ་པའི་ཡ་མཚན་ལྷན་ཅིག་རྒྱས། །རྣལ་འབྱོར་མ་རྣམས་འདུ་དང་མཉམ་སྤྱོད་པ། །འདི་ལས་གྲུབ་པ་མྱུར་བའི་ཐབས་མཆོག་དཀོན། །ཚོང་ཟོང་དུས་སུ་སོན་པའི་མགྲོན་པ་ཡང་། །ཡུད་ཙམ་གྱིས་ནི་འབྱོར་པ་ཆེན་པོར་བྱེད། །སངས་རྒྱས་མཐུ་ཡིས་བྱིན་གྱིས་བརླབས་པའི་དུས། །ལས་ཀུན་ནྱ་གྲོ་དྷ་ཡི་ས་བོན་བཞིན། །ཤིན་ཏུ་ཕྲ་བའང་འཕེལ་ཞིང་འགྱུར་ཐོས་ནས། །བསོད་
ནམས་ལྡན་པ་བསོད་ནམས་གནས་ལ་འཇུག །དུས་ཀྱིས་སྣོད་དང་བཅུད་ཀྱི་འཕེལ་འབྲི་བྱེད། །དུས་ཀྱིས་འཁོར་ལོས་སྒྱུར་བའང་འཇིག་རྟེན་འབྱོན། །དུས་ཀྱིས་རྒྱལ་རྣམས་བྱང་ཆུབ་ཤིང་དྲུང་བཞུགས། །དུས་ཀྱི་རྟེན་འབྲེལ་མཐུ་ནི་དེ་འདྲའོ། །བསམ་པའི་འདུ་བྱེད་འདི་ནི་མཐུ་ཆེ་སྟེ། །དུས་ཀྱི་བྱེ་བྲག་རྣམས་ནི་འགྱུར་དང་བཅས། །རྟེན་གྱི་ཁྱད་པར་དག་ཀྱང་སྟོབས་ལྡན་པས། །ལེགས་སྤྱད་གྲངས་ནི་གཞལ་དུ་མེད་པར་གྲུབ། །ད་ནི་རྣམ་གྲངས་བརྒྱད་པ་དེའང་ཅུང་ཟད་བསྙད་པར་བྱའོ། །དེ་ལ་སྒྲུབ་པ་པོ་གཙོ་བོའི་གྲངས་སུ་ཆུད་པ་དེ་ཐོག་མར་སྨོས་རིགས་ཏེ་རྡོ་རྗེ་སློབ་དཔོན་གྱི་མིང་གིས་དབང་བསྐུར་བའི་ཕྱིར་རོ། །འོན་ཀྱང་དེའི་མཚན་ཉིད་ལྡན་པ་ནི་མ་ཡིན་ཏེ་རྒྱུད་ནས་ཇི་སྐད་གསུངས་པའི་ཡན་ལག་ཚང་བ་ནི་ཤིན་ཏུ་ཉུང་བར་མཐོང་ངོ་། །མཚན་ཉིད་དང་མི་ལྡན་བཞིན་ཏུ་སློབ་དཔོན་གྱིས་བཟུང་བ་རྡོ་རྗེ་འཆང་གི་བཀག་པ་མ་ཡིན་ནམ་ཞེ་ན་མངོན་པའི་ང་རྒྱལ་གྱིས་དབང་གིས་རྡོ་རྗེའི་ཁྲི་འཕང་ལ་འཛེགས་པ་ནི་མ་ཡིན་ཏེ་ཇི་ལྟར་ན། དབང་པོ་ཆེའི་བགྱི་བ་གལ་པོ་ཆེའི་སྐབས་སུ་སོན་པ། མི་བྱ་མི་བཏུབས་པ་ཞིག་སྐྱེ་བོའི་ཚོགས་དག་ལ་བསྒྲུབ་ཏུ་བསྩལ་པ། དེར་སྐྱེ་བོ་དེ་དག་བློ་མཐུན་པ། གནས་དེ་
ལ་མ་བྱང་བ། ཁུར་མི་བཟོད་པས་རྟབ་རྟབ་པོར་གྱུར་བ་ཞིག་ན། དེ་དག་ལས་གང་ཅུང་ཟད་ཡིད་གཞུངས་པ། བགྱི་བ་དེ་ལྟ་བུ་ལ་བྱང་ཞིང་ཕོམས་པ་ཞིག་ཡོད་པ་དེ་དེ་དག་གིས་རིགས་ཀྱི་གཙོ་བོར་བསྙེན་བཀུར་ཏེ་དཀའ་བར་བྱེད་པ་དེ་བསྒྲུབ། དགའ་སྟོན་གྱི་དགའ་བའང་ཉམས་སུ་མྱོང་བར་བྱེད་དོ། །དེ་བཞིན་ཏུ་བགྱི་བ་འདི་ཉིད་ཀྱི་ཁུར་བདག་ཉིད་ཀྱིས་དབང་མ་མཆིས་པར་ཐོབ་པ་དེའི་ཕྱིར་རང་རེ་རང་བཞིན་གྱི་ཚུལ་ཅུང་ཟད་ཙམ་གླེང་བ་སྟེ། རིགས་རུས་དང་ཆོ་འབྲང་གིས་མངོན་པར་མཐོ་བའི་ཚུལ་འབའ་ཞིག་པ་ནི་སངས་རྒྱས་ཀྱི་བསྟན་པ་ལ་གཙོ་ཆེ་བ་མ་ཡིན་མོད་ཀྱི་གྲུབ་པའི་རིག་འཛིན་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིགས་སུ་རང་བཞིན་གྱིས་སོན་པར་ཟད་དོ། །ཆེན་པོ་དང་ཕལ་པ་རྣམས་ལ་སྐྱོན་ལྟར་སྣང་བའི་ཡོན་ཏན་གྱི་ཆ་བག་ཙམ་དང་ལྡན་པར་སྲིད་ལ། དེ་དག་ལ་ཡོན་ཏན་ལྟར་སྣང་བའི་སྐྱོན་གྱི་ཕུང་པོ་ནི་ལྷན་ཅིག་བྱེད་པའི་རྐྱེན་གྱིས་རབ་ཏུ་འབྱོར་བ། དྲི་མ་མེད་པའི་ཤེས་རབ་དང་རྨད་དུ་བྱུང་བའི་ཡོན་ཏན་གྱི་ཚོགས་མོ་གཤམ་གྱི་ཁྱེའུ་ལ་ནམ་མཁའི་པདྨོའི་ཕྲེང་བས་བརྒྱན་པ་དེ་དག་ནི་མངོན་སུམ་གྱི་རྣམ་པར་ཐར་པ་སྟེ་བརྟག་པར་སླའོ། །ལྐོག་ཏུ་གྱུར་པ་ནི་དེ་ལས་
རྗེས་སུ་དཔག་པས་མཚོན་པར་ཟད་དེ་སྤྲོས་པས་ཆོག་གོ། །འོན་ཀྱང་དུས་གསུམ་གྱི་གནས་སྣང་ཐམས་ཅད་དཔེར་ན་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པའམ། དེང་ངམ་སང་གི་ལྟར་ཆགས་ཐོགས་དང་བྲལ་བའི་ཡེ་ཤེས་ཀྱིས་མ་བསྒྲིབས་ཟང་ཐལ་དུ་གཟིགས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་བཀའ་ལུང་ཆེན་པོ་དག་གི་ངང་ཅོད་པན་གྱི་རྒྱན་ཏུ་ཐོད་པར་དཀའ་བ་དེ། བཀའི་ཕྲིན་ལས་པར་རྣམ་པར་འཕྲུལ་བ་རིག་འཛིན་གྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པས་ཁོ་བོ་ཅག །གཙུག་ཏུ་བཀོད་ནས། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དབུགས་དབྱུང་སྟེ་རབ་ཏུ་གནས་པ་དང་། སློབ་མ་བསྡུ་བ་ལ་སོགས་པ་རྗེས་སུ་གནང་བ་ཁོ་ནར་མ་ཟད་ཀྱི་ངེས་པར་དང་དུ་བླང་བའི་དམ་ཚིག་གི་ལུང་ཕོག་པ་རྗེས་སུ་བསྒྲུབ་པར་འོས་པ་ནི་ཇི་ལྟར་སའི་བདག་པོའི་བཀས་མདུན་ན་འདོན་ཉམ་ཆུང་བ་དག་དཔྱ་སྡུད་པ་དང་། སོ་ཁ་སྲུང་བའི་བྱ་བ་ལ་བསྐོས་པ་ན། མཆིད་གསོལ་བར་རྔོ་མ་ཐོག་པར་སྤ་གང་བ་དེས་ཚིག་གི་ཤེད་ཀྱིས་སྦྱོང་བ་དོར་ནས་ནུས་པ་དང་ཇི་ལྟར་འཚམས་པར་རྒྱལ་པོའི་བྱ་བ་བསྒྲུབ་པ་ལ་ཞུགས་པ་བཞིན་ནོ། །འཇིག་རྟེན་ན་སེང་གེ་དང་ཁྱི་རུས་གཅིག་པར་བརྗོད་པ་ནི་རིགས་བརྗོད་པ་དང་། ས་སྐྱེས་
ལ་བཀྲ་ཤིས་སུ་བརྗོད་པ་ནི་དགེ་ལེགས་སུ་བྱེད་པའི་དགོས་པས་ཚིག་ལམ་དུ་གྲགས་པ་ལྟར། ཁོ་བོ་ཅག་བཀའ་ལུང་གིས་ཡང་དག་པར་རྗེས་སུ་བསྟན་པ་ནི་དོན་ཏུ་ན་དགོངས་གཞི་དང་དགོས་པ་གཞན་ལ་གཟིགས་པ་སྟེ་ར་གན་སེར་པོ་དར་གཞི་མཐུན་པས་གསེར་དུ་བསྒྲགས་པ་ནི་དགོངས་པ་ཅན་གྱི་རྟགས་ཡང་དག་པའོ། །དེ་ལ་བརྗོད་དུ་མི་གཟོད་པའི་བཀའ་ལུང་དེ་ཇི་ལྟ་བུ། ཚད་མར་གྱུར་བའི་གཏན་ཚིགས་གང་ཞེ་ན། མོས་པས་སྤྱོད་པ་པའི་གང་ཟག་ནུས་པ་ཤེད་མ་བྱེ་བ་ཞིག་ལ། བཀའ་ལུང་གི་རྣམ་གྲངས་ཁྱད་དུ་འཕགས་པའི་ཁུར་ཆེན་པོ་ཐོབ་པ་སྟེ། དེ་དག་ཀྱང་དབང་པོའི་མངོན་སུམ་དུ་གྱུར་ཅིང་ཤོག་སེར་གྱི་ཡི་གེ་དཔང་པོ་ཡོད་པ། གོང་དུ་ཆོས་ཉིད་ཀྱི་ཡེ་ཤེས་གཟིགས་པའི་རྡོ་རྗེ་ཅན་དག་གིས་ཀྱང་གསང་བའི་གནས་ཅུང་ཟད་བསྟན་པ། ཚད་མར་གྱུར་ཅིང་དཔའ་ཕོར་རིད་བརྟོན་པའི་སྔར་བྱུང་བ་ལས་བྱུང་བ། ཟུར་གྱིས་མཚོན་པ་དང་དོན་གྱིས་ཐོབ་པ་ཁ་དྲང་བའི་ཐབས་སུ་བསྟན་པའི་གནས་འདི་ལ་ལྐོག་ཏུ་མཐུན་པ་དག་ཡོད་པའི་ཕྱིར། ཟོལ་གྱི་སྦྱོར་བས་གྲགས་པ་བསྒྲག་པ་མ་ཡིན་པ་ནི་ཡེ་ཤེས་གཟིགས་པ་རྣམས་ཀྱིས་མཁྱེན་ཅིང་གཟིགས་ཏེ། ཚུར་མཐོང་རྣམས་ཀྱི་རྣ་བའི་བུ་གར་སྲོག་ཆགས་གྲོག་མ་
འབྲུག་གི་སྒྲ་སྐད་ཐོས་པ་བཞིན་མི་ཤོང་ཞིང་ཟུག་རྔུ་ཆེན་པོ་སྐྱེད་ལ། དེ་ལས་བརྩམས་ཏེ་སྡིག་པའི་ཕུང་པོ་རྣམ་པར་འཕེལ་བ་འགྱུར་བས་ན་བརྗོད་པར་སླ་བ་མ་ཡིན་ལ། ཕྱིས་རིང་མོ་ཞིག་ན་གཏན་ལ་ཕེབ་བར་འགྱུར་ཏེ་ཕྱིས་པར་ཟད་དོ། །འདི་ནི་ཁྱད་པར་གང་ཡིན་ལ་སྨོས་པར་ཟད་ཀྱི་སྤྱིར་བདག་ཅག་གིས་ཀྱང་མཆོག་གི་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་དག་མཉེས་པར་བྱས་ཀྱི་མི་མཉེས་པར་མ་བྱས། གདམས་པ་དང་རྗེས་སུ་བསྟན་པ་ཡང་དག་པར་ནོས་ཤིང་རང་གཞན་གྱི་དོན་རྗེས་སུ་སྒྲུབས་ཤིག་པའི་བཀའ་ལུང་མིང་གི་ཅོད་པན་རྣམ་གྲངས་དང་དགོས་པར་འབྲེལ་བ་ཐ་དད་པ་སྩལ། དེ་ཉིད་བཅུ་ལ་སོགས་པ་སློབ་དཔོན་གྱི་ལས་སུ་བྱ་བ་དག་ཕྱོགས་ཙམ་རིག་ཅིང་ཉམས་སུའང་བསྟར། ལྷག་པའི་བསམ་པ་གཡོ་མེད་ཅིང་མ་འཁྱོགས་པ་རྒྱལ་སྲས་དཔའ་བོ་དང་། རིག་པ་འཛིན་པ་དག་གི་རྗེས་སུ་སློབ་པ་ལ་ཞུམ་པ་མེད་ཅིང་སྤྲོ་བའི་ཁུར་བཟོད་པ་ཞིག་སྟེ། འདི་ལྟར་ལྟོ་དང་གྲགས་པའི་སྨྲིག་རྒྱུ་ལ་དགོན་པའི་རི་དྭགས་ལྟར་སྲེད་པས་ཆོས་ནས་བཤད་པའི་ཡོན་ཏན་རྒྱུད་ལ་མ་བསླན་པས་བཙལ་ཡང་རྙེད་པར་དཀའ་བ། ཁྱིམ་པའི་ལས་ཐབས་དང་གྲོང་བའི་གླུད་ཟབ་སོགས་ལ་མི་ཚེ་རིལ་པོར་གོམས་པ་གདིང་དུ་ཐོབ་པའི་
ཆོས་བརྒྱད་ཀྱི་ནང་ནོར་དང་ཆོས་འགལ་གྱི་ཤེ་མོང་དར་ལ་དྲགས་པ། ཐུབ་པའི་རྒྱལ་མཚན་ལྟུང་བ་ཚན་པོ་ཆེའི་སྟོབས་དང་གཡོ་ཟོལ་གྱིས་འཛིན་པར་བརྩོན་པ། གཞན་གྱི་ཕུན་ཚོགས་ལ་མི་བཟོད་པ་ཁྭའམ་འུག་པ་རྒན་པོ་ལྟར་བླ་བརྡོལ་གྱི་སྐད་ངན་རྣར་གཟོན་པ་སྒྲོག་ཕས་ཆོས་སྤོང་གི་ཁུར་ཚན་པོ་ཁུར་བ་དེ་ལྟ་བུའི་ཁྱུ་ལ་གཅིག་ཏུ་མ་འཁྱར་བའི་ཁྱུ་མཆོག་ཅང་ཤེས་པའི་མིང་གིས་འབོད་དུ་སྲིད་ཀྱང་གཡར་ངོ་མི་ནོངས་པ་ནི། འདིར་སྒྲུབ་པ་པོ་གཙོ་བོའི་མཚན་ཉིད་དེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་བརྒྱད་པའོ། །རྟ་ལས་ཅང་ཤེས་པ་ལང་ཁྱུ་ཡི་མཆོག །གཙོ་བོ་རབ་ཏུ་འབྱེད་ཀྱང་དུད་འགྲོ་ཉིད། །མངོན་ཤེས་མི་ལྡན་སློབ་དཔོན་ས་བཟུང་བ། །རྒྱལ་དང་རྣལ་འབྱོར་མ་རྣམས་དེ་འདྲར་གཟིགས། །ཕྱོགས་ཞེན་རྒྱུ་མེད་པར་ནི་དགྲར་གྱུར་ལ། །དག་སྣང་རྒྱུ་མཚན་མེད་པར་གྲོགས་སུ་འཐམ། །ཅོལ་ཆུང་ཆེན་པོའི་གྲལ་མཐར་འཁོད་པ་ཡང་། །གཉིས་མེད་གསུངས་པས་དང་པོའི་གྲལ་དུ་དབྱུང་། །སྐལ་མཉམ་ལྟ་བུར་འདུག་ཀྱང་རྣལ་འབྱོར་ཅན། །གཙོ་བོའི་ཁྲི་ལ་འཛེགས་པར་རྗེས་སུ་གནང་། །གཉིས་སྐྱེས་མཇུག་སྒྲོས་རིན་ཆེན་བུམ་པའི་ཁ །བརྒྱན་པ་དགོས་པའི་དབང་ལས་ནོངས་
པ་མིན། །མི་བདག་ལུང་ཐོབ་ཁྱིམ་པ་ཕལ་པའི་བུ། །སྐྱེ་བོའི་ཁྲོད་ན་མི་བདག་བཞིན་ཏུ་བརྗིད། །མངོན་པའི་ང་རྒྱལ་རབ་ཞི་ལྷག་བསམ་ཅན། །ཤིང་རྟའི་ལུང་ལས་མཁའ་ངོས་ཟླ་ལྟར་ཞུགས། །གང་གིས་ཐོབ་པའི་རབ་ཞི་དྲི་མེད་བཅུད། །མྱང་གྲོལ་སེང་གེའི་འོ་མ་ཡིན་ཤེས་ན། །དེ་ཡི་སྣོད་ལྡན་དགེ་བའི་སེམས་བྱུང་ཅན། །གཞི་རྒྱུད་ཛམྦུའི་གསེར་དུའང་རིགས་པས་གྲུབ། །ཡོངས་རྫོགས་ཐུབ་པའི་བསྟན་ལ་ཞུགས། །ཤེས་བྱ་རྣམས་ལ་ཐོས་ཤིང་བསམ། །ཀརྨའི་རྗེས་ཞུགས་ངག་གི་དབང་། །ཡོན་ཏན་རྒྱ་མཚོར་འཁྱིལ་བར་གྲགས། །ལྷག་པའི་བསམ་པར་གཡོ་མེད་ཅིང་། །བསམ་མི་ཁྱབ་ལ་སྤྲོ་བ་ཐོབ། །གང་དང་འགྲོགས་པ་དེ་མཐུན་ཚུལ། །བློ་གྲོས་མཐའ་ཡས་རྒྱལ་བའི་སྲས། །དཔལ་ལྡན་བླ་མ་མཉེས་པར་བྱས། །སྡོམ་པ་དམ་ཚིག་ཡང་ཡང་བླངས། །དབང་གི་ཡེ་ཤེས་རྒྱུད་ལ་བསྟེན། །པདྨ་གར་གྱི་དབང་ཕྱུག་རྩལ། །མིང་ལས་དོན་གྱི་ཁྱད་པར་སྟོན། །ཇི་ལྟར་གསེར་སོགས་མངོན་བརྗོད་བཞིན། །སྐབས་སུ་སྨྲ་བ་གཞན་མེད་པས། །འདི་ལས་ལུང་གི་འཐད་པ་བརྟག །ནགས་སུ་གླང་པོ་དུད་འགྲོའི་ཁྱུ། །ཚོང་དུས་འགྲིམ་ན་རིན་ཐང་ཆེ། །བློ་ལྡན་རྨོངས་པའི་གྲལ་དུ་
དམན། །དཔྱོད་ཤེས་ཅན་ལ་བདུད་རྩིར་བྱེད། །སྐྱོན་མེད་ཡོན་ཏན་ལྡན་པ་དཀོན། །ཡོན་ཏན་སྐྱོན་དང་བཅས་པ་མོད། །ཕྱི་མ་ལ་ཡང་ཡིད་བརྟོན་པ། །མཁས་རྣམས་དེས་པའི་ལུང་འདི་ལེན། །སྨན་གྱི་འབྲས་བུས་དབེན་པའི་ལྗོངས་སུ་ཟུག་རྔུའི་རེག་བྱ་ལྡུམ་བུས་འཕྲོག །གྲུབ་པའི་རིག་འཛིན་དུས་ཀྱིས་བསྐལ་ལ་སོ་སྐྱེའི་སྟན་པ་ལམ་འདྲེན་ཉིད། །མོས་པའི་ཆུ་དྭངས་རིན་ཆེན་དེ་ཡང་རྡོ་རྗེ་ཅན་གྱི་གཟུགས་བརྙན་གཞིན། །འདོད་པ་སྒྲུབ་ལ་རང་བཞིན་གཅིག་ཀྱང་རྣོ་བརྟུལ་བསམ་པའི་མཐུ་ལས་སོ། །ད་ནི་དགུ་པའི་རྣམ་གྲངས་དེ་དག་བསྙད་པར་བྱའོ། །གང་དུ་གྲོགས་ཕུན་སུམ་ཚོགས་པ་ཡོད་པ་དེར་བསྒྲུབ་བྱ་ཤིན་ཏུ་ཕུན་སུམ་ཚོགས་པར་འགྱུར་བ་ཆོས་ཉིད་དེ། ཇི་ལྟར་ཁང་བཟང་རིན་པོ་ཆེ་ཆེ་ཞིང་འཕང་མཐོ་བ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ། ཕྱི་དང་ནང་དུ་བཀོད་པའི་ཁྱད་པར་དུ་མ་དང་ལྡན་པ། རྒྱལ་པོ་དང་བློན་པོ་ཆེན་པོའི་ཚོགས་འདུ་ཞིང་ལོངས་སྤྱད་པར་འོས་པ་དེ་འདི་ལྟར། མི་གཅིག་གམ་གཉིས་ལ་སོགས་པས་ཟླ་བའམ་ལོ་གྲངས་བརྒྱ་སྙེད་དུ་བགྱི་བར་རྡོ་མི་ཐོགས་པ་དག་བགྱི་བའི་དུས་སུ་སོན་པ་དང་། སྐྱེས་བུ་རྡོ་དང་ཤིང་གི་འཕྲུལ་འཁོར་ལ་བྱང་བ། ཤེད་ཆེ་ཞིང་ལས་ལ་
རེམས་པ་དུ་མ་དག་འདུས་ཏེ་ཁང་པའི་བྱ་བ་ལེ་ལོ་མེད་པར་བསྒྲུབ་པར་གྱུར་ན་ཞག་གི་གྲངས་ཉུང་ངུས་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །གཞན་ཡང་ས་གཞི་ལ་ལོ་ཏོག་གི་འབྲུ་དང་། པི་ཝཾ་དང་རྔའི་སྒྲ་ལ་སོགས་པ་འདུས་ཤིང་ཚོགས་པ་ལས་བྱུང་བ་ཕྱི་དང་ནང་གི་རྟེན་འབྲེལ་དག་ནི་གནད་ཀྱི་འགྲོས་གཅིག་པས་ན། ཚོགས་ཀྱི་གཙོ་བོ་གཟི་བརྗིད་སྐྱེད་པའམ། ཁས་དྲག་པོ་རྣམས་བྱ་བའི་ཁུར་ཡང་བའི་ཐབས་ཀྱི་ཁྱད་པར་རམ། རོལ་མོ་དང་དབྱངས་ཀྱི་རྣམ་གྲངས་སྤྲོས་པའི་ཆོ་གས་ཉི་ཚེ་བའི་བློ་ཁ་ཡན་རི་དྭགས་ཀྱི་ཁྱེའུ་འབྲིད་པའི་སྦྱོར་བ་ལྷུར་ལེན་པ་མ་ཡིན་པར། རྣམ་དག་རང་བྱུང་གི་སྨན་གྱི་ཐིག་ལེ་གསོ་བྱེད་རྩི་བཅུད་ར་ས་ཡ་ནའི་དབྱིག་ཏུ་སྣང་བ་དག །རིགས་ལྔའི་དམ་ཚིག་ཆེན་པོ་ཡིན་པ་ལ་ཡིན་པར་སྒྲུབ་བའི་ཏིང་འཛིན་དག་མཉམ་གྱི་འཁྲུལ་འཁོར། བཟླས་པ་རྣམ་བཞིའི་ཛབྲ། ནུས་འབྱིན་གྱི་རྣོ་ངར་ལུ་གུ་བརྒྱུད་དུ་སྤྲེལ་བས། མང་པོ་འདུས་པ་ལས་དངོས་གྲུབ་ཀྱི་ཁྱད་པར་གཅིག་མྱུར་བ་མྱུར་བར་མངོན་ཏུ་བྱེད་པ། གསང་བ་ཆེན་པོའི་ཐབས་ལ་མཁས་པའི་རྣམ་གྲངས་རྡོ་རྗེ་ཅན་གྱིས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་བསྟན་པའི་དོན་ལས་ཕྱིན་ཅི་མ་ལོག་པ། གསང་བའི་འདུ་བར་
འདུས་པ། ཤིན་ཏུ་འདྲེས་པའི་མཆེད་དུ་གྱུར་པ། རྡོ་རྗེའི་སྤུན་མི་ཕྱེད་པའི་དམ་ཚིག་ཅན། ཤས་ཆེ་བ་བསྡུ་བ་རྣམ་པ་བཞིས་ལེགས་པར་བསྡུས་པ། གནས་འདི་ལ་ལྷག་པའི་བསམ་པ་གཉིས་སུ་མ་གྱུར་པ་ནུས་པ་དང་ཇི་ལྟར་འཆོམས་པའི་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོར་བགོས་པ་ནི་འདི་ལྟ་སྟེ། ལས་དང་ཏིང་ངེ་འཛིན་གྱི་གཉེར་འཛིན་པ་རྡོ་རྗེ་རྒྱལ་ཐེབས་ལོ་ཙཱ་བ་མཆན་བུའི་གནས་སུ་འདུག་པ། རྒྱལ་ཚབ་ཀྱི་སློབ་དཔོན་ཆེན་པོ་བ་གོར་རིན་ཆེན་བློ་གསལ་གྱི་ཐུགས་སྲས་རྒྱལ་མོ་རོང་པ་གཡུ་སྒྲ་སྙིང་པོའི་སྐྱེ་བའི་ཡང་སྲིད་ཁྱུང་གྲགས་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་པར་འཕྲུལ་པ་གྲགས་པའི་རི་མོ་གདོད་ནས་མ་ཟུབ་བ་འགྱུར་མེད་སངས་རྒྱས་ཆོས་འཕེལ། ཚེ་དང་སྐོང་བའི་ཆོ་གས་ལས་ཀྱི་ཁ་སྐོང་བ་ཆོས་སྐྱོང་བའི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་མཐའ་ཡས་པའི་རྣམ་པར་འཕྲུལ་པ་རྒྱ་མཚོས་སྲིད་པའི་ཁམས་རྣམས་སུ་ཁྱབ་པར་འགྲོ་བའི་དོན་མཛད་པ་ལས་རྣལ་འབྱོར་སྤྱོད་པའི་རྣམ་པར་སྣང་ཞིང་གསང་བ་ཟབ་མོ་བགོ་སྐལ་དུ་ཐོབ་པ་རྣམ་པར་རྒྱལ་བའི་རྡོ་རྗེ་ཅན་སླར་ཡང་སྲིད་པའི་གཟུགས་སུ་སྟོན་པ་ཀརྨ་འཆི་མེད་པདྨ་ཚེ་དབང་མཐུ་སྟོབས་རྣམ་རྒྱལ། སྲུང་བ་དང་མཚམས་ཀྱི་ཕྲིན་ལས་ཆེན་པོས་དངོས་གྲུབ་ཀྱི་བར་ཆད་
འདུལ་ཞིང་སྲུང་བ་རྡོ་རྗེ་རྣལ་འབྱོར་མ་དང་མ་གཅིག་ཇོ་མོས་མངོན་སུམ་བྱིན་གྱིས་བརླབས་པས་བདུད་བཞི་ཐུག་ཕྲད་དུ་གཅོད་པ་ལ་མི་འཇིགས་སེང་གེའི་བརྟུལ་ཞུགས་བག་ཚ་མེད་པར་སྤྱོད་པ་རྣལ་འབྱོར་ཛྙཱ་ནའི་མཚན་ཅན་སླར་ཡང་འགྲོ་དོན་ཏུ་བྱོན་པ་ཀརྨ་བསྟན་འཛིན་རྣམ་རྒྱལ། དུས་མཚམས་ཀྱི་ཚོད་དང་དངོས་གྲུབ་ཀྱི་དྲོད་འཛིན་པ་གསང་འདུས་སྤྲུལ་པའི་སྐུ་ཚེ་ལ་དབང་བའི་རིག་པ་འཛིན་པ་སྐྱེ་བ་དང་མཆི་བའི་མཐའ་ལས་རྣམ་པར་གྲོལ་བ་ནམ་མཁའ་སྒྲོན་གསལ་གདུལ་བྱའི་བློ་ངོར་རྣམ་སྨིན་གྱི་གདོས་བཅས་ལྟར་སྣང་བ་གྲུབ་དབང་གཡུང་དྲུང་དགེ་ལེགས་རྩལ་གྱི་ཡང་སྲིད་ཀརྨ་ཀུན་བཟང་རྣམ་པར་རྒྱལ་བའི་སྡེ། ཆོ་ག་ལས་ཁྲིགས་ཀྱི་ཤིང་རྟ་བདེ་བླག་ཏུ་འདྲེན་པ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོ་ནས་པདྨ་རྒྱས་པ་ལྟ་བུའི་རྣམ་དཔྱོད་ཀྱིས་འོངས་པ་བསླབ་གསུམ་དབང་ཕྱུག་འགྱུར་མེད་བསྟན་འཕེལ་དང་སྔགས་ཀྱི་ཚུལ་ལ་རབ་འབྱམས་སྨྲ་བ་འགྱུར་མེད་ཆོས་ལྡན། ཛ་གད་གསང་བའི་ཕུད་གཉེར་ཞིང་མཆོད་པའི་ལས་རིམ་གྱི་ཏིང་ངེ་འཛིན་དང་ལག་ལེན་གྱི་ཁུར་ཐེག་པ་སྡོམ་གསུམ་གྱི་བུམ་བཟང་རིམ་གཉིས་བདུད་རྩིས་ལེགས་པར་གཏམས་པ་སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་ཕྱུག་
འགྱུར་མེད་ཕྲིན་ལས་དོན་གྲུབ་དབང་གི་རྒྱལ་པོ་གཙོ་བོར་སྨོས་པའི། ཡིད་ཀྱིས་རྣམ་པར་བརྟགས་པའི་ཀུན་ཏུ་བཟང་མོ་དང་། ཆོས་འཆད་པའི་སྟོན་པ་རྒྱལ་ཐེབས་ནས། རྡོ་རྗེ་ཁོལ་པོ་དང་རྡུལ་ཕྱགས་ཀྱི་སྐྱེས་བུས་མཐའ་བརྟེན་པའི་ཚོམ་བུ་ཚོགས་སུ་འདུས་པ། གཞུང་ནས་ཇི་སྐད་བཤད་པའི་རྡོ་རྗེའི་མིང་གིས་བརྒྱན་ཅིང་ལས་ཀྱི་གཉེར་ཁ་ཐ་དད་པ་འཛིན་པ། ཇི་ལྟར་བགོས་པ་དེ་ལྟར་དུ་བྱེད་པའི་བློ་མཐུན་ཅིང་སྙིང་བརྩེ་བ། བག་མེད་པའི་ཚུལ་རིང་དུ་སྤངས་ཤིང་དགེ་བའི་ལས་ལམ་ལ་གཅིག་ཏུ་ཡིད་གཞུངས་པའི་གང་ཟག་བཅུ་ཕྲག་གསུམ་མཆོག་དང་རང་རྒྱུད་པའི་ཚུལ་དུ་ལེགས་པར་ཚོགས་པ་ནི། འདིར་སྒྲུབ་པའི་གྲོགས་ཏེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་དགུ་པའོ། །ཇི་ལྟར་སྲིད་ན་བྱ་དཀར་གྱུར་པ་དག །མང་པོ་འདུས་ལས་རྩོལ་བ་ཆུང་ངུས་འགྲུབ། །དེ་ལས་མཁས་པ་རྩལ་དང་ལྡན་པའི་མི། །ཚོགས་པར་གྱུར་ན་ཤིན་ཏུ་བདེ་བླག་བྱེད། །གྲུབ་པ་མཆོག་གི་འབྲས་བུ་ཐག་རིང་ཡང་། །མང་པོའི་ནུས་པས་དཀའ་བ་མེད་པར་སྨིན། །འཕགས་དང་རྣལ་འབྱོར་ལྡན་པའི་སྟོབས་འདུས་ན། །མིག་འཕྲུལ་བཞིན་ཏུ་ལག་པའི་མཐིལ་ན་འོངས། །ཕྱི་ནང་འབྲས་བུ་སྐྱེད་བྱེད་རྒྱུ་དང་རྐྱེན། །གཅིག་
གིས་མ་ཡིན་དུ་མའང་དེ་བཞིན་གཅིག །དེ་བཞིན་གཤེགས་པའི་ཚུལ་འདི་གང་གིས་མཐོང་། །རིང་པོར་མི་ཐོགས་ཐམས་ཅད་གཟིགས་པར་འགྱུར། །སྔགས་ཀྱི་རྣལ་འབྱོར་གྲུབ་པའི་ཁྱིམ་དུ་འཇུག །རྡོ་རྗེའི་ཆོ་གས་ཐམས་ཅད་བདུད་རྩིར་བསྒྲུབ། །ལྷ་དབང་སུམ་བརྩེགས་རྒྱལ་ཐབས་འཚོ་བ་ཡང་། །འདིར་ལྟོས་སྲིད་པའི་དུག་གིས་རྨོངས་པ་ཉིད། །སོ་སྐྱེ་འཕགས་བཞིན་སྤྱོད་དོ་ཞེས། །ཟོལ་གྱིས་སྨྲ་མིན་སྒྲོ་བཏགས་མིན། །སྤྱན་དང་ལྡན་རྣམས་འདི་བསྒྲགས་པའི། །གྲགས་པ་ཡང་སྲིད་ཀུན་ཏུ་གསལ། །དུས་ཀྱི་དང་པོར་སོན་པ་ན། །ས་གཞིར་དཔལ་ཡོན་འགའ་ཞིག་ཉིད། །སྐལ་བཟང་དད་པའི་མིག་ཐོབ་ན། །ཅིར་སྣང་དག་པའི་ཟློས་གར་རྩེ། །ཉེ་དབང་བདག་པོ་མིག་སྟོང་པ། །བདུད་རྩིར་ལོངས་སུ་སྤྱོད་དེ་དག །ཐུགས་ཀྱི་ཐིག་ལེའི་མཆོག་སྒྲུབ་ན། །རྣལ་འབྱོར་སྤྱོད་རྣམས་རྗེས་སུ་བྱེད། །ད་ནི་རྣམ་གྲངས་སུ་བགྲངས་པ་ལས་བཅུ་པ་གང་ཡིན་པ་དེ་ལེགས་པར་བཤད་པར་བྱའོ། །དེ་ལ་གཏེར་འབྱིན་ཤིང་རྟ་ཆེན་པོ་འཇིག་རྟེན་གསུམ་གྱི་རྒྱན་དུ་བྱེད་པ་དེའི་ཡེ་ཤེས་ཡངས་པའི་དོ་རར་དག་སྣང་གི་ཟློས་གར་བརྗོད་དུ་མེད་པ་རྟག་པར་རྩེ་བ་ན། གྲུབ་པ་དང་རྣལ་འབྱོར་མའི་འདུས་པ་ཆེན་པོའི་ལུས་ངག་གི་
བརྡ་དང་རྣམ་འགྱུར་ལས་བྱུང་བ་དག་དང་། ཞིབ་མོར་ཕྱིས་ནས་བསྟན་པ་རྣམས་ནི་ཐུན་མོང་མ་ཡིན་པའི་རང་ལུགས་རྩ་བར་བཞག །སྤྱིའི་ཁོག་དབུབ་པའི་ཆིངས་ཆེན་པོ། ཕྱག་ལེན་གྱི་ཞིབ་མོ་རྣམ་པར་འབྱེད་ཅིང་། ཕུ་ཐག་འཁྲུས་པའི་རྒྱབ་ཀྱི་བརྟེན་པོ་ནི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་རིང་ལུགས་དྲི་མ་མ་མཆིས་པ། རྨད་དུ་བྱུང་བ་ཇི་ལྟ་བ་དེ་ཁོ་ན་ཉིད་སློབ་ཅིང་མཐུན་པར་སྤྱོད་དགོས་པར་ཞལ་གྱིས་བཞེས་ཤིང་རྗེས་སུ་གདམས་པར་མཛད་པ་སྟེ། སྔོན་མ་བྱུང་བ་རྨད་དུ་བྱུང་བའི་ཆོས་བཀའ་ཆེན་པོ་འདི་སྙེད་ལ་ཕྱག་བཞེས་ཀྱི་ཁྱད་པར་དེ་ལྟ་བུས་བརྒྱན་པར་བྱེད་པ་ནི་གསེར་གྱི་མཆོད་སྡོང་ལ་གཡུའི་ཕྲ་ཚོམ་བསྟར་བ་བཞིན་འཇིག་རྟེན་ཐམས་ཅད་ཀྱིས་བཀུར་བར་འོས་པ་དང་། དཔྱོད་ལྡན་རྣམས་ཀྱིས་དཔེར་བྱ་བར་འོས་པ་དང་། གཞུང་དང་ལག་ལེན་དུ་འབྲེལ་བའི་རྣམ་དཔྱོད་ལ་སྔ་ཕྱིར་བྱུང་བ་སུས་ཀྱང་ཟིལ་གྱིས་མི་ནོན་པར་འགྱུར་རོ། །གལ་ཏེ་རིང་ལུགས་དེ་ལྟ་བུ་ལ་སློབ་པར་མ་ནུས་པར། མཐའ་འཁོབ་ཀྱི་སྐྱེ་བོ་རིགས་པ་དང་མི་རིགས་པའི་ཚུལ་མི་ཤེས་པ་དུད་འགྲོ་ལྟ་བུའི་ཁྲོད་དུ་བློ་གྲོས་ངན་པའི་སློབ་དཔོན་ལྟོ་འགེངས་པ་ལ་གོམས་པ་དག་གིས་སྲོང་སྔགས་པ་བོན་ཏུ་གྱེར་བའི་ལད་མོ་གང་བྱུང་ཅི་ཐོད་དུ་བཅོས་པའི་ལུགས་སྲོལ་
དམ་པ་རྣམས་ཀྱི་སྤྱན་སྔར་མི་བྲིམ་བ་ངག་གིས་ཆོ་ག་འདི་རྣམས་བསླད་པར་གྱུར་ན་གསེར་བཟང་པོའི་བུམ་པ་རེ་བའི་ལྷབ་ལྷུབ་ཀྱིས་བགོས་པ་ལྟར་ཤིན་ཏུའང་མི་མཛེས་པ་དང་། དོན་དང་མི་མཐུན་པས་གཏེར་ཆོས་ཆུང་གསན་པ་དང་། རིག་འཛིན་ཆེན་པོའི་བཀའ་ལས་འདེས་པ་སྟེ་མི་བདེ་བའི་ཁུར་ཆེན་པོ་གསུམ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་སྐབས་འདིར་ཡང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཐུགས་ཀྱི་ཐིག་ལེའི་གཞུང་རང་རྐང་ཚུགས་པ་ལ་བཅའ་གཞི་དང་ཕྱག་བཞེས་ཀྱི་ཁྱད་པར་ཇི་སྙེད་པ་ཨོ་རྒྱན་སྨིན་གྲོལ་གླིང་པའི་རིང་སྲོལ་ལས་འོངས་པ་གང་ཡིན་པ་དེ་ཁོ་ན་དང་སྦྲེལ་བ་སྟེ། ལུགས་སྲོལ་དེའང་ཇི་ལྟ་བུ་ཞེ་ན། སངས་རྒྱས་བྱེ་བ་རྡུལ་སྙེད་ཀྱི་སྤྱན་སྔར་སྨོན་ལམ་རྒྱ་མཚོ་ཡང་དག་པར་གྲུབ་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་དམ་པའི་ཆོས་འཛིན་པ་ལ་རྒྱལ་བའི་མྱུ་གུ་ཇི་སྙེད་པས་འགྲན་ཏུ་མི་བཟོད་པ་རྒྱལ་ཚབ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏ་སྔ་འགྱུར་བཀའ་གཏེར་གྱི་མེ་རོ་སློང་བ་ལ་བསམས་བཞིན་མིའི་ཤ་ཚུགས་བཟུང་བ་ཨོ་རྒྱན་གཏེར་བདག་གླིང་པའམ། པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཡབ་སྲས་དང་། མཆེད་དུ་གྱུར་པ་རྒྱལ་མོ་གཡུ་སྒྲ་སྙིང་པོའི་ཡང་སྲིད་དྷརྨ་ཤྲཱི་དང་བཅས་
པས་བསྟན་པའི་དོན་ཏུ་སྙིང་སྟོབས་ཆེན་པོའི་གྲུལ་ཞོན་ཏེ་རི་ཁ་བ་ཅན་གྱི་ཆུ་ངོགས་སུ་རྡོ་རྗེ་སྙིང་པོའི་ནོར་བུ་ཚོལ་བ་ལ་མངོན་ཏུ་ཕྱོགས་པ་ན་མཁས་པ་རྣམས་ཀྱི་ཞལ་སྒོ་ནི་འགྲིམ། གྲུབ་པ་རྣམས་ཀྱི་དགོངས་ཉམས་ནི་བསྡུར། གདམས་ངག་རྣམས་ཀྱི་ཕུ་ཐག་ནི་བཅད། སྨིན་གྲོལ་དང་གདམས་ངག་གི་ཆ་ཀླུང་མཐའ་ཡས་པ་གསོལ། སྔ་འགྱུར་ཆོས་ཀྱི་རྒྱུན་ཆད་དུ་ཉེ་བ་རྣམས་བསྡུས། འཇིག་རྟེན་ན་ཚད་མར་གྲགས་ཤིང་མཁས་པའི་སྐྱེ་བོ་རྣམས་དབང་དུ་བྱེད་པའི་ཕྱག་བཞེས་ལེགས་པའི་ཆ་ཤས་ཕྱོགས་གཅིག་ཏུ་བསགས་པའི་རྒྱུན། ཕྱིས་ནས་སྤྲོས་པའི་བསླད་ཀྱིས་རྣམ་པར་མ་བསླད་པ། གཟུ་བོར་གནས་པའི་དཔྱོད་ལྡན་དག་གི་ཐུགས་འཕྲོག་ཅིང་ཡིད་ཆེས་ཀྱི་ངོ་མཚར་སྐྱེད་པར་བྱེད་པ་ཡིན་ཏེ། དེ་ལ་ལྟ་བའི་ཁྱད་པར་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་ཁྱུང་ནམ་མཁར་ལྡིང་བ་ལ་ཕྲ་བ་ནང་གི་དབུ་མའི་མིག་གིས་བརྒྱན་པ། སྒོམ་པའི་ཁྱད་པར་བསྐྱེད་རྫོགས་རྫོགས་པ་ཆེན་པོ་ཟུང་དུ་འབྲེལ་བའི་གཞུང་ལམ་ལ་སྙན་དང་ཞལ་དུ་བརྒྱུད་པའི་གདམས་ངག་གི་རྩལ་ཆེན་པོས་བགྲོད་པ། སྤྱོད་པའི་ཁྱད་པར་སྡོམ་གསུམ་ཡར་ལྡན་ཏུ་རྫོགས་ཤིང་ཐོས་བསམ་སྒོམ་པའི་བྱ་བ་ལས་འདར་མེད་པ་རབ་འབྱམས་སྨྲ་བའི་གནས་བརྟན་
དང་མཁན་པོས་བརྒྱན་པའི་དགེ་འདུན་གྱི་སྡེ་བསྟན་པའི་མིག་རྒྱན་ཏུ་གྱུར་པ་དང་། རིགས་ཀྱི་རིག་པ་འཛིན་པ་རྡོ་རྗེའི་རྣལ་འབྱོར་གྱི་ནུས་པའི་རྩལ་གྱིས་གཞན་སྣང་ཟིལ་གྱིས་གནོན་པ་སླས་ཀྱི་འཁོར་དང་བཅས་པ་སྟེ་སྡེ་གཉིས་མ་འདྲེས་པར་པདྨའི་མཚོ་དང་པ་དཀར་པོ་དང་སེར་པོ་དག་གི་ཁྱུས་བརྒྱན་པ་ལྟར་ཐ་དད་དུ་སྤྱོད་ཅིང་རྡོ་རྗེ་རྩེ་མོའི་བསྟན་པའི་སྲོག་ཤིང་འཛིན་པ་ལ་གཅིག་ཏུ་བརྩོན་པ། སྤྲོས་བཅས་ཕྱག་བཞེས་ཀྱི་ཁྱད་པར་ཧ་ཅང་མདོར་བསྡུས་ཏེ་གཞུང་གི་དགོངས་པ་ཧོལ་ཁོངས་སུ་ལས་པ་མ་ཡིན་པ། ཧ་ཅང་རྒྱས་དྲག་པས་སུས་ཀྱང་ལག་ཏུ་ལོན་པར་དཀའ་བ་མ་ཡིན་པ། དགོས་ངེས་པའི་བྱ་བ་ནི་དོར། མི་དགོས་པའི་རང་བཟོ་མང་པོས་ཟིང་ཟིང་པར་བཅོས་པ་མ་ཡིན་པ། འཕྲལ་དུ་བྱ་སླ་ལ་ཕུགས་སུ་དོན་ཆེ་བ། མིག་སྔར་མཛེས་ཤིང་ཉམས་སུ་བསྟར་བ་ལ་ཕན་པ། ཁུངས་དང་འབྲེལ་བས་བྱིན་རླབས་ཀྱི་ཟིལ་ཆགས་པ་ཤ་སྟག་སྟེ། གསང་བ་ཀུན་གྱི་འབྱུང་གནས་ཨོ་རྒྱན་དྷརྨ་གཉྫ། བསྟན་པའི་ཆུ་ཀླུང་ཕྱོགས་ཀུན་ཏུ་འབབས་པ་མ་དྲོས་པའི་མཚོ། མཁས་པ་དང་གྲུབ་བའི་འདུས་པ་རྒྱུན་མི་ཆད་དུ་འབྱུང་བ་གངས་རིའི་ཁྲོད་ཀྱི་པདྨ་འོད་དུ་བསྟི་བའི་རིག་འཛིན་ཚོགས་ཀྱི་གཙོ་བོ་མཁས་པར་ཆུད་པ་དག་གི་
ཞལ་གྱི་ལུང་དང་། ཕྱག་ལེན་སྨར་ཁྲིད་ཀྱི་རྒྱུན་སྲོལ་བར་མ་ཆད་པའི་སྣང་བ་ཉི་མའི་བྱ་བ་ཅན་དག་གིས་གོ་ཕྱེས་ཏེ། བདག་མདུན་དབྱེར་མེད་ཀྱི་དགོངས་པ་ལ་རྟེན་དང་བརྟེན་པ་བཀོད་པའི་ཁྱད་པར་གྱིས་གཟེར་བཏབ་པ། བསྙེན་སྒྲུབ་རྣམ་བཞིའི་དགོངས་པ་ལ་འཛབ་ཁོང་གི་དབྱེ་བསྡུ་ཡོ་གའི་འགྲོ་ལུགས་དང་བསྟུན་པ། དཀྱིལ་འཁོར་སྣ་ཚོགས་ཀྱི་བཀོད་པ་ལ་གཞི་རྫོགས་དང་ཞལ་བསྒྱུར་སོགས་རྒྱ་འབག་གི་མིག་བུ་ལྟར་འཕྲུལ་ཤེས་པ། གཏོར་མས་ཕྲིན་ལས་སྒྲུབ་པ་ལ་ཤེས་པ་དྲུག་ལྡན་གྱི་དམིགས་ཕྱེད་པ་སོགས་གཞིར་བྱས། སྤྲོས་བཅས་ཀྱི་བྱ་བ་དཀྱིལ་འཁོར་བྲི་ཞིང་རྒྱན་བཀོད་པའི་ཁྱད་པར། གཏོར་མ་དང་མཆོད་པའི་བྱེ་བྲག་མང་པོའི་དབྱིབས་དང་བཀོད་པའི་རྣམ་གྲངས། བསྙེན་སྒྲུབ་སྒྲུབ་ཆེན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབ་པའི་གོ་རིམ། མི་ངལ་ཞིང་མི་སུན་པའི་དབྱངས་དང་རོལ་མོའི་རྣམ་འགྱུར། དལ་བྲེལ་སྙོམ་ལ་རྒྱུན་ཆད་མེད་པའི་འདོན་བཟླས་ཀྱིས་མཚོན། མདོར་བྱས་ན་སྦྱོར་དངོས་མཇུག་གི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་བྱིན་རླབས་ཀྱི་བགས་ལྷུན་ཆགས་ཤིང་། ཡིད་ལ་དགའ་བ་དང་སེམས་ལ་བདེ་བ་སྐྱེད་པའི་ལས་ཀྱི་རིམ་པ་ལ་ཡིད་གཅིག་ཏུ་གཞུངས་པ་ནི། འདིར་སྒྲུབ་པའི་ཕྱག་བཞེས་
ཀྱི་ཁྱད་པར་ཏེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་བཅུ་བའོ། །ཨོ་རྒྱན་མཁན་པོའི་རིང་ལུགས་འཁྱིལ་བའི་མཚོ། །སྨིན་གྲོལ་ནོར་བུའི་རྦ་རླབས་དགུང་དུ་འཆེལ། །བློ་ལྡན་ངང་པའི་རྒྱལ་པོ་རྩེ་བའི་གླིང་། །རྙོགས་མེད་ཡིད་འོངས་འདུས་པའི་པདྨོ་བཞད། །རིག་པའི་གནས་ལ་རྣམ་དཔྱོད་འཛུམ་དཀར་ཅན། །མདོ་རྒྱུད་སྨྲ་བའི་སྤོབས་པ་གཟེངས་སུ་མཐོ། །དེར་ནི་བསམ་གཏན་བདུད་རྩིས་ཡང་དག་བརླན། །སྤྲོས་བཅས་ཀུན་སྤྱོད་སུས་ཀྱང་མཚུངས་པ་མེད། །གང་ཞིག་གསེར་དུ་འདྲ་བའི་ཁ་དོག་ཀྱང་། ཁ་དོག་གཞན་པས་ནམ་ཡང་འགྲན་མི་བཟོད། །དེ་འདྲའི་རིང་ལུགས་ལེན་པ་སྐྱོན་བཅས་མིན། །དཔེར་འོས་དཔེ་དུ་བྱ་བ་མཛངས་པའི་ལུགས། །རྨོངས་པ་ཕྱིན་ཅི་ལོག་གི་རིང་སྲོལ་སློབ། ཁ་གཅིག་ཕ་ཕོར་གཙང་མའི་ཞེན་ལ་འཐས། །ང་རྒྱལ་ཅན་རྣམས་རང་བཟོའི་ལམ་དུ་འཇུག །དེ་དག་སྔ་འགྱུར་བསྟན་པའི་གཞུང་འཛིན་མིན། །མ་ལ་ཡར་འཁྲུངས་ལྗོན་པའི་དུམ། །དྲི་བསུངས་གཞན་གྱིས་མཚོན་ཏུ་མེད། །ལུགས་སྲོལ་འདི་ཡི་བཟང་པོའི་ངང་། །གང་ལ་བགོས་པ་བསུང་ཞིམ་བྱེད། །ཀུ་ཤའི་ཡུལ་སྐྱེས་གྱད་ཕལ་པས། །སྒྱུ་རྩལ་མཁན་ཀུན་སྨ་འབེབས་
བྱེད། །ཚོགས་མཆོག་ལས་འོངས་ཕལ་གཅིག་གིས། །འདུས་པ་གཞན་སྤྱོད་ཟིལ་གྱིས་གནོན། །རིན་ཆེན་གླིང་ནས་བླངས་པའི་དབྱིག །རེ་བ་ཀུན་ལ་འདོད་པ་འཇོ། །གང་འདིར་སྦྱངས་པའི་བློ་གྲོས་ཅན། །བཀའ་གཏེར་སྣང་བའི་དཔལ་དུ་བྱེད། །ཐུབ་པའི་རིང་ལུགས་ནམ་མཁའ་འདྲ། །འདི་བདེན་གཞན་ནི་གཏི་མུག་ཅེས། །སངས་རྒྱས་འབྱུང་བ་མི་མཉེས་པའི། །ཆོས་སྤོང་ལས་ནི་བདག་གི་དུག །སྔ་འགྱུར་ངེས་པའི་ཁུངས་ཚོལ་ན། །ཁྱད་འཕགས་ལུགས་ནི་འདི་ཡིན་ཅེས། །གནུབས་སོ་ཟུར་སོགས་གཤེགས་པའི་ཤུལ། །མཛུབ་མོའི་བརྡ་ཡིས་མཚོན་པར་ཟད། །ཡང་དག་ལུང་གིས་རབ་བརྒྱན་འཐད་པ་ཅན། །དྲི་མེད་ཕྱག་བཞེས་ཉི་མའི་ཤིང་རྟ་ཡིས། ཁ་ལོ་བསྐྱོད་བྱས་གསང་བ་གསར་པའི་འོད། །གླིང་བཞིའི་ཁོངས་སུ་ཁྱབ་པའི་ཤེས་པ་བསྒྲུབ། །ད་ནི་རྣམ་གྲངས་སུ་སྨོས་པ་བཅུ་གཅིག་པ་དེའང་བཤད་པར་བྱའོ། །དེ་ལྟར་སྨོས་སྨོས་པ་དེ་ཡིས་དགོས་པའི་འབྲས་བུ་ཅི་ཞིག་འགྲུབ་ཅེ་ན། དེ་ལས་ནི་རིས་མེད་ཀྱི་འགྲོ་བ་མཐའ་ཡས་པའི་རྒྱུད་ལ་རྡོ་རྗེ་ཐེག་པའི་ས་བོན་བཞག་པར་གྱུར་ཏེ། འདི་ལྟར་ཚད་དང་ལྡན་པར་བསྒྲུབས་ནས་ཇི་བཞིན་ཏུ་གྲུབ་པའི་སྨན་གྱི་རིལ་བུ། དམ་ཚིག་གི་རྫས་ཆེན་པོ་མྱང་བས་
གྲོལ་བའི་རྩི་དེ་དག་ཆ་གཉིས་སུ་བྱས་པའི་ཆ་དང་པོ་གང་ཡིན་པ་དེ་ནི་ས་གས་ཉ་བའི་དཀར་པོའི་ཕྱོགས་རྫོགས་པ་གཉིས་པའི་ཚེས་ཀྱི་ཆ་དང་པོ་ཉིན་ཕྱེད་ཀྱི་འོད་ཟེར་ཤར་རི་ནས་ཆས་པའི་དུས་སུ། སྲིད་པ་གསུམ་གྱི་བླ་མ་དཔལ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ཆེན་པོའི་སྤྱན་སྔར་ཡིད་རབ་ཏུ་དང་བའི་གུས་པ་ཆེན་པོས་ཞབས་ཀྱི་པདྨོར་སྤྱི་བོས་ཕྱག་བྱ་བ་སྔོན་ཏུ་འགྲོ་བས་མདངས་གསོལ་དུ་ཕུལ་བ་ན། བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱངས་ཏེ། །ཞལ་གྱི་དཀྱིལ་འཁོར་འཛུམ་པའི་མདངས་དང་འགྲོགས་པའི་ལེགས་པོའི་ཚངས་དབྱངས་ཀྱིས་འཇིག་རྟེན་གསུམ་པོ་དབུགས་དབྱུང་བ་དང་ལྷན་ཅིག་བདག་གིར་བཞེས་པའི་མོད་ལ། ལྗགས་ཀྱི་པདྨོར་རྡོ་རྗེའི་དམ་ཚིག་ཏུ་བརྟེན་ཅིང་། དཔལ་ལྡན་ནཱ་རོ་ཏཱ་པ་སྲིད་པའི་སྒྱུ་ཐབས་ལ་ཆགས་པ་སྤྲིན་སྒྲའི་མཚན་སྙན་ཅན་གྱི་རྒྱལ་བ་དང་། གྲུབ་པའི་སྤྱི་དཔལ་མཁའ་འགྲོའི་ཚོགས་རྗེ་དཔའ་བོའི་དབང་ཕྱུག་སྟེ་ཉི་ཟླ་ལྟ་བུའི་ཐུགས་སྲས་རྣམ་པ་གཉིས་གཙོ་བོར་འཁོད་པའི་ལུང་དང་མངོན་པར་རྟོགས་པ་རྒྱ་མཚོའི་སྤྲིན་ཕུང་ཤེས་བྱའི་མཁའ་ངོས་སུ་འགེབས་པར་བཟོད་པ་ཞམ་རིངས་སུ་འདུས་པའི་འཁོར་གྱི་དཀྱིལ་འཁོར་ཟླ་བ་ཉ་གང་བ་ལྷ་བུ་སྐལ་པ་བཟང་
པོའི་ཆ་ཤས་ཡོངས་སུ་རྫོགས་པ་དག་ལ་བདུད་རྩིའི་ཆ་ཤས་དངོས་གྲུབ་ཀྱི་བགོ་སྐལ་དེ་ཉིད་དུ་སྩལ་ཅིང་། ལྷག་མ་མྱང་གྲོལ་བདུད་རྩིའི་ཆུ་ཀླུང་ནམ་ཡང་རྒྱུན་མི་འཆད་པ་འབྱུང་བའི་གཏར་འཇོག་པར་མཛད་དོ། །གཉིས་པ་ནི། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་ཏུ་གྱུར་པ་ཕྱག་ན་པདྨོའི་གསང་གསུམ་གྱི་སྣང་བས་རྟག་ཏུ་མཛེས་པའི་གྲུ་འཛིན་གྱི་གཞལ་མེད་ཁང་། ཆོས་དང་སྲིད་ཀྱི་དཔལ་འབྱོར་མ་ཚང་བ་ཅིའང་མེད་པའི་འདུན་ས་ཆེན་པོར། སྐད་རིགས་མི་གཅིག་པའི་ཡུལ་ཁམས་དུ་མའི་སྐྱེ་བོ་ལ་བཀའ་ལུང་གི་ཅོད་པན་རང་དབང་དུ་སྦྱིན་པ། རྒྱལ་ཚབ་ཐམས་ཅད་མཁྱེན་པ་ཧོ་ཐོག་ཐུའི་ཞལ་སྔ་ནས། གནམ་བསྐོས་ཀྱི་བདག་པོ་འདུན་ན་འདོན་འཁོར་དང་བཅས་པ་ལྷ་མིའི་བླ་མ་འཇིག་རྟེན་ཏུ་བྱོན་པའི་དུས་ཀྱི་དང་པོའི་བྱ་བའི་རྣམ་བཞག་ཉིན་རེ་བཞིན་ཡང་མངོན་པར་འཕེལ་བའི་སྐབས་སུ་སོན་པ་ན། ཤེལ་གྱི་བྲག་ག་ལ་བར་བདུད་རྩི་གྲུབ་པའི་རྗེས་ཐོག་དེ་མ་ཐག་ཕར་གཡོ་རུ་ཁྲ་འབྲུག་སྤྲུལ་པའི་གཙུག་ལག་ཁང་ཆེན་པོར་ཕྱིན་ཏེ་བོད་ཁམས་བདེ་བའི་རིམ་གྲོ་ལ་མངོན་པར་བརྩོན་པ་དང་འབྲེལ་བར་བཀས་མངགས་པའི་འདུན་ན་འདོན་བློ་གྲོས་ཀྱི་འཕྲུལ་དང་ལྡན་པ་ལ་
གཙང་སྦྲ་དང་བཅས་པས་བསྐུར་བ། དེས་ཀྱང་གུས་པ་དང་ལྡན་པས་ཕྱག་གི་པདྨོར་ཕུལ་བ་དགྱེས་པ་རབ་ཀྱིས་དང་དུ་བཞེས། ཆ་ཆ་ནས་བགོས་ཏེ་སོ་སོའི་དམ་ཚིག་གི་བདུད་རྩིར་ལྗགས་ཀྱི་དབང་པོ་ལ་བརྡར། དད་པ་ཅན་དག་ལའང་བགོ་སྐལ་དུ་སྩལ་ཞིང་ལྷག་མ་གང་ཡིན་པ་དག་ནི། མངའ་རིས་དང་། དབུས་གཙང་དང་། མདོ་ཁམས་ལ་སོགས་པའི་རྫོང་ཆེན་བརྒྱ་ཕྲག་གཉིས་ཀྱིས་མཚོན། ཆབ་འོག་ཏུ་འཁོད་པའི་སྐྱེ་འགྲོ་མིར་གྱུར་པ་དང་། དུད་འགྲོའི་འགྲོ་བ་དང་། ཆུ་ནང་དུ་རྒྱུ་བ་དང་། ནམ་མཁར་སྤྱོད་པ་སོགས་ལ་ཅི་དགར་སྤྱད་དུ་སྩལ་ཞིང་ཐམས་ཅད་ཀྱང་གསང་བ་མཆོག་གི་ཐེག་པ་ལ་རིགས་ཡོངས་སུ་སད་པའི་བརྟུལ་བ་བརྟན་པོ་ལྷུར་བཞེས་ཏེ་ཐུགས་རྗེ་ཆེན་པོ་བསྐྱེད་པར་མཛད་དོ། །དེ་དག་གི་ཆ་ཤས་ཅུང་ཟད་ཙམ་ཁོ་བོས་ཀྱང་བགོ་སྐལ་ཏུ་ཞུས་ཏེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་། མཆོག་གི་དཔལ་ལྡན་བླ་མ་རྡོ་རྗེ་ཅན་ཉི་མ་དང་ཟླ་བ་ལྟ་བུ་མཁྱེན་བརྩེ་ནུས་པའི་དཀྱིལ་འཁོར་རབ་ཏུ་མཛེས་པ་རྣམས་ལ་དད་པས་མཆོད་པའི་བྱེ་བྲག་ཏུ་ཕུལ་བ་དེ་དག་གིས་ཀྱང་མྱོང་གྲོལ་ཆོས་ཆར་རྒྱུན་མི་འཆད་པར་འབེབས་པའི་བཙས་སུ་བཀའ་དྲིན་གྱི་ཞོ་ཤས་བསྐྱངས་བ་དང་། རང་ཉིད་ལ་ལྟོས་
པར་བཅས་པའི་སྐྱེ་དགུ་ཇི་སྙེད་པ་དག་གི་ཁར་སྩལ་ཞིང་གཞན་ཡང་དུས་དང་དུས་ཀྱི་རྣམ་དབྱེ་མེད་པར་ཚོགས་ཀྱི་འདུ་བ་དང་དམ་ཚིག་གི་བདུད་རྩིའི་དགའ་སྟོན་གྱི་གསོས་སུ་སྤེལ་བ་དང་། བསངས་ཀྱི་དུད་པ་ལ་སྦྱར་ཞིང་གཙང་པོ་དང་འབབས་ཆུ་ལ་སོགས་པའི་རྒྱུན་ལ་ལྡུགས་པ་དང་། དུད་འགྲོ་ཅི་རིགས་པ་ལ་སྟེར་བ་སོགས་གཞན་ལ་ཕན་པ་ཅི་རིགས་པ་གདགས་ཤིང་། མདོར་བསྡུ་ན། བོད་དང་བོད་ཆེན་པོ་དང་། རྒྱ་དང་རྒྱ་ནག་ཆེན་པོ་དང་། ནེ་པཱ་ལ་དང་། ལྷོ་མོན་དང་། མཐའ་འཁོབ་ཀྱི་སྐྱེ་བོ་དང་། འཇང་དང་། རྒྱལ་མོ་རོང་དང་། ཧོར་སོག་ལ་སོགས་པ་ཇི་སྲིད་འཇིག་རྟེན་གྱི་རྣམ་པར་འདྲེན་པ་དེ་དག་གི་དམིགས་པ་མེད་པའི་ཐུགས་རྗེས་ཁྱབ་པ་དེ་སྲིད་དུ་སྨན་ཆེན་པོའི་འགྲོ་དོན་གྱི་རྒྱུན་ཟད་པ་དང་འགྲིབ་པ་མེད་པར་སྲིད་པའི་མཐར་ཡང་མངོན་པར་འགྲོ་བས། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་དགྱེས་པའི་གཟི་མདངས་བསྐྱེད། དཔའ་བོ་ཌཱ་ཀི་དམ་ཅན་ཆོས་སྐྱོང་བའི་ཚོགས་རྣམས་ཐུགས་དམ་དབྱིངས་སུ་བསྐང་། རིག་འཛིན་དྲང་སྲོང་ལྷ་ཀླུ་དཀར་ཕྱོགས་ལ་དགའ་བ་རྣམས་ནུས་པའི་རྩལ་ཆེན་ཕྱུང་། སྲིད་རྩེ་ནས་མནར་མེད་པའི་བར་གྱི་རིགས་དྲུག་གི་འགྲོ་བ་ཀུན་གྲོལ་བ་བཞི་ལྡན་གྱིས་
དབུགས་དབྱུང་ཐོབ་པ་ནི་ཐུགས་རྗེ་གཞན་བརྟེན་གྱི་མཐུ་ལས་ཏེ། དཔེར་བགྱི་ན། མི་ལ་ལ་ཞིག་ཡན་ལག་བརྒྱད་ལྡན་གྱི་ཆུའི་ཐིགས་པ་བུམ་པ་གང་ཡོད་པར་གྱུར་ལ་དེས་དེ་མི་སྐམ་བར་འདོད་ནས་ཕྱོགས་དབེན་པར་དམ་དུ་སྦས་ན་འོན་ཀྱང་དེ་ནི་བསྐམས་ཏེ་ཚར་ཕྱིན་པར་འགྱུར་རོ། །སྐྱེས་བུ་བློ་གསལ་བ་ཡིད་གཞུངས་པ་ཞིག་གིས་ཆུའི་ཐིགས་པ་དེ་རྒྱ་མཚོ་ཆེན་པོར་ལྡུགས་པར་གྱུར་ན་ཇི་སྲིད་རྒྱ་མཚོ་ཆེན་པོ་བསྐམས་པར་མ་གྱུར་པ་དེ་སྲིད་དུ་ཆུའི་ཐིགས་པ་དེའང་འཁོར་ཞིང་འབབས་ལ་རྒྱུན་ཆད་པ་མི་མངའ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོ་ཆེན་པོ་དང་ཆུའི་ཐིགས་པ་དག་ལ་གཉིས་སུ་བྱ་བའི་བྱེ་བྲག་མ་མཆིས་པའི་ཕྱིར་རོ། །དེ་བཞིན་ཏུ། མྱང་གྲོལ་བདུད་རྩིའི་ཕུར་མ་གང་ཟག་གཅིག་གི་སུག་བར་བཅངས་པ་གང་ཡིན་པ་དེ་ནི་ཁེ་ཆུང་ངུ་དང་། དོན་ཆུང་ངུས་མྱུར་དུ་ཟད་ཅིང་མེད་པར་འགྱུར་ལ། བསྟན་པའི་བདག་པོ་རྣམས་ཀྱིས་བསྟན་པའི་བཙས་སུ་བཅངས་ཤིང་སྤེལ་བ་གང་ཡིན་པ་དེ་ནི་དེ་དག་གི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་འཚོ་ཞིང་གཞེས་པ་དེ་སྙེད་དུ་རྒྱུན་མི་འཆད་པ་དང་། བསྟན་པ་དེའི་ཕྲིན་ལས་ཀྱི་སྒོ་གང་ལ་འཇུག་པ་དེ་སྲིད་དུ་ཡོངས་སུ་ཁྱབ་པའི་གཞན་གྱི་དོན་འབྱུང་བ་ནི་རྒྱ་ཆེན་པོ་སྟེ། དེ་
ལྟ་བུའང་བླ་མ་ལྷ་དང་མཁའ་འགྲོའི་བྱིན་གྱིས་རླབས་ཀྱིས་མ་འབད་པར་ལྷུན་གྱིས་གྲུབ་པ་ནི། འདིར་འགྲོ་དོན་གྱི་ཕྱོགས་མཚོན་པ་སྟེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་བཅུ་གཅིག་པའོ། །གསེར་འགྱུར་རྩི་ཡིས་ལྕགས་ཁམས་གསེར་དུ་སྒྱུར། །གྲུབ་པའི་ཆང་གིས་ཐམས་ཅད་བདུད་རྩིར་བྱེད། །གཉིས་མེད་གསུང་བ་གཞན་གྱིས་མ་གསུངས་པ། །དེང་འདིར་སྟོན་པ་ཐུགས་རྗེ་ཅན་གྱིས་བསྟན། ཁམས་དང་ཏིང་འཛིན་ཟས་ཀྱི་སྲིད་པ་གསུམ། །འཚོ་ཕྱིར་མྱང་གྲོལ་ཉིད་ལས་བདེ་བླག་ཏུ། །གྲོལ་བའི་ཐབས་མཁས་ཨུ་དུམྦཱ་ར་དག །གསང་ཆེན་ནགས་སུ་ཚོལ་བས་རྙེད་པར་དཀའ། །གྲུབ་པའི་རིག་འཛིན་ཕོ་མོས་འདི་བསྒྲུབས་ལ། །ཕྱི་རབས་རྣལ་འབྱོར་རྣམས་ལའང་གདམས་པར་མཛད། །དུས་ཀྱིས་ངེས་པར་རྫོགས་པའི་མཐུ་ཆུང་ཡང་། །གཟུགས་བརྙན་མོས་པས་སྤྱོད་རྣམས་སྐལ་པ་བཟང་། །རང་དོན་སྒྲུབ་པ་ཁ་ཅིག་འབྲས་བུས་དམན། །གཞན་དོན་སྒྲུབ་རྣམས་རང་དོན་བདེ་བླག་བྱེད། །རྡོ་རྗེ་ཐེག་པས་འགྲོ་བའི་དོན་སྤྱོད་པ། །ཕྱོགས་བཅུའི་ཞིང་ན་དཀའ་བར་བྱེད་པ་ཡིན། །རང་དོན་བགྱི་བ་ཅི་ཡང་མ་མཆིས་པ། །སྐྱེས་མཆོག་དེས་ནི་གཞན་ཕྱིར་
འདི་སྒྲུབ་སྟེ། །སྲིད་པའི་སྦུབས་མཐུག་བརྟོལ་བར་མ་ནུས་པའི། །སེམས་ཅན་གྲངས་མེད་ཡར་གྱི་ཟང་ཐལ་སྒྲོལ། །བྱ་བ་རྣམས་ལས་གཞན་གྱི་དོན་སྒྲུབ་པ། །དེ་དག་སྐྱེས་བུ་ཆེན་པོའི་སྤྱོད་པ་སྟེ། །སྲོག་ཆགས་བྱེ་བ་སྟོང་ཕྲག་ཡོངས་སྨིན་ནས། །མྱུར་དུ་བྱང་ཆུབ་སྙིང་པོའི་རི་སྤོར་འཛེགས། །ཉིན་རེ་སྲོག་ཆགས་བྱེ་སྙེད་སྒྲོལ་ཡང་རྒྱལ་བའི་སྲས་རྣམས་རློམས་སེམས་མེད། །སོ་སྐྱེ་རྣམས་ནི་རང་དོན་སྒྲུབ་ཀྱང་ཡུས་དང་རློམས་པར་བཅས་པ་ཉིད། །རང་གཞན་རྒྱུད་ལ་ཉོན་མོངས་སྐྱེད་པའི་དགེ་རྩ་ཐུབ་མཆོག་དེས་སྨད་པས། །རང་ཉིད་བསྒྲགས་མིན་འཕགས་རྣམས་དགྱེས་ཤིང་འབྱུང་འགྱུར་དཔེ་རུ་མཚོན་ཕྱིར་རོ། །ད་ནི་རྣམ་གྲངས་བཅུ་གཉིས་པར་བགྲངས་པ་དེའང་འཆད་པར་བྱའོ། །དེ་ལ་འདི་ནི་བྱ་བ་རླབས་སུ་ཆེ་ཞིང་རྣམ་པར་དཀར་བའི་འབྲས་བུས་ལྕི་བ་ཡིན་ཏེ་རྗེས་སུ་བྱེད་པའི་བྱ་བ་ནི་བསམ་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེའང་བགྱིད་དུ་སྩལ་བ་པོ་འཇིག་རྟེན་གྱི་སྒྲོན་མེ་ཟུང་གི་ཐུགས་བསྐྱེད་པ་ནི་བརྗོད་དུ་མེད་པའི་བསྐལ་པ་ནས་གཞན་གྱི་དོན་འབའ་ཞིག་ལ་གོམས་པས་རང་དོན་དུ་བགྱི་བ་ལྷུར་ལེན་པ་ནི་རྨི་ལམ་དུའང་མ་མཆིས་ན། འདི་ཁོ་ན་གཞན་ལ་ཕན་བའི་བཙས་
སུ་བཀས་གནང་བའང་སྨོས་པས་ཅི་བྱ། སྒྲུབ་པ་པོ་བློ་གྲོས་དཀྱིལ་ཆུང་བའང་དེ་དག་གི་བཞེད་པ་གང་ཡིན་པ་དེ་དག་བསྒྲུབ་པ་ལ་ཞུགས་པས་བྱ་བ་ཞར་ལ་ལེགས་པར་གྱུར་པས་དོན་ཆེན་པོ་ཉམས་སུ་མྱང་བ་ནི་ཉི་མའི་ཤིང་རྟས་ཁ་དྲངས་པའི་ལྷའི་བུ་གླིང་བཞིའི་མཁའ་ངོས་སུ་རྒྱུ་བ་བཞིན་ནོ། །ཇི་ལྟར་ཅེ་ན་ཐུབ་པའི་ཞིང་ཁམས་འདིར་སྙིགས་མ་ལྔ་ཆེར་བདོ་བའི་དུས་སུ་སོན་པས་ཆོས་དང་འཇིག་རྟེན་པའི་ཚུལ་ཐམས་ཅད་རང་རང་གི་ལུགས་སྲོལ་ལས་གོ་ལྡོག་སྟེ་ངན་པར་སྤྱོད་པའི་སྟོབས་ལྡན་ལྷན་ཅིག་ཏུ་བདོ་བའི་ཤུགས་ཀྱིས། ཁ་བ་ཅན་གྱི་རིའི་ལྗོངས་མཐའ་དང་དབུས་ཐམས་ཅད་དུའང་། འཐབ་ཅིང་འཁྲུགས་པ་དང་། རྩོད་ཅིང་འགྱེད་པས་གཡུལ་ངོར་ཤི་བའི་རོའི་ཕྲེང་བ་བར་མི་ཆད་པ་དང་། མི་ངས་དང་། ཕྱུགས་ཀྱི་ཁྱུ་ཕྱགས་མས་འདེད་པའི་ཡམས་ཀྱི་ནད་འགོ་བ་དང་། ཆར་ཆུ་མི་སྙོམས་ཤིང་སད་དང་སེར་བ་དང་། སྔར་མེད་པའི་སྲོག་ཆགས་གདུག་པ་ཅན་གློ་བུར་དུ་བརྟོལ་བས་ལོ་ཏོག་གི་ཚོགས་མ་རུངས་པར་བགྱིད་པ་སྟེ་དུ་རུཥྐའི་བསྐལ་པ་ཕལ་མོ་ཆེ་ཤར་ཞིང་། ཀླ་ཀློ་སྡིག་སྤྱོད་ཀྱི་དམག་གི་ཁ་ལྷུད་པར་ཉེ་བ་སོགས་སྐྱེ་དགུ་རྣམས་དམྱལ་ཐག་གཅོད་པའི་དུས་ཀྱི་
རྟགས་མངོན་ཏུ་གྱུར་པ་ན། གངས་ཅན་མགོན་པོ་པདྨ་སཾ་བྷ་བ་ཐུགས་རྗེའི་ཤས་མི་བཟོད་པའི་ཐུགས་རྗེ་ལས། གཏེར་འབྱིན་གྱི་འཁོར་ལོས་སྐྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་འཇིག་རྟེན་དུ་བྱུང་སྟེ། བོད་ཁམས་སྐྱོབ་བྱེད་ཀྱི་ཆོས་སྡེ་དགུ་ལ་སོགས་པ་རྡོ་རྗེའི་གསང་མཛོད་ནས་ཕྱུང་སྟེ། ལས་ཅན་ཆོས་ཀྱི་བདག་པོ་སོ་སོ་ལ་དངོས་གྲུབ་ཏུ་སྩལ་ཞིང་བོད་འབངས་བདེ་ཐབས་ལ་ཐུགས་གཅིག་ཏུ་གཞོལ་བ་ན་ཁོ་བོ་ཅག་ཀྱང་ཐུགས་རྗེ་འཇུག་པའི་སྣོད་རུང་དུ་གྱུར་པས་བཞེད་པ་ཅི་ནུས་པ་བསྒྲུབས་ཤིང་། ཁྱད་པར་གངས་ཅན་གྱི་མ་ག་དྷ་ལྷ་ལྡན་གྱིས་མཚན་པའི་ལྗོངས་རྒྱུ་བ་ན། འགྲོ་བའི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དུས་སུ་སོན་ཏེ། ཟབ་གཏེར་གྱི་གནས་ཚུལ་འདི་དག་ཐམས་ཅད་ལ་སྤྱན་དང་མངོན་པར་ཤེས་པ་དང་མངོན་རྗེས་ཚད་མའི་གཏན་ཚིག་དག་གིས་ལེགས་པར་བརྟགས་པ་ན། བསྲེག་བཅད་བརྡར་བའི་གསེར་བཟང་པོ་བཞིན་ཐེ་ཚོམ་གྱི་འཆིང་བ་ནི་ཆོད། ཡིད་ཆེས་ཀྱི་ངེས་པ་ནི་རྙེད་ནས། ཁོ་བོ་མེ་ཁྱེར་ལྟ་བུའང་ལུང་གི་སྒྲས་ཟིན་པའི་ཆོས་ཀྱི་བདག་པོར་དབང་ཐོབ་པ་རྒྱུ་མཚན་ཏུ་མཛད་ནས། །བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་སྒྲུབ་པ་ལ་མཐུ་དང་དབང་མི་ལྡན་ཀྱང་ཚུལ་དེ་དག་ལས་ཅི་རིགས་པར་
བསྒྲུབ་པར་འོས་པའི་བཀའ་ལུང་གསེར་གྱི་ཅོད་པན་གཙུག་ཏུ་བཅིངས་པ་ལས། ལྷག་པའི་བསམ་པ་བཟང་པོ་རྒྱུར་བྱས། དད་པ་དང་བརྩོན་འགྲུས་ཀྱི་རྐྱེན་དང་འགྲོགས་ཏེ། འཛམ་གླིང་གི་མཆོད་སྡོད་ཇོ་ཤཱཀ་རིན་པོ་ཆེ་གཙོ་བོར་གྱུར་པའི་རྟེན་ཁྱད་པར་ཅན་རྣམས་ཀྱི་མདུན་དྲུང་དུ། ཡན་ལག་བདུན་གྱི་བསགས་སྦྱོང་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། བཻ་རོའི་སྐུ་ཆོས་དར་ཤོག་ལས་བྱོན་པའི་བསྟན་པ་སྤྱིའི་སྨོན་ལམ་དུ་བྱ་བས་མཚོན། བོད་ཡུལ་མཐའ་དབུས་ཀྱི་བསྟན་འགྲོ་བདེ་ཞིང་བསྟན་པ་དར་བའི་སྨོན་ལམ་བློ་ཡིས་ལྕོགས་ཚད་དུ་བཏབ། སྒྲགས་ཀྱི་ཡང་རྫོང་དུ་འཇམ་དཔལ་གཤིན་རྗེ་གཤེད་ཚེ་བདག་ནག་པོའི་བསྐྱེད་རྫོགས་ཐ་རམ་གྱི་མཛོད་གསུམ་མན་ངག་གི་ལྡེའུ་མིག་གསུམ་གྱིས་བཀྲོལ་ནས། བསྙེན་སྒྲུབ་ལས་ཀྱི་སྦྱོར་བའི་མཐར་ཕྲིན་ལས་གཏོར་ཟོར་གྱི་འཁོར་ལོས་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་འཚེ་བའི་ནག་པོའི་ཕྱོགས་ཐམས་ཅད་ཚར་བཅད་པའི་ཏིང་ངེ་འཛིན་གསལ། མཆིམས་ཕུའི་དབེན་རྩ་བྲེ་གུ་དགེའུ་ཕུག་པར་ཟླ་གམ་དབང་གི་དལ་དུ་དབང་ཆེན་འདུས་པ་ཡང་ཕྱུང་དམར་པོའི་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་དང་འབྲེལ་བར་རྟ་སྐད་ཐེངས་གསུམ་གྱི་དགོངས་ཉམས་གནས་གསུམ་ཁྱད་པར་སྤར། ལྷོ་བྲག་
མཁར་ཆུ་ གསང་བའི་ཡང་ཕུག ་ཏུ་ཟླ་གམ་གཅིག་དང་དགུ་པའི་དཀྱིལ་འཁོར་ལ་བརྟེན་ནས་དཔལ་ཧེ་རུ་ཀ་ཡང་དག་ཐུགས་ཀྱི་སྙིང་པོའི་བསྙེན་སྒྲུབ་ལས་ཀྱི་རྣལ་འབྱོར་གྱིས་སྣང་སྲིད་རུ་ལུ་འབྲུ་བརྒྱད་ཀྱིས་དགོངས་པར་བྱིན་གྱིས་བརླབས། ཡར་ལུང་ཤེལ་གྱི་བྲག་ཕུག་གི་སྤྲས་པའི་གཞལ་མེད་ཁང་དུ་སྒྱུ་འཕྲུལ་དྲྭ་བ་ཞི་བ་དང་ཁྲོ་བོའི་དལ་ཞལ་ཕྱེས་ཏེ་རྡོར་སེམས་ཐུགས་ཀྱི་ཐིག་ལེའི་རྣལ་འབྱོར་དང་འབྲེལ་བར་རྩ་བརྒྱད་ཡན་ལག་སྟོང་ཕྲག་དང་སྦྱར་བའི་སྨན་ཆེན་པོ་བཞུ་བརྟུལ་གྱི་སྦྱོར་བས་སྣང་སྲིད་བདུད་རྩི་རྣམ་དག་གི་དཀྱིལ་འཁོར་དུ་བསྒྲུབས། བསམ་ཡས་བདུད་འདུལ་སྔགས་པ་གླིང་དུ་ཨེ་ཁྲོམ་ཕུར་བུའི་དཀྱིལ་འཁོར་ལ་བརྟེན་ནས་རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཐིག་ལེའི་རྣལ་འབྱོར་ལ་གནས་པས་གདབ་ཁའི་ལས་དང་གཏོར་མའི་གཟེར་བུས་བོད་ཁམས་ཕུང་བྱེད་ཀྱི་དམ་སྲི་སྡོང་ཟླ་དང་བཅས་པ་ཐལ་འབྱིན་དྲག་པོའི་མངོན་སྤྱོད་ལ་ཞུགས། ཡར་སྟོད་ཤམ་པོ་གངས་ཀྱི་ར་བའི་མདུན་ཞོལ་དུ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་རྣལ་འབྱོར་དང་ལྡན་པས་སྲིད་པ་མ་མོའི་དཀྱིལ་འཁོར་དུ་བེམ་ཆེན་མདོས་ཀྱི་ཆོ་གས་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མ་སྲིང་དྲེགས་བྱེད་ཐུགས་དམ་བསྐངས་ཞིང་སྣང་སྲིད་ལྷ་སྲིན་རྣམས་
ཞི་བདེའི་ཁོང་སྙོམས། བྲག་དམར་གཡའ་མ་ལུང་འཆི་མེད་ཚེའི་ཀེའུ་ཚང་དུ་སྒྱུ་འཕྲུལ་ཚེ་དཔག་མེད་རིགས་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་དགོངས་པས་མཆོག་གི་དཔལ་ལྡན་བླ་མ་དམ་པ་རྣམས་དང་རིས་མེད་བསྟན་པ་འཛིན་པའི་སྐྱེས་ཆེན་མཐའ་དག་གི་གསང་གསུམ་རྡོ་རྗེའི་རང་བཞིན་ཏུ་བརྟན་པའི་འཆི་མེད་བདུད་རྩིའི་བཅུད་ལེན་འཛད་མི་ཤེས་པའི་གཏེར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཇི་སྲིད་དུ་སྒྲུབ་པའི་གཞུང་ཆེན་པོ་བཙུགས། གཡོ་རུ་ཁྲ་འབྲུག་སྤྲུལ་པའི་གཙུག་ལག་ཁང་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཅུད་ཕུར་རྫོགས་ཆེན་སྡེ་གསུམ་ལས་གསང་སྐོར་ཁྲོ་བོའི་བཀའ་བརྒྱད་རྫོང་འཕྲང་གི་རྣལ་འབྱོར་དང་འབྲེལ་པར་ག་་ཙ་ཀྲའི་ལོངས་སྤྱོད་རྒྱ་ཆེན་པོ་བསྟབས། ལྷ་སའི་བར་ཁང་གུ་རུ་རིན་པོ་ཆེའི་གཟིམས་སྤྱིལ་གྱི་མདུན་ཁྱམས་དང་། ཆོས་འཁོར་དཔལ་གྱི་བསམ་ཡས་ཀྱི་བར་ཁང་གཡུ་ཞལ་ཅན་ཏུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དཀྱིལ་འཁོར་གཉན་པོར་ཚོགས་ཀྱི་མཆོད་པ་སྟོང་ཕྲག་གཅིག་ལ་བརྒྱ་ཡིས་ལྷག་པ་རེ་རེས་མཚོན། གནས་ཆེན་རྣམས་དང་གཙུག་ལག་ཁང་ཕལ་མོ་ཆེར་ག་་པཱུ་ཛའི་དགའ་སྟོན་བརྒྱ་ཕྲག་དུ་མ་ཉམས་སུ་བསྟར། མཆིམས་ཕུ་བྲག་དམར་
ཀེའུ་ཚང་པདྨ་འོད་ཀྱི་གཞལ་མེད་ཁང་གཉིས་པར་བླ་མ་དགོངས་པ་འདུས་པ། བཀའ་བརྒྱད་བདེ་གཤེགས་འདུས་བ། ཡི་དམ་དགོངས་པ་འདུས་པ་སྟེ་རྩ་གསུམ་རབ་འབྱམས་ཀྱི་སྐར་ཚོགས་ཕོ་བྲང་ནམ་མཁའི་མེ་ལོང་གཅིག་ཏུ་རྫོགས་པའི་རྡོ་རྗེའི་དཀྱིལ་འཁོར་རྣམ་པ་གསུམ་ཞལ་ཕྱེས་ཏེ་ཕྱི་ནང་གསང་བའི་ཚོགས་ཀྱི་འདུ་བ་བརྒྱ་ཕྲག་གསུམ་གྱི་གྲངས་སུ་བརྒལ་བ་ལ་ལོངས་སྤྱད། བསམ་ཡས་ཨཱརྻ་པ་ལོའི་གླིང་དུ་མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་དངོས་འབྱོར་དང་ཡིད་ཀྱིས་སྤྲུལ་པས་ཁྱབ་པར་བྱས་ཏེ་བསྟན་པ་སྤྱིའི་སྨོན་ལམ་འཕགས་པའི་གང་ཟག་རྣམས་ཀྱི་རྗེས་སུ་སློབ་སྟེ་ནན་ཏན་དུ་བཏབ། བསམ་ཡས་ཧས་པོ་རི། ཟོ་དང་གང་པོ་རི། དཔལ་ཆེན་ཆུ་བོ་རི་རྣམས་ཀྱི་རྩེ་མོར་གུ་རུ་ཁྱད་པར་འཕགས་པའི་ཏིང་ངེ་འཛིན་ལ་གནས་པས་གསེར་སྐྱེམས་ཀྱི་ཕུད་དང་བསངས་བསུར་གྱི་དུད་པས་མགྲོན་རིགས་བཞི་པོ་མཉེས་ཤིང་དགྱེས་པ་བསྐངས། སྣང་སྲིད་ཀྱི་སྡེ་བརྒྱད་མཐུ་བོ་ཆེ་རྣམས་དང་། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་གཡོག་དང་བཅས་པ་སོ་སོར་མདོས་ཀྱི་ཚོགས་ཚིམས་པ་བསྐྱེད། སྔོན་རྡོ་རྗེ་སློབ་དཔོན་ཐོད་ཕྲེང་རྩལ་གྱིས་དམ་འོག་ཏུ་ལན་གསུམ་བཅུག་པའི་འབྱུང་པོ་ཡིད་ཀྱི་གཟུགས་ཅན་
ཐམས་ཅད་འདོད་ཡོན་གྱིས་བརྔན་ཅིང་བཀའ་ནན་རབ་ཏུ་བརྗིད་པས་བདེན་སྟོབས་ཀྱི་ཐ་ཚིག་བསྒྲག །ཡེ་ཤེས་ཀྱི་རྡོ་རྗེ་མགོ་བོར་བཀོད། བདུད་རྩི་ཨ་མྲྀ་ཏ་ལྕེ་ལ་བྱིན། དུས་ཀྱི་རྩུབ་འགྱུར་ཟློག་ཅིང་བོད་ཁམས་ཆོས་བཞིན་དུ་སྐྱོང་བའི་དམ་ཚིག་གཉན་པོའི་གཙིགས་ལ་ཕབ། རྡོ་རྗེ་སྲིན་པོའི་བརྟུལ་ཞུགས་བསྐྱེད། ཧཱུྃ་ཆེན་རྟའི་འདུར་གླུ་བསྒྲགས། རྡོ་རྗེ་གིང་ཀ་རའི་བདུད་རྩིའི་ཆུ་རྒྱུན་གྱིས་ཡུལ་གྱི་ལྷ་དང་འགོ་བའི་སྲུང་མ་གནས་བརྟན་དང་བཅས་པའི་ཉམས་གྲིབ་རྒུད་ཅིང་དམེ་བའི་དྲི་མ་མཐའ་དག་ཤེལ་དཀར་གྱི་གོང་བུ་རྡུལ་ཕྱིས་པ་ལྟར་བཀྲུས་ཤིང་བྱབས་ནས་རྡོ་རྗེའི་གོ་ཆས་བསྲུངས། མདོ་སྡེ་ལས་བྱུང་བའི་ཚིགས་སུ་བཅད་པ་བསྒྲག་པ་དང་ལྷན་ཅིག་རྒྱལ་ཁམས་བདེ་ལེགས་སུ་བྱེད་པའི་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་བཀྲ་ཤིས་པའི་སྣང་བ་ཆེན་པོ་ནམ་མཁའི་ཕ་མཐར་བརྡལ་བར་བྱས་སོ། །ཐབས་ལ་མཁས་པ་དང་ཚིག་གིས་སྐུལ་པའི་སྒོས་གཞན་དག་ལ་བགྱིད་དུ་སྩལ་བའི་རྣམ་གྲངས་ནི་འདིར་མ་སྨོས་སོ། །འདི་དག་གི་ལས་སུ་བྱ་བ་ནི་འདི་ཡིན་ཏེ། ཐུབ་པའི་བསྟན་པ་ལུང་དང་རྟོགས་པས་བསྡུས་ཤིང་དྲི་མ་མེད་པ་གང་ཡིན་པ་དེ་དག་ཇི་སྲིད་བྱམས་པའི་ཉི་མ་འཇིག་རྟེན་ཏུ་ཤར་བར་མ་གྱུར་བ་དེ་སྲིད་དུ་ནུབ་པར་མི་
འགྱུར་བར་དར་ཞིང་རྒྱས་པ་དང་། སངས་རྒྱས་ཀྱི་ཞིང་འདིར་རྡོ་རྗེ་རྩེ་མོའི་གསེབ་ལམ་ནས་དངོས་དང་། ལྐོག་གྱུར་གྱི་ཚུལ་གྱིས་འགྲོ་བ་མཐའ་ཡས་པ་གདོད་མའི་གྲུབ་མཐར་བཙན་ཐབས་སུ་དཀྲི་བར་བྱེད་པའི་གསང་བ་ཆེན་པོ་ཉིད་དུས་ཐམས་ཅད་དུ་སྣང་བ་དང་། དེ་དག་གི་སྟོན་པ་འཇིག་རྟེན་གྱི་རྣམ་པར་འདྲེན་པ་དག་གཙོ་བོར་བྱས་པའི་བསྟན་འཛིན་ཏུ་གྱུར་པ་ཚད་མའི་སྐྱེས་བུ། རྒྱལ་བསྟན་རྣམ་པར་མི་དཀྲུགས་ཤིང་གསལ་བར་བྱེད་པ་གང་ན་སུ་བཞུགས་པ་ཐམས་ཅད་དང་། ཁྱད་པར་བདག་ཉིད་ལ་ཐར་བའི་ལམ་ཤུལ་མཚོན་པའི་བཀའ་དྲིན་གྱི་སྣང་བ་ཚད་མེད་པས་ཁྱབ་པར་མཛད་པ་མཆོག་གི་དཔལ་ལྡན་བླ་མ་རྡོ་རྗེ་ཅན་མྱ་ངན་ལས་འདས་པ་ཐམས་ཅད་དགོངས་པའི་ལྷག་མ་ཟག་མེད་ཆོས་ཀྱི་དབྱིངས་སུ་རྫོགས་ཤིང་། ད་ལྟར་འཚོ་ཞིང་བཞེས་པ་རྣམས་གཟུགས་སྐུའི་དཀྱིལ་འཁོར་འདི་ཉིད་ཀྱིས་བསྐལ་པ་བརྒྱ་ཕྲག་དུ་མར་འགྲོ་བའི་ཉི་མ་མཛད་ཅིང་ཕྲིན་ལས་ཀྱི་གཟི་བརྗིད་ནམ་མཁའི་མུ་ཁྱུད་ཡོངས་སུ་གང་བ་དང་། འགྲོ་བ་ཕ་མར་གྱུར་པ་ལུས་དང་སྲོག་གིས་བསྡུས་པ་མཐའ་དག་རྣམ་པ་ཐམས་ཅད་དུ་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། དེ་དག་གི་རྒྱུ་ལ་བླང་དོར་དུ་བྱ་བ་མ་ནོར་བས་མངོན་
མཐོའི་བདེ་བ་དང་མི་འབྲལ་ཞིང་ངེས་ལེགས་ཀྱི་བཏང་སྙོམས་ཆེན་པོ་ལ་མྱུར་དུ་རེག་པ་དང་། འཇིག་རྟེན་གྱི་ཁམས་རྩོད་པ་དང་ལྡན་པ་སྤྱི་དང་བྱེ་བྲག་རི་ཁ་བ་ཅན་གྱི་ལྗོངས་སུ་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་པད་ཚལ་འཇོམས་པའི་རྒྱུ་མི་དགེ་བའི་བསམ་སྦྱོར་ཐམས་ཅད་སངས་རྒྱས་ཀྱི་མཐུ་དང་ཆོས་ཉིད་ཀྱི་བདེན་པ་ཉི་མས་རེག་པའི་བ་མོ་བཞིན་ངང་གིས་ཞི། དེ་ཡི་མཐུ་ལས་ནག་པོའི་རེས་གདུག་པའི་འབྱུང་པོ་རྣམས་ཀྱི་མཐུ་སྟོབས་དང་སྦྱོར་བ་ངན་པ་ཐམས་ཅད་ཐན་པས་གདུང་བའི་ལྟེང་ཀ་ལྟར་རྩད་ནས་བསྐམ། དུས་ཀྱི་འཁྲུགས་པ་དང་། ནད་དང་མུ་གེའི་བསྐལ་པ་ལ་སོགས་པ་མི་བདེ་བའི་རིགས་སུ་གྱུར་པ་རྡུལ་ཆ་ཕྲ་མོ་ཙམ་ཡང་མིང་གི་ལྷག་མའི་གནས་སུ་བཀོད་ནས། བདེ་སྐྱིད་ཀྱི་དཔལ་འབྱོར་རྫོགས་ལྡན་གསར་པའི་ལང་ཚོ་རབ་ཏུ་བཞད་པ་ལས་སྦྱོར་དངོས་རྗེས་གསུམ་དུ་བསམ་པའི་བྱེད་པ་གཞན་ཏུ་མ་འཁྱོགས་པ་སྟེ། ཟས་ཀྱི་རོ་ལན་ཚྭས་བསྒྱུར་བ་བཞིན་བསམ་པའི་བྱེད་པ་ནི་སྟོབས་དང་ལྡན་པ་ཡིན་པའི་ཕྱིར། འཕགས་པའི་ས་མ་ཐོབ་པ་དག་གིས་འདོད་པའི་འབྲས་བུ་བདེན་པའི་ཚིག་གིས་བསྒྲུབ་པ་དག་མྱུར་དུ་སྨིན་པར་འགྱུར་བ་མ་ཡིན་ཀྱང་། དྲོད་གཤེར་ཆུ་ལུད་ལ་སོགས་པ་རྐྱེན་འཛོམ་
པའི་ས་བོན་ནི་ངེས་པར་འབྲས་བུའི་རྒྱུར་འགྱུར་བ་བཞིན་ཏུ། སངས་རྒྱས་གཉིས་པའི་ལུང་གི་དོན་རྗེས་སུ་སྒྲུབ་ཅིང་བོད་ཁམས་བདེ་བའི་ཐབས་ལ་ཡང་དག་པར་བརྩོན་པ་ནི། འདིར་བྱ་བའི་ལས་ཏེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་བཅུ་གཉིས་པའོ། །རྣམ་གྲོལ་ཁྱིམ་ལ་མྱུར་དུ་འཇུག་འདོད་པ། །དེ་དག་གཞན་གྱི་ཁུར་ཆེན་འབད་པས་ཁུར། །སྐྱོ་བའི་སེམས་དང་ལན་ལ་རེ་བ་མེད། །སེམས་མཆོག་བསྐྱེད་པའི་ཕ་མཐའ་ཁོ་ནར་སྙེགས། །རྨོངས་པ་གྲགས་ལྡན་བྱེད་རྣམས་འབྲས་བུ་ཕྲ། །མཁས་རྣམས་སྒྲ་སྐད་ཆུང་ཡང་རླབས་ཆེན་སྤྱོད། །བསམ་པའི་པིར་གྱིས་བྲིས་པའི་གཟུགས་བརྙན་ནི། །རྒྱུ་དང་འདྲ་བའི་རི་མོ་ཐ་དད་འབྱུང་། །བྱིས་པ་གཞོན་ནུ་འཇིམ་པའི་ཁུང་བུ་བཅོས། །བློ་གྲོས་མཐའ་ཡས་གངས་ཅན་བདེ་ཐབས་སྒྲུབ། །དཔྱོད་ལྡན་བཞད་གད་འབབས་ལ་ཆོས་མཐུན་ཀྱང་། །བསམ་པའི་རྒྱ་ཁྱོན་ཆུང་དང་ཆེ་བ་ཉིད། །འདྲིས་མེད་ཡུལ་རྣམས་སྔར་འདྲིས་ལྟ་བུར་བགྲོད། །གནས་བཟང་རྣམས་ནི་རང་གི་ཡུལ་མཚུངས་སྤྱོད། །བྲག་ཕུག་ལྷ་ཡི་ཁང་བཟང་བཞིན་ཏུ་བསྟེན། །མཐུན་རྐྱེན་འཕྲུལ་དགའི་འདོད་ཡོན་ཇི་བཞིན་
ཚོགས། །གྲོང་སྔགས་པ་དག་གཏོར་མའི་རི་བོ་བརྩེགས། །པཀྴིི་བྲོ་པ་རོལ་མོའི་ཟློས་གར་སྒྱུར། །དེ་དག་གསང་བ་སྤྱོད་ལ་ཚོགས་ཆེན་རྒྱུ། །ལྟོ་ཕྱིར་རྣམ་པར་འཁྱམས་ལས་ཐ་དད་དོ། །འཇིགས་རུང་ལས་ཀྱི་གཟུགས་བརྙན་ནི། །མི་བཟད་སྦྲུལ་གདུག་ཁྲོས་པའི་ལྕེ། །བསྟན་འགྲོ་ཀུན་ལ་རྨ་འབྱིན་པ། །དེང་སང་ཐུབ་པའི་ཞིང་འདིར་བྱུང་། །གཉེན་པོ་གཞན་གྱིས་མི་ཆོམས་པ། །དུས་བབ་གསང་བའི་མ་གི་ཏ། །གཏེར་འབྱིན་སྐྱེས་བུའི་ཕྱུངས་པ་དེ། །ཕན་པའི་སེམས་ཀྱིས་ཀུན་ཏུ་འཐོར། །སྣོད་དག་དགུན་གྱི་སྐྱེད་ཚལ་བཞིན། །སྐྱེ་དགུ་དལ་འབབ་ལྷན་ཅིག་གཞོལ། །སངས་རྒྱས་བྱོན་ཀྱང་བཅོས་དཀའ་བའི། །ནད་འདི་སུ་ཡིས་འཚོ་ཞིག་གུ། །ལེགས་པར་འདོད་ལ་ཉེས་མེད་པས། །འཕེན་རྫོགས་གཅིག་ཏུ་དཀར་བའི་ལས། །དམ་པ་དགྱེས་པའི་ཤུལ་ལམ་དུ། །གཞན་ལ་འཇིགས་པ་མེད་པར་ཞུགས། །ཆར་རྒྱུན་འབབས་ལ་གེགས་མེད་ན། །ལོ་ཏོག་སྙེ་མ་ངེས་པར་ལེགས། །གསང་བ་སྒྲུབ་པ་མཐར་སོན་ན། །དངོས་གྲུབ་ནམ་ཡང་བསླུ་མེད་ཉིད། །སྔོན་སོང་རྒྱུ་ཡང་ཆུད་མི་ཟ། །བསམ་པའི་འཕྲུལ་འཁོར་སྟོབས་ལྡན་པ། །དཀའ་བ་ལྟར་དུ་སྣང་བའི་འབྲས། །
ནམ་ཞིག་གདོན་མི་ཟ་བར་སྨིན། །ང་ནི་བཅུ་གསུམ་པ་རྩེ་མོར་ཕྱིན་པའི་རྣམ་གྲངས་དེའང་འཆད་པར་བྱའོ། །འདི་ལྟར་གང་ལ་སྐྱེ་དགུ་ཐམས་ཅད་བརྟེན་པའི་གཞིར་གྱུར་པ་ས་ཆེན་པོ་འདི་རབ་ཏུ་དྲོས་པ་ན། རྩྭ་དང་། ཤིང་གེལ་པ་དང་། ལྕུགས་ཕྲན་དང་། མེ་ཏོག་དང་། འབྲས་བུའི་ཚོགས་ཐམས་ཅད་རང་བཞིན་གྱིས་རྒྱས་ལ་སྐྱེ་བོ་ཐམས་ཅད་ཀྱིས་ཉེར་འཚོར་བརྟེན་པ་ན། ས་དེས་འདི་སྙམ་དུ། མ་ལ་འདི་དག་ལ་གནོད་པ་སྦྱིན་ནོ། །འདི་དག་ལ་ནི་ཕན་པ་སྦྱིན་ནོ་སྙམ་དུ་མི་སེམས་ལ་རྣམ་པར་མི་རྟོག་ཀྱང་། ཁམས་དང་རྟེན་གྱི་བྱེ་བྲག་གིས་དེ་དག་གི་ལོངས་སྤྱད་པའང་ཐ་དད། དེའི་འབྲས་བུའང་ཐ་དད་པར་གྱུར་ལ། དེ་སྲུང་ཞིང་བསྔགས་པར་བརྗོད་པ་དང་། གཙེར་ཞིང་སུན་དབྱུང་བ་དག་ལ་ས་ཆེན་པོ་དེས་ཉེ་རིང་དུ་བགྱི་བ་བྱེ་བྲག་ཏུ་བགྱི་བ་ཅིའང་མ་མཆིས་པ་དེ་བཞིན་ཏུ། འགྲོ་བ་མ་འདྲིས་པ་ཐམས་ཅད་ཀྱི་མཛའ་བཤེས་གསུང་རྡོ་རྗེ་བདེ་བ་ཆེན་པོ་པདྨ་སཾ་བྷ་བའི་ཐུགས་རྗེ་དང་བྱིན་རླབས་ཀྱི་ཁྱད་པར་རྒྱ་ཆེ་ཞིང་གཏིང་ཟབ་པ། རྣམ་པ་ཐ་དད་པ་ལ་འགྲོ་བ་ཐམས་ཅད་ཉེར་འཚོར་སྤྱོད་ཅིང་། དེས་དེ་དག་ལ་ཉེ་བ་དང་རིང་བའི་ཐུགས་མི་སྐྱེད་ཅིང་རྣམ་པར་མི་རྟོག་ཀྱང་། སྐལ་པའི་ཁྱད་པར་དང་དབང་པོའི་རིམ་
པས་འཕྲལ་གྱི་ཕན་པ་དང་། ཡུན་གྱི་བདེ་བ་མངོན་མཐོ་དང་ངེས་པར་ལེགས་པའི་འབྲས་བུ་ཐ་དད་པ་ལ་སྤྱད་དུ་བསྩལ་ཞིང་། མི་གཏི་མུག་ཅན་མངོན་ངའི་ང་རྒྱལ་གྱིས་འཚོ་བ་རྣམས་ཀྱིས་ལོག་པར་སྒྲུབ། སྨོན་ལམ་གྱིས་ཐོབ་པའི་བློ་ལྡན་དད་པ་ཅན་རྣམས་ཀྱིས་མཉེས་པ་ལེགས་པར་སྒྲུབ་ཀྱང་དེ་དག་ལ་དགྲ་གཉེན་ནམ། བླང་དོར་གྱི་འདུ་ཤེས་སུ་གྱུར་པ་མི་མངའ་འོ། །འོན་ཀྱང་ཟླ་བའི་དཀྱིལ་འཁོར་ནི་ཆུ་དྭངས་པ་ཁོ་ན་ལ་འཆར་བ་ལྟར་སངས་རྒྱས་རྣམས་ཀྱི་གདུལ་བྱ་ཡུལ་ལ་འཇུག་པའི་ཐུགས་རྗེ་ཡང་བསམ་པ་དག་པའི་སྣོད་དུ་འཆར་བ་ཆོས་ཉིད་ཡིན་པས། གསང་བའི་ཐེག་པ་འདི་དང་པོར་ཁོ་བོ་ཅག་ལ་སྣང་བའི་རྟེན་འབྲེལ་ཐོག་མ་ནས་རང་བཞིན་གྱིས་འགྲིགས་སོ། །དེ་ནས་དེ་གླེགས་བམ་དུ་བྲིས་ཤིང་གཡར་དམ་དུ་བྱེད་པ་དང་། འཛིན་ཅིང་སྤེལ་བའི་སྒོར་མངོན་ཏུ་ཕྱོགས་པ་ན། བདག་ཅག་གི་འདྲེན་པ་ཁྱབ་བདག་རིགས་དྲུག་པ་བྱམས་མགོན་པདྨའི་ཞལ་ཚབ་ཀྱི་སྣང་བརྙན་ཟླ་བ་རྒྱས་པ། དབུས་ལྗོངས་པདྨོའི་མཚོ་ལས་འགྲོ་བའི་བསོད་ནམས་ཀྱི་དགུང་དུ་ཚེས་བར་ཐོས་ནས། དད་པའི་ཀུནྡ་ནི་ཁོང་ནས་དགོད། དགའ་བ་དང་སྤྲོ་བའི་ཤུགས་རབ་ཏུ་རྒྱས་པས་མདོ་ཁམས་སྡེ་བཞི་དགེ་བཅུའི་དཔལ་ཡོན་རབ་ཏུ་བཞད་པའི་སའི་
ཐིག་ལེར་སྤྱན་འདྲེན་པ་ལ་འཁོར་གྱི་ཚོགས་དང་བཅས་ཏེ་ལམ་དུ་ཆས་པ་ན། གྲུབ་པའི་རིག་འཛིན་ཆེན་པོས་དུས་མཁྱེན་པའི་མངོན་པར་ཤེས་པ་དང་། ཌཱ་ཀི་མའི་ལུང་གིས་བསྐུལ་ཏེ་ཁོ་བོའི་གན་ཏུ་མངོན་པར་གཤེགས་ཏེ། གསང་བའི་གཏད་རྒྱ་སྔར་མ་བཀྲོལ་བ་དག་བཀྲོལ་བ་དང་། རབ་ཏུ་སྦས་པའི་མཛོད་ཀྱི་ལྡེའུ་མིག་རྣམས་ཀྱང་བུ་ལ་ཕའི་ནོར་ཕོག་པ་ལྟར་སྩལ། ལུང་བསྟན་པ་དང་། རྗེས་སུ་གདམས་པ་ཇི་རིགས་པའི་མཐར། འདི་ལྟར་བྱམས་པའི་ཉིན་བྱེད་མདོ་ཁམས་ཀྱི་ལྗོངས་སུ་འདྲེན་པའི་ཤིང་རྟར་བསྐྱོད་པ་ནི་རྟེན་འབྲེལ་ཆེན་པོ་སྟེ་ད་དུང་དེ་ལས་རྟེན་འབྲེལ་ཆེན་པོ་གཞན་འབྱུང་བར་འགྱུར་བའང་ཉོན་ཅིག །ངས་ནི་གསང་བའི་ལུང་རྗེས་སུ་སྒྲུབ་པ་དང་། ཐག་རིང་པོར་འགྲོ་བ་ནི་ཉོན་མོངས་པ་མང་བ་ཡིན་པས་མྱུར་དུ་ཕྱིན་མི་ནུས་ཀྱི། ཁོ་བོས་བསྒྲུབ་པར་འོས་པ་འདི་དང་འདི་དག་ཁྱོད་ཀྱིས་ལེགས་པར་སྒྲུབ་པར་གྱིས་ཤིག་པའི་བཀའ་མཆིད་གསེར་སྦྲམ་ལྟར་ལྕི་བའང་རྟེན་འབྲེལ་གཞན་དབང་དུ་འཆོལ་བ་ལ་ནེམ་ནུར་དུ་གྱུར་ཏེ་ལྡོག་ཕྱོགས་སུ་ཚིག་ཙམ་ཡང་གསོལ་བར་རྔོ་མ་ཐོགས་ཏེ། ཡི་རང་བ་དང་ལེགས་སོ་མདངས་གསོལ་དུ་ཕུལ་ནས། རྡོ་རྗེའི་གླེགས་བམ་
རིང་བསྲེལ་གྱི་ཚོགས་དང་བཅས་པ་དར་གྱི་ཁུད་དུ་དྲིལ་ནས་ཐོགས་ཏེ་ཕྱིན་པ་ན། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་མངོན་པར་གཟིགས་ཏེ། མཚུར་མདོ་བོ་ལུང་སྤྲུལ་པའི་གཙུག་ལག་ཁང་གི་ཡང་ཐོག་ནས་སྤོས་ཀྱི་དུད་པ་དང་། དུང་དང་། གླིང་བུའི་སྒྲ་ཆེ་ཞིང་སྙན་པར་སྒྲོག་པས་མདུན་བསུས་ཏེ། གསང་བ་ཆེན་པོའི་རིང་ལུགས་འདི་ཉིད་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང་། སྙན་པར་གྲགས་པའི་རྔ་བོ་ཆེའི་སྒྲ་དབྱངས་ཞིང་ཁམས་ཀུན་ཏུ་སྒྲོག་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ་པར་མཛད་དོ། །དེ་ནས་པདྨོ་རྣམ་པར་རྒྱས་པའི་གཞལ་མེད་ཁང་འཁོར་གྱི་ཁྱམས་དང་ལྡན་པའི་དབུས་སུ། རིན་པོ་ཆེའི་མྱུ་གུ་གསར་པས་སྤྲས་པའི་ནོར་བུའི་ཁྲི་རྐང་མཛེས་པ་ལ་ངལ་གསོ་བའི་སྟབས་ཀྱིས་བཞུགས་པ་འཇིག་རྟེན་དབང་ཕྱུག་གི་ཞབས་ཀྱི་པདྨོར་གཙུག་གིས་མངོན་པར་བཏུད་དེ། རིན་ཐང་མེད་པའི་རིང་བསྲེལ་གྱི་ཚོགས་ཀྱང་སྤྱན་ལམ་དུ་བསྟར་ཞིང་དྭངས་ཤེལ་ཕྱིས་པ་ལྟ་བུར་ས་གཞིར་དར་ཟབ་ཀྱི་སྟན་ལ་གུས་པས་འཁོད་དེ་ཇི་ལྟར་བྱུང་བ་རྒྱས་པར་གསོལ་བ་ལ་སྐབས་ཕྱེད་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་གསུམ་པོ་དུས་གཅིག་ཏུ་སྣང་བའི་ཞལ་རས་འཛུམ་པའི་འོད་ཟེར་གྱིས་དབུགས་དབྱུང་
བ་དང་ཆབ་ཅིག་རིན་པོ་ཆེའི་ཟ་མ་ཏོག་ལ་སོགས་པ་ཁ་ཕྱེས་ཏེ། རྡོ་རྗེ་ཅན་གྱི་ཐུགས་ཀྱི་ཐིགས་པ། ཌཱ་ཀི་གསང་བའི་བླ་རྡོ། རིང་བསྲེལ་གྱི་ཚོགས་དང་བཅས་པ་ལ་པདྨའི་འདབ་མ་རྣམ་པར་རྒྱས་པའི་སྤྱན་རས་ཀྱིས་མངོན་པར་གཟིགས་ནས། འགྲོ་བ་ཀུན་གྱི་དོན་ཏུ་ཐུགས་རྗེ་ཆེན་པོ་བསྐྱེད་དེ་རྒྱལ་བ་བྱེ་བས་དབང་རྟགས་སུ་སྩལ་བའི་ཨིནྡྲ་ནཱི་ལའི་ཅོད་པན་འོད་དཔག་མེད་པདྨ་རཱ་གའི་ཏོག་གིས་སྤྲས་པས་ཉི་དང་འོད་བཞིན་རྟག་ཏུ་མཚན་པའི་དབུའི་གཙུག་ཏོར་དུ་མངོན་པར་བཀོད། འདུས་པའི་འཁོར་དག་ལའང་བྱིན་རླབས་སྩལ་ནས་བླ་མར་མཛད། རི་མོར་མཛད་པ་དེ་ཉིད་ཀྱི་མོད་ལ་ཇི་ལྟར་ནོར་བུའི་རྒྱལ་པོ་གདོད་ནས་དག་པ་དེ་ཉིད་བྱི་དོར་དུ་བྱ་བ་ལན་གསུམ་བྱས་པ་ན། རྒྱལ་མཚན་གྱི་རྩེ་མོ་ལ་མངོན་པར་བཏགས་ཏེ་མཆོད་ཅིང་གསོལ་བ་གདབ་པ་ལས་གཞན་བྱར་མེད་པ་ལྟར། གསང་བའི་ཐེག་པ་གསར་དུ་སྣང་བ་དེ་དག་ནི་རྩོད་པ་ཐམས་ཅད་དང་བྲལ། ཐེ་ཚོམ་གྱི་སྦུབས་སྐད་ཅིག་ལ་བརྟོལ། འཇིག་རྟེན་ཐམས་ཅད་ཀྱི་ཕྱག་བྱ་བའི་འོས། བཀུར་སྟིར་བྱ་བའི་འོས་སུ་གྱུར་ཏོ། །དེ་ནས་རིམ་གྱིས་གསང་བའི་རྩེ་རྒྱལ་དུ་གྱུར་པ། རྒྱུད་ཀྱི་བླ་མ་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་དང་། སྒྲུབ་པའི་སྡེ་ཟབ་མོའི་
སྐོར་ཚོས་བསྡུས་པ་དང་། རིགས་ཐམས་ཅད་ཀྱི་དབང་ཕྱུག་བླ་མ་ཐུགས་ཀྱི་སྒྲུབ་པ་གཙོར་སྨོས་པ་དེ་དག་གི་སྨིན་བྱེད་དང་གྲོལ་བྱེད་དང་ཚིག་གི་ལུང་ཡན་ཆད་དང་བས་བཞེས་པར་མཛད་དེ་རྡོ་རྗེ་གསུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མཛད་དོ། །དེ་ཙམ་གྱིས་ཁོ་བོ་ལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་བསྟན་ཕའི་གཉེར་གཏད་པའི་དོན་བདེ་བླག་ཏུ་གྲུབ་ཅིང་། ཁོ་བོས་ཀྱང་ཟབ་གཏེར་གྱི་བསྟན་པ་འདི་ལ་བྱ་བ་བྱས་པ་ཡིན་ཏེ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་ཚོགས་དེ་ལྟ་བུ་ལ་མཚོ་སྐྱེས་རྡོ་རྗེ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱང་དགྱེས་པའི་འཛུམ་གྱིས་དབུགས་དབྱུང་ཞིང་། ལྷ་རྣམས་དགའ་བའི་ག་ཞ་འབྱིན་པ་སྙམ་བྱེད་དོ། །ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོས་གཅེས་སྤྲས་སུ་མཛད་པའི་ནོར་བུ་རིན་ཐང་མེད་པ་དེ་ལ། བུ་སྟོང་དང་། བཙུན་མོའི་འཁོར་རྣམས་དང་། འདུན་ན་འདོན་ཁམས་ཀྱི་རྒྱལ་ཕྲན་དང་བཅས་པས་ཀྱང་རང་བཞིན་གྱིས་བསྙེན་བཀུར་བར་ལྟར། ཉེ་བའི་སྲས་རྒྱལ་ཚབ་ཆེན་པོའི་ས་ལ་བཞུགས་པ་དཔལ་ལྡན་འབྲུག་པ་རིན་པོ་ཆེ་དང་དཔའ་བོའི་དབང་ཕྱུག་ལ་སོགས་པས་ཀྱང་སྨིན་གྲོལ་གདམས་ངག་རྫོགས་པར་བདག་གིར་བཞེས་ཤིང་སྲི་ཞུ་མཛད་དོ། །ཕྱོགས་ཐམས་
ཅད་ལས་རྣམ་པར་རྒྱལ་བའི་དགའ་ལྡན་གྱི་ཕོ་བྲང་ཆེན་པོ་སྐྱོང་བའི་ས་ཡི་བདག་པོ་ཕྱི་ནང་གི་བློན་པོའི་ཚོགས་དང་བཅས་པས་ཀྱང་། དེ་ནི་སྐྱེས་བུ་དམ་པ་དག་གིས་རི་མོར་མཛད་པ་ལས་ནི་ཚད་མར་གྱུར་ཡང་དག་གོ་དགོངས་པར་གྱུར་ཏེ། བདུད་རྩིའི་དཀྱིལ་འཁོར་ཞལ་དབྱེ་བའི་ཡོན་སྟོབ་བས་མཚོན་ཇི་སྐད་གསོལ་བ་དང་དུ་བཞེས་པ་དང་། ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་རིགས་དང་ཆོས་ཀྱི་གསེར་ཕྲེང་འཛིན་པ་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོ་དང་། རྒྱལ་བ་གཉིས་པ་ཙོང་ཁ་པའི་རིང་ལུགས་འཛིན་པ་ལ་གཞན་དྲིང་མི་འཇོག་པ་སྨྲ་བའི་དབང་ཕྱུག་འདྲེན་མཆོག་ཡེ་ཤེས་བཟང་པོ་ལ་སོགས་པས་ཀྱང་སྨིན་གྲོལ་གདམས་པའི་བདུད་རྩི་གསོལ་ཏེ་ཐུགས་ཉམས་སུ་བསྟར་བ་དང་། སྐལ་པ་དང་ལྡན་པ་དག་ལ་འཆད་ཅིང་སྤེལ་བའི་ཐུགས་དམ་ལྷུར་བཞེས་པ་མཛད་དོ། །མདོར་ན་ཟབ་མོའི་གསང་བ་འདི་ཉིད་གངས་རིའི་ར་བས་བསྐོར་བའི་ལྗོངས་སུ་དར་བ་དང་རྒྱས་པར་འགྱུར་བའི་རྟེན་འབྲེལ་སྒོ་ཐམས་ཅད་ནས་འགྲིགས་པར་གྱུར་བ་དེའི་ཚེ། བདུད་རྩི་སྨན་གྱི་སྒྲུབ་པ་ཆེན་པོའི་གནས་དང་། ཡོ་བྱད་ཀྱིས་མཚོན། ཁྱད་པར་འཕགས་པའི་ཕྲེང་བ་
ནོར་བུའི་རྒྱལ་པོ་ལྟ་བུ་བཅུ་ཕྲག་གཅིག་ལ་རྩེ་མོས་བརྒྱན་པའི་ལེགས་བྱས་དྲི་མ་མེད་པ་འདིའང་དཀའ་བས་འབད་པའི་རྩོལ་སྒྲུབ་ལ་མ་ལྟོས་པར་དཔག་བསམ་གྱི་ཤིང་དང་། འདོད་པ་འཇོ་བའི་བུམ་པ་བཟང་པོ་ལྟར་ལྷུན་གྱིས་གྲུབ་པར་གྱུར་ཏོ། །དེའི་ཡང་སྦྱོར་བའི་ཆོ་ག་ཐོག་མར་ཚུགས་པ་ན། གྲུབ་པ་ཡོངས་ཀྱི་རྒྱལ་པོ་ཁྱུང་རས་འོད་གསལ་ཀློང་ཡངས་ཀྱིས་བྱིན་གྱིས་བརླབས་པའི་བསྙེན་ཕུར་ཟབ་གཏེར་ལས་བྱོན་པར་ངེས་པ་ཞིག་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཐོག་བབས་སུ་ཕེབས་ཏེ་གསང་ཆེན་འདིའི་བསྟན་པ་དེར་འཛིན་དང་བཅས་པ་བར་ཆད་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་འཁོར་འདས་ཐལ་འབྱིན་གྱི་དགོངས་པ་ལམ་དུ་ལོངས་པའི་བརྡར་གྱུར་པ་དང་། གྲུབ་ནས་རྗེས་སུ་བྱ་བ། བདུད་རྩིའི་དབང་དང་དངོས་གྲུབ་བླངས་ཤིང་སྐལ་ལྡན་དོན་ཏུ་གཉེར་བ་ཉེ་བ་དང་རིང་བའི་ལམ་ནས་འོངས་པ་དག་ལ་བྱིན་རླབས་ཀྱི་བགོ་སྐལ་ཚིམས་པར་སྩལ་ནས་ཤིས་པའི་མེ་ཏོག་འཐོར་བ་ལ་མངོན་ཏུ་ཕྱོགས་པ་དེའི་ཚེ། ལྷའི་རེག་བྱ་དཀར་པོའི་སྣེ་དྲངས་པའི་ཐུབ་དབང་དོན་ཀུན་གྲུབ་པའི་མཚན་དཔེའི་སྣང་བརྙན་སུག་པའི་ཡལ་འདབས་སུ་སོན་པས། གསང་ཆེན་ངེས་པའི་ལུང་ཆེན་པོ་འདིའི་བསྟན་པའི་བདག་
པོར་འགྱུར་ཞིང་། ཐུབ་པའི་བསྟན་པ་རིན་པོ་ཆེས་འཇིག་རྟེན་ཇི་སྲིད་སྣང་བ་དེ་སྲིད་ཀྱི་དུས་དང་ཕྱོགས་ཐམས་ཅད་དུ་ཁྱབ་པའི་དགེ་མཚན་རང་བཞིན་གྱིས་མངོན་ཏུ་གྱུར་པ་ནི། འདིར་རྟེན་ཅིང་འབྲེལ་བར་འབྱུང་བའི་རབ་མདོར་སྨོས་པ་སྟེ། ངོ་མཚར་བའི་རྣམ་གྲངས་ཀྱི་རབས་སོ། །ཁྱད་པར་དུ་བྱེད་པའི་ཆོས་བཅུ་གསུམ་པའོ། །ཇི་ལྟར་ས་བོན་ཆུ་ལུད་དྲོད་གཤེར་གྱིས། །རྩ་བ་མྱུ་གུ་སྡོང་པོ་ལོ་མ་དང་། །མེ་ཏོག་འབྲས་བུའི་བར་དུ་སྨིན་པ་ཡིས། །སྐྱེ་བོའི་ལུས་ནི་གསོ་བར་བྱེད་པ་བཞིན། །ལྷག་བསམ་དགེ་བའི་བཤེས་དང་དམ་པའི་ཆོས། །དད་དང་རྩོལ་བ་དེ་མཐར་ཕྱིན་པའི་འབྲས། །འཇིག་རྟེན་གསུམ་པོ་འཚོ་བར་བྱེད་པ་ཡི། །རྟེན་འབྲེལ་གནས་འདི་ཐམས་ཅད་མཁྱེན་པས་བསྟན། །ཇི་ལྟར་པི་ཝཾ་དང་ནི་རྔ་ཡི་སྒྲ། །ཤིང་ལས་མ་བྱུང་གཡོགས་ལས་འབྱུང་བ་མིན། །རྒྱུད་དང་སྐུལ་བྱེད་རེ་རེས་བྱུང་མིན་ཀྱང་། །ཐམས་ཅད་ཚོགས་ལས་དེ་ཡི་སྒྲ་འབྱུང་བཞིན། །གནས་དང་གང་ཟག་དུས་ཚོད་དགེ་བའི་གྲོགས། །གཅིག་ལས་གསང་ཆེན་ཕྲིན་ལས་ཀུན་འབྱུང་མིན། །དེ་དག་ཚོགས་ལས་གསང་བ་རྒྱ་མཚོའི་ཀླུང་། །འགྲོ་ཁམས་སྲིད་པའི་མཐར་ཐུག་འཁོར་ཞིང་འབབ། །མི་མཉམ་གསང་བའི་
ཐེག་པ་བཀའ་བཙན་པས། །དུས་མཐར་སྔགས་ཀྱི་འབྲས་བུར་སྤྱོད་མཐོང་ན། །འདོད་པའི་ནོར་ཅན་སྐལ་བས་ཕོངས་པ་ཡང་། །ལྟོག་པའི་མཆོག་གྱུར་བཞིན་ཏུ་ཡི་ག་ལྡང་། །རྒྱལ་བའི་ཐུགས་རྗེའི་ཉི་འོད་རབ་ཚ་ཡང་། །སྣོད་མིན་ལྗོན་པའི་ཤིང་སོགས་ཁ་མི་འབྱེད། །བློ་ལྡན་པདྨ་བཞད་པའི་རྡུལ་དམར་གྱིས། །སྐྱེ་དགུའི་བུང་བ་མཐའ་དག་ཉེར་འཚོ་བྱེད། །དམ་པའི་ཆོས་ནི་སྐོམ་པས་ཆུ་བཞིན་འདོད། །སྙིང་རྗེའི་ཡིད་ཀྱིས་འགྲོ་ཀུན་དོན་ལ་ཞུགས། །བསམ་མི་ཁྱབ་པའི་གནས་ལ་བློ་གྲོས་ཐོབ། །དེ་དག་ངེས་པའི་ཐེག་པ་འབྱིན་ལུང་བསྟན། །སྟོང་ཉིད་རྟེན་འབྱུང་ཟུང་དུ་འབྲེལ་འདི་ཐུབ་དབང་ཐམས་ཅད་མཁྱེན་པའི་སྒོ། །རྒྱལ་སྲས་དཔའ་རྣམས་ཤིང་རྟ་འདི་ཞོན་སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ། །རིགས་པར་སྨྲ་རྣམས་གཏན་ཚིག་འདི་ཡིས་ཐེག་ཆེན་རྒྱ་མཚོའི་གཏིང་ཕྱིན་མཛད། །རྟེན་འབྲེལ་ཁ་ལོ་ལེགས་དགུར་བསྒྱུར་ལས་གསང་ཆེན་ཉི་མས་འཇིག་རྟེན་ཁྱབ། །ཤེས་བྱའི་ཆོས་ལ་དབང་བཙན་པ། །མཉན་པས་གདོས་པའི་འདུ་བྱེད་བཞིན། །རྟེན་འབྲེལ་གནད་ཀྱི་སྒྱུར་ཁ་ཡང་། །དགེ་ལེགས་འཇུག་ངོགས་ཉིད་དུ་དྲངས། །དེ་བཞིན་ཉིད་དང་སངས་རྒྱས་མཐུ། །རྟེན་འབྲེལ་བདེན་པ་བསམ་
མི་ཁྱབ། །དེ་ཕྱིར་གསང་མཐའི་བཻ་ཌཱུརྻ། །འཇིག་རྟེན་གསུམ་གྱི་རྒྱན་གྱུར་ཏོ། །འདི་ལྟ་བུའི་བྱུང་བ་གླེང་བཞི་ལས་བརྩམས་ཏེ་ཡན་ལག་ལྷག་མ་དང་བཅས་པའང་ཚིག་གི་གླེང་བུ་རྒྱས་པར་བཀྲོལ་ཏེ་བསྒྱུར་ན། གསང་བའི་བདག་པོ་རིག་འཛིན་གྱི་རྒྱལ་པོའི་རྣམ་པར་ཐར་པ་ཆ་ཙམ་མཐོང་བས་མཁས་པ་དང་གྲུབ་པའི་སྐྱེ་བོའི་འདུན་ས་མཛེས་པར་བྱེད་པ་དང་། ཕྱི་རབས་དད་པའི་མིག་མི་ཟུམས་པ་འགྱུར་བ་དག་ཀྱང་གསང་ཆེན་ཤིན་ཏུ་རྩེ་མོའི་ཐེག་པ་ལ་ངེས་པའི་རིགས་ཀྱི་འཁྲུལ་པ་རྨི་ལམ་ལྟར་སད་ནས། བློ་གྲོས་ཀྱི་པད་ཚལ་ཉིན་མོ་བཞིན་ཏུ་རྒྱས་པར་འགྱུར་བའི་དགོས་པ་དང་ལྡན་པ་ཞིག་ན། ཧ་ཅང་སྤྲོས་པའི་ཚིག་གིས་མི་མཁས་ཤིང་མ་སྦྱངས་པའི་བྱིས་པ་བློ་ཁབ་ཀྱི་བུ་ག་དང་འདྲ་བ་དག་རྣ་བའི་ནད་དུ་བྱེད་པ་དང་། འདོད་པའི་ཡོན་ཏན་གྱིས་མི་ངོམས་པ་དང་ཀློག་པའི་གཡར་ཁྲལ་ལ་ཡི་དམ་དུ་འཆའ་བ་སོགས་ཆོས་དང་མི་མཐུན་པའི་རྣམ་པར་གཡེང་པས་ཡིད་བལ་གྱི་འདབ་མ་ལྟར་གཡེང་ཞིང་ཐོས་པ་དང་བསམ་པ་དང་སྒོམ་པ་དང་ཐ་ན་གསུང་རབ་ཀྱི་གླེགས་བམ་ཀློག་པ་ཙམ་གྱི་བྱ་བས་ཀྱང་སྙིང་ལ་ཟུག་རྔུ་མི་བཟང་བ་སྐྱེད་པ་དག་ལའང་མང་བ་མ་ཡིན་པ་ཁོ་ན་སྨན་ཏུ་འགྱུར་བ་དང་། དད་པ་དང་ལྡན་
ལ་བློ་གྲོས་དང་མི་ལྡན་པ་ཁ་ཅིག་རྟོགས་དཀའ་བར་ཡང་མཐོང་ནས། ཡུལ་དབུས་ཀྱི་ལྗོངས་པཎྜི་ཏ་དང་། ལོ་ཙཱ་བ་དུ་མས་ཆོས་ཀྱི་ཉི་མ་དང་པོར་སྣང་བར་མཛད་པ། རྒྱལ་བློན་བྱང་ཆུབ་སེམས་དཔའ་ཁྱིམ་པའི་གཟུགས་བརྙན་ཅན་དག་གིས་བསྟན་པ་ལ་བྱ་བ་མཛད་པའི་ཕྱག་རིས་བཀྲ་ཤིས་ཀྱི་རེ་ཁཱ་མང་པོ་རྣམ་པར་བཀྲ་བ། ཧེ་རུ་ཀ་རིག་འཛིན་གྲུབ་པའི་གཟུགས་ཀྱིས་རྒྱུ་བ་མཐའ་ཡས་པས་དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་བརླབས་པའི་གནས་དང་ཞིང་ལ་སོགས་པར་ངེས་ཤེས་ཀྱི་གོམ་པས་རྒྱུ་བ་དེའི་ཚེ། དཔལ་ཆེ་མཆོག་ཧེ་རུ་ཀ་རྣམ་པར་རོལ་པའི་ཤེལ་གྱི་བྲག་རྡོ་རྗེའི་ཁང་པ་ལ་སྟན་ཆགས་ཏེ་སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་ཏུ་བསྒྲུབས་པའི་ཚུལ་ལས་བརྩམས། གངས་ཅན་གྱི་སྐྱེ་དགུ་སྣོད་དང་བཅས་པ་བདེ་ལེགས་སུ་བྱེད་པའི་ཐབས་ཀྱི་ཁྱད་པར་རྡུལ་ཕྲན་ནམ་སྐྲ་རྩེའི་ཆ་ཕྲ་རབ་ཙམ་མངོན་པར་འདུ་བགྱིས་པའི་རབས། རྡོ་རྗེ་ཅན་རྒྱལ་བའི་སྲས་དང་བཅས་པ་དག་དགྱེས་པའི་འཛུམ་མདངས་སྐུལ་བའི་ལྕགས་ཀྱུ། གཟུ་བོར་གནས་པའི་དཔྱོད་ལྡན་དག་ཡི་རངས་ཀྱི་མེ་ཏོག་འབབས་པའི་ཆུ་མཚོ། བསོད་ནམས་དང་བློ་གྲོས་རིས་མཐུན་པའི་གྲོགས་ཕལ་མོ་ཆེ་བཞིན་རས་ཀྱི་ཀུནྡ་ཟུམ་པའི་ཉིན་བྱེད། ཕྱོགས་
ལྷུང་ཕྲག་དོག་གི་གདོན་གྱིས་ཟིན་པས་བརྡོལ་ཐབས་སུ་སྨྲ་བ་ཆུ་སྐྱར་རྒན་པོའི་བརྟུལ་ཞུགས་ལ་དགའ་བ་རྣམས་སྙིང་གི་སྐྲན་ནད་བརྟོལ་བའི་ཐུར་མ། དད་པ་དང་ལས་འཕྲོའི་མིག་གིས་ལེགས་པའི་ལམ་ལས་ཕྱིར་མི་ལྡོག་པར་འགྲོ་བ་རྣམས་ཀྱི་སྤྲོ་བའི་ཀུ་མུད་ཅིའང་བཞད་པའི་ཟླ་བ་གཞོན་ནུའི་དཀྱིལ་འཁོར་འདི་རེ་ཞིག་ལེགས་པར་གྲུབ་བོ། །སྨྲས་པ། མི་མཆོག་རྣམས་ནི་མཉེས་པར་དཀའ། །སྐྱེ་བོ་རྣམས་ཀྱང་ཐེ་ཚོམ་ཆེ། །སུ་ལའང་མངོན་པར་ཤེས་དཀོན་པས། །སྤང་བླང་ཕལ་ཆེར་ལྡོག་སྟེ་སྤྱོད། །རྩོལ་བ་བརྒྱ་ཡིས་བསྒྲུབས་པའི་འབྲས། །འགའ་ཞིག་དགུན་གྱི་ལོ་ཏོག་བཞིན། །ལས་འཕྲོ་སོས་ཀའི་དུས་ཤར་ན། །བསམ་པའི་དཔལ་ཀུན་ཕུན་སུམ་ཚོགས། །བྱ་བ་རྣམས་ཀྱི་ཐོག་མ་དང་། །དངོས་པོ་རྣམས་ལའང་རྩེ་མོ་མཆོག །དེ་དག་སྐྱོན་དང་མི་ལྡན་ན། །ལེགས་པ་གཞན་དག་འབད་པར་སླ། །ལྷག་བསམ་གསེར་ལ་བཟོ་བྱས་པའི། །གཟུགས་བརྙན་ཅི་ཡང་ཁྱད་པར་འཕགས། །རྣལ་འབྱོར་བློ་ལྡན་ཆོ་ག་དང་། །འཕྲད་ན་ཤེས་བྱ་ཀུན་གྱི་དབྱིག །གསང་ཐིག་ནོར་བུའི་མཆོག་སྦྱིན་པ། །དེ་ཡི་བཀའ་དྲིན་ཕྱོགས་མཚོན་ཕྱིར། །སྒྲུབ་པའི་བྱི་དོར་བྱས་པའི་གཏམ། །
ཆ་ཤས་ཕྱོགས་ཙམ་འདིར་བརྗོད་དོ། །མཁས་པ་ཚིག་གི་འབྱུང་གནས་དང་། །བསོད་ནམས་ལྡན་པའི་ལོངས་སྤྱོད་དག །མ་འབད་པར་ཡང་ལྷུན་གྱིས་གྲུབ། །སྤྱད་པར་ཤེས་ལ་འདོད་འཇོ་ཉིད། །སྙན་ངག་ཕལ་ཆེར་བརྗོད་བྱས་སྟོང་། །དོན་ཆེན་ཕལ་པའི་སྐད་ཀྱིས་འཆད། །གཉིས་ཀའང་མཁས་རྣམས་བསྔགས་མིན་པས། །ཚིག་དོན་གསེར་གྱི་རྒྱན་བཟང་བསྟར། །དོན་འདི་རྣམས་ལ་གཏན་ཚིག་བཟང་པོ་ཡོད། །ཚིག་རྣམས་ལ་ཡང་གྲོང་པའི་སྒྲས་མ་བསླད། །བྱ་བ་གྲུབ་པའི་རྣལ་འབྱོར་ཉམས་དགའི་གླུ། །དབུ་གཡོར་ལྗོངས་སུ་དལ་བུས་རྒྱུ་བཞིན་བླངས། །ཡི་གེ་འདི་དག་བླུན་པོའི་མིག་ལ་གཟན། །དཔྱོད་ལྡན་གཞོན་ནུ་པདྨོའི་རྒྱན་ཏུ་བྱེད། །རྣལ་འབྱོར་བུང་བ་ཡིས་ཀྱང་བཅུད་གཞིབས་ན། །སྔོན་ཆད་མ་བྱུང་སྦྲང་རྩིའི་ཟིལ་དངར་མྱང་། །བསྟན་རྩ་འཛིན་མའི་གཞི་ལ་རབ་བརླིངས་རྩེ་མོ་ལེགས་བྲིས་ལམ་དུ་འཕགས། །མཁས་གྲུབ་ལྷ་དབང་བྱེ་བ་སྙེད་དག་འདོད་འཇོའི་གཏེར་ལ་གཅིག་ཏུ་འདུན། །གྲགས་པའི་དྲི་བསུངས་ཁོར་ཡུག་ཁྱབ་པ་དེ་ཀུན་དེ་ཡི་ངད་པ་བགོ། །ཡོངས་འདུས་མེ་ཏོག་ཕྲེང་བ་གསར་བ་འཇིག་རྟེན་གསུམ་གྱི་རྒྱན་བྱེད་ཤོག །དཔྱིད་ཀྱི་དཔལ་མོའི་འཛུམ་མདངས་
བཞད་པ་ན་དུས་ཀྱི་དབྱངས་སྙན་མགྲིན་པའི་པི་ཝཾ་རྡུང་པ་ལྟ་བུའི་གཏམ། པདྨ་གསར་པ་ཡོངས་སུ་ཁ་བྱེ་བའི་ལང་ཚོ་ཅན་འདི་ནི། བློ་གྲོས་མཐའ་ཡས་པའི་ཡེ་ཤེས་ཀྱི་ཁྱེའུ་གཞོན་ནུ། བྱང་ཕྱོགས་ཀུན་གཞི་ཡངས་པའི་ནོར་འཛིན། །ཚོགས་དྲུག་ཁ་བའི་རི་དང་ནགས་ཀྱི་ཚང་ཚིང་འཁྲིགས་པ། རྣམ་པར་ཤེས་པའི་རྒྱལ་ཁམས་ན་བག་དང་ལྡན་པའི་འགྲོས་ཀྱིས་ཁ་ཡན་ཏུ་རྒྱུ་བ་ན། ཚུལ་འདི་ལ་མངོན་པར་དགའ་བ་དག་གི་རྣ་བའི་རྒྱན་ཏུ་བསྟར་བའོ། །འདི་ནི་ལེགས་བཤད་གསར་བ་ཟླ་བའི་འཛུམ། །རྟོག་གེས་འདྲ་མིན་འཆོས་རྣམས་དེ་ལྟར་མིན། བཅུ་གསུམ་རྫོགས་པའི་དཀྱིལ་འཁོར་སླར་འབྱུང་གི། །ཆ་ཀུན་གང་ནས་མི་འགྲིབ་སྣང་གྱུར་ཅིག །དགེ་ལེགས་འཕེལ།། །།