Nitartha Digital Library
Tibetan
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


collapse section
  
  
 
  
ལེའུ་བཞི་པ་གང་པའི་ཞུས་ལན་གྱི་སྐོར།
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousལེའུ་བཞི་པ་གང་པའི་ཞུས་ལན་གྱི་སྐོར།next

ལེའུ་བཞི་པ་གང་པའི་ཞུས་ལན་གྱི་སྐོར།

ལེའུ་བཞི་པ། གང་པའི་ཞུས་ལན། དེ་ནས་ཆོས་ཀྱི་གཞུང་ཙམ་ལ་ཕྱིན་ནས། གང་

67

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ལ་བར་ཆད་བདུད་ཅེས་བྱ་བར་གསུངས་པ་ལས། གང་པ་རྨུག་སངས་ཀྱིས་མ་ཅིག་ལགས།

བདུད་ཅེས་བྱ་བའི་དོན་གྱི་ཁྱད་པར་ཅི་ལགས་ཞུས་པའི་ལན་དུ། མ་ཅིག་གི་ཞལ་ནས། བུ་

ཉོན་དང་། བདུད་ཀྱི་མཚན་ཉིད་འདི་ལྟར་དུ་ཡིན་ནོ། །བདུད་ཅེས་པའི་གཟུགས་ཆེ་ཞིང་ཁ་

དོག་ནག་པོ་གང་གིས་མཐོང་ཡང་འཇིགས་ཤིང་ཡ་ང་བ་ཅན་ནི་དངོས་སུ་ཡོད་པ་མ་ཡིན་

ནོ༑ ༑བདུད་ཅེས་བྱ་བ་ནི་ཐར་བ་བསྒྲུབ་པའི་བགེགས་སུ་གྱུར་པ་གང་ཡིན་པ་དེ་བདུད་

ཡིན་ནོ། །

དེས་ན་བརྩེ་ཞིང་གདུང་བའི་གཉེན་འདུན་རྣམས་ཀྱང་ཐར་བའི་བདུད་དུ་འགྱུར་བ་

ཡོད་ལ། ཁྱད་པར་དུ་བདག་འཛིན་གྱི་བདུད་གཅོད་པའི་ཐབས་ལ་མཁས་ཤིང་བརྩོན་

དགོས་པས། དེའི་ཞོར་ལ་བདག་འཛིན་ལས་སྐྱེས་པའི་བདུད་གསུམ་གཅོད་དགོས་པས་

བདུད་ལ་བཞི་སྟེ། མིང་དུ་བཏགས་ན། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད།

དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད་དང་བཞིའོ། །དེ་ཡང་ཐོགས་བཅས་ཀྱི་བདུད་

ཅེས་པ་ནི། མིག་གི་གཟུགས་མཐོང་སྟེ། གཟུགས་བཟང་པོ་ལ་ཆགས་པ་སྐྱེ། གཟུགས་ངན་

པ་ལ་སྡང་སེམས་འཁྲུགས་ཀྱིས་སྐྱེ། དེ་བཞིན་དུ་རྣ་བ་དང། སྣ་དང་། ལྕེ་དང་། ལུས་དང་།

དེ་རྣམས་ཀྱི་དབང་པོའ་ིཡུལ་དུ་སྣང་བའི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་

བཟང་པོ་ལ་ཆགས་ཤིང་། ངན་པ་ལ་སྡང་སེམས་སྐྱེ་བས་ཆགས་སྡང་གཉིས་སུ་བཟུང་བའི་

བདུད་ཟེར་ཏེ། དབང་པོའ་ིཡུལ་དུ་དངོས་སུ་ཡོད་པ་ལ་ཆགས་ཤིང་སྡང་བས། དངོས་སུ་

དབང་པོ་ཐོགས་པས་རྐྱེན་བྱས་ནས། སེམས་ཅན་ལ་གནོད་པས་འཁོར་བར་འཆིང་བའི་རྒྱུ་

བྱེད་པའི་ཕྱིར་བདུད་ཟེར་བ་ཡིན་པ་དང་། དངོས་སུ་ཡོད་པའི་ཡུལ་བཟང་ངན་ལ་ཐོགས་

པས་ཐོགས་བཅས་ཀྱི་བདུད་ཅེས་སོ། །བུ་དེ་བས་ན། བཟང་ངན་གང་ལ་ཡང་ཆགས་ཤིང་

ཞེན་པ་དེ་བདུད་ཡིན་པས། གང་ལ་ཡང་ཆགས་ཞེན་སྤང་བར་བྱ་སྟེ། དེ་ཡང་གཟུགས་ནི་

གཟུགས་ཀྱི་ངོ་བོ་ཉིད་ཀྱིས་རང་བཞིན་དུ་སྟོང་པ་ཡིན་པས། བུ་གཟུགས་དེ་ཡང་རང་

68

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

བཞིན་གྱིས་གྲུབ་པ་མེད་པའི་ཕྱིར། གཟུགས་ལ་ཆགས་པ་དང་སྡང་བ་མེད་པར་རང་བཞིན་

གྱིས་སྟོང་པ་ཉིད་བསྒོམ་པར་བྱའོ། །གཟུགས་སྣང་བ་དེ་བདག་ཏུ་མི་བཏུབ་པ་དེ་ཡིན་ཏེ།

བདེན་པར་བཟུང་སྣང་ཙམ་སྟེ་སྣང་ཙམ་དེ་ལ་ཞེན་པ་དེ་སྤངས་པས་གཟུགས་ལས་གྲོལ་ལོ་

རིགས་ཀྱི་བུ། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱི་བཟང་ངན་ཡང་དེ་

བཞིན་ཡིན་ནོ་ཡིད་ལ་ཟུངས་ཤིག་དང་ཐོགས་བཅས་ཀྱི་བདུད་ཀྱི་ཡིན་ཚུལ་དང་། ཐོགས་

བཅས་ཀྱི་བདུད་ལས་གྲོལ་ཚུལ་དེ་ལྟར་ཡིན་ནོ་རིགས་པ་ཅན། བུ་ཉོན་དང་ཐོགས་མེད་ཀྱི་

བདུད་ནི་འདི་ལྟར་འབྱུང་བ་ཡིན་པས། མ་གཡེང་བར་ཡིད་ལ་ཟུངས་དང་། ཐོགས་མེད་ཀྱི་

བདུད་ཅེས་བྱ་བ་ནི། དབང་པོའ་ིཡུལ་དུ་དངོས་སུ་མི་སྣང་ཡང་། རང་གི་ཡིད་ལ་བཟང་ངན་

གྱི་རྟོག་པ་གང་སྐྱེས་པ་དེ་ལ་འདྲེ་ཞེས་པའི་འཇིགས་སྣང་བཟུང་བས་ཡ་ང་བ་དང་། ལྷ་ཞེས་

པའི་དག་སྣང་བཟུང་བས་བག་བྲོ་ཞིང་ཉམས་དགའ་བ་སྐྱེས་ཏེ། དེ་ལྟར་བཟང་ངན་གྱི་རྟོག་

པ་གཉིས་ཡིད་ལ་བཟུང་བས། དེའི་རྐྱེན་གྱིས་ཡིད་ཉོན་མོངས་ཅན་དུ་གྱུར་ཅིང་། ཉོན་

མོངས་དེ་ལ་དངོས་སུ་ཐོགས་པ་མེད་ཅིང་། དངོས་པོའ་ིཡུལ་དུ་གྲུབ་པ་མེད་ཀྱང་། དགེ་

བའི་ལས་འཆོར་བར་བྱེད་པའི་གནོད་པ་བྱེད་ངེས་པར་ནུས་པས་ན་བདུད་ཅེས་བྱ་སྟེ། དེ་

སྔ་དངོས་སུ་གྲུབ་པ་མེད་ཅིང་དངོས་སུ་ཐོགས་པ་མེད་པའི་ཕྱིར་ན། ཐོགས་མེད་ཀྱི་བདུད་

ཟེར་བ་ཡིན་པས། དེ་བས་ན་ལྷ་ཞེས་བྱ་བའི་བཟང་པོ་དང་། འདྲེ་ཞེས་བྱ་བའི་ངན་པ་ཉིད་

དང་། དེ་ལ་སོགས་པའི་སྐྱོན་དང་ཡོན་ཏན་གཉིས་སུ་འཛིན་པའི་སེམས་ཉིད་དེ་ལ་གཞི་

གདོད་མ་ནས་དངོས་པོར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པས་ན། གཞི་མེད་རྩ་བྲལ་སྟོང་

པ་ཉིད་དུ་ཤེས་པར་བྱ་ལ། བྱུང་ཚོར་ལ་སོགས་པའི་ཡིད་ལ་འཆར་བ་རྣམས་ནི་འགོག་པར་

མི་བྱེད་ལ། བཟང་ངན་གྱི་རྟོག་པ་སྣ་ཚོགས་པ་ཅི་བྱུང་ཡང་འགོག་པར་མི་བྱེད། དེ་ལ་འདུ་

ཤེས་ཀྱང་འཇུག་པར་མི་བྱེད་ཅིང་། དྲན་རྟོག་ཅི་བྱུང་ཅི་ཤར་ཡང་། ཆེས་ཆེར་གང་ལ་ཡང་

ཡིད་ལ་བརྟེན་ཅིང་རྟོག་པས་གཟུང་བར་མི་བྱ་སྟེ། སེམས་ཉིད་ཀློང་ཆེན་པོའ་ིརང་བཞིན་

69

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གསལ་བ་ལ་དྲན་རྟོག་ཅི་ཡང་འཆར་བ་ཡིན་པ་ནི། དཔེར་ན་རྒྱ་མཚོ་ལ་གཡོ་མཁན་མེད་

ཀྱང་རྦ་རླབས་ལ་སོགས་འབྱུང་བ་དེ་བཞིན་དུ་ཡིད་ལ་རྟོག་པ་བཟང་ངན་ཅི་ཡང་འཆར་

མོད་ཀྱང་། བཅའ་བཅོས་མི་བྱེད་རང་སར་བཞག་པ་ན་ཐོགས་མེད་བདུད་ནི་ཟིལ་གྱིས་

གནོན་པར་འགྱུར། ཡིད་ཀྱི་གཟུང་འཛིན་སྤངས་ནས་ལུས་སེམས་གཡོ་བ་མེད་པར་རང་

སར་ལྷོད་དེ་བཞག་པས་ཐོགས་མེད་ཀྱི་བདུད་རང་སར་གྲོལ་བ་ཡིན་ནོ་རིགས་ཀྱི་བུ།

དགའ་བྲོད་ཀྱི་བདུད་བྱ་བ་ནི། རང་གི་ཡིད་ལ་ཆགས་ཤིང་དེ་ལ་དགའ་ཞིང་བྲོད་དེ་ཡིད་ཀྱི་

སྤྲོ་བ་ཆེན་པོ་སྐྱེས་པ་ལ་ཟེར་ཏེ། དེའི་རྒྱུ་ནི་འཇིག་རྟེན་གྱི་རྙེད་བཀུར་སྙན་གྲགས་ཕུན་སུམ་

ཚོགས་པ་དང་། འཁོར་མང་པོ་འདུ་བ་དང་། ཡི་དམ་ལྷའི་ཞལ་མཐོང་བ་དང་། ངག་ནུས་

ཀྱིས་འདྲེ་གདོན་ཐུལ་ཞིང་ན་ཚ་ཟུག་རྔུ་ཞི་བར་བྱེད་པ་དང་། ཉམས་ཁྱད་པར་ཅན་རྒྱུད་ལ་

སྐྱེས་པ་དང་། རྨི་ལམ་རྣོ་ཞིང་མངོན་ཤེས་འཆར་བ་དང་། ལུས་ངག་ཡིད་གསུམ་ལ་བདེ་བ་

དང་ནུས་པ་འབར་བ་དང་། ལྷ་འདྲེ་མི་གསུམ་རང་དབང་མེད་པར་འདུ་ཞིང་ཟས་ནོར་

ལོངས་སྤྱོད་ཕུལ་ནས་བཀུར་སྟི་ཞབས་ཏོག་དཔག་མེད་བྱུང་བ་དང་། དེ་རྣམས་ལ་དགའ་

ཞིང་བྲོད་ནས་དྲེགས་པ་ཆེན་པོ་དང་ང་རྒྱལ་ཆེན་པོ་ཐར་པའི་ལམ་གྱི་བར་ཆད་དུ་འགྱུར་

བས་བདུད་ཟེར་བ་དེ་ལ་དགའ་བྲོད་ཀྱི་བདུད་ཅེས་མིང་བཏགས་པ་ཡིན་པས། དེ་ན་ཡོན་

ཏན་ཅི་བྱུང་ཞིང་ཇི་ལྟར་ཤར་ན་ཡང་སྣང་སེམས་གཉིས་སུ་མེད་པའི་ངོར་ཡོན་ཏན་དེ་རྣམས་

ཡོན་ཏན་དུ་མི་བཟུང་ཞིང་། དགའ་ཞིང་བྲོད་པའི་བློ་དང་། བློའ་ིཡུལ་དུ་གྱུར་པ་དེ་རྣམས་

ཀྱང་རྟག་པ་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པའི་ཕྱིར་དུ། དེ་ཐམས་ཅད་སྒྱུ་མ་

རྨི་ལམ་ལྟ་བུར་ཤེས་པར་བྱ་ཞིང་རྨི་ལམ་དང་སྒྱུ་མ་ལྟ་བུར་ཉམས་སུ་བླངས་ན་ཡོན་ཏན་

ཐམས་ཅད་ལ་དགའ་བྲོད་ཀྱི་བདུད་ཆོད་ནས། རྨི་ལམ་སྒྱུ་མ་ལྟ་བུར་འགྲོ་དོན་འབྱུང་བ་

ཡིན་ནོ་རིགས་ཀྱི་བུ། སྙེམས་བྱེད་ཀྱི་བདུད་ཅེས་པ་ནི། བདུད་གསུམ་གའི་རྩ་བ་སྙེམས་ལ་

ཐུག་པས། སྙེམས་བྱེད་ཀྱི་རྩ་བ་ཆོད་པ་ཤིན་ཏུ་གལ་ཆེ་སྟེ། དེ་ཡང་སྙེམས་བྱེད་ཅེས་པ་ནི་

70

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

བདག་འཛིན་ལ་ཟེར་ཏེ། འཁོར་བར་འཁྱམས་པའི་རྒྱུ་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་

འཛིན་གྱིས་བྱས་ནས་ཐར་པ་འཐོབ་ཏུ་མི་སྟེར་བའི་བདུད་བྱས་པའི་ཕྱིར་སྙེམས་བྱེད་ཀྱི་

བདུད་ཟེར་བའམ། བདག་འཛིན་གྱི་བདུད་ཀྱང་ཟེར་བ་ཡིན་ཅིང་། བདག་མེད་པ་ལ་

བདག་ཏུ་བཟུང་བས་སེམས་ཉོན་མོངས་པ་ཅན་དུ་སོང་ནས་སེམས་ལ་བཟང་ངན་གང་ཤར་

ཐམས་ཅད་རྟོག་པས་བཟུང་ཞིང་བདེན་འཛིན་བྱས་པ་ལ་སྙེམས་བྱེད་ཟེར་བ་ཡིན་ཏེ། དེ་

ཡང་ཡུལ་སྙེམས་བྱ་དང་ཡུལ་ཅན་སྙེམས་བྱེད་ཅེས་པའམ། ང་དང་ངར་འཛིན་པའི་ཕྱི་ནང་

གི་ཆོས་ཐམས་ཅད་བདེན་པར་གྲུབ་པ་མེད་པར་རང་རིག་པའི་ཡེ་ཤེས་ཀྱིས་རིགས་པར་

བྱས་པས། བདེན་འཛིན་གྱི་རྩ་བ་ཡུལ་ནས་ཐོན་ཏེ། བཟང་ངན་གྱི་རྟོག་པ་ཐམས་ཅད་ལ་

སེམས་མི་འཆོར་ཞིང་། ཡིད་བྱེད་དང་ཡིད་སྨོན་བྱེད་པའི་བློའ་ིསྤྲོས་པ་ཐམས་ཅད་ཀྱི་

མཐའ་དང་བྲལ་ནས། བློ་བཏགས་པ་ཅན་མ་ཡིན་བུན་ནེ་བ། བར་འཛིན་ཞིག་པའི་བློ་

འབོལ་ལེ་བ་ཤིག་གེ་བ། ཉོན་མོངས་པའི་རྐྱེན་གྱིས་གཡོ་མི་ནུས་པའི་སེང་ངེ་བ། ཕྱི་ནང་

གཉིས་ཀྱི་འཛིན་པ་དང་བྲལ་བའི་ཤེས་པ་ས་ལེ་བ། གང་ལ་ཡང་ཆགས་པ་མེད་པའི་རིག་

པ་ཧྲིག་གེ་བ་དེ་བདེན་འཛིན་གྱི་སྙེམས་པ་དང་བྲལ་ནས། བདེན་མེད་ནམ་མཁའ་ལྟ་བུའི་

དོན་དང་མཇལ་བ་ལ་ནི། སྙེམས་བྱའི་བདུད་ཆོད་པ་ཟེར་བ་ཡིན་པས། སྙེམས་བྱའི་བདུད་

ཆོད་ན་ཉོན་མོངས་པ་ལས་བྱུང་བའི་བདུད་ཐམས་ཅད་ཆོད་པ་ཡིན་ནོ། །

དེས་ན་བདག་ཡོད་ཙ་ན་བདུད་ཀྱང་ཡོད། བདག་མེད་ཙ་ན་བདུད་ཀྱང་མེད་པས།

བདག་མེད་པ་ལ་གཅོད་བྱའི་ཡུལ་མེད་ཅིང་། འཇིགས་པ་མེད་ཅིང་ཡ་ང་བ་མེད་པས།

མཐའ་དང་བྲལ་བའི་རིག་པ་ཡེ་ཤེས་དེ་ནི། ཤེས་བྱ་ཐམས་ཅད་ལ་བློ་གྲོས་རྒྱས་ནས།

བདུད་བཞི་ལས་གྲོལ་བ་དེ་ལ་འབྲས་བུ་བྱ་བ་ཡིན་ཏེ་དེ་ཡང་བདུད་བཞིའི་རྣམ་གྲངས་ཡིན་

ཚུལ་དང་། བདུད་བཞི་གཅོད་པས་རང་སར་གྲོལ་ནས་མཐར་ཐུག་གི་འབྲས་བུ་ཐོབ་

ལུགས་ཀྱི་དབྱེ་བ་ཉུང་ངུ་བཤད་པའི་ཚིག་དོན་འདི་ནི། བུ་ལས་འཕྲོ་ཅན་གྱི་གང་བ་དང་།

71

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གཞན་ཡང་སྐལ་བ་དང་ལྡན་པ་རྣམས་ཀྱིས། ཡིད་ལ་བཟུང་བས་བརྩོན་འགྲུས་མྱུར་པོ་ཡིས།

ད་དུང་དང་དུ་ལོངས་ལ་གཞན་ཕན་གྱི་སེམས་རྒྱ་སྐྱེད་ཅིག་ཨང་། ཞེས་གསུངས་སོ། །ཡང་

གང་པས་ཞུས་པ། མ་ཅིག་ལགས། དེ་ལྟ་བུའི་བདུད་བཞི་ནི་དུས་གཅིག་ལ་གཅོད་པ་ཡིན་

ནམ། རིམ་པའི་ཁྱད་པར་ཡོད་དམ། བདུད་བཞི་ལ་སྔ་རྟིང་གི་ཁྱད་པར་ཡོད་པ་ཡིན་ནམ་

ལགས་སོ་ཞེས་ཞུས་པའི་ལན་དུ། མ་ཅིག་གི་ཞལ་ནས་བུ་ཐོགས་བཅས་ཐོགས་མེད་

གཉིས་ནི་རྒྱུའི་དུས་ཀྱི་བདུད་ཡིན་ལ། སྙེམས་བྱེད་ནི་ལམ་གྱི་དུས་ཀྱི་བདུད་ཡིན་ཅིང་།

དགའ་བྲོད་ནི་འབྲས་བུའི་དུས་ཀྱི་བདུད་ཡིན་ཏེ། དེ་ཡང་ས་མ་ཐོབ་པའི་གང་ཟག་གི་

ཚོགས་ལམ་དང་། སྦྱོར་ལམ་མན་ལ་གནས་པ་རྣམས་ནི་འཇིག་རྟེན་པའི་ལམ་ཡིན་པས།

དེའི་དུས་སུ་རྟེན་ལུས་དབང་ཆེ་ཞིང་། བརྟེན་པ་སེམས་དབང་མི་ཆེ་བའི་སྟོབས་ཀྱིས་ནད་

ལ་སོགས་པ་འཇིག་རྟེན་གྱི་སྡུག་བསྔལ་རྣམས་ནི་མི་འདོད་བཞིན་དུ་རང་དབང་མེད་པར་

འོང་ཞིང་། མངོན་ཤེས་དང་རྫུ་འཕྲུལ་རྣམ་དག་ནི་མེད་པས། འབྱུང་བཞི་ལ་སོགས་པའི་

དངོས་པོ་མཚན་ཉིད་ཅན་ལ་དངོས་པོ་ཐོགས་པས་ན། ཚོགས་སྦྱོར་གཉིས་ཀྱི་དུས་སུ་

ཐོགས་བཅས་ཀྱི་བདུད་དངོས་སུ་གཅོད་པར་ནུས་པ་ནི་དཀའ་བས། དེའི་དུས་སུ་བློའ་ིསྟེང་

དུ་སྦྱོར་བར་བྱེད་དོ། །

ས་དང་པོ་ཐོབ་པ་ན་བརྟེན་པ་སེམས་ལ་དབང་ཆེ་བས། མངོན་ཤེས་དང་རྫུ་འཕྲུལ་

ལ་དབང་ཐོབ་པའི་སྟོབས་ཀྱིས་ཐོགས་བཅས་ཀྱི་བདུད་འབྱུང་བ་བཞི་དང་། དུག་དང་།

མཚོན་དང་། གཡང་ས་དང་། དེ་ལ་སོགས་པའི་དངོས་པོའ་ིམཚན་མ་ཐམས་ཅད་ལ་དངོས་

སུ་གཅོད་པར་ནུས་སོ། །དེའི་དུས་སུ་ནི་ལུས་ལ་སོགས་པའི་དངོས་པོ་ཐམས་ཅད་བདེན་

མེད་དུ་ཡོད་པས། དངོས་པོའ་ིམཚན་མ་ཐམས་ཅད་དང་བྲལ་བ་ཡིན་ཀྱང་། སངས་རྒྱས་ཀྱི་

སར་མ་སླེབས་བར་དུ་དཀའ་བ་སྤྱད་དགོས་ཏེ། དཀའ་བ་ཅི་ཙམ་སྤྱད་ཀྱང་ལུས་སེམས་ལ་

སྡུག་བསྔལ་བ་ནི་ཡོད་པ་མ་ཡིན་ནོ། །སྦྱོར་ལམ་མན་ཆད་དུ་ཐོགས་མེད་ཀྱི་བདུད་ལ་

72

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

གཅོད་པར་བྱེད་དོ། །དེ་ཡང་ལྷ་འདྲེའི་ཆོ་འཕྲུལ་དང་། ན་ཚ་དང་དུཿཁ་ཆགས་སྡང་ཆོས་

བརྒྱད་ལ་སོགས་པའི་ཡིད་ཀྱི་བྱུང་ཚོར་རྣམས་ཡིན་ཏེ། དེ་རྣམས་ནི་ས་མ་ཐོབ་ཀྱང་གང་

ཟག་གཉེན་པོ་སྟོབས་ཆེ་བ་དང་ལྡན་ན་གཅོད་ནུས་ཤིང་། ནུས་པ་ཅན་དུ་གཅོད་ཀྱང་

དགོས་སོ། །དེ་ཡང་དང་པོ་གཅོད་ལ་འཇུག་པ་ནས་མ་རིག་པའི་སེམས་དང་ལྷན་ཅིག་ཏུ་

སྐྱེས་པའི་བདག་འཛིན་ཉེས་པ་ཐམས་ཅད་ཀྱི་རྩ་བ། རྣམ་རྟོག་ཐམས་ཅད་འབྱུང་བའི་

གཞི་མ། བློ་འཁྲུལ་ཞིང་ཉོན་མོངས་པ་ཐམས་ཅད་བསྐྱེད་པའི་སྙེམས་བྱ་མ་རིག་མུན་པའི་

སེམས་དེ་ནི། རང་རིག་སྙེམས་བྱེད་པའི་ཡེ་ཤེས་ཀྱིས་གཅོད་པར་བྱ་སྟེ། དེ་ཡང་དང་པོ་

ཆོས་ལ་འཇུག་དུས་ནས་བདག་འཛིན་མ་རིག་པའི་སེམས་ཀྱི་རྩ་བ་དེ་ཤེས་པར་བྱེད་དགོས་

པ་གལ་ཆེ་ལ། དང་པོ་ནས་མ་རིག་པ་སངས་ཏེ་ཆོད་པར་མི་འོང་སྟེ། བདག་མེད་ལ་རྒྱུན་དུ་

བློ་སྦྱངས་པས་བདག་འཛིན་གྱི་སྙེམས་རྩ་ཇེ་ཉམས་སུ་འགྲོ་ཞིང་བདག་མེད་ཀྱི་ཤེས་རབ་ཇེ་

རྒྱས་སུ་འགྲོ་བས་ཚོགས་ལམ་ནས་སྦྱོར་ལམ་སོགས་ལམ་གྱི་རིམ་པར་བཀོད་པ་དང་།

སྙེམས་བྱའི་བདུད་ཆོད་ཅིང་ཡོན་ཏན་སྐྱེས་པ་དང་དུས་མཉམ་སྟེ། སྙེམས་བྱའི་བདུད་མ་

ཆོད་ན་ལམ་བགྲོད་མི་ནུས་པའི་ཕྱིར། སྙེམས་བྱ་ལམ་གྱི་བདུད་ནི་དང་པོ་ཆོས་ལ་འཇུག་པ་

ནས་མཐོང་ལམ་གྱི་བར་དུ་ངེས་པ་ཅན་དུ་གཅོད་དགོས་ཏེ། མཐོང་ལམ་ན་ཡང་བདེན་

འཛིན་ཉོན་མོངས་པའི་རྩ་བ་མེད་ཀྱང་། ད་རུང་སངས་རྒྱས་མ་ཐོབ་བར་དུ་བློ་སྦྱོང་

དགོས་སོ། །

སྙེམས་ལ་ཡང་གཉིས་ཏེ། སྙེམས་བྱ་སྙེམས་བྱེད་གཉིས་མེད་དེ། དེ་ཡང་སྙེམས་བྱ་

མི་རྟག་པ་སྟེ་བདེན་འཛིན་གྱི་རྩ་བ་སྤང་བྱ་ཡིན་ལ། སྙེམས་བྱེད་མི་རྟག་པར་ཤེས་པར་བྱེད་

པ་རང་རིག་པའི་ཡེ་ཤེས་ནི་སྤོང་བྱེད་ཡིན་པས་དེ་སྤང་མི་དགོས་ལ། སྤངས་ཀྱང་མི་སྤངས་

པས། སྙེམས་བྱེད་ཀྱི་ངོ་བོ་རང་རིག་པའི་ཡེ་ཤེས་ལ་བདག་མེད་པར་རྟོགས་པའི་ཉམས་

ཁྱད་པར་ཅན་ཤར་ནས་འོང་བའི་སྣ་ལ་དགའ་བྲོད་ཀྱི་ཡོན་ཏན་གོང་དུ་བཤད་པ་རྣམས་

73

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

སྐྱེས་ནས་འོང་བའི་སངས་རྒྱས་འཐོབ་ཏུ་མི་སྟེར་བས་ན་འབྲས་བུའི་བདུད་ཟེར་ཏེ། གོང་དུ་

བསྟན་པའི་རྨི་ལམ་སྒྱུ་མ་ལྟ་བུར་ལམ་དུ་འཁྱེར་བས་ཡོན་ཏན་ཐམས་ཅད་ཀྱི་བོགས་བཏོན་

པར་བྱས་ནས་འགྲོ་བའི་དོན་འབྱུང་བར་བྱེད་པ་ཡིན་པས། དེ་ལྟ་བུའི་དགའ་བྲོད་སྐྱེ་བ་དེ་

སྤང་ཡང་མི་དགོས་ལ། སྤངས་ཀྱང་སྤང་མི་ཐུབ། དཔེར་ན། དྲོད་རླན་དང་འཕྲད་ན་ལོ་

ཏོག་སྐྱེ་བ་རྣམས་བཀག་པས་མ་ཐུབ་པ་དེ་བཞིན་དུ་ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེ་བ་རྣམས་

འགོག་མི་དགོས་ཤིང་། ཡོན་ཏན་ཅི་ཤར་ཅི་བྱུང་ཡང་སྒྱུ་མ་ལྟ་བུར་ལམ་དུ་འཁྱེར་བར་བྱའོ། །

དེ་ཡང་ཐོགས་བཅས་དང་ཐོགས་མེད་གཉིས་སྤང་བྱ་ཡིན་ལ་། སྙེམས་བྱ་དང་སྙེམས་བྱེད་

དགའ་བྲོད་གཉིས་སྤོང་བྱེད་ཡིན་ནོ། །དེ་ཡང་འབྲས་བུ་མཐར་ཕྱིན་པའི་དུས་སུ་སྤང་བྱ་

དང་སྤོང་བྱེད་གཉིས་ཀ་ལས་གྲོལ་དགོས་པ་ཡིན་ནོ་རིགས་ཀྱི་བུ། ཞེས་གསུངས་སོ། །ཡང་

གང་པས་མ་ཅིག་ལགས། བདུད་ཀྱི་མཚན་ཉིད་ཇི་ལྟར་གསུང་པ་དེ་བཞིན་ལགས་ཏེ། ལྷ་

འདྲེ་ཞེས་པ་དེ་བདུད་དེ་དག་ལ་ཟེར་བ་ཡིན་ནམ། དེ་མ་ཡིན་པའི་ལྷ་འདྲེ་ཟེར་བ་གཞན་

ཞིག་ཡོད་དམ་ལགས། ཞེས་ཞུས་སོ། །

ཡང་མ་ཅིག་གི་ཞལ་ནས། བུ་ཉོན་དང་ལྷ་འདྲེ་ཟེར་བ་བདུད་དེ་དག་ཀྱང་ཡིན་ཏེ།

དེ་བས་ཀྱང་ལྷ་འདྲེ་ཟེར་བ་གཞན་ཞིག་ཀྱང་ངེས་པ་ཅན་དུ་ཡོད་དོ། །དེ་ཡང་འཇིག་རྟེན་

པའི་ཀུན་བཏགས་ཀྱི་ལྷ་འདྲེ་དང་། ངོ་བོར་གནས་ཚུལ་གྱི་ལྷ་འདྲེ་དང་། མཐོང་སྣང་སྒྲོ་

བཏགས་ཀྱི་ལྷ་འདྲེ་དང་། རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ་དང་བསླུ་མེད་ལས་དབང་གི་ལྷ་

འདྲེ་དང་། མཐར་ཐུག་དོན་གྱི་ལྷ་འདྲེ་དང་དྲུག་སྟེ་དེ་རེ་རེ་ལ་ཡང་ལྷ་ཞེས་པ་དང་། འདྲེ་

ཞེས་པ་གཉིས་གཉིས་ཏེ། མཐར་ཐུག་ལྷ་དང་འདྲེ་ཞེས་པ་གཉིས་མེད་ལ། སྔ་མ་ལ་ནི་ལྷ་

ཡང་འདྲེ་ལ་འདྲེ་ཡང་ལྷ་སྟེ་ངེས་པ་མེད་དོ། །དེ་ཡང་དང་པོ་ཀུན་བཏགས་ཀྱི་ལྷ་འདྲེ་ཞེས་

པ་ནི། འཇིག་རྟེན་པ་ཐམས་ཅད་ལ་ཡོངས་སུ་གྲགས་ཤིང་། བཏགས་པའི་ལྷ་ཞེས་པ་ནི་

འཇིག་རྟེན་པའི་སྣང་ཡུལ་དུ་གྲུབ་པའི་གཟུགས་བཟང་ཞིང་ཡིད་དུ་འོང་བའི་བློ་སྣང་དགའ་

74

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཞིང་དང་བ་འདྲེན་པ་གང་ཡིན་པ་དེ་ལ་ལྷ་ཟེར་ལ། གང་གི་བློ་ཡུལ་དུ་མི་སྡུག་ཅིང་ཡིད་དུ་

མི་འོང་བའི་ཡ་ང་བ་སྐྱེ་བར་བྱེད་པའི་གཟུགས་ཀྱིས་སྲོག་ལ་འཚེ་བའི་རྐྱེན་བྱེད་པ་གང་

ཡིན་པ་དེ་ལ་འདྲེ་ཟེར་བ་ཡིན་ཏེ། དེ་ཡང་གང་ལ་ཕན་འདོགས་པ་དེ་ལ་ལྷ་ཟེར་བ་དང་།

གང་ལ་གནོད་པར་བྱེད་པ་དེ་ལ་འདྲེ་ཟེར་བ་ཡིན་ཏེ། དེ་ནི་འཇིག་རྟེན་པ་ཀུན་གྱིས་བཟང་

ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་ཟེར་བ་ལ་ནི་རྨོངས་པ་རྣམས་ཀྱི་འདོད་གཏམ་ཡིན་

པས། དོན་ལ་གནས་པ་མ་ཡིན་ཏེ། དེས་ན་བཟང་པོས་ཀྱང་གནོད་པ་བྱེད་ལ། ངན་པས་

ཀྱང་ཕན་བཏགས་པ་ཡོད་པ་དང་། དང་པོར་ཕན་བཏགས་ཀྱང་ཕྱིས་གནོད་པ་སྐྱེལ་བ་ཡང་

མང་ལ། དང་པོར་གནོད་པ་བྱས་ཏེ་ཕྱིས་ཕན་བཏགས་པ་ཡང་ཡོད་པས་ངེས་པ་མེད་དེ།

བཟང་པོའ་ིཆགས་ཡུལ་ལྷ་རུ་བྱས་པས་ཀྱང་གནོད་པ་སྐྱེལ་ལ། ངན་པ་ཡིད་ལ་མི་འདོད་པ་

ལ་འདྲེ་བྱས་པས་ཀྱང་ཕན་བཏགས་པ་ཡོད་པས། ལྷ་ཞེས་པ་དང་འདྲེ་ཞེས་པ་གང་ལ་ཟེར་

བའི་ངེས་པ་མེད་པས། བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་གཉིས་ཀྱི་རྟོག་པས་

བཟུང་བ་ནི་འཇིག་རྟེན་པ་ཀུན་གྱིས་སྒྲོ་བཏགས་པ་ཡིན་པས་དོན་ལ་གནས་ངེས་པ་མེད་དོ། །

དེ་ནས་གཅོད་ཡུལ་བ་རྣམས་ཀྱིས་བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེར་འཛིན་

པ་ནི་གཏན་ནས་མི་འདོད་ལ། བཟང་ངན་ཕན་གནོད་ཙམ་ལ་ལྷ་འདྲེའི་མིང་ཡང་མི་

གདགས་ཤིང་། སྒྲ་ཡང་མི་བསྒྲག་པར་བདེན་མེད་དུ་ཤེས་པར་བྱེད་ཅིང་ལམ་དུ་འཁྱེར་ཤེས་

པར་བྱའོ། །

གཉིས་པ་ངོ་བོའ་ིགནས་ཚུལ་གྱི་ལྷ་འདྲེ་ལ་གཉིས། འཇིག་རྟེན་འཁོར་བའི་ལྷ་དང་།

འཇིག་རྟེན་ལས་འདས་པའི་ལྷ་དང་གཉིས། འདས་པའི་ལྷ་ལ་ཡང་འཁོར་བའི་རྒྱུ་འབྲས་

དང་། འཁོར་བའི་གནས་གཉིས་ཀ་ལས་འདས་པ་དང་། འཁོར་བའི་གནས་ལས་མ་འདས་

པ་དང་གཉིས་ཏེ། དེ་ཡང་དང་པོ་རྡོ་རྗེ་འཆང་ཆེན་པོ་དང་ཕྱོགས་བཅུའི་སངས་རྒྱས་དང་།

ཡུམ་ཆེན་མོ་དང་། རྒྱལ་བ་འོད་དཔག་མེད་ལ་སོགས་པ་ནི་འོག་མིན་སྟུག་པོ་བཀོད་པའི་

75

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གནས་སུ་རང་རང་གི་འཁོར་དང་བཅས་པ་བཞུགས་པ་ནི། འཇིག་རྟེན་པའི་གནས་དང་།

རྒྱུ་འབྲས་གཉིས་ཀ་ལས་འདས་པའི་ལྷ་ཡིན་ལ། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་

བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་པ་ཆེན་པོ་ཉིད་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་

གཟིགས་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ལག་ན་རྡོ་རྗེ་དང་། འཇམ་དཔལ་

དབྱངས་དང་། དེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་པའི་གནས་

ལས་མ་འདས་ཤིང་། འཁོར་བའི་ལས་དང་རྒྱུ་འབྲས་ལས་འདས་པའི་ལྷ་ཡིན་ནོ། །འཇིག་

རྟེན་པའི་ལྷ་ནི་གཟུགས་མེད་དང་། གཟུགས་ཁམས་དང་། འདོད་པའི་ལྷ་དང་། དེ་རྣམས་

ནི་ངོ་བོ་འཇིག་རྟེན་པའི་ལྷ་ཟེར། དེ་གཉིས་ཀ་ཡང་ངོ་བོའ་ིགནས་ཚུལ་གྱི་ལྷ་ཞེས་སོ། །འདྲེ་

ཞེས་པ་ནི། འཇིག་རྟེན་ན་ཡོངས་སུ་གྲགས་པའི་གཟུགས་མེད་ཀྱི་དྲེགས་པ་དང་། གདུག་

རྩུབ་དང་། ནུས་མཐུ་དང་། རྫུ་འཕྲུལ་ཆེན་པོ་སྟོན་ནུས་ཤིང་། གཟུགས་ཅན་གྱི་སེམས་ཅན་

མང་པོ་ལ་གནོད་པ་བྱེད་པའི་གཤིན་རྗེ་དང་། བདུད་བཙན་སྡེ་བརྒྱད་ཟེར་བ་ལ་སོགས་

པའི་གནོད་སེམས་དང་ལྡན་པ་རྣམས་ལ་འདྲེ་ཟེར་བ་ཡིན་ཏེ། དེའང་འཇིག་རྟེན་པའི་བློ་

ངོར་དུས་དང་རྣམ་པ་ཐམས་ཅད་དུ་སྡེ་བརྒྱད་ལ་སོགས་པའི་གནོད་སེམས་ཅན་དེ་རྣམས་

དོན་གནས་ལ་ཡོད་པའི་ཕྱིར་ན་ངོ་བོའ་ིགནས་ཚུལ་གྱི་འདྲེ་ཟེར་བ་ཡིན་ཏེ། དེ་ཡང་ཕན་

གདགས་པ་ལ་ལྷ་ཟེར་ན་སྡེ་བརྒྱད་སོགས་ཀྱིས་ཀྱང་ཕན་གདགས་པས། འཇིག་རྟེན་པ་

ཀུན་གྱིས་ཀྱང་ཟས་ནོར་དང་བསོད་ནམས་བསྐྱེད་ནུས་པས་ན། འདྲེ་སྡེ་བརྒྱད་སོགས་ཡང་

ལྷ་ཡིན་ནོ། །

གནོད་པ་བྱེད་པ་འདྲེ་ཡིན་ན་འཇིག་རྟེན་པའི་ལྷ་ཕལ་བ་རྣམས་མ་དགའ་ན་ཡང་

གནོད་པ་བྱེད་པས་ལྷ་དེ་དག་ཀྱང་འདྲེ་ཡིན་དགོས་སོ། །དེས་ན་འཇིག་རྟེན་པའི་ལུགས་ཀྱི་

ཕན་གདགས་པ་ལ་ལྷ་བྱས་ནས། གནོད་པ་བྱེད་པ་ལ་འདྲེར་བྱེད་པ་དང་གནས་ཚུལ་

འཇིག་རྟེན་པའི་ལྷ་ལ་ལྷ་ངེས་པ་ཅན་དུ་བྱེད་པ་དང་། གནས་ཚུལ་སྡེ་བརྒྱད་ལ་སོགས་པ་

76

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལ་འདྲེ་ངེས་པ་ཅན་དུ་བྱེད་པ་ཡིན་ཏེ། གཅོད་ཡུལ་བའི་ལུགས་ཀྱིས་དེ་གོ་བཟློག་དགོས་

པ་ནི། དེ་ཡང་རང་ལ་བརྩེ་ཞིང་གདུང་བར་བྱེད་པའི་གཉེན་འདུན་རྣམས་ཀྱིས་བདག་ལ་རི་

ཁྲོད་དུ་འགྲོ་བ་མི་འཐད་དེ། ཟས་གོས་ཀྱིས་འཕོངས་པ་དང་། ན་ཚ་དུཿཁ་འོངས་ནས་

གྲོགས་དང་སེམས་བརྩེ་བ་མེད་ནས་ཉོན་མོངས་པ་འོང་བས་ཁྱིམ་དུ་སྡོད་ཅིག་དང་ངེད་

རྣམས་ཀྱིས་མཐུན་རྐྱེན་བཟང་པོ་བྱེད་ཅིང་། ཁྱོད་ངེད་རྣམས་ཀྱིས་བློས་གཏོང་མི་ནུས་སོ་

ཟེར་ནས་ཐར་བའི་ལམ་གྱི་བདུད་བྱེད་ཅིང་དགེ་བ་ལ་བར་དུ་གཅོད་པའི་འདྲེ་བྱེད་པས།

དེ་ལྟར་བརྩེ་ཞིང་ཕན་གདགས་པ་རྣམས་ནི་བདུད་དང་ལྷ་འདྲེ་རུ་ཤེས་པར་བྱེད་ཅིང་།

བདག་ལ་སྡང་ཞིང་གནོད་པར་བྱེད་པ་རྣམས་ལ་ནི། སྙིང་རྗེ་བསྒོམ་ཞིང་སྔོན་གྱི་ལན་

ཆགས་འཁོར་བར་བསམས་ནས། དགའ་བར་བསྒོམ་ཞིང་དེ་དག་ནི་བྱང་ཆུབ་ཀྱི་ལམ་ལ་

བསྐུལ་བའི་ལྷ་ཡིན་ནོ་བསམ་པར་བྱའོ། །འཇིག་རྟེན་པའི་ལྷ་ལ་ཡང་ཆགས་པར་མི་བྱ་སྟེ།

ཆགས་པར་བྱས་ན་འཁོར་བར་འཁྱམས་པའི་འདྲེ་བྱེད་པས། འཇིག་རྟེན་པའི་ལྷ་ལ་ཡང་རེ་

ལྟོས་སྐྲའི་རྩེ་མོ་ཙམ་ཡང་མི་བྱེད་དོ། །

སྡེ་བརྒྱད་ལ་སོགས་པ་རྣམས་ལ་སྙིང་རྗེའི་བློས་ངེས་པར་དུ་བཟུང་ནས། འཁོར་དུ་

བསྐོར་ཅིང་གཅེས་པར་བསྐྱང་བར་བྱ་སྟེ། ཁོ་ལ་བརྟེན་ནས་དགེ་བ་ལ་འཛུད་པར་བྱེད་

པའི་ལྷ་ཡིན་ཏེ། དེ་ལྟར་བདག་ལ་གནོད་པ་བྱེད་པ་རྣམས་ལ་བྱམས་པ་སྒོམ་ཞིང་། ལུས་

སྲོག་ལ་ལྟོས་པ་མེད་པར་གནོད་བྱེད་རྣམས་ཀྱི་དོན་དུ་གཏོང་ཞིང་། སྙིང་རྗེའི་བློ་དང་མ་

བྲལ་བར་བྱེད་པ་དེ་གཅོད་ཡུལ་བའི་ལུགས་ཀྱི་ལྷ་འདྲེ་གཉིས་ཀྱི་འདོད་ཚུལ་ཡིན་ལ། ངོ་

བོར་གནས་ཚུལ་གྱི་ལྷ་འདྲེ་གཉིས་ཀྱང་ཀུན་རྫོབ་ཏུ་མིང་བཏགས་པ་ཙམ་ཡིན་པའམ།

དོན་གནས་ལ་ཇི་ལྟ་བ་བཞིན་དུ་ཡོད་ཀྱང་། དེ་ཡང་སྣང་ཙམ་ཉིད་ཡིན་ཞིང་བདེན་འཛིན་

མི་བྱེད་པས་རང་བཞིན་གྱིས་མ་གྲུབ་པའི་དོན་དམ་པ་ཤེས་པར་བྱའོ། །གསུམ་པ་མཐོང་

སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ་ནི། འཇིག་རྟེན་པའི་ས་བླ་བའི་སྨན་བཙུན་ཞེས་པ་སོགས་

77

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

དཀར་ཕྱོགས་ལ་ཅུང་ཟད་དགའ་བ་རྣམས་ཀྱིས་མི་ཕོ་མོ་ཕལ་བའི་ཤེས་རྒྱུད་གཡོས་ནས་

འཇིག་རྟེན་པ་ཀུན་གྱི་ལས་ལེགས་ཉེས་ཐམས་ཅད་སྒྲ་རུ་བཅོལ་བ་དང་། གཞན་ཡང་དུས་

ལ་བབ་པ་མ་ཡིན་པ་དགུན་སྒང་དུས་ལ། མེ་ཏོག་དང་ལོ་ཏོག་སྐྱེས་མ་ཐག་པ་ལ་སོགས་

པའི་རྫས་སྣ་ཚོགས་པ་མི་འདྲ་བའི་རྣམ་གྲངས་དུ་མ་མཐོང་བ་དང་། མི་མ་ཡིན་པ་ཕལ་ཆེར་

གྱིས་དངོས་སུ་གཟུགས་བསྟན་ནས། ལུང་བསྟན་དུ་མ་བྱེད་པ་དང་། གཞན་ཡང་འཇའ་

འོད་དང་། སྐུ་གཟུགས་ཀྱི་རྣམ་པ་མཐོང་བ་དེ་རྣམས་ལ་དངོས་གྲུབ་ཡིན། གཡང་ཡིན། ལྷ་

ཡིན། དཔལ་ཡིན་ཟེར་ནས་སྒྲོ་བཏགས་ཏེ་ལྷ་བྱེད་པ་ལ་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་ཟེར་

བ་ཡིན་ལ། དེ་བཞིན་དུ་དུས་མ་ཡིན་པ་དགུན་གྱི་དུས་སུ་སྦྲུལ་དང་སྦལ་བ་ལ་སོགས་པའི་

འཇིགས་སུ་རུང་བའི་གཟུགས་མི་འདྲ་བ་དུ་མ་མཐོང་བ་དང་། དེ་བཞིན་དུ་དབྱར་སྲམ་དང་

པིར་ཆེན་པོ་རྣམས་ཀྱིས་སྲོག་ཆགས་མང་པོ་ཟ་བ་དང་། ཉ་མོ་སྐམ་ལ་འཛིང་བ་མཐོང་བ་

དང་། གཞན་ཡང་མིག་གི་ཡུལ་དུ་མི་སྡུག་པའི་གཟུགས་སོགས་ལ་འཇིགས་ཤིང་ཡ་ང་བ་

ལ་སོགས་པའི་ཡིད་མི་བདེ་བར་བྱེད་པ་མི་འདྲ་བ་དུ་མ་ཞིག་མཐོང་བ་དེ་རྣམས་ལ་ནི་འདྲེ་

ཟེར་ནས་ཉེས་པ་འོང་བར་བྱེད་པའི་ཕྱིར། འདྲེ་ཟེར་བ་སྒྲོ་བཏགས་པས་ན་མཐོང་སྣང་སྒྲོ་

བཏགས་ཀྱི་ལྷ་འདྲེ་ཞེས་ཟེར་ཏེ། འདི་ནི་འཇིགས་རྟེན་པའི་ལུགས་ཀྱི་ལྷ་དང་འདྲེ་ལ་ངེས་

པར་དུ་བཟུང་བ་ཡིན་ཀྱང་། གཅོད་ཡུལ་བའི་ལུགས་ཀྱི་མཐོང་སྣང་དེ་ཙམ་ལ་ལྷ་དང་

འདྲེར་བྱེད་པ་མི་འདོད་ཅིང་། དོན་གནས་ལ་ཡང་མཐོང་སྣང་དེ་ཙམ་ལ་ལྷ་དང་འདྲེ་ཟེར་བ་

མ་ཡིན་ལ། མཐོང་སྣང་གི་ལྷ་དང་འདྲེ་ནི་འཇིག་རྟེན་སྒྲོ་བཏགས་རྐྱང་པ་ཡིན་ནོ། །དེས་ན་

གཅོད་ཡུལ་བ་རྣམས་ཀྱིས་དགའ་བ་དང་འཛིན་པར་མི་བྱེད་ཅིང་བཏང་སྙོམས་ཆེན་པོ་ལ་

བཞག་པས། ཕན་གནོད་མི་ནུས་རང་སར་གྲོལ་བ་ཡིན་ནོ། །གཅོད་ཡུལ་པས། དེ་ལྟར་མ་

ཤེས་ཤིང་མཐོང་སྣང་ཙམ་ལ་ལྷ་འདྲེའི་རྟོག་པས་བཟུང་ན་ངའི་ཆོས་ལུགས་དང་འགལ་ཞིང་

གཅོད་ཀྱི་དགོས་པ་དོར་བས་ན། དོན་ལ་ངེས་ཤེས་སྐྱེད་ལ་ཉམས་སུ་ལོངས་ཤིག་རིགས་

78

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཀྱི་བུ། ཞེས་གསུངས་སོ། །

བཞི་པ་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ་ནི། རང་རིག་པའི་དག་སྣང་གི་ཆ་ལ་ཡེ་

ཤེས་ཆེན་པོ་ལྔ་འབྱུང་བ་ལ་ལྷ་ཟེར་བ་ཡིན་ལ། མ་རིག་པའི་བདག་འཛིན་ལས་ཉོན་མོངས་

པ་དུག་ལྔ་འབྱུང་བ་ལ་འདྲེ་ཟེར་བ་ཡིན་ཏེ། དེ་ཡང་ཡེ་ཐོག་གདོད་མ་ནས་རང་རིག་པའི་ཡེ་

ཤེས། ཀ་དག་སྐྱེ་མེད་ཀྱི་ཆོས་སྐུ་དེ་དང་། མ་རིག་པའི་བདག་འཛིན་ཉོན་མོངས་དེ་གཉིས་

ལྷན་ཅིག་ཏུ་སྐྱེས་ནས་རིག་དང་མ་རིག་མཉམ་པར་སྦྱར་ནས་ཡོད་པ་ཡིན་པས། ལྷན་ཅིག་

སྐྱེས་སྦྱོར་གྱི་ལྷ་འདྲེ་ཟེར་བ་ཡིན་ནོ། །

དེ་ལྟ་བུའི་ལྷན་སྐྱེས་ཀྱི་ལྷ་འདྲེ་དེ་འཇིག་རྟེན་པ་ཕལ་བ་རྣམས་ཀྱིས་མི་ཤེས་པས།

མི་དགེ་བའི་ལས་བསགས་ནས་འཁོར་བའི་རྒྱུ་དཔག་ཏུ་མེད་པ་གསོག་ཅིང་། དེའི་ལས་

ཉོན་ལ་དུས་རྒྱུན་དུ་འཇུག་པ་ཡིན་པས། དེས་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་

ལས་བྱུང་བ་དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་མེ་འོད་རབ་ཏུ་གསལ་བར་བྱེད་པའི་གཉེན་པོའ་ི

བདག་མེད་མ་ཤེས་པས། དོན་སྤྱིའི་ལས་དང་བྱ་བ་ཐམས་ཅད་ལ་རྨོངས་ནས་ཕན་གནོད་

དང་བཟང་ངན་གྱི་སྣང་བ་ཡུལ་ཙམ་ལ་ལྷ་དང་འདྲེ་གཉིས་སུ་བཟུང་བ་དེ་མ་རིག་པ་ཡིན་ནོ། །

དེ་བས་ན་ལྷན་སྐྱེས་ཀྱི་ལྷ་དང་། འདྲེ་གཉིས་འབྱེད་པར་བྱེད་དགོས་པ་ཡིན་ནོ། །དེའང་ལྷན་

སྐྱེས་རང་རིག་པའི་ཤེས་རབ་བཞི་དང་ལྡན་པའི་ཡེ་ཤེས་ལྔའི་འོད་ཟེར་འབར་བ་དེ་མ་རིག་

པ་གཅོད་པར་བྱེད་པའི་གཉེན་པོ་ཡིན་ལ། རང་རིག་པའི་ཡེ་ཤེས་དེ་སྒྲིབ་པར་བྱེད་པའི་མ་

རིག་པའམ། བདག་འཛིན་དེ་རང་རིག་པའི་ཡེ་ཤེས་ཀྱིས་གཅོད་རྒྱུའི་ཡུལ་དེ་ཡིན་ཏེ།

འཇིག་རྟེན་པ་ཕལ་བ་རྣམས་ཀྱིས་ལྷན་སྐྱེས་ཀྱི་ལྷ་འདྲེ་མི་བྱེད་པའི་སྟོབས་ཀྱིས། དགེ་མི་

དགེའི་ལས་ཐམས་ཅད་མ་ཕྱེད་ནས། འཆོལ་བར་སོང་བས་འཁོར་བའི་རྒྱུར་གྱུར་པ་ཡིན།

དེ་བས་ན་གཅོད་ཡུལ་བ་རྣམས་ཀྱིས་ལྷན་སྐྱེས་ཀྱི་ལྷ་འདྲེ་གཉིས་འབྱེད་པར་བྱས་ལ།

གཅོད་རྒྱུའི་བདག་འཛིན་གྱི་གཉེན་པོར་གཅོད་མཁན་གྱི་རང་རིག་པའི་ཡེ་ཤེས་ཀྱིས་

79

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བདག་མེད་པར་རིག་པར་བྱའོ། །

དེ་ཡང་དང་པོ་གཞི་གདོད་མ་ནས་རིག་པ་ཡེ་ཤེས་ཀྱི་ཆོས་སྐུ་དང་མ་རིག་པ་བདག་

འཛིན་གྱི་དྲི་མ་གཉིས་དབྱེར་མེད་དུ་ཡོད་པས་ལྷན་སྐྱེས་ཟེར་ལ། དེ་རྒྱུ་དང་རྐྱེན་གང་གིས་

ཀྱང་མ་བསྐྱེད་པས་རང་བྱུང་དུ་ཡོད་ཅིང་། ཐོག་མར་འདི་ཙམ་ནས་བྱུང་བའི་སྨོས་སྒོ་མེད་

པས་རང་བཞིན་དུ་སྐྱེས་པས་ན་རང་བཞིན་ལྷན་ཅིག་ཏུ་སྐྱེས་པ་ཟེར་ཏེ། དེ་ཡང་མ་

བརྟགས་མ་དཔྱད་པའི་ཚེ་རིག་མ་རིག་ལྷན་ཅིག་ཏུ་ཡོད་པས། སོ་སོར་མི་ཕྱེད་ཅིང་མ་རིག་

ཀྱང་། བརྟགས་ཤིང་དཔྱད་ན་དབྱེར་མེད་ཆུ་ཟླ་དང་འདྲ་སྟེ། ངོ་བོ་སོ་སོར་ཡོད་པས་སོ་

སོར་རིག་ཀྱང་སོ་སོར་ཕྱེད་པ་ཡིན་ཏེ། དེ་ཡང་བླ་མ་མཚན་ཉིད་བརྒྱད་དང་ལྡན་པ་ཞིག་ལ་

རག་ལས་ཏེ། དེས་ནི་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེའི་མཚན་ཉིད་སྟོན་པ་ཡིན་ནོ། །

ལྔ་པ་བསླུ་མེད་ལས་དབང་ལ་གཉིས་ཏེ། རང་བྱུང་སྤྱི་མཐུན་གྱི་ལས་དང་། འཇུག་

སྒོ་སོ་སོར་སྤྱོད་པའི་བྱེ་བྲག་གི་ལས་དང་གཉིས་སོ། །དང་པོ་སྤྱི་མཐུན་ནི་འབྱུང་བ་བཞི་

དང་། དབྱར་དགུན་སྟོན་དཔྱིད་དུས་བཞི་དང་། ཉིན་མཚན་གཉིས་དང་། སྐྱེ་འཆི་གཉིས་

དང་། ན་བ་དང་། ནད་མེད་བདེ་བ་གཉིས་དང་། ལང་ཚོ་དར་ལ་བབ་པ་དང་། རྒས་ཤིང་

རྒུད་པ་དང་གཉིས་ཏེ། དེ་ཡང་འབྱུང་བ་བཞིའི་རླུང་ནི། རང་བྱུང་གཡོ་བ་ཆེན་པོའ་ིརང་

བཞིན་འཁྲུགས་པ་སྟེ་ཀུན་གྱི་གཞི་མར་གྱུར་པ་དང་། ཆུ་ནི་རླན་ཞིང་གཡོ་བའི་རང་བཞིན་ཏེ།

ཐམས་ཅད་སྡུད་པར་བྱེད་དོ། །མེ་ནི་ཚ་རེག་གི་དྲོད་དང་ལྡན་པ་སྟེ། ཐམས་ཅད་སྨིན་

པར་བྱེད་དོ། །ས་ནི་སྲ་ཞིང་མཁྲེགས་པ་ཡིན་ཏེ། ཀུན་གྱི་བརྟེན་གནས་སུ་གྱུར་པ་ཡིན་ནོ། །

དེ་ལྟར་འབྱུང་བ་བཞི་རང་བབ་ཏུ་གནས་ཤིང་རང་བབ་ཏུ་དལ་བར་སྤྱོད་པ་ནི་འདོད་ཡོན་

ཐམས་ཅད་འབྱུང་བའི་རྒྱུ་ཡིན་པས་ན་ལྷ་ཞེས་བྱ། རབ་ཏུ་གཡོ་ཞིང་ཤིན་ཏུ་འཁྲུགས་པར་

གྱུར་པ་ནི་ཉེས་པ་ཆེན་པོ་བྱེད་པས་འདྲེ་ཞེས་ཟེར་རོ། །དབྱར་ནི་ལྷ་ཡིན་ལ། དགུན་ནི་འདྲེ་

ཡིན་ནོ། །སྟོན་ནི་ལྷ་ཡིན་ལ། དཔྱིད་ནི་འདྲེ་ཡིན་ནོ། །ཉིན་མོ་ནི་ལྷ་ཡིན་ལ། མཚན་མོ་ནི་

80

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

འདྲེ་ཡིན། སྐྱེ་བ་ནི་ལྷ་ཡིན་ལ། འཆི་བ་ནི་འདྲེ་ཡིན། ལུས་སེམས་དལ་ཞིང་བདེ་བར་

གནས་པ་ནི་ལྷ་ཡིན་ལ། ནད་ཀྱིས་བཏབ་ནས་མི་བདེ་ཞིང་འཁྲུག་པ་ནི་འདྲེ་ཡིན། གཞོན་

ཞིང་ལས་དབང་གི་སྟོབས་རབ་ཏུ་རྒྱས་པ་ནི་ལྷ་ཡིན་ལ། རྒས་ཤིང་ལུས་དབང་རྒུད་པ་ནི་

འདྲེ་ཡིན་པར་བྱེད་པ་དེ་རྣམས་ནི། འཇིག་རྟེན་པ་ཀུན་ལ་ངེས་པ་ཅན་དུ་འོང་ཞིང་བསླུ་བ་

མེད་པར་སྤྱིའི་ཐུན་མོང་གི་ལས་ལ་བྱུང་བས་ན། སྤྱི་མཐུན་གྱི་ལས་ཟེར། དེའང་འབྱུང་བ་

བཞི་ནི་སེམས་ཅན་གྱིས་བསགས་པའི་ལས་ལ་བྱུང་བ་མེད་དེ། རང་བཞིན་གྱི་ལས་སམ།

རང་བྱུང་དུ་འབྱུང་བས་ན་རང་བྱུང་ཟེར་བ་ཤེས་པར་བྱའོ་བུ།

གཉིས་པ་འཇུག་སྒོའ་ིལྷ་ནི། ལས་ཀྱི་དབང་གིས་བསྡུས་པའི་ལུས་བསྐྱེད་པའི་ཕ་མ་

དང་། སེམས་བསྐྱེད་ཅིང་ཐར་པའི་ལམ་སྟོན་པའི་བླ་མ་དམ་པ་དང་། མགོན་པོར་བྱེད་པ་

ལྷ་ལྔ་དང་། དེ་རྣམས་ནི་རང་རང་གི་ལས་བསགས་པའི་དབང་གིས་ལས་ལ་བསླུ་བ་མེད་

པར་རང་གི་ལྷ་བྱེད་པས་ན། བསླུ་མེད་ལས་དབང་གི་ལྷ་ཟེར་ཏེ། དེའང་ལས་ཀྱི་དབང་

གིས་ཕ་མ་ལོངས་སྤྱོད་ཆེ་བ་དང་། ལོངས་སྤྱོད་ཆུང་བ་དང་རིགས་མཐོ་བ་དང་། དམན་པ་

དང་། གཟུགས་བཟང་བ་དང་། ངན་པ་དང་། དགེ་བ་ལ་སྤྱོད་པ་དང་། མི་དགེ་བ་ལ་སྤྱོད་

པ་དང་། དེ་རྣམས་ལ་སོ་སོར་འཇུག་པའི་སྒོ་འབྱེད་དགོས་པ་ཡིན་ཀྱང་། རྟག་པ་ཅན་ནི་མ་

ཡིན་ཅིང་ངེས་པ་མེད་པས། གནས་སྐབས་ཙམ་རེ་ལ་ཕན་གནོད་ཀྱི་ལྷ་འདྲེ་གཉིས་བྱེད་པ་

ཡང་བྱེ་བྲག་པ་ཡིན་ཏེ། ཕ་མ་དང་། སྤུན་ཟླ་དང་། དཔོན་སློབ་དང་། དེ་ལ་སོགས་པའི་

བརྩེ་ཞིང་གདུང་བ་རྣམས་ཀྱང་ཕན་ཚུན་དུ་རྩོད་ཅིང་འཁྲུགས་ནས་གཅིག་གིས་གཅིག་ལ་

གནོད་པའི་འདྲེ་བྱེད་པར་འོང་བ་དེ་ཡང་བརྩེ་ཞིང་གདུང་བའི་ལས་དེ་ཟད་ཅིང་། གནོད་

སེམས་ཀྱི་ལས་དེ་ལ་བཟུང་ནས་གནོད་སེམས་ཀྱི་ལས་ལ་སྤྱོད་པའང་ཡོད་དོ། །དེ་བཞིན་

དུ་བརྩེ་ཞིང་གདུང་བ་རྣམས་ཚེ་འཕོས་པའི་འོག་ཏུ་ཡང་མི་མ་ཡིན་གདུག་པ་ཅན་དུ་གྱུར་

ནས། སྔར་གྱི་གཉེན་འདུན་སོགས་གདུང་སེམས་ཅན་རྣམས་ལ་གནོད་པ་སྐྱེལ་བའི་འདྲེ་

81

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བྱེད་པ་དང་། དེ་བཞིན་དུ་ཚེ་འཕོས་ནས་སྔར་རང་གིས་སྲོག་གཅོད་བྱས་པའི་དགྲ་བོ་ཡིན་

ཀྱང་ཕན་གདགས་པའི་ལྷ་བྱེད་པ་དང་། དེ་ལ་སོགས་པ་འགྲོ་བ་རིགས་དྲུག་གི་གནས་སུ་

ཚེ་འཕོས་རེས་བྱས་པས་ཕ་མ་དང་གཉེན་འབྲེལ་དུ་མ་གྱུར་པ་ནི་རིགས་དྲུག་གི་སེམས་

ཅན་ལ་གཅིག་ཀྱང་མེད་པས་ན། འདྲེ་ཞེས་པ་མེད་ཀྱང་དེ་ལྟར་མ་ཤེས་པའི་གནས་སྐབས་

ཙམ་རེ་ལ་ལྷ་དང་འདྲེ་ཟེར་ནས་བྱེ་བྲག་ཏུ་ཕྱེས་ནས་གཉིས་སུ་འཛིན་པ་ཡིན་ཏེ། དེ་ཡང་

རང་རང་གིས་ལས་བསགས་པ་ལས་བྱུང་བ་དེ་མ་ཤེས་ནས་རྐྱེན་ངན་སོགས་གང་བྱུང་ལ་

ངའི་སྒོས་གྱོང་ཡིན་ནོ་སྙམ་སྟེ་སེམས་ཉམ་ཐག་པར་བྱེད་པ་དང་། འཇིག་རྟེན་གྱི་ཕུན་

ཚོགས་དར་ཙམ་ཞིག་ལ་ངས་ཕོ་བྱས་པ་ཡིན་ནོ་སྙམ་ནས་སེམས་དྲེགས་པས་ཁེངས་པ་བྱེད་

པ་དང་། དེ་རྣམས་ཀྱིས་ལས་རྒྱུ་འབྲས་མ་ཤེས་པས་རང་གིས་ལས་བསགས་པ་ལས་ཕན་

གནོད་བྱུང་བ་ལ་ལྷ་དང་འདྲེ་རུ་བཟུང་ནས་ཆགས་པ་དང་སྡང་བར་བྱས་པས་འཁོར་བར་

འཁྱམས་པ་ཡིན་ནོ། །དེ་ལྟར་ན་རང་གིས་བསགས་པའི་ལས་ལ་རང་གིས་སྤྱོད་པ་ལ་རང་གི་

དགའ་མ་ིདགའ་ིརྟགོ ་པས་བཟུང་བ་ད་ེའཇགི ་རྟནེ ་པའ་ིལགོ ་ལྟ་ཡནི ་པར་ཤསེ ་པར་བྱའ།ོ །

དེས་ན་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་མར་མ་བྱས་པ་ནི་

གཅིག་ཀྱང་མེད་པས་ན་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ཤེས་ཤིང་། ཕ་མ་ཡིན་པར་

བློས་བཟུང་ནས་ཕ་མའི་དྲིན་དྲན་པར་བྱས་ནས་སྡང་སེམས་སྤངས་ཤིང་བྱམས་པ་དང་།

སྙིང་རྗེའི་སེམས་ཀྱི་སྒོ་ནས་སྐྱོང་བར་བྱེད་པ་དེ་གཅོད་ཡུལ་བའི་ལུགས་ཡིན་ནོ་རིགས་ཀྱི་བུ།

དེ་ཡང་མི་མ་ཡིན་གདུག་པ་ཅན་མ་རུང་པ་རྣམས་ནི་སྲོག་དབུགས་ལ་རྔམ་ནས་སེམས་ཅན་

མང་པོ་ལ་གནོད་པ་བྱེད་པ་དང་། ཁྱད་པར་དུ་བདག་ལ་གནོད་པ་བྱེད་པའི་མི་མ་ཡིན་དེ་

ལ་ནི་འདྲེ་ཟེར་ཏེ། འདྲེ་དེས་ནི་རང་རེའི་ཕ་མ་བྱས་པ་ལ་གྲངས་ཀྱིས་མི་ཆོད་ཅིང་། ཁོ་ཚེ་

འཕོས་པས་རང་རེས་ངོ་མ་ཤེས་པས། ལས་ངན་བསགས་པའི་སྟོབས་ཀྱིས་རང་རེ་ལ་

གནོད་པ་བྱེད་པ་ཡིན་ཀྱང་། རང་རེས་ཁོ་ཕ་མ་ཡིན་པར་ཤེས་ནས་ཁོ་སྡུག་བསྔལ་ལས་

82

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

བསྐྱབ་པར་བྱ་བའི་ཕྱིར་དུ། བྱམས་པ་དང་སྙིང་རྗེ་བསྐྱེད་ཅིང་རང་གི་ཤ་ཁྲག་དང་སྲོག་

དབུགས་ལ་ལྟོས་པ་མེད་པར་ཁོ་ལ་བཏང་ནས་བྱམས་པའི་སེམས་ཀྱིས་བཟུང་ནས། ཁོ་

གར་ཡང་མི་གཏོང་ཞིང་གདུལ་བར་བྱ་སྟེ་ཐར་བ་ལ་འགོད་དོ། །དེས་མ་བཏུལ་ན་ཞི་བ་

དྲག་པ་ོགཉིས་ཀྱིས་འདུལ་བར་བྱདེ ་ད།ོ །དསེ ་མ་ཐུལ་ན་དྲག་པོའ་ིསྒོ་ནས་འདུལ་དགསོ ་ས།ོ །

དེས་མ་བཏུལ་ན་དྲག་པོ་འབའ་ཞིག་གི་སྒོ་ནས་ཏིང་ངེ་འཛིན་དྲག་པོའ་ིལས་ལ་སྦྱར་ཏེ།

ཤ་ཁྲག་གཏོང་བ་དང་བཅས་པས་འདུལ་བ་ན། ངེས་པར་འདུལ་བ་ཡིན་ཏེ། དམ་པའི་ཆོས་

ལ་འཛུད་པར་བྱེད་དགོས་སོ། །དེ་ཡང་རང་དོན་དུ་ཞེ་སྡང་ཆེན་པོ་བསྐྱེད་ནས། ཁོ་ལ་

གནོད་པའི་ཕྱིར་དུ་དྲག་པོ་བྱས་ནས། རང་གཞན་གཉིས་ཀ་སྡུག་བསྔལ་གྱི་རྒྱུར་འགྲོ་བས་

ངའི་ཆོས་ལུགས་དང་ཡང་འགལ་ལོ། །

དེས་ན་གཞན་གྱི་ཕྱིར་དུ་དྲག་པོ་འབའ་ཞིག་བྱས་ཀྱང་སྐྱོན་དུ་མི་འགྱུར་བ་ཡིན་པ་ནི།

དཔལ་ཡེ་ཤེས་ཀྱི་མགོན་པོ་ནི་ཤིན་ཏུ་གཏུམ་ཞིང་དྲག་ལ་རྔམ་པའི་མདོག་ནག་ཅིང་ཁྲོ་

གཉེར་བསྡུས་ཤིང་མཆེ་བ་གཙིགས་པའི་འཇིགས་ཚུལ་བསྟན་ནས་སེམས་ཅན་གདུག་པ་

ཅན་རྣམས་སྒྲོལ་བར་བྱེད་ཀྱང་། སེམས་ཅན་དེ་རྣམས་ལ་གནོད་པ་བྱེད་པའི་ཕྱིར་མ་ཡིན་ལ།

སེམས་ཅན་དེ་སྡུག་བསྔལ་དང་བྲལ་ནས་ཐར་བའི་ལམ་ལ་འགོད་པར་བྱེད་པའི་ཕྱིར་དང་།

ཕ་མས་བུ་ཚ་བརྡུང་བ་ཡང་བུ་ཚའི་དོན་ཡིན་ཅིང་ཕ་མའི་དོན་མ་ཡིན་ནོ། །དེ་བཞིན་དུ་

སེམས་ཅན་གྱི་དོན་བྱེད་པ་ལ། རང་འདོད་ཀྱི་དྲི་མས་མ་གོས་པར་བྱེད་དགོས་པ་ཡིན་ནོ་བུ།

དེ་ལྟར་ལྷ་འདྲེ་ཞེས་པ་གཟུགས་ཀྱི་སྒོ་ནས་མི་འབྱེད་པ་དང་། སྤྱོད་ལམ་གྱི་སྒོ་ནས་ཀྱང་

འབྱེད་པ་དཀའ་སྟེ། དེ་ཡང་གཟུགས་བཟང་ཞིང་ཡིད་དུ་འོང་བས་སྤྱོད་ལམ་བཟང་པོ་བྱས་

ནས། གནོད་པའི་འདྲེ་བྱེད་པ་ཡང་ཡོད་ལ། གཟུགས་མི་སྡུག་ཅིང་འཇིགས་སུ་རུང་བའི་

གནོད་སེམས་ཅན་གྱིས་ཕན་གདགས་པའི་ལྷ་བྱེད་པ་ཡང་ཡོད་པ་ནི། མི་མ་ཡིན་གནོད་

སེམས་དང་ལྡན་པའི་གདུག་པ་ཅན་རྣམས་ཀྱང་དགའ་ནས། བྱང་ཆུབ་སྒྲུབ་པའི་མཐུན་

83

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

རྐྱེན་དང་གྲོགས་བྱེད་པས། འདྲེས་ལྷ་བྱེད་པའི་ཕྱིར་ལྷ་འདྲེ་ཟེར་ཞིང་། ལྷ་འདྲེའི་ངོ་བོ་སོ་

སོར་མ་ཡིན་གཅིག་ཏུ་ཤེས་པར་བྱ། འདྲེ་གདུག་པ་ཅན་དེ་དག་ཚེ་འཕོས་པས་ངོ་བོར་

གནས་ཚུལ་གྱི་འཇིག་རྟེན་པའི་ལྷར་སྐྱེས་པ་ཡོད་པས་ཀྱང་ལྷ་འདྲེ་ཟེར་ཏེ་ངོ་བོ་གཅིག་གོ །

དེ་བཞིན་དུ་གཟུགས་བཟང་བའི་འཇིག་རྟེན་པའི་ལྷ་ཕལ་བ་མ་དགའ་ན་ཡང་གནོད་པའི་

འདྲེ་བྱེད་པས་ཀྱང་ལྷ་འདྲེ་དང་། ལྷ་དེ་དག་ཚེ་འཕོས་ཏེ་མི་མ་ཡིན་གདུག་པ་ཅན་དུ་གྱུར་

ནས། འདྲེ་བྱེད་པས་ན་ལྷ་འདྲེ་ཟེར་བ་དང་། སེམས་ཅན་མ་རུང་བ་ལ་ཕན་གདགས་པའི་

ཕྱིར་དུ་ཡེ་ཤེས་པའི་ལྷ་རྣམས་ཁྲོས་པའི་གཟུགས་བསྟན་ནས། བྱ་ནག་དང་ཁྱི་ནག་ཅེ་སྤྱང་

ལ་སོགས་པའི་འཁོར་དང་བཅས་པ་ཡོད་པ་དེ་རྣམས་མི་ཕལ་བས་མཐོང་དུ་རུང་ན་ཡེ་ཤེས་

པའི་ལྷ་དེ་དག་འདྲེ་རུ་བཟུང་ནས། ལྷ་འདྲེ་ཟེར་ཅིང་བྲེད་པར་བྱེད་དོ། །སེམས་ཅན་ཐམས་

ཅད་ལ་གནོད་པ་བྱེད་པའི་ཕྱིར་དུ་འདྲེ་གདུག་པ་ཅན་འཇིགས་སུ་རུང་ཞིང་ཡ་ང་བར་བྱེད་

པ་རྣམས་ཀྱིས་ཀྱང་། ཤིན་ཏུ་མཛེས་པའི་གཟུགས་བསྟན་ནས་མི་ཕལ་པ་རྣམས་དེ་ལ་

དགའ་ཞིང་ཆགས་པར་བྱེད་པས་ན། གནོད་པ་བསྐྱལ་ནས་ལྷ་འདྲེ་གཉིས་ཀ་བྱེད་པ་ཡང་

ཡོད་དོ། །

དེ་ཡང་ཡེ་ཤེས་པའི་ལྷ་ཁྲོས་པའི་གཏུམ་པོ་བས་གཟུགས་མཛེས་པ་ནི། གདུག་པ་

ཅན་གྱི་འདྲེ་ལ་ཡང་གཟུགས་ཁམས་ཀྱི་ལྷའི་གཟུགས་ཇི་ལྟ་བ་བཞིན་བསྟན་ནས་ཀྱང་

སེམས་ཅན་ལ་གནོད་པ་བྱེད་པའི་ཕྱིར་དུ་གཟུགས་བཟང་བར་བསྟན་པ་ཡིན་ནོ། །ལྷ་ཇི་

ལྟར་ཁྲོས་ཀྱང་སེམས་ཅན་ལ་སྲུང་སྐྱོབ་བྱེད་པ་ཡིན་པས་ཀྱང་། དེ་ལྟར་མ་ཤེས་ནས་བཟང་

ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་ཞེས་པ་གཉིས་སུ་བཟུང་བས་སེམས་ཉོན་མོངས་

པ་ཅན་དུ་གྱུར་པས། ལས་དགེ་སྡིག་གཉིས་ལས་འབྲས་བུ་བདེ་སྡུག་གཉིས་འབྱུང་བ་ལ་

ལྷས་ཕན་གདགས་པ་དང་། འདྲེས་གནོད་པ་བྱས་སོ་ཟེར་ནས་ལྷ་འདྲེའི་རྟོག་པས་བཟུང་

ཞིང་། ལས་བསགས་པ་ལས་ཕན་གནོད་བྱུང་བ་མ་ཤེས་པས་བྱེ་བྲག་ཏུ་བདེན་འཛིན་བྱས་

84

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ནས་ད་རུང་ཡང་དེའི་རྒྱུ་མཐུན་པས་འཁོར་བའི་རྒྱུར་འགྲོ་ཞིང་སྡུག་བསྔལ་ལ་དཔག་པར་

དཀའ་བ་ཡིན། དེའི་ཕྱིར་ལས་རྒྱུ་འབྲས་ཤེས་པ་གལ་ཆེ་བ་ཡིན་ཏེ། དེ་ཡང་ལྷ་འདྲེ་གཉིས་

དང་། བཟང་ངན་གཉིས་དང་། ཕན་གནོད་གཉིས་དང་། བདེ་སྡུག་གཉིས་དང་། མཐོ་

དམན་གཉིས་དང་། ཆགས་སྡང་གཉིས་དང་། འཁོར་འདས་གཉིས་ལ་སོགས་པའི་ལས་སྣ་

ཚོགས་བསམ་གྱིས་མི་ཁྱབ་པ་དུ་མ་ཞིག་བརྗོད་དུ་མི་བཏུབ་པ་མཐའ་ཡས་པ་གཅིག་འབྱུང་

བ་ནི། སེམས་ཅན་ཐམས་ཅད་རང་རང་གིས་ལས་དགེ་སྡིག་སྣ་ཚོགས་པ་བསགས་པ་ལས་

བྱུང་བ་ཤེས་པར་བྱེད་དགོས་ལ། གནོད་པ་དང་། མི་བདེ་བ་དང་། ཡིད་ལ་མི་འདོད་པ་

ཐམས་ཅད་མི་འབྱུང་བར་འདོད་ན། མི་དགེ་བའི་ལས་ཐམས་ཅད་སྤང་བར་བྱའོ། །བདེ་

ཞིང་འདོད་པ་ཐམས་ཅད་འགྲུབ་པ་དང་། བདེ་བ་ནས་བདེ་བར་འགྲོ་བར་འདོད་ན། དགེ་

བའི་ལས་ཐམས་ཅད་ལ་བརྩོན་ནས་བསྒྲུབས་པར་བྱས་ན། ལས་ལ་བསླུ་བ་མེད་པའི་

དབང་གིས་བདེ་འགྲོ་དང་ངན་འགྲོ་སོ་སོར་འགྲུབ་པས་ན་ངེས་པ་ཅན་དུ་ལས་གཙོ་ཆེ་སྟེ།

ལས་ཀྱི་རྗེས་སུ་འབྲང་བ་མ་གཏོགས་པ་དེ་བས་གཞན་འཇུག་སྒོ་ཏིལ་འབྲུ་ཙམ་ཡང་མེད་

པས་ན། ལས་དབང་ཆེ་ལ། ལས་མ་ཡིན་པའི་གཞན་རེ་ལྟོས་བྱེད་པའི་རྒྱུ་ནི་སྐྲའི་རྩེ་མོ་

བརྒྱར་གཤགས་པའི་རྩེ་མོ་ཙམ་ཡང་ཡོད་པ་མི་སྲིད་པའི་ཕྱིར་དུ། ལས་ཀྱིས་བསླུ་བ་མེད་

པས་ན། བསླུ་མེད་ལས་དབང་གི་ལྷ་འདྲེ་ཟེར་ཏེ། དེ་ལྟར་ན་ཐམས་ཅད་ལས་བསགས་པ་

ལས་བྱུང་བ་ནི་ཤེས་པར་བྱེད་ཅིང་། དེའང་ལས་དང་བཅས་པ་ཡང་བདེན་པ་དང་རྟག་པ་

ཅན་དུ་མ་ཡིན་པའི་མཚན་ཉིད་ཤེས་པར་བྱས་ལ། རྟག་འཛིན་དང་བདེན་འཛིན་དང་བདེན་

ཞེན་སྤངས་ནས་ལུས་སྲོག་ལ་ལྟོས་པ་མེད་པར་གཅིག་པུར་མི་མེད་ལུང་སྟོང་དུ་འགྲིམས་

ཤིང་འདྲེའི་གཟན་དུ་བསྐྱུར་ནས་གཞན་ཕན་བསྒྲུབ་ཅིང་བྱེད་ལས་ཐམས་ཅད་ཕཊཿཀྱིས་

གདབ་ཅིང་སྤྲོས་བྲལ་དུ་གཞག་པར་བྱའོ། །

དྲུག་པ་མཐར་ཐུག་དོན་གྱི་ལྷ་འདྲེ་ནི། འཁོར་བ་ལས་འདས་པའི་ཡང་དག་པར་

85

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

རྫོགས་པའི་སངས་རྒྱས་ནི་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་སྐྱབས་གནས་མཐར་ཐུག་

ཡིན་ཏེ། འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་ནུས་པས་ན་ལྷ་ཟེར་བ་ཡིན་ནོ། །གཞན་

འཇིག་རྟེན་འཁོར་བའི་ལྷ་རྣམས་ཀྱིས་འཁོར་བ་ལས་སྐྱོབ་པར་མི་ནུས་པས་མཐར་ཐུག་གི་

སྐྱབས་གནས་མ་ཡིན་ལ། གནས་སྐབས་ཙམ་རེ་ལ་བྱེ་བྲག་གི་ཕན་པ་ཕྲ་མོ་ཙམ་ནུས་ཀྱང་

མཐར་ཕྱིན་པ་མ་ཡིན་པས་ན་མཐར་ཐུག་གི་ལྷར་མི་བྱེད་དོ། །མཐར་ཐུག་གི་འདྲེ་ནི་འཁོར་

བའི་གནས་ཡིན་ཏེ། ཁྱད་པར་ངན་སོང་གསུམ་གྱི་གནས་ནི་སྡུག་བསྔལ་མུ་མཐའ་མེད་

ཅིང་གོ་སྐབས་མེད་པར་རྒྱུན་དུ་ལུས་སེམས་མནར་ཞིང་སྡུག་བསྔལ་བར་བྱེད་པའི་འདྲེ་ནི་

ངན་སོང་གསུམ་ཡིན་པས། དེ་ལྟ་བུའི་འཁོར་བ་སྤྱི་དང་ཁྱད་པར་དུ་ངན་སོང་གསུམ་པོའ་ི

འདྲེ་ལ་སེམས་ཅན་ཐམས་ཅད་བསྐྱབ་པར་བྱ་བའི་ཕྱིར་དུ་སྐྱབས་མཐར་ཐུག་ཡང་དག་

པའི་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །

དེ་ཡང་མི་མ་ཡིན་སྡེ་བརྒྱད་ལ་སོགས་པས་གནོད་པ་བྱས་ཀྱང་བདག་ངན་སོང་

གསུམ་ལ་སྦྱོར་བར་མི་ནུས་པས་མཐར་ཐུག་དོན་གྱི་འདྲེ་མ་ཡིན་ནོ། །དེ་བས་ན་འཁོར་བ་

སྤྱི་དང་ཁྱད་པར་དུ་ངན་སོང་གསུམ་གྱི་འདྲེ་ལས་ཐར་དཀའ་ཞིང་ཡུན་རིང་དུ་གནས་པས་

ན་མཐར་ཐུག་དོན་གྱི་འདྲེ་ཟེར་ཏེ། མཐར་ཐུག་དོན་གྱི་ལྷ་འདྲེ་ཟེར་བ་འདི་གཉིས་ཀྱི་དོན་

དེ་ལྟར་དུ་ཤེས་པར་བྱའོ། །ཁྱད་པར་དུ་ལས་ལ་ལྷ་འདྲེ་གཉིས་འབྱུང་བས་ན་ལས་ཀྱི་ལྷ་

དང་འདྲེ་གཉིས་ནི་ངེས་པ་ཅན་དུ་གཙོ་ཆེ་སྟེ། ལས་དཀར་པོ་དགེ་བ་ནི་ལྷ་ཡིན་ལ། ནག་པོ་

མི་དགེ་བ་ནི་འདྲེ་ཡིན་ཏེ། དགེ་སྡུག་གཉིས་ཀྱི་ལྷ་འདྲེ་གཉིས་ནི་དོན་གནས་འགྱུར་བ་མེད་

པའི་ལྷ་འདྲེ་ཡིན་པས་ངེས་པ་ཅན་དུ་གཙོ་བོར་འཛིན་དགོས་པ་དང་། དགེ་བ་བསྒྲུབ་པའི་

གང་ཟག་གང་ཡིན་པ་དེ་ཡང་ལྷ་ཡིན་ལ། མི་དགེ་བ་བསྒྲུབ་པའི་གང་ཟག་གང་ཡིན་པ་དེ་

ནི་འདྲེ་ཡིན་པར་ཤེས་པར་བྱའོ་བུ། དེ་ལྟར་ན་ལས་ཀྱི་ལྷ་འདྲེ་དང་། མཐར་ཐུག་གི་ལྷ་འདྲེ་

གཉིས་དབྱེར་མི་ཕྱེད་པ་སོ་སོར་མ་ཡིན་ཅིང་། ལྷ་དང་འདྲེ་གཉིས་ནི་སྤང་བྱ་དང་བླང་བྱ་

86

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཡིན་པས་ངེས་པ་ཅན་དུ་ཤེས་པར་བྱའོ། །དེ་ཡང་མཐར་ཐུག་གི་ལྷ་དང་། ལས་ཀྱི་ལྷ་དང་།

དེ་གཉིས་ངེས་པ་ཅན་དུ་ཉམས་སུ་བླང་བྱའི་ལྷ་ཡིན་པས། ལྷ་འདི་གཉིས་ཉམས་སུ་མ་

བླངས་ན་ངའི་ཆོས་ལུགས་དང་འགལ་བ་ཡིན་ནོ་བུ། མཐར་ཐུག་གི་འདྲེ་དང་། ལས་ཀྱི་

འདྲེ་འདི་གཉིས་ནི་ངེས་པ་ཅན་དུ་སྤང་དགོས་པའི་འདྲེ་ཡིན། འདྲེ་དེ་གཉིས་མ་སྤངས་ན་

ངའི་ཆོས་ལུགས་དང་འགལ་བ་ཡིན་ནོ་བུ། དེ་ཡང་ལས་ཀྱི་ལྷ་འདྲེ་དང་མཐར་ཐུག་གི་ལྷ་

འདྲེ་དེ་གཉིས་མ་ཡིན་པའི་ལྷ་འདྲེ་གཞན་ཞིག་གོང་དུ་བཤད་པ་རྣམས་ནི་ལྷ་དང་འདྲེ་ཞེས་

པ་གཉིས་ཀྱི་ངེས་པ་མེད་པས། ལྷ་འདྲེ་གཉིས་ལ་ཉེ་རིང་མེད་པར་བཏང་སྙོམས་ལ་བཞག་

ནས་ལྷ་འདྲེ་གཉིས་པོ་གང་ལ་ཡང་ཕ་མ་ཡིན་པར་ཤེས་པར་བྱོས་ལ། བྱམས་པ་དང་སྙིང་

རྗེའི་ལྕགས་ཀྱུས་བཟུང་ནས་ལུས་ཤ་ཁྲག་གི་སྦྱིན་པས་བསྐྱང་བར་བྱའོ། །

དེ་ཡང་ཀུན་རྫོབ་ཐབས་ཀྱི་ངོ་བོར་ལྷ་འདྲེའི་མཚན་ཉིད་ཇི་ལྟར་བཤད་པ་དེ་བཞིན་

དུ་ཡོད་ཀྱང་། ཡོད་པ་དེའི་མཚན་ཉིད་ཀྱང་ཤེས་དགོས་ལ། ཤེས་པ་བཞིན་དུ་ཉམས་སུ་

ལེན་དགོས་པ་ཡིན་ཀྱང་། དེ་ཡང་ཡར་མཐོ་རིས་ཀྱི་གནས་ནི་ལྷ་ཡིན་ལ། མར་ངན་སོང་གི་

གནས་ནི་འདྲེ་ཡིན་ནོ། །ལས་དཀར་པོ་དགེ་བ་ནི་ལྷ་ཡིན་ལ། ནག་པོ་མི་དགེ་བ་ནི་འདྲེ་

ཡིན་ནོ། །བྱ་བ་དང་སྤྱོད་ལམ་མཛེས་ཤིང་ཞི་བ་ནི་ལྷ་ཡིན་ལ། བྱ་སྤྱོད་མི་མཛེས་ཤིང་རྩིང་

བ་ནི་འདྲེ་ཡིན་ནོ། །ཆོས་དང་དགེ་བ་ཡིད་ལ་དྲན་ཚད་ནི་ལྷ་ཡིན་ལ། མི་དགེ་བའི་སྡིག་པ་

ཡིད་ལ་དྲན་ཚད་ནི་འདྲེ་ཡིན་ནོ། །ཆོས་དང་དགེ་བའི་ཕྱོགས་ལ་མོས་ཤིང་འདུན་ཚད་ནི་ལྷ་

ཡིན་ལ། ནག་པོ་མི་དགེ་བའི་ཕྱོགས་ལ་མོས་ཤིང་དྲན་ཚད་ནི་འདྲེ་ཡིན་ནོ། །མདོར་ན་ཀུན་

གཞི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་རང་རིག་པའི་ལྷ་ཡིན་ལ། མ་རིག་པའི་དུག་ལྔ་ཉོན་

མོངས་པ་རང་ཁ་མར་སྤྱོད་པ་དེ་ནི་འདྲེ་ཡིན་ནོ། །

དེ་ཡང་ལྷ་དང་འདྲེ་གཉིས་ཞེས་པ་ནི་རྒྱུ་གཅིག་ཡིན་ལ། རིག་པ་དང་མ་རིག་པའི་

ཁྱད་པར་ཡིན་པས་ན། དོན་དམ་པར་ལྟ་བའི་སྟེང་དུ་གོང་དུ་བཤད་པ་དེ་རྣམས་ལ་བདེན་

87

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པས། ཡང་དག་པ་དོན་དམ་པའི་བདེན་པ་ལ་ལྷ་འདྲེ་

མེད་པས་ན། དེ་རྣམ་པར་སྨིན་པའི་དྲི་མས་ཀྱང་གོས་པ་མེད་པའི་ཆོས་ཉིད་ཀྱི་དབྱིངས་

རང་བཞིན་གྱིས་རྣམ་པར་དག་པའི་ལྟ་བ་ཤེས་པར་བྱའོ་བུ། དེ་ལྟར་ཤེས་པའི་རྣལ་འབྱོར་

བས་དམ་ཆོས་ཕྱག་རྒྱ་ཆེན་པོའ་ིགཅོད་ཡུལ་བྱ་བ་དེ་ཡང་། ཕྱི་དང་ནང་དང་གསང་བ་དང་།

དེ་ཁོ་ན་ཉིད་དང་བཞིའི་ཁྱད་པར་ཤེས་ཤིང་ཉམས་སུ་ལེན་པར་བྱེད་དགོས་པས། དེ་ལྟར་

གྱིས་ལ་ལྷ་འདྲེའི་འགྲོ་དོན་ནུས་པར་གྱིས་ཤིག་རིགས་ཀྱི་བུ། སེམས་བསྐྱེད་མ་ཆུང་རིགས་

ཀྱི་བུ། སྙིང་རྗེ་མ་ཆུང་རིགས་ཀྱི་བུ། བརྩོན་འགྲུས་མ་ཆུང་རིགས་ཀྱི་བུ། གཏོང་ཕོད་མ་ཆུང་

རིགས་ཀྱི་བུ། ཞེས་གསུངས་སོ། །

ཡང་གང་པས་ཞུས་པ། མ་ཅིག་སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །སྐྱེས་

པའ་ིཆ་ོའཕྲུལ་སྤྲུལ་པའ་ིསྐུར་བསྟན་པ། །ཐ་མལ་ལུས་ལ་སངས་རྒྱས་དགངོ ས་པ་ཅན། །འགྲོ་

བའི་དོན་མཛད་མ་ཅིག་ཞབས་ལ་འདུད། །དམ་ཆོས་གཅོད་ཅེས་བྱ་བ་འདི། །ཕྱི་དང་ནང་

དང་གསང་བའི་གཅོད། །དེ་ཁོ་ན་ཉིད་ཀྱི་གཅོད་ཐབས་རྣམས། །ལེགས་པར་གསུངས་

འཚལ་བདག་གིས་ཉན། །ཞེས་ཞུས་སོ། །མ་ཅིག་གི་ཞལ་ནས་ཀྱང་། བུ་ཉོན་དང་ང་ཡི་

ཆོས་ལུགས་འདི། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད། །རྣམ་པ་བཞི་རུ་ཤེས་པར་བྱེད་དགོས་

ཏེ༑ ༑དང་པོ་གཅོད་པའི་ཡུལ་བཞི་བསྟན། །ཕྱིའི་གཅོད་ཡུལ་གཉན་པའི་བྱེ་བྲག་ལ་ཕྱེད་པ་

ཡིན། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་འབྱེད་དོ། །ནང་གི་གཅོད་ཡུལ་ནད་དང་གདོན་

ལ་བྱེད། གསང་བའི་གཅོད་ཡུལ་རྣམ་རྟོག་འབྱུང་ཚོར་དག་ལ་བྱེད། དེ་ཁོ་ན་ཉིད་ཀྱི་གཅོད་

ཡུལ་དུག་གསུམ་དུག་ལྔར་བྱེད་དོ་རིགས་ཀྱི་བུ། ད་ནི་དབང་སྡུད་བྱ་བ་འདི་ལྟར་ཡིན། ཕྱི་

ལྷ་འདྲ་ེདབང་དུ་སྡུད་པ་ན།ི །ཆགས་མདེ ་ཞནེ ་པ་བྲལ་ན་ཡནི ། །ནང་ནད་གདནོ ་དབང་དུ་སྡུད་

པ་ན།ི །ཕན་གནདོ ་ཀྱ་ིབླ་ོདང་བྲལ་ན་ཡནི ། །གསང་བ་རྣམ་རྟགོ ་དབང་དུ་སྡུད་པ་ན།ི །བཟང་

ངན་དམིགས་གཏད་བྲལ་ན་ཡིན། །དེ་ཁོ་ན་ཉིད་ཐམས་ཅད་དབང་དུ་སྡུད་པ་ནི། །སེམས་ཀྱི་

88

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

གཞི་རྩ་བྲལ་ན་ཡིན་ནོ་རིགས་ཀྱི་བུ། །ད་ནི་ཕྱི་ནང་གསང་གསུམ་ཆོད་ཚད་བསྟན་པ་ནི། །ལྷ་

འདྲེའི་ཆོ་འཕྲུལ་འཇིགས་སྐྲག་ཅི་བྱུང་ཡང་། །ཡ་ང་མེད་ན་ཕྱི་ཡི་ཆོད་ཚད་ཡིན། །ན་ཚ་

སྡུག་བསྔལ་ཉོན་མོངས་ཅི་བྱུང་ཡང་། །ལས་སུ་ཤེས་ན་ནང་གི་ཆོད་ཚད་ཡིན། །རྣམ་རྟོག་

བཟང་ངན་འབྲིང་གསུམ་ཅི་བྱུང་ཡང་། །ཁུ་འཕྲིག་མེད་ན་གསང་བའི་ཆོད་ཚད་ཡིན། །ཕྱི་

ནང་འདོད་ཡོན་སྣ་ཚོགས་ཅི་བྱུང་ཡང་། །བདག་འཛིན་བྲལ་ན་དེ་ཉིད་ཆོད་ཚད་ཡིན། །ད་

ནི་ཚར་ཚད་རབ་འབྲིང་གསུམ་དུ་བསྟན། །ཆོ་འཕྲུལ་མི་འདྲ་སྣ་ཚོགས་ཅི་བྱུང་ཡང་། །ཞི་

ཞིང་འཇམ་པ་ཕྱིའི་ཚར་ཚད་ཡིན། །ལྷ་འདྲེ་དད་ཅིང་གུས་པ་ཅི་བྱུང་ཡང་། །དངོས་གྲུབ་

སྟེར་བ་ནང་གི་ཚར་ཚད་ཡིན། །ནད་གདོན་རྣམ་རྟོག་མཉམ་པོར་ཞི་ནས་ཀྱང་། །ལུས་

སེམས་བདེ་བ་གསང་བའི་ཚར་ཚད་ཡིན། །

བྱམས་དང་སྙིང་རྗེ་མི་རྟག་རྒྱུད་གདུངས་ནས། །ངེས་འབྱུང་དད་པས་ཆོས་ལ་འཇུག་

པ་དེ། །དེ་ཁོ་ན་ཉིད་ཡིན་བློ་ཆུང་ཚར་ཚད་ཡིན། །འཇིགས་སྐྲག་ཡ་ང་ཇི་ལྟར་བྱུང་ན་ཡང་། །

ཉམ་ང་བྲལ་བ་ཕྱི་ཡི་ཚར་ཚད་ཡིན། །ནད་གདོན་ན་ཚ་སྡུག་བསྔལ་ཅི་བྱུང་ཡང་། །མ་

བཅོས་ཞི་བ་ནང་གི་ཚར་ཚད་ཡིན། །དུག་ལྔ་ལ་སོགས་ཉོན་མོངས་ཅི་བྱུང་ཡང་། །རང་སར་

གྲོལ་བ་གསང་བའི་ཚར་ཚད་ཡིན། །ཕྱི་ནང་ལྷོང་ཚད་བློས་བཟུང་རྣམས། །འཛིན་བློའ་ི

བདག་དང་བྲལ་བ་སྟེ། །དེ་ཁོ་ན་ཉིད་བློ་འབྲིང་ཚར་ཚད་ཡིན། །ཆོ་འཕྲུལ་གདུག་པ་མ་རུང་

འཇིགས་ཆེན་རྣམས། །ཟིལ་གྱིས་གནོན་པ་ཕྱིའི་ཚར་ཚད་ཡིན། །ནད་དང་ཉོན་མོངས་

གདོན་སོགས་ཉེས་པ་ཅི་བྱུང་ཡང་། །སྙེམས་དང་བྲལ་བ་ནང་གི་ཚར་ཚད་ཡིན། །རྐྱེན་དང་

བར་ཆད་མི་མཐུན་ཅི་བྱུང་ཡང་། །གྲོགས་སུ་ཤར་བ་གསང་བའི་ཚར་ཚད་ཡིན། །བདག་

མེད་གནས་ལུགས་རང་བཞིན་སྟོང་བ་ཡིན། །ཆོས་ཉིད་དྲི་མེད་མངོན་དུ་གྱུར་པ་དེ། །དེ་ཁོ་

ན་ཉིད་ཡིན་བློ་རབ་ཚར་ཚད་ཡིན་ནོ་བུ། །ལར་སེམས་ཀྱི་རང་བཞིན་རྟོགས་ཙམ་ན། །ཕྱི་

གཉན་ས་ཟིལ་གྱིས་གནོན་པ་ཡིན། །ཞེ་འདོད་གཅེས་འཛིན་བྲལ་བ་ན། །ནང་ནད་གདོན་

89

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཟིལ་གྱིས་གནོན་པ་ཡིན། །ཡིན་མིན་རྩིས་གདབ་བྲལ་བ་ན། །གསང་བ་རྣམ་རྟོག་ཟིལ་གྱིས་

གནོན་པ་ཡིན། །ཕྱོགས་རིས་བློ་དང་བྲལ་བ་ན། །འཁོར་བ་ཟིལ་གྱིས་གནོན་པ་ཡིན། །

དེ་ལྟར་ང་ཡི་ཆོས་ལུགས་ཟབ་གནད་འདི། །ཚིག་ཉུང་དོན་འདུས་ཉམས་ལེན་བདེ། །བུ་སྐལ་

བ་ལྡན་པའི་ལས་འཕྲོ་ཅན། །མ་བརྗེད་ཡིད་ལ་འཇོག་པར་གྱིས། །རྒན་མོ་ང་ལ་འདུན་པ་

དང་། །དམ་ཆོས་འདི་ལ་མོས་པ་ན། །བར་དོ་མི་མཐོང་ང་རང་གན། །ཞེས་གསུངས་ནས་

ཆོས་ཀྱི་རྟིང་བཤད་ཚར་བར་མཛད་ནས་ཚོགས་འཁོར་ཆེན་པོ་བྱས་པས། ཐམས་ཅད་ལ་

དག་སྣང་ཆེན་པོ་བྱུང་། མི་སྡེ་ཀུན་གྱི་འབུལ་ནོད་དཔག་ཏུ་མེད་པ་བྱུང་བ། ལྷ་སར་བསྐུར་

ནས་མཆོད་པ་འབུལ་དུ་བཅུག། །ཞྭ་དམར་བ་དཔོན་སློབ་ཉི་ཤུ་རྩ་གཅིག་ལྷ་སར་བྱོན། མ་

ཅིག་འཁོར་བཅས་ལྷོ་བྲག་ཏུ་བྱོན་ནས་ཟླ་བ་དགུ་བཞུགས། མདོ་སྔགས་ཟུང་འཇུག་གི་

རྣམ་པར་བཤད་པ། གསལ་བྱེད་མཐའ་ཡས་ཟིལ་གནོན་མཛད། ཟླ་འོད་མུན་སེལ་ལ་

བཏུས་ནས་ཟླ་ཟེར་མ་མཛད། རིན་པོ་ཆེའི་རྒྱ་མདུད་ལ་བཤད་པ་རྒྱས་པར་མཛད། དམ་

ཚིག་ཉི་ཤུ་རྩ་གཅིག་ལ་རྒྱས་བཤད་མཛད། རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། ནང་

རིག་པའི་དམར་ཁྲིད་ལ་སོགས་པ་མཛད་ནས་ཆོས་ཚན་མང་དུ་བཤད། ཞིག་པོ་ཧུར་ཐོན་

གྱིས་གྲོལ་ལམ་ཐོབ་པ་ལ་སོགས་སློབ་མ་བརྒྱ་ལྷག་ཙམ་ལ་ཕན་ཐོགས་བྱུང་། དེ་ནས་མ་

ཅིག་འཁོར་བཅས་ཟངས་རིར་བཞུད། ཐོད་སྨྱོན་དང་གང་པ་དཔོན་སློབ་ལྔ་གངས་ཕུག་མོ་

ཆེར་བྱོན་ནས་བཞུགས་སོ། །གང་པའི་ཞུས་ལན་གྱི་ལེའུ་སྟེ་བཞི་པའོ།། །།


previousལེའུ་བཞི་པ་གང་པའི་ཞུས་ལན་གྱི་སྐོར།next