Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་རྫོགས་རིམ་ལས། ཀ་དག་གི་ཁྲིད་ཀྱི་དམིགས་རྐང་ཟིན་བྲིས་སུ་བཏབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ཆོས་རིག་འཛིན་ཐུགས་ཐིག་གི་རྫོགས་རིམ་ལས། ཀ་དག་གི་ཁྲིད་ཀྱི་དམིགས་རྐང་ཟིན་བྲིས་སུ་བཏབ་པ། next

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་རྫོགས་རིམ་ལས། ཀ་དག་གི་ཁྲིད་ཀྱི་དམིགས་རྐང་ཟིན་བྲིས་སུ་བཏབ་པ།


MLP022_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་རྫོགས་རིམ་ལས། ཀ་དག་གི་ཁྲིད་ཀྱི་དམིགས་རྐང་ཟིན་བྲིས་སུ་བཏབ་པ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་མཚུངས་པ་མེད་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིར་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་གདམས་ཁྲིད་དོན་དུ་གཉེར་བའི་སྐལ་ལྡན་འོང་ན་འདི་སྐད་ཅེས་གདམ་པར་བྱ་སྟེ། འོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཟབ་མོའི་གདམས་པ་ཞུས་ནས་ཉམས་སུ་བླང་བར་བྱ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ལེགས་པར་བཏབ་སྟེ་གསན་པར་ཞུ་འཚལ། གང་གསན་བྱའི་གདམས་པ་འདི་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །སྔོན་འགྲོ་ལའང་གཉིས་ཏེ། ཐུན་མོང་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ལའང་ལྔ་ལས། ཐོག་མར་དལ་འབྱོར་རྙེད་པར་དཀའ་བ་ནི། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི༔ རྒྱུ་རྐྱེན་དཔེ་གྲངས་ཀུན་ལ་བརྟག་དཔྱད་ཀྱང་༔ ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདས༔ དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་བྱས་ལ༔ ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད༔ ཉིན་མཚན་མི་དལ་དམ་ཆོས་བསྒྲུབ་པར་བྱ༔ ཞེས་གསུངས་པའི་དོན་འདི་ལྟར་བསམ་པར་བྱ་སྟེ། དེ་ཡང་བདག་ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་གྱིས་བྲེལ་ཏེ་ལུས་མི་ཁོམ། ལྐུག་པར་སྐྱེས་ན་ཚིག་དོན་གྱི་བརྡ་སྤྲོད་པའི་ནུས་པ་མེད་པས་ངག་མི་ཁོམ། ལྷ་ཚེ་རིང་པོ། མཐའ་འཁོབ། སངས་རྒྱས་ཀྱིས་སྟོངས་ཏེ་མུན་པའི་བསྐལ་པ། ལོག་ལྟ་ཅན་དང་བཞིར་སྐྱེས་ན་ཡིད་མི་ཁོམ་པ་


MLP022_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བདག་དེ་བརྒྱད་པོ་གང་དུ་ཡང་མ་སྐྱེས་པས་དལ་བ་བརྒྱད་ཐོབ་འདུག་སྙམ་དུ་བསམ། དལ་བ་དེའི་ཁྱད་པར་གྱི་ཆོས་འབྱོར་པ་བཅུ་དང་ཡང་ལྡན་ཏེ། བདག་མིའི་ནང་དུ་ནི་སྐྱེས། དེ་ཡང་ཡུལ་དབུས་སུ་སྐྱེས། དབང་པོ་སྒོ་ལྔ་ཚང་། དགེ་བ་ལ་ཡིད་འདུན། བསྟན་པ་ལ་དད་པས་ལས་མཐའ་མ་ལོག་པ་སྟེ་རང་ལ་ལྟོས་པ་ལྔ། སངས་རྒྱས་འཇིག་རྟེན་དུ་བྱོན། དེས་ཆོས་གསུངས། དེའི་བསྟན་པ་མ་ནུབ་པར་གནས། དེའི་རྗེས་སུ་ཞུགས་པའི་གང་ཟག་ཀྱང་ཡོད། དེས་ཀྱང་སྙིང་རྗེས་གཞན་རྗེས་སུ་འཛིན་པས་གཞན་ལ་ལྟོས་པ་ལྔ་སྟེ། འབྱོར་པ་བཅུ་ཡང་ལེགས་པར་ཚང་། དེ་ལྟར་དལ་འབྱོར་བཅོ་བརྒྱད་ཚང་བའི་རྟེན་འདི་ནི་ཤིན་ཏུ་རྙེད་པར་དཀའ་བ་སྟེ། དེའི་རྒྱུ་མི་ལུས་འཕེན་ཐུབ་ཀྱི་ཚུལ་ཁྲིམས་བསྲུང་བ་འཇིག་རྟེན་ན་དཀོན་པར་སྣང་བའི་ཕྱིར་རྒྱུའི་སྒོ་ནས་རྙེད་པར་དཀའ། རྒྱ་མཚོ་ཆེན་པོ་རླུང་གིས་གཡེངས་པའི་གཉའ་ཤིང་གི་བུ་ུག་གཅིག་པའི་བུ་གར་ལོ་བརྒྱ་བརྒྱ་ན་སྙེང་སྙེང་ལན་རེ་བྱེད་པའི་རུས་སྦལ་གྱི་མགྲིན་པ་ཚུད་པ་དང་འདྲ་བས་དཔེའི་སྒོ་ནས་རྙེད་པར་དཀའ། དབྱར་དུས་ཀྱི་དུད་འགྲོས་ས་གཞི་རི་ཀླུང་ཁེངས་པ་འདིའི་ཚོད་ན་མི་ལུས་སྲིད་པ་ཙམ་དུ་འདུག་པས་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་སྙམ་དུ་བརྟག རྙེད་པ་ཕན་ཡོན་ཆེ་ཚུལ་ལ་ཡང་བསམ་སྟེ། རྒྱལ་བ་ཀུན་ཀྱང་རྟེན་འདི་ལ་བརྟེན་ནས་སངས་རྒྱས་ཤིང་རྒྱ་བར་འགྱུར་བའི་ཕྱིར། དབུལ་པོས་ཡིད་བཞིན་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་བདག་གིས་དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ཁ་རྗེ་རེ་ཆེ། ད་འདི་མདོ་མེད་དུ་མ་ལུས་པར་དམ་པའི་ཆོས་ལ་རྩེ་གཅིག་ཏུ་བསླབས་ཏེ་དལ་འབྱོར་སྟོང་ལོག་ཏུ་མ་སོང་བར་བྱའོ་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པའི་ཁྲིད་ནི། དེ་ལྟར་ཐོབ་ཀྱང་རྟག་པ་མ་ཡིན་གྱི༔ རྒན་གཞོན་བར་མའི་གོ་རིམ་མ་ངེས་པས༔ རླུང་ནང་མར་མེ་ཆུ་བུར་ཤིང་རྩེའི་བྱ༔ ཇི་བཞིན་ལོང་མེད་འཆི་ཡང་རྟག་པའི་སེམས༔ སྤངས་ཏེ་སྐྱོ་ཤས་དྲག་པོས་འཆི་བ་བསམ༔ སྙིང་ནས་ཆོས་བསྒྲུབ་ཚེ་འདིའི་རྣམ་གཡེང་སྤང་༔ ཞེས་གསུངས་པའི་དོན་ནི། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཐོབ་ཀྱང་ཡུན་རིང་པོར་མི་གནས་ཏེ།


MLP022_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འཆིའམ་མི་འཆི་སྙམ་པའི་ཐེ་ཚོམ་མེད་པར་སྐྱེས་ཕན་ཆད་ཐམས་ཅད་འཆི་ངེས་ཅན་ཡིན་ལ༑ དེ་ཡང་རྒན་གཞོན་བར་མའི་གོ་རིམ་མ་ངེས་པར་འཆི་སྟེ། རླུང་ནང་གི་མར་མེ་ལྟར་འགལ་རྐྱེན་མང་བ་དང་། ཆུའི་ལྦུ་བ་ལྟར་མི་བརྟན་པ་དང་། ཤིང་རྩེར་གནས་པའི་བྱ་ལྟར་ནམ་འཆི་ཆ་མེད་པའི་ཕྱིར་རོ། །གཞན་ཡང་ལྟག་ཆུ་ཆད་པའི་རྫིང་བུ་མཐིལ་རྡོལ་བ་ལྟར་ཚེ་འདི་བསྣོན་མ་མེད་ཅིང་འབྲིད་པ་དང་བཅས་པས་མྱུར་དུ་མི་རྟག ནགས་མཐའ་མེས་བསྐོར་བའི་དབུས་ཀྱི་སྤྲེའུ་ལྟར་འདི་ལས་ཐར་བ་གང་ནའང་མེད། མདོར་ན་དོ་ནུབ་རང་ཡང་འཆི་མི་འཆི་བ་ཅི་ཆ། དེ་ཕྱིར་དོན་ཆུང་གི་རྣམ་གཡེང་བྱ་བྱེད་ཐམས་ཅད་བཤོལ་ཏེ། ཚེ་གཞུག་སྤྲིན་བར་གྱི་ཉི་ཞུར་ཙམ་འདི་ལ་ཕྱི་མའི་རྒྱགས་ཕྱེ་ཚགས་སུ་ཚུད་པའི་ཆོས་གཤའ་མ་སྙིང་ནས་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གསུམ་པ་ལས་རྒྱུ་འབྲས་ཀྱི་ཁྲིད་ནི། མི་རྟག་བསྟན་ཚེ་བདེ་སྡུག་མེད་མིན་གྱི༔ མངར་ཁག་ས་བོན་ཇི་བཞིན་འབྲས་བུ་སྨིན༔ མི་དགེ་སྤྱད་ལས་དམྱལ་བ་ཡི་དྭགས་དང་༔ དུད་འགྲོ་ལྷ་མིན་ལ་སོགས་ངན་འགྲོར་ལྟུང་༔ ཚ་གྲང་བཀྲེས་སྐོམ་རྨོངས་འཐབ་འཕོ་ལྟུང་སོགས༔ མི་བཟད་སྡུག་བསྔལ་སྣ་ཚོགས་མྱོང་འགྱུར་ཞིང་༔ དགེ་བ་སྤྱད་ལས་གནས་སྐབས་ཡིད་འོང་བདེ༔ མཐར་ཐུག་ཞི་བདེ་མྱང་འདས་བདེ་བ་ཐོབ༔ དེ་ཕྱིར་མི་དགེ་མེ་འོབས་ལྟ་བུར་སྤང་༔ དགེ་བའི་དམ་ཆོས་སྙིང་ནས་ཡང་དག་བསྒྲུབ༔ ཅེས་གསུངས་ཏེ། དེ་ཡང་འཆི་བ་བདེན་མོད། ཤི་ཡང་ཆོས་རང་བྱ་མི་དགོས་སོ་སྙམ་ན། འདི་ནས་ཅང་མེད་དུ་འགྲོ་ན་ལྟ་དེ་ལྟར་ཡིན་ཡང་། ཅང་མེད་དུ་མི་འགྲོ་སྟེ། དཔེར་ན་ས་བོན་མངར་བ་བཏབ་ན་འབྲས་བུ་མངར་བ་དང་། ས་བོན་ཁག་པ་ལས་འབྲས་བུ་ཁག་པ་སྨིན་པ་བཞིན། མི་དགེ་བའི་ལས་བཅུ་སྤྱད་པས་ངན་སོང་གསུམ་སོགས་སྡིག་ཏོའི་ལས་ཀྱི་སྡུག་བསྔལ་མྱོང་འགྱུར་གནས་སུ་སྐྱེ་ལ། དགེ་བའི་ལས་བཅུ་སྤྱད་པས་གནས་སྐབས་སུ་མཐོ་རིས་ལ་སོགས་པའི་བདེ་བ་རྣམས་ཐོབ་ཅིང་། མཐར་ཐུག་ཐར་པ་ལ་སྦྱོར་བའི་སྟེགས་བྱེད་པའི་ཕྱིར། མི་དགེ་བའི་ལས་བཅུ་ཕྲ་ཞིང་ཕྲ་བ་ནས་དུག་བཞིན་དུ་སྤང་། དགེ་བའི་ལས་རྣམས་འཆི་གསོས་ཀྱི་སྨན་བཞིན་དུ་བསྟེན། འགྲོ་འཆག་


MLP022_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་འདུག་སོགས་དགེ་སྡིག་གང་དུའང་ལུང་མ་བསྟན་པ་རྣམས་དགེ་བའི་ལས་ལ་བསྒྱུར་ཏེ༑ དལ་འབྱོར་ཐོབ་པའི་དུས་འདིར་བྱ་བ་བྱས་པ་རྣམས་མདོ་མེད་དུ་མ་སོང་བ་ཞིག་བྱའོ་སྙམ་དུ་དྲག་ཏུ་བསམ། དེ་ཡང་མི་དགེ་བའི་ལས་ཀྱིས་ངན་འགྲོ་རྣམས་སུ་སྐྱེས་ཀྱང་ཅི་ཏོ་སྙམ་ན། དེ་ནི་ད་ལྟ་གཉའ་ཐོག་ཏུ་མ་བྱུང་བས་སྦད་ཁམ་ཡིན། དེའི་རྒྱུ་མཚན་འདི་ལྟར་བསམ་ན་ཤེས་པར་འགྱུར་ཏེ། དེ་ལ་དམྱལ་བའི་སྡུག་བསྔལ་ནི། ཚ་དམྱལ་རྣམས་ལྕགས་སྲེག་གི་ས་གཞི་རབ་ཏུ་འབར་བའི་གནས་སུ་ཡང་སོས་ཀྱི་སེམས་ཅན་རྣམས་ནི་ཕན་ཚུན་དགྲར་མཐོང་སྟེ་ཕན་ཚུན་བརྡེག་རེས་ཀྱིས་ཡང་ཤི་ཡང་སོས་དང་། ཐིག་ནག་ནི་ལུས་ལ་ཐིག་ནག་པོ་བཏབ་སྟེ་སོག་ལེ་དང་སྟྭ་རེ་སོགས་ཀྱིས་གཤག་པ་དང་། བསྡུས་འཇོམས་ནི་རི་ར་ལུག་གི་གདོང་པ་འདྲ་བའི་བར་དུ་ཏིལ་བཞིན་དུ་འཚིར་བ་དང་། ངུ་འབོད་ནི་ཉམ་ཐག་ནས་བདེ་བའི་ནགས་འཚོལ་བ་ན་ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་ནས་སྒོ་ཟུམ་སྟེ་བསྲེག་པ་དང་། ངུ་འབོད་ཆེན་པོ་ནི་ལྕགས་ཁང་ཉིས་རིམ་དུ་བསྲེག་པ་དང་། ཚ་བ་ནི་ལྕགས་ཁྱིམ་མེ་འབར་བར་བསྲེགས་ཤིང་མདུང་རྩེ་གསུམ་པས་བསྣུན་པ་དང་། རབ་ཏུ་ཚ་བ་ནི་ལྕགས་ཟངས་ཁྲོ་ཆུ་ཁོལ་མར་འཚོད་ཅིང་ལྟོ་བ་ནས་མེ་འབར་བ་དང་། མནར་མེད་ནི་ལྕགས་ཁང་མེ་འབར་བར་ལུས་སྡོང་བུ་ལྟར་བསྲེག་པ་ན་སྐད་ངན་ཙམ་ལས་སེམས་ཅན་ཡོད་པ་ཤེས་པ་མ་གཏོགས་མེའི་ཕུང་པོ་ཁོ་ནར་འབར་བ་དང་། དེ་ནས་ཐོན་ཏེ་བྲོས་པ་ན། དེའི་ཕྱོགས་བཞི་ན་མེ་མ་མུར་གྱི་འོབས་དང་། རོ་མྱགས་ཀྱི་འདམ་དང་། མཚོན་ཆའི་ཐང་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་རྣམས་ཀྱིས་ཀུན་ནས་བསྐོར་བའི་ནང་དུ་ཚུད་དེ་སྡུག་བསྔལ་མི་བཟོད་པ་བསྐལ་པར་མྱོང་བར་འགྱུར་ལ། གྲང་དམྱལ་རྣམས་ནི། སྣང་བ་མེད་པའི་མུན་ཁྲོད། ཁ་ཆར་ན་བུན་རླུང་དང་འཁྱག་པའི་གཅོང་རོང་ཆེན་པོའི་ཁྲོད་དུ། ལུས་གྲང་བས་ཉེན་ནས་ལུས་ཆུ་བུར་གྱིས་གང་བ་དང་། ཆུ་བུར་རྡོལ་བ་དང་། གྲང་དྲགས་ནས་སོ་ཐམ་ཐམ་པ་དང་། ཨ་ཆུ་དང་ཀྱེ་ཧུད་ཀྱི་སྡུག་སྐད་འདོན་པ་དང་། ཨཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པའི་སྡུག་བསྔལ་ཡུན་རིང་པོར་མྱོང་དགོས་ཏེ། ད་ལྟ་ཚ་གྲང་


MLP022_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གི་རེག་བྱ་ཅུང་ཟད་རེ་ཡང་མི་བཟོད་ན། ཚ་དམྱལ་དང་གྲང་དམྱལ་གྱི་སྡུག་བསྔལ་དེ་ལྟ་བུ་བཟོད་པར་འདུག་གམ་སྙམ་དུ་བསམ་མོ། །ཡི་དྭགས་ཀྱི་གནས་ནའང་སྡུག་བསྔལ་བསམ་གྱིས་མི་ཁྱབ་སྟེ། ཕྱིའི་སྒྲིབ་པ་ཅན་རྣམས་ནི། བཀྲེས་སྐོམ་གྱིས་ཉེན་པས་ཡུལ་ཀུན་ཏུ་རྒྱུག་ཀྱང་བཟའ་བཏུང་གང་ཡང་མི་རྙེད་ཅིང་མི་མཐོང་ལ། མཐོང་ཡང་གཤིན་རྗེའི་སྐྱེས་བུས་བསྲུང་བ་དང་། ཆུ་མཐོང་ནས་རྗེས་སྙེགས་པས་སྐམ་པ་དང་། ནགས་མཐོང་ནས་ཕྱིན་པས་སོལ་བའི་ཕུང་པོར་འགྱུར་བ་སོགས་སྡུག་བསྔལ་བཟོད་གླགས་མེད། ནང་གི་སྒྲིབ་པ་ཅན་རྣམས་ནི། བཟའ་བཏུང་དང་པོར་མི་རྙེད། ཅུང་ཟད་རྙེད་པ་ཟོས་པ་ན་ལུས་ཀྱི་ནང་དུ་མེ་འབར་ཏེ་ནང་རོལ་ཐམས་ཅད་བསྲེག་པ་སོགས་བརྗོད་ཀྱིས་མི་ལང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། སྤྱིར་ཁྱབ་པའི་སྡུག་བསྔལ་དབུལ་འཕོང་། འཇིགས་དངངས། ཉམ་ང་བའི་གནས་སུ་མགོན་སྐྱབས་མེད་པ་སོགས་མཐའ་ཡས་ཏེ། ད་ལྟ་ཉིན་གཅིག་གི་བཀྲེས་སྐོམ་ཡང་མི་བཟོད་ན། དེ་ལྟ་བུའི་སྡུག་བསྔལ་བཟོད་པར་འདུག་གམ་སྙམ་དུ་བསམ། དུད་འགྲོ་ལའང་སྡུག་བསྔལ་མང་སྟེ། ཆེ་བས་ཆུང་བ་ཟ་བ། ཆུང་བས་ཆེ་བ་འབིགས་པ། གཅིག་ལ་མང་པོས་རུབ་ནས་ཟ་ཞིང་། མང་པོ་གཅིག་ཁོ་ནས་གསོན་ཟས་བྱེད་པ་སོགས་བཀོལ་སྤྱོད་རྡེག་འཚོག་དང་། ཐུན་མོང་དུ་གླེན་ལྐུགས་ཀྱི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ། མི་རྣམས་ལའང་སྐྱེ་རྒ་ན་འཆི་འབྱོར་རྒུད་ལ་སོགས་པའི་སྡུག་བསྔལ། ལྷ་མིན་ལའང་རང་བཞིན་གྱི་ལྷའི་དཔལ་ལ་ཕྲག་དོག་སྐྱེས་ཏེ་དུས་རྟག་ཏུ་འཐབ་རྩོད་དང་གསོད་གཅོད་འབའ་ཞིག་གིས་སྡུག་བསྔལ། འདོད་ལྷ་རྣམས་ལའང་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཉ་བྱེ་ཚན་ལ་འགྲེ་བ་ལྟ་བུར་ལྷའི་ཞག་བདུན་དུ་མྱོང་དགོས་པ་དང་། གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་གཉིས་ནི། དར་ཅིག་བདེ་ཡང་ལས་དེ་ཟད་ནས་སླར་ཡང་འོག་ཏུ་ལྷུང་སྟེ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་བའི་ཕྱིར། ཁམས་གསུམ་འཁོར་བའི་གནས་འདི་ནི་མཐོ་དམན་གང་དུ་སྐྱེས་ཀྱང་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་སྐབས་ཅིས་ཀྱང་མི་འདུག་པས། ཅི་ནས་ཀྱང་ཁམས་གསུམ་འཁོར་བའི་བཙོན་དོང་


MLP022_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་ངེས་པར་ཐར་བ་ཞིག་བྱ་སྙམ་དུ་ཡང་ནས་ཡང་དུ་བསམ་པར་བྱའོ། །བཞི་པ་ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་འགྲོའི་ཁྲིད་ནི། སྲིད་པའི་སྡུག་བསྔལ་འཆིང་བ་ལས་གྲོལ་བའི༔ སྐྱབས་གནས་དཀོན་མཆོག་གསུམ་ལས་གཞན་ཡོད་མིན༔ དེ་ཕྱིར་དཀོན་མཆོག་སྐྱབས་རྟེན་མཆོག་ཏུ་ལྷག༔ མདུན་གྱི་མཁའ་ལ་སྐྱབས་ཡུལ་གསལ་བྱས་ལ༔ སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སོང་སྟེ༔ སྤང་བྱ་ཀུན་སྤང་བླང་བྱ་དང་དུ་ལེན༔ སྐྱབས་ཡུལ་ལྷ་ཚོགས་རང་དང་གཉིས་མེད་བཞག༔ ཅེས་གསུངས་ཏེ། འཁོར་བའི་བཙོན་ར་འཇིགས་སུ་རུང་བར་ལས་ཉོན་གྱི་ཞགས་པ་དམ་པོས་བཀྱིགས་ཤིང་། བཟོད་གླགས་མེད་པའི་སྡུག་བསྔལ་གྱི་ཆད་པ་དྲག་པོས་རྟག་ཏུ་མནར་བ་འདི་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མི་འདུག་པས། དེ་ཕྱིར་དཀོན་མཆོག་གསུམ་ཁོ་ན་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། དེའི་ཚུལ་ནི། ས་གཞི་ཐམས་ཅད་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ། ལག་མཐིལ་ལྟར་མཉམ་པ། དེའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་པས་རང་གི་མདུན་གྱི་ནམ་མཁའ་ཁྱབ་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་ཀྱི་སྙིང་པོ་ལ། སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླའི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་རིག་འཛིན་གཏེར་བདག་གླིང་པ་སྐུ་མཛེས་ཤིང་ཞལ་གཟི་མདངས་དང་ལྡན་པ། ཐུགས་བདག་ཁོ་ན་ལ་དགྱེས་པ་ཞིག་བཞུགས་པར་བསམ། དེའི་དབུ་གཙུག་ནས་ཡར་རིམ་པ་བཞིན་དུ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། སྤྲུལ་སྐུ་པདྨ་འབྱུང་གནས། ལོངས་སྐུ་ཐུགས་རྗེ་ཆེན་པོ། ཆོས་སྐུ་སྣང་བ་མཐའ་ཡས་རྣམས་ཐོ་བརྩེགས་ཀྱིས་བཞུགས་པ༑ ཕྱོགས་བཞིའི་སྡོང་པོ་བཞི་ལ། གཡས་སུ་སངས་རྒྱས་དཀོན་མཆོག་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན། རྒྱབ་ཏུ་དམ་ཆོས་དཀོན་མཆོག་རྣམས་རྣམ་པ་གླེགས་བམ་བརྩེགས་པའི་ཚུལ་ཅན། གཡོན་དུ་དགེ་འདུན་དཀོན་མཆོག་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་འཕགས་


MLP022_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པ༑ མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དེ་དག་གི་སྨད་ཆར་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱང་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཀྲ་ལམ་མེ་བདག་ལ་སྐྱོབ་པའི་ཚུལ་དུ་བཞུགས་པར་བལྟའོ། །དེ་ནས་རང་གི་གཡས་སུ་ཕ༑ གཡོན་དུ་མ་ལ་སོགས་ཏེ་ས་གཞི་ཐམས་ཅད་དགྲ་གཉེན་དང་ཕྱོགས་རིས་མེད་པའི་རིགས་དྲུག་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་གང་བར་བསམས་ནས། རང་གིས་བྱང་དྲངས་ཏེ། དེ་ཐམས་ཅད་ཀྱང་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་འུར་དིར་དིར། ཡིད་གུས་པས་ན་རུང་། ཚ་རུང་། ཤི་རུང་། གསོན་རུང་། སྐྱིད་རུང་། སྡུག་རུང་། མཐོ་རུང་། དམའ་རུང་། སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དེ་སྲིད་དུ་རེ་ས་ལྟོས་ས་སྐྱབས་གནས་དམ་པ་ཁྱེད་རྣམས་ལས་གཞན་ན་མེད་དོ་སྙམ་དུ་ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པོས་ངག་ཏུ། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ ཞེས་སོགས་སྐྱབས་འགྲོ་བརྒྱ་སྟོང་སོགས་བློ་དང་འདྲེས་ངེས་འབད་ནས། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སང་གིས་དག སེམས་ཅན་ཐམས་ཅད་བྱི་ཁྱུ་ལ་རྡོ་འཕང་པ་ལྟར་འུར་དིར་གྱིས་དག་པ་མཁའ་སྤྱོད་ཀྱི་གནས་སུ་སོང་། མཐར་སྐྱབས་ཡུལ་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་བསྟིམས་ཏེ་དགེ་བ་བསྔོའོ། །མཚན་མོ་ཉལ་བའི་ཚེ་སྐྱབས་ཡུལ་རྣམས་མ་བསྡུས་པར་དཔག་བསམ་ཤིང་གི་རྩ་བ་ལ་སྔས་གཏད་དེ་སྐྱབས་ཡུལ་རྣམས་ལ་མོས་གུས་སྒོམ་བཞིན་པས་ཉལ་བར་བསམ་མོ། །ལྔ་པ་ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད་ཀྱི་ཁྲིད་ནི། ཁམས་གསུམ་འགྲོ་ཀུན་ཕ་མ་གཉེན་དང་དགྲར༔ མ་གྱུར་མེད་པས་ཕྱོགས་འཛིན་སྤངས་བྱས་ལ༔ བདེ་ལྡན་སྡུག་བསྔལ་དང་བྲལ་སྨོན་པ་ཡིས༔ ལམ་དུ་ཞུགས་ལ་སྔོན་དུས་མ་གྲོལ་བའི༔ འགྲོ་བའི་འདྲེན་པར་སེམས་བསྐྱེད་བདེ་སྡུག་བརྗེ༔ སྙིང་ནས་ཚད་མེད་སྙིང་རྗེས་སྐྱོང་བར་བྱ༔ ཞེས་གསུངས་ཏེ། དེ་ཡང་ད་ལྟ་རང་ཅག་གཉེན་ལ་ཆགས་ཤིང་། དགྲ་ལ་སྡང་བའི་སེམས་


MLP022_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མི་རིགས་ཏེ། ཚེ་རབས་སྔ་མ་མང་པོར་དགྲ་འདིས་ཀྱང་གཉེན་བྱས་ལ། གཉེན་འདིས་ཀྱང་དགྲ་བྱས། ད་ལྟའི་གནས་སྐབས་སུའང་། དགྲས་ཀྱང་རྟག་ཏུ་མི་གནོད་ཅིང་རེས་འགའ་ཕན་འདོགས་པའང་སྲིད་ལ། གཉེན་འདིས་ཀྱང་རེས་འགའ་གནོད་པ་སྐྱེལ་ཞིང་། སེམས་སྡུག་བསྔལ་ཐམས་ཅད་གཉེན་ཁོ་ན་ལ་བརྟེན་ནས་བྱུང་། མ་འོངས་པ་ན་གཉེན་དགྲ་དང་། དགྲ་གཉེན་དུ་འགྱུར་བའང་སྲིད་པའི་ཕྱིར། རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་སེམས་སྤངས་ཏེ་བཏང་སྙོམས་ལ་གནས་པར་བྱའོ་སྙམ་དུ་བསམ། དེ་ནས་ད་ལྟའི་མའི་བྱ་བ་ལ་ལེགས་པར་བརྟགས་ཏེ། འདིས་བདག་ལུས་ལ་འཁྲིས་པ་ནས་ད་ལྟའི་བར་དུ་མ་རང་ལས་ཀྱང་གཅེས་པར་བསྐྱངས་པས་དྲིན་ཆེ་བ་བཞིན་དུ། ཕྱོགས་བཅུ་གང་ནས་གཞལ་ཡང་ནམ་མཁའ་ལ་མཐའ་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་བར་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་ཀྱིས་ཀྱང་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། བྱས་རེས་ཀྱིས་འདི་ལྟ་བུར་བསྐྱངས་པས་དྲིན་ཆེ་སྙམ་དུ་བྱམས་པ་བསྒོམ། དེ་ལྟར་བདག་གི་མ་དྲིན་ཅན་མཐོ་རིས་ཀྱི་བདེ་བ་ལ་སྤྱོད་པ་རྣམས་ལ་དམིགས་ཏེ། འདི་དང་རྟག་ཏུ་མི་འབྲལ་ཞིང་འདི་བས་ཀྱང་ད་དུང་སྐྱིད་པར་གྱུར་ཅིག་སྙམ་དུ་དགའ་བ་བསྒོམ། ཁྱད་པར་དུ་དྲིན་ཅན་མ་འདི་རྣམས་ཤེས་རབ་ཀྱི་མིག་ལོང་བས་དགེ་སྡིག་གི་བླང་དོར་མི་ཤེས། དམིགས་བུའི་བཤེས་གཉེན་མེད་པས་ལམ་མཁན་དང་བྲལ། ཐབས་ཤེས་ཀྱི་རྐང་པ་ཆ ག་པས་ངན་འགྲོའི་ཕྱོགས་སུ་གོམ་པ་འདོར། མདུན་ནས་བརྟེན་པའི་བསོད་ནམས་ཀྱི་མཁར་བ་མེད་པས་སྡིག་པའི་ལས་འབའ་ཞིག་ལ་སྤྱོད། མདོར་ན་ཐམས་ཅད་བདེ་བར་འདོད་པ་གཅིག་ཀྱང་། ཐབས་མི་མཁས་པས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་འབའ་ཞིག་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་དྲག་ཏུ་བསྒོམ། ད་དྲིན་ཅན་གྱི་མ་འདི་རྣམས་ཀྱི་དྲིན་ལན་གྱི་ཁུར་དེ་བདག་ལ་བབས་པར་འདུག་པས་འདི་རྣམས་འཁོར་བ་སྡུག་བསྔལ་ལས་དྲངས། ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་གིས་མྱུར་དུ་དགོད་པར་བྱའོ་སྙམ་བློ་སྟོབས་བསྐྱེད། ད་ལྟ་


MLP022_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནུས་པ་བདག་ལ་མི་འདུག་པས། འགྲོ་ཀུན་སྒྲོལ་བར་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་པར་བྱ། དེའི་ཕྱིར་ལམ་ཟབ་མོ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་བསྒོམ་པར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ངག་ཏུ། ཧོཿ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ ཞེས་སོགས་དོན་བསམ་བཞིན་པས་བརྒྱ་སྟོང་ལ་སོགས་པར་བཟླ་ཞིང་། དབུགས་ནང་དུ་འཇུག་པ་ན། སེམས་ཅན་རྣམས་ཀྱི་སྡིག་པ་དང་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག དབུགས་ཕྱིར་འགྲོ་བ་ན། བདག་གི་དགེ་བ་དང་བདེ་བ་རྣམས་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསམ་ཞིང་བདེ་སྡུག་བརྗེ་བའི་གཏོང་ལེན་གྱི་དམིགས་པ་བྱ། མཐར་སེམས་ཅན་རྣམས་མི་དམིགས་པའི་ངང་དུ་མཉམ་བཞག་བྱས་ཏེ་བསྔོ་བ་བྱའོ། །གཉིས་པ། ཁྱད་པར་གྱི་སྔོན་འགྲོ་ལའང་གསུམ་ལས། དང་པོ་སྡིག་སྒྲིབ་མྱུར་དུ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཚེ་རབས་ཀུན་ཏུ་བསགས་པའི་སྡིག་སྒྲིབ་དང་༔ ལས་ཉོན་མི་དགེ་ཐམས་ཅད་ཡོངས་བྱང་ཕྱིར༔ བླ་མ་ཀུན་བཟང་རྡོ་རྗེ་སེམས་དཔའ་བསྒོམ༔ ཐ་མལ་སྤྱི་སྟེང་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་དཀར་འཕྲོ་འདུས་རྡོར་སེམས་དཀར་གསལ་འཚེར༔ རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་རྒྱན་གྱིས་མཛེས༔ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་པད་ཟླའི་སྟེང་༔ དཀར་གསལ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་སྐོར་བཛྲ་སཏྭའི་སྔགས་ཕྲེང་རྣམས༔ གཡས་སྐོར་སྒྲར་བཅས་འཁོར་མོས་བཟླས་པ་བྱ༔ ༀ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙེཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་པ་བརྒྱ་སྟོང་ཁྲི་འབུམ་ལ་སོགས་བཟླ༔ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ནད་གདོན་སྡིག་སྒྲིབ་མ་ལུས་དག་པར་བསམ༔ ཐུན་མཐར་རྡོར་སེམས་འོད་ཞུ་བརྗོད་བྲལ་ངང་༔ ལྷོད་ཀྱིས་ཀློད་པས་སྡིག་སྒྲིབ་བྱང་བར་འགྱུར༔ ཞེས་གསུངས་ཏེ། ཚེ་འཁོར་བ་ཐོག་


MLP022_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་སྦྱོང་བར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་འཇུག་པར་བྱ་སྟེ། དེ་ཡང་རང་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ཡིག་དཀར་ཞིང་དྭངས་ལ་འཚེར་བ༑ དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། ཉི་མ་ལྟར་འཚེར་བ། ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་རང་འདྲའི་ཡུམ་སྙེམས་མ་དཀར་མོ་དང་འཁྲིལ་བ ། མཚན་དཔེའི་གཟི་བྱིན་ཅན་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ཟེའུ་འབྲུའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དཀར་ཞིང་གསལ་བའི་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་འགྲེང་སྟབས་སུ་བསླངས་བའི་དབུས་སུ་ཧཱུྃ་ཡིག་དཀར་པོ་གྱེན་དུ་ལངས་པའི་མཐར་མདུན་ནས་བརྩམས་ཏེ། ཡི་གེ་བརྒྱ་པའི་ཡིག་འབྲུ་རྣམས་དངུལ་ཆུའི་མདོག་ལྟ་བུ་གཡས་སུ་རང་སྒྲ་དང་བཅས་ཏེ་འཁོར་བར་བསམ། དེ་ནས་སྡིག་སྒྲིབ་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོ་དང་ལྡན་པས། སྤྱི་བོའི་རྡོ་རྗེ་སེམས་དཔའ་ལ་དད་གུས་ཚད་མེད་པའི་སྒོ་ནས་ཡིག་བརྒྱ་བཟླས་པས། ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་དངུལ་ཆུའི་ཁ་དོག་ལྟ་བུ་སྐྱ་ཆི་ལི་ལི་བབས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་པར་ཡུར་ཆུ་དྲག་པོས་ཐལ་བ་བདས་པ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་སྲོག་ཆགས་ཕྲ་མོའི་རྣམ་པར་བཤང་ལམ་དང་ཆུ་ལམ་དང་བ་སྤུའི་བུ་ག་ཐམས་ཅ ད་ནས་ཕྱིར་ཐོན་པའི་རྗེས་སུ། ལུས་ཀྱི་ཆ་ཐམས་ཅད་བདུད་རྩི་དཀར་པོ་དེས་མེར་གྱིས་ཁེངས་པར་བསམ་ལ། ཡིག་བརྒྱ་བརྒྱ་སྟོང་ལ་སོགས་པ་བཟླས་པའི་མཇུག་ཏུ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཞེ་ཐག་པ་ནས་བཤགས་པའི་འདུན་པ་ཤུགས་


MLP022_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཐུགས་དགྱེས་ཏེ་ཞལ་འཛུམ་པ་མཛད་ནས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུངས་ཤིང་། རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་སྟེ། བརྗོད་བྲལ་བདེ་བ་ཆེན་པོའི་ངང་ལ་ལྷོད་ཀྱིས་ཀློད་ལ་བཞག་ཅིང་། མཐར་བསྔོ་བ་བྱའོ། །གཉིས་པ་ཚོགས་གསོག་མཎྜལ་གྱི་ཁྲིད་ནི། ཚོགས་གཉིས་རྫོགས་བྱེད་རྩ་བ་མཎྜལ་ཏེ༔ མདུན་མཁར་ཚོགས་ཞིང་སྐུ་གསུམ་ལྷ་ཚོགས་ལ༔ གུས་པས་སྤྲུལ་སྐུར་ཡིད་འཐད་ལོངས་སྤྱོད་རྫས༔ གླིང་བཞི་གླིང་ཕྲན་རི་བོ་ལ་སོགས་པ༔ ལྷ་མིའི་མཆོད་རྫས་འབུལ་ཞིང་ལོངས་སྐུ་ལ༔ ཚངས་པ་རྔ་སྒྲའི་ཞིང་ཁམས་ཐིག་ལེ་དང་༔ ཐིག་ཕྲན་བསམ་ཡས་ཡིད་ཀྱིས་དབུལ་བར་བྱ༔ ཆོས་སྐུར་དབྱིངས་ཡེ་ཟག་མེད་རིག་པ་ནི༔ དག་པ་རབ་འབྱམས་ཀ་དག་ཀློང་དུ་འབུལ༔ མཎྜལ་མཆོད་རྫས་ཧཱུྃ་བསྡུ་རང་ལ་ཐིམ༔ དེ་ལྟར་ཕུལ་བས་སྐུ་གསུམ་འབྲས་བུ་ཐོབ༔ ཅེས་གསུངས་ཏེ། དྲི་དང་བ་བྱུང་གིས་ཆག་ཆག་བཏབ་པའི་མཎྜལ་ལ། མེ་ཏོག་གི་ཚོམ་བུ་སུམ་ཅུ་རྩ་བདུན་སོགས་ལག་ལེན་ལྟར་བཀོད་དེ། མཆོད་པའི་ཡུལ་བླ་མ་དཀོན་མཆོག་སོགས་སྐྱབས་ཡུལ་ལྟར་མདུན་གྱི་ནམ་མཁར་གསལ་བཏབ་ལ། རི་རབ་གླིང་བཞི་རི་མཚོ་མུ་ཁྱུད་ཉི་ཟླ་སོགས་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེས་ཕྱུར་བུར་བཀང་སྟེ་འབུལ་བའི་འདུན་པ་དྲག་པོས་ངག་ཏུ། རིན་ཆེན་ས་གཞི་ལྷུན་པོ་ཁོར་ཡུག་བཅས། །གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱད། །ལྷ་མིའི་འབྱོར་ཚོགས་རྒྱ་མཚོས་ཡོངས་གང་བ། །རྣམ་དག་ཞིང་དུ་དམིགས་ཏེ་འབུལ་བར་བགྱི། །ཞེས་བརྒྱ་སྟོང་ལ་སོགས་པ་བརྗོད་ཅིང་། ལུས་ཀྱི་ལས་སུ་ཚོམ་བུ་དགོད་པ། ཡིད་ཀྱི་ལས་སུ་དམིགས་པ་བསྒོམ་པ་རྣམས་ཕྲུགས་སུ་བྱས་ཏེ་འབུལ་ལོ། །མཇུག་ཏུ་འོག་མིན་ནས་རྣམ་སྣང་སྟུག་པོ་བཀོད་པའི་གཞལ་ཡས་ཁང་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་ཀུན་ཏུ་གང་བའི་རྣམ་པ། ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ་ཡེ་ཤེས་རིན་པོ་ཆེའི་ཐིག་ལེ་ཐིག་ཕྲན་གྱིས་བརྒྱན་པ་བསམ་གྱིས་མི་ཁྱབ་པར་དམིགས་ཏེ་འབུལ་བ་ལོངས་སྐུའི་མཎྜལ་དང་། མཐར་ཡུལ་དང་མཆོད་རྫས་


MLP022_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་གི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམས་ཏེ་དབུལ་བྱ་འབུལ་བྱེད་འབུལ་ཡུལ་ཀུན་དམིགས་མེད་འཁོར་གསུམ་བདེ་བ་ཆེན་པོ་ཀ་དག་གི་ཀློང་དུ་དར་ཅིག་མཉམ་པར་འཇོག་པ་ནི་ཆོས་སྐུའི་མཎྜལ་ལོ། །དེ་ལྟར་འབད་པར་བྱས་ཏེ་བསྔོ་བ་བྱའོ། །གསུམ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་ནི། བདེ་གཤེགས་ཀུན་འདུས་ཐར་པའི་ལམ་མཁན་མཆོག༔ མཆོད་ཡུལ་གཙོ་བོར་བླ་མར་གསོལ་གདབ་བྱ༔ དེ་ཡང་སྤྱི་བོར་མཛེས་ཁྲི་པདྨའི་སྟེང་༔ རྩ་བརྒྱུད་བླ་མ་ཐོ་བརྩེགས་གསལ་བའི་གཡས༔ སངས་རྒྱས་དཀོན་མཆོག་གཡོན་ན་དགེ་འདུན་དང་༔ རྒྱབ་ཏུ་དམ་ཆོས་མདུན་ན་ཡི་དམ་དང་༔ མཁའ་འགྲོ་དམ་ཅན་འཁོར་བཅས་གསལ་བསྐྱེད་ལ༔ སྒོ་གསུམ་དང་བས་གསོལ་འདེབས་མཆི་མ་སློང་༔ བླ་མས་བྱིན་བརླབས་སྒྲིབ་དག་དབང་བཞི་ཐོབ༔ ཐུན་མཐར་བླ་མ་བདག་ཐིམ་མི་དམིགས་བཞག༔ ཅེས་གསུངས་ཏེ། རང་གི་སྤྱི་བོའི་ཐད་ཀའི་མདུན་གྱི་ནམ་མཁར་གང་ལ་གསོལ་བ་གདབ་བྱའི་ཡུལ་རྣམས་སྐྱབས་ཡུལ་ལྟར་གསལ་བཏབ། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བླ་མ་ཁོ་ན་ལ་བརྟེན་ནས་འཇུག་པའི་ཕྱིར། བླ་མ་ནི་སངས་རྒྱས་ཐམས་ཅད་ལས་ལྷག་པར་བསམས་ཏེ། སྙིང་གི་དཀྱིལ། རྐང་པའི་ཁོང་། རུས་པའི་གཏིང་ནས་མོས་གུས་ཚད་མེད་པ་མཆི་མ་འབྲུལ་བ་ཙམ་དུ་བསྐྱེད་ནས། རང་གིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཚིག་གཅིག་མགྲིན་གཅིག་ཏུ་གདུང་བ་དྲག་པོས་གསོལ་བ་འདེབས་པར་མོས་ལ། རྒྱལ་བ་རྒྱ་མཚོའི་རིགས་བདག་འོད་དཔག་མེད། །ཅེས་སོགས་གསོལ་འདེབས་མང་དུ་བཏོན་པའི་མཐར། རྩ་བའི་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་རེག་པས། མཐའ་སྐོར་གྱི་ཡི་དམ་དང་དཀོན་མཆོག་གསུམ་སོགས་བླ་མ་ལ་འདུས། བརྒྱུད་པའི་བླ་མ་རྣམས་ཀྱང་གོང་མ་གོང་མ་འོག་མ་འོག་མར་ཐིམ་སྟེ། རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་བསམ་ལ་མོས་གུས་དྲག་པོས། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། བླ་མའི་གནས་གསུམ་སོ་སོའི་ཡི་གེ་ལས་འོད་ཟེར་སྤོས་རེང་གི་དུ་བ་ལྟ་བུ་ཡི་གེ་སོ་སོ་དང་འདྲ་བའི་ཁ་དོག་ཅན་བུན་མ་ཆད་པ་འཕྲོས།


MLP022_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གནས་སོ་སོར་ཐིམ་པས་སྒྲིབ་བཞི་སྦྱངས་ནས་དབང་བཞི་རིམ་པར་ཐོབ་པར་བསམ་ལ༑ གུ་རུའི་སྤྱི་བོའི་ༀ་ལས་འོད་ཟེར་དཀར་པོ་འཕྲོས། ཞེས་སོགས་བརྗོད། སླར་ཡང་གུས་འདུད་དྲག་པོས་གསོལ་བ་བཏབ་པས་བླ་མ་རང་གི་སྤྱི་བོར་བྱོན། གདན་ཁྲི་ནས་ཡར་འོད་དུ་ཞུ། དབུ་སྐྲ་ནས་མར་འོད་དུ་ཞུ་སྟེ་ཐུགས་ཀའི་ཐད་དུ་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་པ་རང་གི་སྤྱི་བོར་ཐིམ་སྟེ། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་ངང་ལ་ཅུང་ཟད་མཉམ་པར་བཞག་ལ་བསྔོ་བ་བྱའོ། །གཉིས་པ་དངོས་གཞི་ནི། དབང་བསྐུར་བ་སྔོན་དུ་མ་སོང་ན་སྐབས་འདིར་དབང་གིས་སྨིན་པར་བྱས་ནས། དེ་རྗེས་དངོས་གཞིའི་ཁྲིད་ལ་འཇུག་གོ །དེ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ནི། འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་༔ པདྨ་ཉི་ཟླའི་གདན་སྟེང་རང་གི་རིག༔ ཧཱུྃ་མཐིང་གསལ་ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་རིགས་བསྡུས་རྩ་གསུམ་ལྷར་གསལ་བའི༔ ཐུགས་ཀར་ཧཱུྃ་མཐིང་འོད་ཀྱི་གོང་བུ་ཅན༔ གནས་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་སྦྱངས༔ སྣང་གྲགས་ལྷ་སྔགས་རང་བཞིན་གསལ་བྱས་ལ༔ ཡི་གེ་གསུམ་གྱི་བཟླས་པ་བར་མེད་བྱ༔ ཐུན་མཐར་བསྐྱེད་རིམ་གང་བསྡུའི་ངོ་བོར་བལྟ༔ ཞེས་གསུངས་ཏེ། དེ་ཡང་བསྐྱེད་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་ན་ལས་བྱང་ལྟར་ལྷ་ཁྲིད་རྫོགས་པར་ཉན་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བསྒོམ་པ་ཡིན་མོད་ཀྱི། འོན་ཀྱང་འདིར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་པས་རྫོགས་རིམ་གྱི་རྟེན་ཙམ་དུ་འདི་ལྟར་བསྒོམས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་དར་ཅིག་མཉམ་པར་བཞག སྟོང་ཉིད་དེ་ལས་པདྨ་ཉི་མ་ཟླ་བ་རྣམས་བརྩེགས་པའི་གདན་གྱི་སྟེང་དུ། རང་གི་རིག་པའི་ངོ་བོ་ཡི་གེ་ཧཱུྃ་མཐིང་ག་གསལ་ལ་འཚེར་བ་གཅིག་བསྒོམ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་རྒྱལ་བ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་ཨིནྡྲ་ནི་ལའི་རི་བོ་ལ་ཉི་ཟེར་ཕོག་པ་ལྟར་མཐིང་ག་དྭངས་


MLP022_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འཚེར་བ་སྤྱན་གསུམ་པ། ལོ་བརྒྱད་པའི་ལང་ཚོ་ཅན། ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ཡུམ་དབྱིངས་ཕྱུག་མནྡྷ་ར་བ་དམར་གསལ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་དུ་མས་བརྒྱན་ཅིང་། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། འཇའ་ཚོན་འོད་ལྔ་འཁྲིགས་པའི་ཀློང་ན་བཞུགས་པ་གསལ་ལེགས་པར་བཏབ། དེའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ག་འོད་ཀྱི་གོང་བུ་ཅན་རྟག་པར་འཆར་བ། དེ་ལས་འོད་ཟེར་འཕྲོས། རེག་པ་ཙམ་གྱིས་སྣོད་ཀྱི་འཇིག་རྟེན་གྱི་ཞེན་པ་སྦྱངས་ཏེ་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཐོད་ཕྲེང་རྩལ་གྱི་རྣམ་པར་གསལ་བཏབ། དེ་དག་ཡིད་ཡུལ་དུ་གསལ་ལེགས་པར་ཐེབས་པ་དང་། ལྷ་སྐུ་ཡིད་དང་གཉིས་མེད་དུ་བསྲེ། དེ་ཡང་ཟུང་འཇུག་སྒྱུ་མ་ལྟ་བུར་བསྲེ་ཞིང་བསྒོམ། དེ་ལྟར་ཅིར་སྣང་ཐམས་ཅད་ཡིད་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་སྒྱུ་མ་ལྟ་བུར་ཤེས་པའི་ངང་བསྐྱང་ལ། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་གདངས་སྒྲར་གསལ་བས་འབྲུ་གསུམ་གྱི་རྡོར་བཟླས་རྩེ་གཅིག་ཏུ་བྱ་ཞིང་། དེས་སུན་ན་འབྲུ་གསུམ་གྱི་ངག་བཟླས་དང་། ལས་བྱང་གི་བསྙེན་སྒྲུབ་ཀྱི་སྔགས་རྣམས་ཀྱང་ཅི་རིགས་པ་བཟླ། ཐུན་འཇོག་ཁར་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ་རང་ལ་བསྡུས། དེ་ཡང་ཐུགས་ཀའི་ཧཱུྃ་ལ་བསྡུས། ཧཱུྃ་ཡང་ནཱ་དའི་བར་བསྡུས་ལ། ཀ་དག་གཉིས་སུ་མེད་པའི་ངང་དུ་རང་བབས་སུ་མཉམ་པར་བཞག ལྡང་བ་ན། ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུ། སྒྲར་གྲགས་པ་གསུང་། དྲན་རིག་ཐུགས་སུ་ཤེས་པར་བྱས་ཏེ་སྤྱོད་ལམ་ཐམས་ཅད་ལ་རྒྱས་གདབ་ཅིང་བསྔོ་བ་བྱའོ། །གཉིས་པ་རྫོགས་པའི་རིམ་པ་ལ་གཉིས་ཏེ། གཞི་ཀ་དག་ཆོས་ཟད་དུ་ལ་བཟླ་བ་ཁྲེགས་ཆོད་དང་། ལམ་ལྷུན་གྲུབ་འོད་གསལ་དུ་འགག་སྡོམ་པ་ཐོད་རྒལ་གཉིས་ལས། ཕྱི་མ་ནི་གཞན་དུ་ཤེས་པར་བྱ་ལ། འདིར་དང་པོའི་དབང་དུ་བྱས་ན་གསུམ་སྟེ། ཞི་གནས་བཙལ་བ༑ ལྷག་མཐོང་བསྐྱེད་པ། ཟུང་འཇུག་བསྒོམ་པའོ། །དང་པོ་ནི། དབེན་པར་ཆོས་བདུན་


MLP022_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགུལ་ལུས་གནད་བྱ༔ དེ་ནས་བསྐྱེད་རིམ་སྐུ་དང་ཡིག་འབྲུ་དང་༔ རྡོ་ཤིང་སྣང་གྲགས་གང་ཡང་རུང་ཞིག་ལ༔ མ་བཅོས་ངོས་བཟུང་བྲལ་བའི་སེམས་ཉིད་འདི༔ རྩེ་གཅིག་མ་ཡེངས་དམིགས་གཏད་མཉམ་པར་བཞག༔ འཕྲོ་ན་སླར་ཡང་དམིགས་རྟེན་དག་ལ་བཟུང་༔ དེ་ལྟར་བྱས་པས་སེམས་ཉིད་མི་འཕྲོ་ཞིང་༔ གང་གཏད་ཡུལ་ཟིན་ཇི་ཙམ་མཉམ་བཞག་གནས༔ སྒོ་གསུམ་བདེས་ཁྱབ་ལོ་ཟླ་ཞག་མི་ཚོར༔ གཡོ་མེད་གནས་ཚེ་ཞི་གནས་གོམས་པ་ཡིན༔ ཞེས་གསུངས་ཏེ། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་དབེན་པའི་གནས་སུ་སྟན་བདེ་བ་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། སྒལ་ཚིགས་དང་ལྟག་པ་དྲང་པོར་བསྲང་། མགྲིན་པ་ཅུང་ཟད་དགུག་པས་ལྐོག་མའི་ཨོལ་མདུད་ནོན་ཙམ་བྱ། ལྕེ་ཡ་རྐན་ལ་སྦྱར། སོ་མཆུ་རང་སར་འཇོག ལག་ངར་བསྲངས་པའི་མཉམ་བཞག་བྱ། མིག་རྟེན་ལ་མི་འགུལ་བར་འཇོག་པ་ནི་ལུས་ཀྱི་གནད་དེ། ཆ་ཆ་ནས་གྲིམ་ལྷོད་རན་པས་བདེ་བར་བཅའ། ངག་ལྐུག་པ་ལྟར་སྨྲ་བརྗོད་སྤང་དགོས་པར་མ་ཟད་རླུང་ཡང་བཟོ་བཅོས་མེད་པར་རང་བབས་སུ་བཞག མདུན་དུ་བྲིས་སྐུའམ། ཡིག་འབྲུའམ། ཤིང་བུའམ། རྡེའུ་ལྟ་བུ་དམིགས་རྟེན་གང་ཡང་རུང་བ་ཞིག་བཞག དེ་ལ་སེམས་མི་ཡེངས་པའི་རྟེན་ཙམ་བྱས། དེའི་སྟེང་དུ་ཆེ་རེ་མིག་འབྲས་མི་འགུལ་བ་དང་རྫི་མ་འཐབ་འཐབ་མེད་པར་ལྟ་བའི་ངོས་ལ་ཤེས་པ་རང་བབས་སུ་ལྷན་གྱིས་འཇོག ནུབ་མོ་ཡང་མིག་སྣ་རྩེའི་ཐད་ཀ་ཙམ་དུ་གཏད་ལ་རྟོག་པ་འཕྲོར་མི་འཇུག གལ་ཏེ་རྟོག་པ་འཕྲོ་བྱུང་ན་དེའི་རྗེས་སུ་མི་འབྲང་བར་རང་སོར་སད་ཀྱིས་བཅད་དེ་རྟེན་ལ་བསླན་ཏེ་འཇོགཐ་ན་ཞི་གནས་སྒོམ་པ་ཡིན་སྙམ་པའི་རྟོག་པ་ཙམ་ཡང་མི་བྱ་བར། དུས་གསུམ་གྱི་རྟོག་པ་ཐམས་ཅད་བཅད་དེ་ཆེད་དུ་སྒྲིམ་ལྷོད་བཅས་བཅོས་སོགས་གང་ཡང་མི་བྱེད་པར་ཀློད་ལ་འཇོག་པ་གནད་དོ། །དེ་བཞིན་དུ་དམིགས་རྟེན་སྒྲ་ལྷང་ངེ་བ། དྲི་ཆིལ་ལེ་བ་ལ་སོགས་ཏེ་རོ་དང་རེག་བྱ། ལྷའི་བསྐྱེད་རིམ་རྡོར་བཟླས་སོགས་ཡུལ་གང་རུང་ལ་རྟེན་བཅས་ཏེ་འཇོག་པའམ། ཡང་ན་རྟེན་ཅི་ལའང་མི་བཅའ་བར་རྟེན་མེད་དུ་ཧད་དེ་འཇོག་པ་སོགས་གང་བདེ་གཅིག་གི་སྟེང་དུ་བཞག་པས་ཆོག དེ་ལྟར་བསྒོམས་པས་རྟོག་པའི་འཆར་སྒོ་རྣམས་མང་དུ་


MLP022_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་སྙམ་བྱེད་ན། གནས་པའི་སྣ་ཟིན་པ་ཡིན་པས་ཤེས་པ་ཁོངས་ཀློད་ལ་ད་དུང་སྙིང་རུས་ཆེར་བསྐྱེད། དེ་ལྟར་འབད་པས་རྣམ་རྟོག་ཆ་ཆ་ནས་ཞི་སྟེ་ལུས་སེམས་ལ་ཅུང་ཟད་བདེ་བའི་ཉམས་འཆར། དེ་སྙུགས་བསྲིངས་པས་ལུས་ཡོད་དུ་མི་ཚོར་བ་དང་། དབུགས་ཀྱང་རྒྱུ་བ་མི་ཚོར་བའི་གནས་པ་བརྟན་པོ་འོང་གསུངས་ཏེ། ཡུལ་དྲུག་ལ་སེམས་རྩེ་གཅིག་པའི་ཞི་གནས་སྐྱེ་བ་ཡིན་ནོ། །གཉིས་པ་ལྷག་མཐོང་བསྐྱེད་པ་ལའང་གཉིས་ལས། དང་པོ་ཕྱི་གཟུང་བ་ཡུལ་མེད་ནམ་མཁའ་ལྟ་བུའི་ངང་དུ་འཇོག་པ་ནི། སྣང་གྲགས་ཆོས་ཀུན་རྨི་ལམ་སྒྱུ་མ་ལྟར༔ སྣ་ཚོགས་སྣང་ཡང་རང་བཞིན་སྟོང་པ་སྟེ༔ མཁའ་ལྟར་བདག་མེད་སྤྲོས་དང་བྲལ་བར་བཞག༔ ཅེས་གསུངས་ཏེ། འདི་ལྟར་སྣང་གྲགས་འཁོར་འདས་ཀྱི་ཆོས་འདི་ཀུན་རྨི་ལམ་གྱི་སྣང་བ་དང་སྒྱུ་མའི་འཕྲུ ལ་འཁོར་ལྟར་སྣ་ཚོགས་སུ་སྣང་ཡང་། དཔྱད་ན་རང་བཞིན་མ་གྲུབ་པའི་སྟོང་པ་སྟེ། ཡུལ་སྣང་དུ་འཇལ་བའི་གཟུང་བའི་ཤེས་པ་དང་བཅས་པ་རང་གསལ་སྟོང་པའི་ངང་ལ་ཆམ་གྱིས་འཇོག མདོར་ན་སྒྱུ་མར་འཛིན་པ་ཙམ་ཡང་མི་དམིགས་པར་ཆོས་ཐམས་ཅད་མཁའ་ལྟར་བདག་མེད་པས་སྤྲོས་པ་ཀུན་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ཡིན་ནོ༑ ༑ གཉིས་པ་ནང་འཛིན་པ་རྩ་བྲལ་སྟོང་པར་བསྟན་པ་ནི། དེ་ནས་གཡའ་བཅས་གསེར་འདྲའི་སེམས་ལ་བརྟག༔ དང་པོ་གང་འོང་ད་ལྟ་གང་ན་གནས༔ མཐའ་མར་གར་འགྲོ་དབྱིབས་དང་ཁ་དོག་གང་༔ དེ་ལྟར་ཞིབ་ཏུ་བརྟགས་པས་སེམས་ཉིད་འདི༔ མ་སྐྱེས་མི་གནས་མི་འགག་ཁ་དོག་དང་༔ དབྱིབས་མེད་ངོ་བོ་ངོས་བཟུང་བྲལ་བ་ཡི༔ བརྗོད་མེད་ནམ་མཁའ་ལྟ་བུར་རིག་པའི་ཚེ༔ དེ་ཀའི་ངང་དུ་བཟོ་མེད་ལྷོད་ཀྱིས་ཀློད༔ ཅེས་གསུངས་ཏེ། ཡུལ་ཡུལ་ཅན་དུ་འཇལ་བྱེད་ཀྱི་སེམས་ལ་བརྟགས་ཏེ། དེ་ཡང་ཝལ་གྱིས་ཤར་བའི་རྟོག་པ་གང་སྐྱེས་དེ་ཀ དང་པོ་གང་ནས་བྱུང་། ད་ལྟ་གང་ན་གནས། མཐའ་མར་གར་འགྲོ། གང་དུ་འགག་རྩད་བཅད། དེ་བཞིན་དུ་དབྱིབས་ཁ་དོག་ཅི་འདྲ་འདུག་བརྟག དབྱིབས་སུ་གྲུབ་ན་རིང་ཐུང་སོགས་སུ་གྲུབ་མ་གྲུབ་དང་། ལྟ་མཁན་རང་ཀ་སུ་ཡིན་པར་འདུག་སོགས་ཕུ་འདེད་


MLP022_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་འདེད་དུ་སྐད་ཅིག་ཙམ་ཡང་མ་ཡེངས་པར་རྩད་བཅད། དེ་ལྟར་ཞིབ་ཏུ་བརྟག་ཅིང་དཔྱད་པས་ལྟ་མཁན་སེམས་དེ་གང་དུའང་བརྗོད་དུ་མེད་པའི་དངོས་མེད་ཅིག་འདུག་ཟེར་ན༑ དེ་ཡང་སེམས་འདི་ཡོད་པ་ལྟར་སྣང་བ་ནི་རྟོག་པས་བསླད་པ་སྟེ། དོན་ལ་ངོ་བོ་གང་ཡང་མེད་པས་དང་པོར་སྐྱེས་པའི་རྒྱུས་སྟོང་། མ་སྐྱེས་པ་ལ་གནས་མཁན་མེད་པས་གནས་པ་ངོ་བོས་སྟོང་། མི་གནས་པ་ལ་འགག་ཏུ་མེད་པས་འགག་པ་རང་གི་མཚན་ཉིད་ཀྱིས་སྟོང་། དེ་བཞིན་དུ་དབྱིབས་ངོ་བོ་ངོས་བཟུང་དང་བྲལ་བས་གང་དུའང་མ་གྲུབ་པའི་སྟོང་པ། གང་གིས་ཀྱང་མ་བསྒྲིབས་པའི་གསལ་ལེ་བ། ཧྲིག་གེ་བ། ཡེ་རེ་བ། རྗེན་ནེ་བ་སྟེ། བརྗོད་དུ་མེད་པའི་དཔེ་ནམ་མཁའ་ལྟར་དཔྱད་ར་མེད་པ་དེ་ཀ་རང་རིག་དང་མ་བྲལ་བ་ནི་ལྷག་མཐོང་ཡིན་པས། དེ་ལ་བཅས་བཅོས་གང་ཡང་མི་བྱེད་པར་དེ་ཀའི་ངང་དུ་ལྷོད་ཀྱིས་ཀློད་ལ་འཇོག་གོ ། གསུམ་པ་ཟུང་འཇུག་ཏུ་བསྒོམ་པ་ནི། སྣང་སེམས་དབྱེར་མེད་མཐའ་བྲལ་བརྗོད་མེད་ངང་༔ གང་ཤར་བཟོ་བྲལ་རང་བབས་ཅེ་རེ་བ༔ བདེ་ལུགས་ཤིག་གེ་རྗེས་མེད་སང་ངེ་བ༔ རྒྱ་ཡན་ཆལ་ལེ་མཐའ་བྲལ་ལྷོད་ཀྱིས་བཞག༔ ཕྱི་ནང་བར་མེད་ནམ་མཁའ་ལྟ་བུར་འཆར༔ དེ་ཚེ་སྐུ་བཞིའི་ངོ་བོར་མངོན་བྱང་ཆུབ༔ ཅེས་གསུངས་ཏེ། གང་ཤར་ལ་བཅས་བཅོས་མེད་པར་དེ་ཀའི་རང་ངོ་ལ་ཆེར་གྱིས་བལྟས་ཏེ། རང་བབས་སུ་ཅེར་རེ། བདེ་ལུགས་སུ་ཤིག་གེ རྗེས་མེད་དུ་སང་ངེ་། རྒྱ་ཡན་དུ་ཆལ་ལེ། མཐའ་བྲལ་དུ་ལྷོད་དེ། འཛིན་མེད་དུ་ཁྲོལ་ལེ་བཞག དེ་ཡང་རྣམ་པར་རྟོག་པའི་ཕྲེང་བ་མཐོ་དམན། བདེ་སྡུག ལེགས་ཉེས། བླང་དོར་སོགས་ཆོས་ཅི་ལྟར་སྣང་། གང་ལྟར་ཤར་ཡང་། ཅི་ཤར་གང་སྣང་གི་རང་ངོ་ལ་ཆེ་རེ་བལྟས་པ་ན་ཕྱི་ནང་བར་སོགས་ཐ་སྙད་ཀུན་ལས་གྲོལ་བ་ནམ་མཁའ་ལྟ་བུར་འཆར་བས་དེ་ཀའི་ངང་དུ་བཟོ་མེད་དུ་འཇོག་པ་སྟེ། ནམ་མཁའ་ཆེ་ལས། སྔར་རྗེས་མི་དཔྱད་འདས་པའི་འདུ་ཤེས་དོར། །ཕྱིས་སྔུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་དུ་བཞག །ཅེས་སོ། །དེ་ནས་བསྒོམ་ཚུལ་རྣམ་པ་གསུམ་གྱིས་བོགས་དབྱུང་


MLP022_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། དང་པོ་སྟོང་པ་ནམ་མཁའ་ལྟ་བུར་བསྒོམ་ཚུལ་ནི། ལུས་མི་གཡོ་བ་ཆོས་བདུན་བཅའ། དབང་པོ་རྫིང་བུའི་ཟླ་གཟུགས་ལྟར་མ་འགགས་རང་གསལ་དུ་བཞག་ནས། གང་སྣང་ཅེར་གྱིས་བལྟས་ཏེ་ཕྱི་ནང་བར་མེད་ཧར་སང་ངེ་། བུན་ནེ། ཤིག་གེ་ལྟ་སྟངས་གཅུན་ལ་བཞག་གོ །གསལ་བ་མེ་ལོང་ལྟ་བུའི་བསྒོམ་ཚུལ་ནི། གང་སྣང་རང་གསལ་འཛིན་མེད་ཀྱི་ངང་དུ། སལ་ལེ། ཝལ་ལེ། ཡེ་རེ་བཞག་གོ །འཆར་བ་རྦ་རླབས་ལྟ་བུའི་བསྒོམ་ཚུལ་ནི༑ རྣམ་རྟོག་འགྱུས་སམ་འགྱུར་བཅུག་སྟེ། འགྱུ་བ་གང་ཤར་དེའི་ངོ་བོ་ལ་ཆེར་གྱིས་བལྟས་པས་རྦ་རླབས་ཆུར་ཐིམ་པ་ལྟར་འཛིན་མེད་དུ་ཁྲོལ་གྱིས་འགྲོ་སྟེ། དེ་ཁོ་ནས་གནས་འགྱུ་བསྲེས་ཏེ་བོགས་དབྱུང་ངོ་། །དེ་ཡང་དང་པོས་མི་རྟོག་པ་དང་། གཉིས་པས་བདེ་བ། གསུམ་པས་གསལ་བའི་བོགས་འདོན་དུ་འགྲོ། ཕྱི་མ་གཉིས་ལའང་ལུས་གནད་དབང་གནད་སྔ་མ་ལྟར་བྱ་ཞིང་། དམིགས་སྐོར་གསུམ་པོ་འདི་འཕྲོས་དོན་ཞལ་ཤེས་མའོ། །དེ་ལྟར་གནས་པ་ཞི་གནས། གསལ་བ་ལྷག་མཐོང་། དབྱེར་མེད་པས་ཟུང་འཇུག་སྟེ། གཞི་རྫོགས་ཡེ་གྲོལ་སྐུ་བཞིའི་ངོ་བོར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་འགྲོ་འཆག ཉལ་འདུག གཏམ་སྨྲ་བ། སྔགས་བཟླ་བ། ཁ་ཏོན་བྱེད་པ། ཟས་ཟ་བ་སོགས་སྤྱོད་ལམ་གྱི་དུས་ཐམས་ཅད་དུ་མིག་མ་འགུལ་བར་ཆེ་རེ་མ་ཡེངས་པར་བཞག་པས་གཡོ་ཟོལ་མེད་པའི་སྒོམ་ཐེབས་པ་ན་ངོ་སྤྲད་པ་བྱ་སྟེ། ཞིབ་ཏུ་བརྟག་དཔྱད་དེ་ལྟར་ངེས་རྙེད་ཚེ༔ རིག་པའི་ཐོག་ཏུ་ངོ་སྤྲོད་གདབ་པར་བྱ༔ སྐྱེ་མེད་སྟོང་ཆའི་ངོ་བོ་ཆོས་ཀྱི་སྐུ༔ རང་གདངས་འགག་མེད་འཆར་བ་ལོངས་སྤྱོད་རྫོགས༔ གཉིས་སུ་མེད་པའི་རྩལ་ལས་སྤྲུལ་པའི་སྐུ༔ དེ་ལྟར་རྣམ་པ་གསུམ་དུ་ཐ་དད་ཀྱང་༔ ངོ་བོ་གཅིག་འདུས་ངོ་བོ་ཉིད་ཀྱི་སྐུ༔ སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་དོ༔ ཞེས་གསུངས་ཏེ། འདི་ལྟར་སེམས་ཀྱི་གཤིས་སྐྱེ་འགག་གནས་གསུམ་དང་དབྱིབས་ཁ་དོག་སོགས་གང་དུའང་མ་གྲུབ་པའི་སྐྱེ་མེད་སྟོང་པ་ཉིད་དུ་རྟོགས་པའི་ཆ་དེ་ནི་ཆོས་ཀྱི་སྐུ། ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟར་སྟོང་བདོ་བའི་ཚེ་ན་རང་གདངས་འགག་པ་མེད་པ། སལ་ལེ་བ། ཡེ་


MLP022_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བ། རྗེན་ནེ་བ། ཧྲིག་གེ་བར་འཆར་བ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལྟར་གསལ་བཞིན་པ་ལ་སྟོང་། སྟོང་པའི་ངོ་བོ་གསལ་བ། རང་བཞིན་གཉིས་སུ་མེད་པའི་རྩལ་ཚོགས་དྲུག་གི་སྣང་བ་སྣ་ཚོགས་སུ་ཤར་བའི་ཚེ་ནའང་ངོ་བོ་ཉིད་ལས་མི་གཡོ་བ་ནི་སྤྲུལ་པའི་སྐུ། ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་གསུམ་རྣམ་པ་ཐ་དད་དུ་སྣང་ཡང་ངོ་བོ་དབྱེར་མི་ཕྱེད་པས་གཅིག་ཏུ་འདུས་པ་ནི་ངོ་བོ་ཉིད་ཀྱི་སྐུ། ཡེ་ཤེས་ནི་མཉམ་ཉིད་ཡེ་ཤེས་སོ། །སྐུ་བཞི་ལས་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡང་ངོ་བོ། རང་བཞིན། ཐུགས་རྗེ་གསུམ་ཞེས་ཀྱང་བྱ་སྟེ། གཤིས་སྐྱེ་བ་མེད་པ་དེ་ངོ་བོ། གདངས་འགག་པ་མེད་པ་དེ་རང་བཞིན། རྩལ་ཅིར་ཡང་འཆར་བ་དེ་ཐུགས་རྗེའོ། །གཞན་ཡང་སེམས་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས། སྣ་ཚོགས་སུ་གསལ་བ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས། དེ་གཉིས་དབྱེར་མེད་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཅེས་བྱའོ། །ཧྲིལ་གྱིས་དྲིལ་ཏེ་རིག་ཐོག་ཏུ་ངོ་སྤྲད་ན། ད་ལྟར་གྱི་རིག་པ་དྲན་བསམ་གྱི་བཅོས་བསླད་མ་བྱས་པའི་ཝལ་ལེ་བ། སང་ངེ་བ། སལ་ལེ་བའི་ད་ལྟའི་རིག་པ་འདི་བཞི་ཆ་གསུམ་བྲལ་གྱི་ཆོས་སྐུར་ངོ་སྤྲད། ཕྱམ་བརྡལ་བ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲད། སྔ་ཕྱི་དྲན་རྟོག་གིས་མ་བསླད་པའི་ཐ་མལ་གྱི་རིག་པ་རིག་གེ་བ། སང་ངེ་བ། ཤར་དུས་ཉིད་ནས་རང་རིག་དང་མ་བྲལ་བས་དྲན་རྟོག་རྗེས་མེད་རང་སར་ཡལ་ནས་བྱུང་ཚོར་གཞིར་ཐིམ་པ་ནི་རང་གྲོལ་དུ་ངོ་སྤྲད་པ་སྟེ། གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱའོ། །དེ་དག་ཀྱང་མདོར་བསྡུས་ཙམ་བརྗོད་པ་སྟེ། རྒྱས་པར་མདོ་རྒྱུད་ཀྱི་ལུང་སྦྱོར་ལ་སོགས་པས་རྒྱབ་བརྟེན་ཏེ་མྱོང་བ་ཅན་གྱི་བླ་མའི་ཞལ་ལུང་ལས་ངེས་ཤེས་བསྐྱེད་པར་བྱའོ། །ཚུལ་འདི་སྨྱོས་བཙུན་དྷརྨ་ཤྲཱི་ཡིས། །མིང་དོན་མཐུན་པའི་གྲོགས་མཆོག་འགྱུར་མེད་ཀྱི། །དགོངས་ཁྲིད་ཁོ་ནར་དམིགས་ནས་ཟིན་རིས་སུ། །འབད་པས་བྲིས་པའི་ངལ་བ་འགྲོ་ལ་བསྔོ། །འོན་ཀྱང་མཚན་ལྡན་བླ་མའི་དྲུང་། །ཟབ་མོའི་གདམས་པ་ལེགས་ཐོབ་ཀྱང་། །གདམས་པ་དཔེ་ཆའི་ལྡེབས་ལུས་ནས། །ཆོས་དང་གང་ཟག་ཡ་བྲལ་བས། །རྟོགས་པའི་


MLP022_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་མི་ལྡན་ཕྱིར། །ནོར་འཁྲུལ་འགལ་བ་ཡོད་སྲིད་པས། །གང་མཆིས་བླ་མ་མཁའ་འགྲོ་ཡིས། །བཟོད་མཛད་ཐུགས་རྗེས་བདག་ལ་གཟིགས། །ཕྱིས་མཁས་གྲུབ་མི་ཕམ་ཆ ོས་སྐྱོང་རྒྱལ་མཚན་གྱི་བཀའ་ལུང་གིས། གཞུང་ཚིག་རྣམས་ཆ་ཚང་དང་། རྒྱབ་རྟེན་གྱི་ལུང་འདྲ་བྲི་ཐུབ་ན་ལེགས་པར་འདུག་གསུངས་པ་ལྟར། རྩ་བ་རྡོ་རྗེའི་ཚིག་རྣམས་དཀྱུས་སུ་བྲིས། རྒྱབ་རྟེན་གྱི་ལུང་འགའ་རེ་མཆན་བུའི་ཚུལ་དུ་སླར་བཏབ་པ་ཡིན་ནོ། །ཤུབྷཾ།། །།


previousཟབ་ཆོས་རིག་འཛིན་ཐུགས་ཐིག་གི་རྫོགས་རིམ་ལས། ཀ་དག་གི་ཁྲིད་ཀྱི་དམིགས་རྐང་ཟིན་བྲིས་སུ་བཏབ་པ། next