Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག


   
   
   
   
   
གདུལ་ཞིང་རཱུ་ཏྲའི་སྐྱེ་རྒྱུད་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདུལ་ཞིང་རཱུ་ཏྲའི་སྐྱེ་རྒྱུད་བསྟན་པའི་ལེའུ། next

གདུལ་ཞིང་རཱུ་ཏྲའི་སྐྱེ་རྒྱུད་བསྟན་པའི་ལེའུ།


PKT001_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀུན་ཏུ་བཟང་པོའི་བསྟན་པའི་མཇུགཿ ཡུལ་གྱི་མིང་ནི་འདུ་ལྗོངས་མཚམས་ཞེས་བྱཿ ཁྱིམ་བདག་ཀོའུ་ཀཱ་ལ་ཞེས་པ་ལཿ བུ་ནི་ཀོའུ་ཀུན་དཀྲིས་ཞེས་བྱ་དང་ཿ གཡོག་པོ་པྲ་མ་དེ་བ་བྱ་བ་གཉིསཿ བསྟན་པ་གཉིས་ཀྱི་གདུལ་བྱའི་ཞིང་དུ་གཟིགསཿ སྤྲུལ་སྐུའི་བསྟན་པ་མི་ནུབ་བྱ་བའི་ཕྱིརཿ དགེ་སློང་ཐུབ་དཀའ་གཞོན་ནུར་སྐྱེ་བ་བཞེསཿ ལོངས་སྐུའི་བསྟན་པ་གསང་སྔགས་མི་ནུབ་ཕྱིརཿ རིགས་འཆང་ཁྱིམ་བདག་ཆེན་པོར་སྐྱེ་བ་བཞེསཿ སྐུ་གཅིག་


PKT001_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣ན༽མཚན་གཉིས་གྲགས་པའི་དགེ་སློང་ལཿ མི་རྣམས་ཐམས་ཅད་རབ་ཏུ་ཤིན་ཏུ་འདུནཿ རྣལ་འབྱོར་ལྔ་ཡི་ལམ་ཆེན་བླངས་ནས་སྤྱོདཿ ཕུང་པོའི་གནས་ལ་སྟོང་པར་གྱུར་པར་ལྷཿ དེ་དུས་ཀེའུ་ཀུན་དཀྲིས་དད་པ་སྐྱེསཿ གང་དག་མི་ལ་དྲིས་ནས་ཐེ་ཚོམ་བཅདཿ སྟོན་པ་ཐུབ་དཀའ་གཞོན་ནུ་ཇི་ལྟ་བཿ བྱང་ཆུབ་མི་སྒྲུབ་ཉོན་མོངས་མི་སྤོང་བཿ ཅི་དགར་སྤྱོད་དུ་ཡོད་པའི་ཆོས་གསུང་དམཿ དེ་དག་དགེ་སློང་དེ་བཞིན་གསུང་ངོ་བརྗོདཿ མ་རིག་བསལ་ནས་མྱང་འདས་ཐོབ་པ་ལཿ དེ་བས་ཐུབ་དཀའ་གཞོན་ནུ་མཆོག་ཏུ་གསུངསཿ ཀོའུ་ཀུན་དཀྲིས་པྲ་མ་དེ་བ་ཡིསཿ ཐུབ་དཀའ་གཞོན་ནུ་གནས་པའི་དྲུང་དུ་ཕྱིནཿ ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དགཿ རང་ཉིད་ཅི་དགར་སྤྱོད་པས་རྣལ་འབྱོར་དུཿ འཕགས་པའི་བདེན་མཐོང་སྔགས་ཀྱི་དགོངས་ལོན་པརཿ ཐབས་ལ་མཁས་པས་ཉེ་བར་གཟུང་དུ་གསོལཿ ཅེས་འདུན་ཞབས་མཐིལ་མགོ་བོ་བཏུད་བྱས་པསཿ སྟོན་པས་ཡིན་ནོ་ངེས་སོ་ལེགས་སོ་བྱིནཿ འཁོར་བའི་འཁོར་ལོ་ཇི་ལྟར་གནས་པ་དགཿ དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངསཿ ཞེས་གསུངས་དཔོན་གཡོག་གཉིས་ཀ་རབ་ཏུ་བྱུང་ཿ ཐར་པ་ནག་པོ་དན་ཕག་ཆོས་མིང་བཏགསཿ དན་ཕག་ཐར་པའི་དུས་འཛིན་པ་རུ་བསྐོསཿ དེ་ནས་དགེ་སློང་ཐར་པ་ནག་


PKT001_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣བ༽པོ་ཡིསཿ ཐུབ་དཀའ་གཞོན་ནུའི་སྙན་དུ་འདི་སྐད་གསོལཿ ཨེ་མ་སྔགས་སྐྱོང་རིག་སྔགས་འཆང་ཆེན་པོཿ ཤིན་ཏུ་སྡུག་བསྔལ་ཀུན་ལས་གྲོལ་བྱད་པཿ ཇི་ལྟ་བ་ཡི་ལམ་དེ་གང་ལགས་གསུངསཿ སྟོན་པས་ཞལ་གྱི་མཛུམ་མདངས་བསྟན་ནས་སུཿ ཇི་བཞིན་ཉིད་དེ་མ་བཅོས་པརཿ དངོས་པོ་བཞི་ལ་གནས་སྤྱད་ཀྱང་ཿ ནམ་མཁའ་ལ་ནི་སྤྲིན་བཞིན་ཏེཿ འདི་ནི་རྣལ་འབྱོར་དམ་པའི་ལམཿ འདི་མ་རྟོགས་པར་ཁམས་གསུམ་ནཿ ལྟ་བའི་རིམ་པ་གཞན་མེད་དོཿ ཞེས་གསུངས་ཚུལ་བཞིན་སེམས་ཀྱི་རྣམ་དཔྱད་བསྟནཿ ཐར་པ་གཡོག་དང་བཅས་པ་ཡི་རངས་ཏེཿ གུས་དད་བཅས་པས་དེ་ལ་འདོད་ཡོན་མཆོདཿ མངོན་པར་བསྟོད་ནས་རང་གི་གནས་སུ་དེདཿ ཆོས་སྒྲ་ཇི་བཞིན་བ་ལ་ཐར་པས་སྤྱདཿ ངེས་པའི་དོན་མ་རྟོགས་པས་ཉོན་མོངས་འབརཿ དངོས་པོ་བཞི་ལ་ཞེན་འཐས་བྱས་པ་ཡིསཿ ལུས་ནི་དམ་པའི་ཆོས་ཞུགས་སེམས་ངན་འགྲོཿ གཡོག་པོ་དན་ཕག་ངེས་པའི་དོན་རྟོགས་ནསཿ བློ་གྲོས་རབ་འཕེལ་ཇི་བཞིན་ཁོ་ནར་སྤྱདཿ མ་ཞེན་སྟོན་པའི་བསྟན་པ་གཉན་པར་ཤེསཿ ལུས་ནི་མ་རབས་ཆས་ཞུགས་གུད་དེ་དེདཿ སེམས་ལ་ངེས་པའི་ལམ་ཕྱིན་ལྟ་མ་ལོགཿ དེ་ནས་རེ་ཞིག་དུས་ན་དཔོན་གཡོག་གཉིསཿ ལྟ་སྤྱོད་མ་མཐུན་གླགས་


PKT001_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤ན༽ལྟ་གྱ་ཚིག་ཕོསཿ དགེ་སློང་ཐར་པ་ནག་པོས་ལན་བཏབ་པཿ བདག་ཅག་གཉིས་ནི་སློབ་དཔོན་གཅིག་ལ་གཏུགསཿ སྒྲ་གཅིག་དོན་དུ་འགྱུར་བར་འདོད་པ་དང་ཿ ཉམས་ལེན་སོ་སོར་མ་མཐུན་ཇི་ལྟ་བུཿ དན་ཕག་ཐར་པ་ནག་པོར་ལན་བཏབ་པཿ བདག་གིས་ངེས་པར་མཉམ་པར་བཞག་པ་ལསཿ ཀུན་ཏུ་དང་བར་མ་གྱུར་གཞན་མ་གོཿ དེ་ནས་ཐར་པ་ནག་པོས་ལན་བཏབ་པཿ ངས་ཀྱང་དེ་ལྟར་ངེས་པས་དེར་སྤྱད་པསཿ གསང་སྔགས་སྤྱོད་དེ་ཆོས་བཞིན་མཐུན་པར་མཆིསཿ ཐར་པ་ནག་པོ་མངོན་པའི་ང་རྒྱལ་སྐྱེསཿ དན་ཕག་ཁྱོད་ཀྱི་སྟ་སྤྱོད་ལོག་ཅེས་ཟེརཿ ཉོན་མོངས་དང་ནི་ཡེ་ཤེས་རྒྱུ་རྐྱེན་གཅིགཿ ཀུན་རྫོབ་རྩོལ་བྱས་དགེ་བས་སངས་མི་རྒྱཿ དོན་དམ་རྩོལ་མེད་ངང་ལ་འཇོག་པ་ཡིནཿ དེ་ནས་དན་ཕག་ཚིག་གི་ལན་བཏབ་པཿ རྣམ་ཤེས་ཞེན་འཛིན་དག་པ་ཡེ་ཤེས་ཏེཿ ཇི་བཞིན་ཉིད་དེ་མ་བཅོས་སྔགས་ཀྱི་ལམཿ ཉོན་མོངས་པ་ནི་སྤྲིན་བཞིན་དབྱིངས་སུ་དེངསཿ ཡས་འབེབས་སྤྱོད་པ་གསུམ་ལྡན་རྩོལ་བར་བྱཿ འདི་ནི་སྟོན་པ་ཐུབ་དགའི་བཞེད་པ་ཡིནཿ ཅེས་བརྗོད་ཐར་པ་ནག་པོ་ཀུན་འཁྲུགས་ནསཿ སློབ་དཔོན་ཐུབ་དཀའ་གཞོན་ནུ་མ་བཙོས་པཿ ཁ་གསག་མེད་ཅིང་རྒྱུད་དྲང་རང་བཞིན་གསོང་ཿ འཛམ་


PKT001_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤བ༽གླིང་ཆོས་ཀྱི་རྒྱལ་པོ་ཐུབ་ཆེན་ལཿ གང་ཡིན་དྲིར་འགྲོ་ལུས་ཤུགས་མྱུར་དུ་ཕྱུང་ཿ དཔོན་གཡོག་གཉིས་ཀྱིས་ལྷ་ན་དུ་ཕྱིན་ནས་དྲིསཿ གཤགས་འབྱེད་སྟོན་པས་དན་ཕག་ལྟར་རོ་གསུངསཿ ཐར་པ་ནག་པོ་སེམས་ཚིག་རབ་ཏུ་ཁྲོསཿ སློབ་དཔོན་གཅིག་ལ་ལྟ་བ་མི་འདྲ་གཉིསཿ འདི་ལ་ཐམས་ཅད་ལོག་པར་དེ་དག་སྟོནཿ རྟག་ཏུ་ཕན་ཚུན་མཐུན་པ་མ་ཡིན་ཞིང་ཿ དན་ཕག་གཡོག་ཏུ་མི་བསྟན་སྒྲ་ཡང་འབྱིནཿ སྤྱོད་ཡུལ་ལམ་དན་ཀུན་ཏུ་བསྐོར་བར་བགྱིདཿ ཚིག་རྩུབ་སུན་ཕྱུང་རེངས་པར་སྤྱུགས་ཏེ་སྤངསཿ སློབ་མར་འདྲ་ཞིང་སློབ་དཔོན་སྤྱི་མི་ཡིནཿ གཉིས་ག་ལྟར་རེ་ཙམ་ཞིག་མི་ཟེར་བརཿ ངེས་པར་ང་ཉིད་སུན་ཕྱུང་ཕྱིན་ལོག་སྟོནཿ ཉེ་རིང་ཅན་དེ་ས་འདིར་མ་ཆགས་པརཿ སྤྱུགས་ཏེ་རྒྱལ་ཁམས་ང་ཡིས་དབང་བསྡུ་བསམཿ ཡུལ་ཕྱོགས་མཐའ་ལ་སྤྱུགས་ཏེ་རིང་སྤངས་སོཿ ཿཐུབ་ཆེན་རྔ་དང་འབྲུག་གི་སྒྲ་སྒྲོག་ལྟརཿ འདུ་ལྗོངས་མཚམས་ཀྱི་འཇིག་རྟེན་འདི་ན་ནིཿ ཐུབ་དཀའ་ལ་ནི་སྐྱབས་སུ་མཆི་མི་རྣམསཿ སེམས་ཅན་བློ་ཆུང་རྣམས་ནི་མི་ཤེས་པསཿ ཆོས་རྣམས་ཐམས་ཅད་བཤད་པར་མི་ནུས་ཏེཿ གྲོང་སྟོང་ལས་ཀྱི་འཁྲུལ་འཁོར་འདྲ་བར་གནསཿ ཞེས་གསུངས་ཞིང་ཁམས་གཞན་ལ་གཤེགས་པར་


PKT001_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥ན༽གྱུརཿ དེ་ནས་དགེ་སློང་ཐར་པ་ནག་པོ་ཁོཿ འཇིག་རྟེན་སྐྱམ་ལིངས་འདུ་བྱེད་ལ་ཡེངས་ཏེཿ ལྷ་སྒོམ་སྔགས་བཟླས་མ་ཁོམ་བློ་དྲེད་ནསཿ བླ་མ་དང་ནི་མཆེད་གྲོགས་དམ་ཚིག་ཉམསཿ ཆོས་སྒོ་གྲངས་མང་རྒྱ་ཆེར་གྱུར་པ་ལཿ གཞལ་བྱ་གཉིས་ཀྱིས་གཞལ་བར་མ་བྱས་པརཿ ཐར་པས་ཚད་མ་རང་གི་ཞེན་ཕྱོགས་འབྲང་ཿ འཇིག་རྟེན་ཐམས་ཅད་ལོག་པའི་ལམ་ལ་སྒྱུརཿ ལོག་པའི་བརྟུལ་ཞུགས་ཕོ་མཐོང་ཐམས་ཅད་བསྒྲལཿ མོ་མཐོང་སྦྱོར་བ་བྱས་ནས་དབང་དུ་བསྡུསཿ དུར་ཁྲོད་མི་རོ་བླངས་ནས་ཟས་སུ་ཟོསཿ མི་ལྤགས་གོས་གྱོན་ཁེ་མ་རྣམས་སུ་རྒྱུཿ སྲོག་ཆགས་གསོད་པའི་བྱ་དང་ཁྱི་དང་ནིཿ གཅན་གཟན་རིགས་བྱེད་མང་པོ་ནོར་དུ་བསྲེལཿ སྨད་འཚོད་མ་བསྡུས་དབང་བསྐུར་ཆགས་པ་སྤྱོདཿ དངོས་པོ་བཞི་ཡི་རང་བཞིན་འདས་པར་གྱུརཿ སྡིག་གི་ཚོགས་དཔོན་མི་དགེ་བཅུ་དབུས་ནཿ དབང་པོ་རྣམས་ནི་དམག་དང་ཚོམ་རྐུན་འདྲཿ བསྟན་ནག་ལོ་སྐོར་བཅུ་གཉིས་བསྐྱངས་ནས་སུཿ དེ་ནས་ཚེ་འཕོས་ཕྱི་མའི་སྐྱེ་བ་ནིཿ ལྕེ་སྤྱང་ནག་པོའི་སྐྱེ་བ་ལྔ་བརྒྱ་དང་ཿ ཁྱི་ལི་ལུ་དྷེའི་སྐྱེ་བ་ལྔ་བརྒྱ་དང་ཿ ནེའུ་ལེ་ཤ་ཟན་སྐྱེ་བ་ལྔ་བརྒྱ་དང་ཿ སྦྲང་བུ་ཏྲེ་མའི་སྐྱེ་བ་ལྔ་བརྒྱ་དང་ཿ སྲིན་འབུ་སུ་ཀའི་སྐྱེ་བ་ལྔ་བརྒྱ་དང་ཿ


PKT001_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥བ༽རོ་ཟ་རྐང་འཇིབ་ལ་སོགས་བསམ་མི་ཁྱབཿ དེ་ནས་ངན་སྐྱུགས་ཟ་བ་ལྔ་བརྒྱ་དང་ཿ དུད་འགྲོའི་རིས་གྱུར་དཔག་ཏུ་མེད་པ་དང་ཿ ཡི་དྭགས་རིས་གྱུར་དཔག་ཏུ་མེད་པ་དང་ཿ དེ་ནས་མནར་མེད་དམྱལ་བར་སྐྱེ་བ་བླངསཿ དེ་ནས་རྡོ་རྗེ་དམྱལ་བ་ཞེས་བྱ་བརཿ ཚེ་ཡི་ཚད་ནི་བརྒྱད་ཁྲིར་གནས་པར་གྱུརཿ དེ་ནས་ཤ་ཟ་རུས་འཆའི་རིས་གྱུར་བླངསཿ དེ་ནས་ཚེ་འཕོས་སྲུལ་པོ་གཉའ་ཕྲག་བུཿ སྲུལ་པོ་རྟོག་འདོད་ཅན་ཞེས་བྱ་བར་སྐྱེསཿ དེ་ནས་སྐྱེ་བ་སྟོང་ཕྲག་ཉི་ཤུའི་མཐརཿ སངས་རྒྱས་མར་མེ་མཛད་ཀྱི་བསྟན་པའི་རྗེསཿ ཤཱཀྱ་ཐུབ་པའི་བསྟན་པ་མ་བྱུང་བའིཿ བར་དེར་བསྟན་པའི་སྟོང་ལ་ལོ་མང་གྱུརཿ སྲིན་ཡུལ་ལང་ཀ་པཱུརྞ་ཞེས་བྱ་བརཿ སྨད་འཚོད་མ་ནི་ཀུན་ཏུ་རྒྱུ་ཞེས་ལཿ སྲོད་ལ་བདུད་དང་དགུང་ལ་བཙན་དང་འཁྲིགསཿ ཐོ་རངས་ལྷ་དང་འཁྲིགས་པའི་མངལ་དུ་ཆགསཿ ཕ་ནི་ལྷ་འདྲེ་མི་བསྲུན་གསུམ་ཡོད་པསཿ ཟླ་བ་བརྒྱད་ན་བུ་ཆུང་མགོ་གསུམ་པཿ ལག་པ་དྲུག་ཡོད་རྐང་པ་བཞི་ཡོད་པཿ ལུས་ལ་རང་འཁྲུངས་གཤོག་པ་གཉིས་ཡོད་པཿ མགོ་བོ་རེ་ལ་མིག་གསུམ་དགུ་ཡོད་པཿ ཆ་བྱེད་རྣམ་པ་སྣ་ཚོགས་མང་པོ་མངའཿ སྐྱེས་མ་ཐག་ཏུ་བཀྲ་མི་ཤིས་པའི་རྟགསཿ ནད་དོ་ཅོག་གིས་ལངྐའི་ཡུལ་རྣམས་གང་ཿ བསོད་


PKT001_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦ན༽ནམས་ཕུང་པོ་རྣམ་པར་ཉམས་པར་གྱུརཿ ཕུན་སུམ་ཚོགས་པའི་རྟགས་རྣམས་ཐམས་ཅད་ནུབཿ མུ་གེ་འཁྲུག་ནད་ཡམས་ནད་དུག་གསུམ་འཕེལཿ རྨི་ལམ་ངན་རྨིས་འབྱུང་པོའི་ཚོགས་རྣམས་འདུཿ སྐྱེས་ནས་ཟླ་བ་དགུ་ན་བུ་ནད་ལོགཿ ཀུན་ཏུ་རྒྱུ་མ་དེ་ཉིད་ཤི་བར་གྱུརཿ ཡུལ་མི་རྣམས་ཀྱིས་རྒྱགས་ཕྲུག་ལྟས་ངན་འདིཿ མ་ཡི་ཕག་ཏུ་བཞག་པར་རིགས་སོ་ཟེརཿ ན་འཁྱི་ཞེས་བྱའི་དུར་ཤིང་རྩ་བ་ནཿ དུར་ཕག་ནག་པོ་གཏི་མུག་ཚང་བཅས་པཿ རྐེད་པར་དུག་སྦྲུལ་ཞེ་སྡང་འཁྲིས་བྱེདཿ རྩེ་ལ་འདོད་ཆགས་དུར་བྱའི་ཚང་བཅས་པཿ སྲིན་པོ་ཤི་ཚད་ཐམས་ཅད་དེར་སྐྱེལ་བཿ སྟག་དང་གློང་པོ་ཆེ་ཡི་ཚང་བྱེད་པཿ གདུག་པ་སྦྲུལ་རྣམས་ཐམས་ཅད་དེ་རུ་འཚོགཿ མཁའ་འགྲོ་མ་ཡིས་མི་རོ་དེ་རུ་འཁྱེརཿ དེ་ཡི་རྩ་བར་སྲིན་པོས་རོ་ཁང་བརྩིགསཿ མ་རོ་བུ་བཅས་ཁྱོགས་ལ་བླངས་ནས་བཅུགཿ བུ་དེས་མ་ལ་འཇུས་ཤིང་ནུ་མ་འཇིབསཿ ཆུ་སེར་གྱིས་ནི་བུ་སྲོག་ཞག་བདུན་འཚོཿ དེ་ནས་ཁྲག་ཏུ་གཞིབས་པས་ཞག་བདུན་འཚོཿ དེ་ནས་ནུ་མ་ཟོས་པས་ཞག་བདུན་འཚོཿ དེ་ནས་ནང་ཁྲོལ་ཟོས་པས་ཞག་བདུན་འཚོཿ དེ་ནས་ཕྱི་ཤ་ཟོས་པས་ཞག་བདུན་འཚོཿ དེ་ནས་རྐང་མར་རྒྱུངས་པ་ལྷ་བ་དང་ཿ ཀླད་པ་ཟོས་པས་ཞག་བདུན་བར་


PKT001_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦བ༽དུ་འཚོཿ ཞག་པོ་བཞི་བཅུ་རྩ་གཉིས་ལུས་པོ་དརཿ བཟའ་རྒྱུ་མེད་པར་འགུལ་བས་རོ་ཁང་འགྱེལཿ བལྟས་པས་མཁའ་འགྲོས་མི་རོ་ཟ་བ་མཐོང་ཿ ཤ་ཟོས་ཁྲག་འཐུངས་པགས་པ་གོས་སུ་གྱོནཿ ཐོད་པར་ཁྲག་བླུག་བནྡྷ་ཁྲག་སྐྱོགས་བྱསཿ སྦྲུལ་མཐོང་རྐང་གདུབ་ལག་གདུབ་དོ་ཤལ་བྱསཿ གླང་པོ་ཤི་མཐོང་ཤ་ཟོས་པགས་པ་བརྒྱངསཿ སྟག་མཐོང་ཤ་ཟོས་པགས་པས་ཤམ་ཐབས་བྱསཿ དེ་ནས་ཁ་ལ་ཞག་གི་ཟོ་རིས་ཆགསཿ ལུས་ལ་ཐལ་ཆེན་ཚོམ་བུ་བཀོད་པར་གྱུརཿ ཟས་སུ་རོ་ཟ་གོས་སུ་པགས་རློན་གྱོནཿ སྐོམ་དུ་ཁྲག་འཐུང་ལས་སུ་མི་དགེ་སྤྱོདཿ འཚོ་བ་རོས་འཚོ་གཟི་མདངས་འོད་དུ་འབརཿ གཡས་དཀར་གཡོན་དམར་དབུས་མཐིང་དྲག་པོའི་ཞལཿ ལུས་པོ་ཤིན་ཏུ་ཆེ་བ་ཐལ་སྐྱའི་མདོགཿ ཤ་རྩུབ་ཉཱ་སུལ་རགས་ལ་བཞིན་མི་སྡུགཿ མི་མགོ་སྐམ་པོ་བྱུང་ཚད་ཕྱོགས་གཅིག་བརྒྱུསཿ རློན་པ་ཕྱོགས་གཅིག་རྙིང་པ་ཕྱོགས་གཅིག་བརྒྱུསཿ ཐོད་པ་ཚར་གསུམ་སེར་ལ་འཕྲེང་བ་བྱསཿ མཁུར་ཚོས་ཀུན་ལ་རཀྟའི་ཐིག་ལེ་བྱུགསཿ ལུས་ལ་ཕག་པའི་སྤུ་སྐྱེས་ཁ་མིག་དམརཿ མགོ་སྐྲ་ཁམས་ནག་རལ་པ་འབབ་རྙིགས་སུཿ ཕྱེད་ལ་ཐོར་ཚུགས་སྦྲུལ་རིགས་ལྔ་ཡིས་བཅིངསཿ ཡན་ལག་ཐམས་ཅད་བྱའི་སྡེར་མོ་ཅནཿ


PKT001_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧ན༽དེ་དག་སྦྲུལ་རིགས་ལྔ་ཡིས་རིམ་པར་བཅིངསཿ གང་ཟིན་ལུས་ཀྱི་ཤ་རུས་རྔམ་ཟས་བྱེདཿ ཁ་ཊྭཱཾ་ལ་སོགས་མཚོན་ཆའི་རིགས་བྱེད་འཛིནཿ གཡོན་པ་བནྡྷ་ཁྲག་བཀང་རྟག་ཏུ་འཐུང་ཿ ཁབ་བླངས་ཆོ་བའི་འགོ་ནད་ཐམས་ཅད་འབྱུང་ཿ སྣ་ནས་གྲངས་བའི་ནད་རིགས་ཐམས་ཅད་འབྱུང་ཿ མིག་དང་རྣ་བ་འོག་སྒོའི་བུ་ག་ནསཿ འདུས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་འབྱུང་ཿ ཁྱད་པར་གནམ་ནད་ས་ཆུ་མེ་ནད་དང་ཿ གག་ལྷོག་གཟེར་དང་ཕོ་གླང་ཏྲེ་ཏྲེ་ཧོཿ མཛེ་ཕོལ་འབྲུམ་བུ་རྒྱ་རིམས་དམུ་ཆུ་དང་ཿ ཤུ་བ་མེ་དཔལ་བལ་ལྡགས་གཡོན་པ་དང་ཿ གནོད་པའི་འཇིགས་སྐྲག་མང་པོ་སྣ་ཚོགས་འཕྲོཿ མཚན་ནི་མ་ཟོས་མ་ཏྲད་ཀ་རུར་གྲགསཿ དེ་དུས་ཡུལ་ནི་ཉི་ཤུ་རྩ་བཞི་ལཿ བདག་པོ་འཇིགས་བྱེད་མི་བཟད་རེ་རེ་ཡོདཿ པུལླིར་མ་ཛཱ་ལནྡྷ་ར་དང་ཿ ཨོ་རྒྱན་ཨ་རྦུ་ཏ་བཞི་ལྷས་བཟུང་གནསཿ གོང་ལ་ཝ་རི་རཱ་མེ་ཤྭ་ར་དང་ཿ དེ་བི་མཱ་ལ་ཉེ་གནས་དྲི་ཟས་བཟུང་ཿ དེ་ལྟར་བརྒྱད་ནི་ལྷ་དང་དྲི་ཟ་ཡིསཿ ནམ་མཁའ་ནས་འོངས་བཟུང་བས་མཁའ་སྤྱོད་ཟེརཿ ཀཱམཱུ་ཨོ་ཊི་གནོད་སྦྱིན་གྱིས་བཟུང་ཞིང་ཿ ཏྲི་ཤ་ཀུ་ནེ་དང་ནི་ཀོ་ས་ལཿ གནོད་སྦྱིན་འཁོར་གྱིས་བཟུང་བས་ཉོ་བའི་ཞིང་ཿ ཀ་ལིངྒ་དང་ལ་མྦཱ་ཀ་གཉིས་ནིཿ སྲིན་པོས་བཟུང་བས་ཚནྡྷོ་ཧ་


PKT001_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧བ༽ཞེས་བཏགསཿ ཀཱཉྩི་ཧི་མ་ལ་སྲིན་པོའི་འཁོར་གྱིས་བཟུང་ཿ ཉེ་བའི་ཚནྡོ་ཧ་སྡེ་ས་སྤྱོད་དོཿ པྲེ་ཏ་པུ་རི་གྲི་ཧ་དེ་བ་ཏཿ ཀླུ་ཡིས་བཟུང་བས་འདུ་བའི་གནས་སུ་བཏགསཿ སཽར་ཥ་གསེར་གླེང་ཀླུ་འཁོར་ཉེ་བའི་འདུཿ ན་ག་ར་སིནྡྷུ་དུར་ཁྲོད་ལྷ་མིན་བཟུང་ཿ མ་རོ་ཀུ་ལུ་ཏ་ནི་ལྷ་མིན་འཁོརཿ ཉེ་བའི་དུར་ཁྲོད་ས་འོག་ཀླུ་དང་ནིཿ རི་རབ་ཁོང་གསེང་ནས་འོངས་ལྷ་མིན་གྱིསཿ བཟུང་བས་ས་འོག་ལ་སྤྱོད་ཅེས་སུ་གྲགསཿ དེ་དག་དྲེགས་པ་འཇིག་རྟེན་བདག་པོར་གྱུརཿ ཛམྦུ་གླིང་པ་རྣམས་ཀྱི་སྲོག་འཕྲོག་ཅིང་ཿ དགྲ་སྟྭ་ཏྲི་ཤུལ་ཁ་ཊྭཱཾ་མཚོན་ཆ་འཛིནཿ ལུས་ལ་དུར་ཁྲོད་ཆས་བརྒྱད་རུས་པར་བརྒྱནཿ རང་རང་ཆུད་མར་ལྷན་ཅིག་སྦྱོར་བའི་དུསཿ བདག་ཅག་རྣམས་ནི་བདེ་ཞིང་འགྲན་ཟླ་མེདཿ དཔོན་ཅིག་མེད་ན་ནང་འཐབ་ཕུང་སྟེ་འགྲོཿ བཟའ་བ་དང་ནི་བཏུང་བའི་སྒོ་འཕྲོག་པཿ འཐབ་པ་དང་ནི་རྩོད་པ་འགྱེད་པར་འགྱུརཿ སྟོབས་ཆེན་དབང་ཕྱུག་ཆེན་པོ་ལྷ་ཆེན་པོཿ ཐམས་ཅད་ལས་ཀྱིས་བསྐོས་པའི་སྒམ་བུ་ཕྱཿ མ་ཏུང་ཀ་རུང་དཔོན་བཅོལ་འཐད་ཅེས་གླེང་ཿ ངེད་རང་ཚོ་དང་ལྟ་སྤྱོད་མཐུན་པའི་ཕྱིརཿ འབྱུང་པོ་སྲོག་ཟན་ཐམས་ཅད་ཁ་འཆམ་ནསཿ ལུས་སམ་དག་གམ་འོན་ཏེ་ཡིད་ཀྱིས་ཀྱང་ཿ དཔོན་གྱི་བཀའ་ལས་ནམ་ཡང་མི་འདར་ཆདཿ


PKT001_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨ན༽ལྷ་འདྲེ་ཡོངས་ཀྱི་དཔོན་པོ་དེ་བཞིན་ནོཿ ཐམས་ཅད་སྒམ་བུ་ཕྱ་ལ་རབ་ཏུ་འདུནཿ བགེགས་རྣམས་ཉིན་དང་མཚན་དུ་རྟག་པར་ཡང་ཿ མ་རུངས་དེ་ལ་སྲུང་བ་བྱེད་པར་གྱུརཿ འབྱུང་པོའི་ཚོགས་ཏེ་མི་མ་ཡིན་རྣམས་འདུཿ འཇིག་རྟེན་ཁམས་ལ་དབང་སྒྱུར་གསོན་པོར་ཟཿ ཉིད་གཡོག་ཡང་གཡོག་ཐམས་ཅད་བྲན་དུ་བཀོལཿ འཇིགས་བྱེད་སྟོབས་ཆེན་ཕ་རོལ་གནོན་པ་སྟེཿ དེ་དུས་སེམས་ཅན་ཤི་ཚད་དམྱལ་བར་འགྲོཿ འཇིག་རྟེན་དགེ་བར་གྲགས་རྣམས་གང་ཡོད་པཿ ད་ནི་ང་ཡིས་བརྗོད་པར་བྱའོ་ཟེརཿ ང་ལས་ཆེ་ཞིང་ལྷག་པ་སུ་ཞིག་ཡོདཿ ང་རྒྱལ་གཏུམ་པོའི་སྐད་འབྱིན་རབ་ཏུ་འཁྲུགསཿ མེ་དཔུང་འབར་ནས་རིག་པ་ངན་བསྐྱེད་དེཿ འབྱུང་པོ་ཀུན་གྱི་དབང་ཕྱུག་ང་ཡིན་པསཿ ང་ལས་ཆེ་བའི་དབང་ཕྱུག་གཞན་ཡོད་ནཿ དེ་ཡང་ང་ཡིས་དབང་དུ་བསྡུ་བ་ཡིནཿ ཞེས་པའི་ང་རྒྱལ་ཕྱོགས་བཅུར་བསྒྲགས་པ་ཡིསཿ དེ་དུས་འགྲོ་བའི་ཤེས་བློ་རྨོངས་པར་གྱུརཿ དུས་མཚན་མ་ཡིས་བདེན་པའི་ཚིག་འདི་བརྗོདཿ སྲིན་པོ་ལངྐའི་ཡུལ་གྱི་གྲོང་ཁྱེར་མཆོགཿ ཀོ་ཀ་ཐང་དམར་གླིང་གི་བྱན་ལག་ལྗོངསཿ རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེརཿ སྲིན་པོའི་རྒྱལ་པོ་ལངྐའི་མངའ་བདག་ཅེསཿ སངས་རྒྱས་མར་མེ་མཛད་ཀྱི་སློབ་མ་སྟེཿ ཁྱོད་བས་དེ་ཡི་གྲགས་


PKT001_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨བ༽པ་རྣམ་པར་འཕེལཿ གཡུལ་འགྱེད་དགྲ་ཀུན་གྱིས་ཀྱང་མི་བརྫིའོཿ ཿབདེ་བར་གཉིད་ལོག་བདེ་བར་རབ་ཏུ་སདཿ དེ་སྐད་ཅེས་བརྗོད་ཐོས་མ་ཐག་ཏུ་ནིཿ འཇིགས་བྱེད་སྐད་ཅིག་གཅིག་ལ་དམག་སྡེར་བཅསཿ གཡུལ་འགྱེད་བྱ་བཞིན་མཁའ་ལ་འཕུར་ནས་སུཿ སྲིན་ཡུལ་བྱོན་ལག་ལྗོངས་པའི་རི་ལ་བབསཿ ང་རྒྱལ་གཏུམ་པོས་མ་ཏྲཾ་རཱུ་ཏྲ་བསྒྲགསཿ ལངྐའི་ཡུལ་རྣམས་ཤིགས་ཤིགས་ཡོམ་ཡོམ་གྱུརཿ སྲིན་པོ་སྲིན་མོ་ཐམས་ཅད་རབ་ཏུ་སྡངསཿ རྒྱལ་པོས་དེ་ལ་ཉུལ་པོ་བཏང་བ་ཡིསཿ འཇིགས་བྱེད་དམག་སྡེ་ལྟར་མི་བཟོད་པ་མཐོང་ཿ བརྗོད་གཞི་རྒྱལ་པོའི་སྙན་རུ་གསོལ་བ་ཡིསཿ ལངྐའི་བདག་པོས་མཉམ་གཞག་ཐུགས་དགོངས་བཏང་ཿ རྒྱལ་པོ་ཡོན་ཏན་འཛིན་གྱི་མདོ་ལས་ཀྱང་ཿ བླ་མའི་ཐུགས་དཀྲུགས་མཆེད་གྲོགས་ཡིད་བསད་པཿ སྲུལ་པོ་གཉའ་བྲག་ཕྲུག་གུ་རྟོག་འདོད་ཅནཿ ངན་སོང་གསུམ་ལས་ཚོ་ནི་འཕོས་གྱུར་པསཿ ལངྐའི་བདག་པོ་འཛོམས་པར་ཐེ་ཚོམ་མེདཿ མཐར་ནི་བདེ་བར་གཤེགས་པ་མང་པོས་འདུལཿ བླ་མེད་རྡོ་རྗེ་ཐེག་པའི་བསྟན་པར་བྱུང་ཿ ཞེས་གསུང་པ་ཡི་ལུང་བསྟན་ཅིག་འདུག་པསཿ ཡིན་ནམ་མ་ཡིན་ཉམས་སང་བྱ་རུ་ཡོང་ཿ རྒྱལ་པོས་སྲིན་པོའི་དམག་དཔུང་འཛོམ་པར་གཡུལཿ དམག་གིས་སྒམ་བུ་ཕྱ་ལ་


PKT001_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩ན༽བརྡུགས་པར་གྱུརཿ ད་ནི་འགྲན་གྱི་ཟླ་མེད་གཅིག་པུར་ཆེཿ ང་ནི་དབང་ཕྱུག་མ་ཧཱ་དེ་བ་སྟེཿ རྒྱལ་ཆེན་རིགས་བཞི་ལ་སོགས་ང་ཡི་གཡོགཿ ལྷ་སྲིན་སྡེ་བརྒྱད་མ་ལུས་ང་ཡིས་བྲནཿ འཇིག་རྟེན་ཁམས་ཀྱི་བདག་པོ་ང་ཡིན་པསཿ སུ་ཞིག་ང་དང་འགྲན་གྱི་དོ་ཟླ་ཡོདཿ རཱུ་ཏྲ་མ་ཏྲ་མ་རཱུ་ཏྲཿ ཞེས་བརྗོད་སྲིན་པོའི་ཚོགས་རྣམས་དབང་དུ་བསྡུསཿ རྒྱལ་པོས་སངས་རྒྱས་བསྟན་པ་འཕེལ་བྱའི་ཕྱིརཿ ཁྱོད་ལ་བསྔོས་པར་གྱུར་པ་བདག་གནོད་འགྱོདཿ ཉིད་ཀྱི་འབངས་སུ་མཆིའོ་ངོ་མི་བཟློགཿ རྒྱལ་པོ་བཙུན་མོ་འཁོར་བཅས་མ་ལུས་དང་ཿ སྲིན་པོའི་རྒྱལ་ཁམས་དབང་དུ་བསྡུས་པའི་ཚེཿ སྲིན་པོའི་དེད་དཔོན་མ་ཏྲཾ་རཱུ་ཏྲ་ང་གྲགསཿ གང་གིས་དེ་མཐོང་ཐོས་མ་ཐག་ཏུ་འདུནཿ དེ་ནས་ཡང་ནི་ང་རྒྱལ་ཆེ་བར་རློམཿ བདག་ལས་ཆེ་བ་གང་དག་སུ་ཞིག་ཡོདཿ རཱུ་ཏྲ་མ་ཏྲཾ་མ་རཱུ་ཏྲཿ དུས་མཚན་མ་ཡིས་ཤེད་བསྐྱེད་ཚིག་འདི་བརྗོདཿ ཁྱོད་བས་ཆེ་བ་ལྷ་མ་ཡིན་གྱི་གནསཿ ལྷ་མིན་དེད་དཔོན་མཧཱ་ཀ་རུ་ཞེསཿ མཐུ་དང་རྫུ་འཕྲུལ་ཁྱད་པར་འཕགས་པ་ཡོདཿ འཇིགས་བྱེད་ཁམས་འཁྲུགས་མེ་དཔུང་ཆེན་པོར་གྱུརཿ འཕུར་རྩལ་མ་ཏྲཾ་ཀ་རུའི་གནས་སུ་བབསཿ ལྷུང་ཐབས་གྱུར་པའི་དད་པ་དབུགས་ཧམས་ནསཿ ཚ་གྲང་ནད་ཀྱིས་མཚོན་ཆར་


PKT001_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩བ༽ཕབ་ནས་བསོདཿ ལུས་ཀུན་མེ་དཔལ་འབྲུམ་བུའི་ཟུག་རྔུས་གདུངསཿ ཤི་མ་གསོན་དེའི་རྐང་པ་གཡས་ནས་འཇུསཿ ཛམྦུའི་གླིང་དུ་ཀླད་ཀོར་བསྐྱུར་བཏང་བསཿ དགེ་གནས་བརྒྱད་ཀྱི་ཡུལ་དུ་ཆགས་པར་གྱུརཿ གསང་བའི་བྱན་མོ་བུ་འཁོར་བཅས་པ་རྣམསཿ གཟའ་བརྒྱུད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་ཿ ལོག་པར་འདྲེན་པའི་བགེགས་རིགས་ཇི་སྙེད་པཿ གང་གི་སྐྱབས་སུ་བྲོས་ཀྱང་མཐར་ཏེཿ སླར་ཡང་ཐམས་ཅད་འཇིགས་བྱེད་དྲུང་དུ་འདུསཿ ལྷ་མིན་ཀུན་གྱིས་སྲིད་བརླག་བསྐོས་བཏབ་ནསཿ བམ་རི་ཐོད་པ་མཁར་ཞེས་བྱ་བར་འཁྲིསཿ ཕོ་བྲང་བདུད་ཀྱི་རྒྱལ་མཚན་ཕུགས་སུ་བཙུགསཿ སྐྲག་པའི་བདུད་མཚོན་སྒོ་ཡི་མདུན་དུ་ཕྱརཿ འཁོར་སའི་འཕྲུལ་ཆ་མང་པོས་བསྐོར་ནས་སུཿ རྫུ་འཕྲུལ་རི་རབ་མཛུབ་མོའི་རྩེ་ལ་བཞགཿ ཀླད་ལ་སྐོར་ཞིང་ང་རྒྱལ་སྒྲོགས་པ་ནིཿ རཱུ་ཏྲ་མ་ཏྲཾ་མ་རཱུ་ཏྲཿ སྲིད་པ་འདི་ནང་བས་སུ་ཞིག་ཆེཿ དུས་མཚན་ཆེ་བའི་ཟླ་ཡོད་འགྲན་བཙུགས་པཿ སུམ་ཅུ་རྩ་གསུམ་དཔའ་ལྡན་ལྷ་ཡུལ་ནཿ གསེར་འདྲ་ཉན་ཐོས་དགེ་འདུན་རྣམས་ཀྱི་དབུསཿ རྣམ་འདྲེན་དམ་པ་ཏོག་དཀར་ཞེས་བྱ་བཿ དབང་བསྐུར་ཐོབ་པ་ལྷ་རྒྱལ་ཀུན་གྱིས་བསྟོདཿ སིལ་སྙན་མང་པོ་གླུ་དབྱངས་སྒྲས་བསྐུལ་ནསཿ ཐམས་ཅད་མ་ལུས་


PKT001_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠ན༽འདུད་པ་དེ་ཆེའོཿ དེ་སྐད་སྨྲས་པས་གཏུམ་རྔོམས་ཤིན་ཏུ་ཁྲོསཿ མི་སྡུག་བཞིན་བསྡུས་གཟུགས་བསྐྱོད་གཏུམ་རྔམས་འབརཿ མི་སྙན་ཚིག་འབྱིན་སྒྲ་དང་ས་གཡོས་བཅསཿ དམ་པ་ཏོག་དཀར་ཆོས་སྟོན་མཐོ་བ་ནསཿ པང་པས་འུབ་བསྡུས་མི་མཛད་འཇིག་རྟེན་དེརཿ མཆོག་ཆེན་ཉན་ཐོས་རྣམས་ཀྱིས་ཞི་བར་སྨྲསཿ ཀྱེ་མ་ཀྱི་ཧུད་སྡིག་པ་འདི་ལྟ་བུཿ རུང་ངམ་དགེ་བའི་ལས་ལ་འདུན་བརྗོད་པསཿ གོས་ཟུང་བཞི་གྱོན་རང་རང་བདེ་བར་འདུགཿ ཁྱོད་ཀྱི་དབང་དུ་ང་འགྱུར་ག་ལ་སྲིདཿ ང་ནི་སྟོབས་ཆེན་དཔའ་བོ་ཡིན་ནོ་ཟེརཿ དེ་ནས་དམ་པ་ཏོག་དཀར་འདའ་ཚུལ་བསྟནཿ འཁོར་རྣམས་ཀུན་ལ་མི་ཕྱེད་དང་བས་བརྗོདཿ ཀྱེ་མ་ང་ཡི་མཆོག་ཆེན་ཉན་ཐོས་རྣམསཿ སངས་རྒྱས་བསྟན་པ་འདི་ལ་མ་དད་པཿ སློབ་མ་དམ་ཉམས་ཐར་པ་ནག་པོ་འདིཿ འདིས་ནི་ལྷ་དང་མི་དང་ལྷ་མ་ཡིནཿ ཡང་དག་མ་ཡིན་ཡོངས་སུ་བསྡུ་བར་འགྱུརཿ རྫོགས་སངས་རྒྱས་ལ་སྡང་སེམས་འཇིག་རྟེན་ཕུད་ཿ དེ་ཡིས་ཉེས་པ་ཐམས་ཅད་འཕྲོག་བྱེད་པཿ ཐུབ་དཀའ་གཞོན་ནུ་དོན་ཕག་གཉིས་ཀྱིས་ནིཿ ཚེ་འདིར་རྣམ་སྨིན་གློ་བུར་བསྐྱེད་པར་འགྱུརཿ ཞི་བ་དང་ནི་རྒྱས་པས་མི་ཐུལ་བསཿ དབང་དང་དྲག་པོའི་ལས་ཀྱིས་འདུལ་བར་འགྱུརཿ འཕགས་པའི་བདེན་པར་སུ་


PKT001_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠བ༽དག་ཡིད་མི་ཆེསཿ ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་ནས་ནིཿ མཁའ་ལྟར་ཡས་འབེབས་ཐབས་མང་རྒྱལ་བས་འདུལཿ དམ་རྫས་དགེ་བར་བསྒྲུབ་པའི་ཨ་མྲྀ་ཏཿ སྨན་རྣམས་བདུད་རྩིར་བསྒྱུར་བ་འདི་ལས་འབྱུང་ཿ འདི་ཉིད་རྡུལ་ཕྲན་གཅིག་ཙམ་མ་ལུས་འདུལཿ མི་མཐུན་གཉེན་པོ་རྡོ་རྗེ་རྟ་མགོ་ཅནཿ དན་ཕག་ལག་ན་རྡོ་རྗེ་དེ་བཞིན་གཤེགསཿ དགོངས་ཏེ་ཐུབ་དཀའ་རྡོ་རྗེ་སེམས་དཔའ་ཆེཿ རྒྱལ་བའི་ལུང་བསྟན་མཆོག་འདི་དེ་ལྟར་བལྟཿ ཕ་རོལ་དགྲ་ནི་ཡང་དག་ཟད་པར་བྱེདཿ ང་ནི་ལྷ་མོ་སྒྱུ་འཕྲུལ་ལྷུམས་སུ་འཇུགཿ བྱང་ཆུབ་ཤིང་དྲུང་ང་ནི་མཉམ་པར་འཇོགཿ དེ་ལྟར་དེ་དག་རྟག་འཛིན་མི་བྱེད་པརཿ དེ་བས་ཐུབ་པའི་བསྟན་པ་མཆོག་ཏུ་གསུངསཿ སེམས་ཅན་ཀུན་ལ་བདེ་བ་སྦྱིན་པར་བྱེདཿ ཛམྦུའི་གླིང་འདིར་ཡུན་རིང་གནས་པར་འགྱུརཿ སྤྱོད་པ་ཟབ་མོ་སྦྱོར་སྒྲོལ་ཕུལ་ཕྱིན་གྱིསཿ ལུས་ཀྱི་བདག་འཛིན་མ་ཏྲཾ་རཱུ་ཏྲ་བསྒྲལཿ འཇིག་རྟེན་བདེ་དང་མི་བདེའི་རྣམ་པ་ཀུནཿ ངག་གི་བདག་འཛིན་ཨ་ཀར་ཤ་རཱུ་ཏྲཿ ངོ་བོ་གང་ལ་གང་གིས་ཅི་ཞིག་བསྟནཿ སེམས་ཀྱི་བདག་འཛིན་ཁ་ཊྭཾ་ག་རཱུ་ཏྲཿ རཱུ་ཏྲའི་ངོ་བོ་ངེས་ཚིག་དབྱེ་བ་གསུངསཿ རཱུ་ཏྲ་གསང་བ་ཕྱི་ནང་ཁོ་ན་ཉིདཿ རཱུ་ཏྲ་ལྔ་བཅུ་རྩ་བརྒྱད་སྡེ་དཔུང་བཅོམཿ ཛམྦུའི་གླིང་དེ་ཉམས་ཀྱང་དགའ་བར་


PKT001_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡ན༽འགྱུརཿ དཀོན་ཅོག་ཟབ་མོའི་ཆོས་ཀྱིས་ཡུལ་ཁམས་སྐྱོང་ཿ ཆོས་བསྟེན་མི་ནུབ་མྱ་ངན་ཡོངས་མི་འདའཿ ཞེས་པའི་ཞལ་ཐེམས་བཞག་ནས་ལྷུམས་སུ་ཞུགསཿ དེ་ནས་རཱུ་ཏྲའི་མངོན་ཤེས་ཕྲ་འུས་མཐོང་ཿ ལྷ་ཆེན་དགའ་རབ་དབང་ཕྱུག་གཤེད་དུ་བསྐོསཿ དགའ་ལྡན་ལྷ་ཡུལ་ཐམས་ཅད་དབང་དུ་བསྡུསཿ ཚངས་པ་བརྒྱ་བྱིན་ལྷ་ཡི་ཁ་གནོན་བཞགཿ མ་ལ་ཡ་གནས་བམ་རི་ཐོད་མཁར་བཟུང་ཿ མི་ཡི་ལུས་སུ་གནས་ཚད་ཟས་སུ་ཟཿ རྔ་གླིང་རོལ་མོའི་དབྱངས་སྒྲ་སྣ་ཚོགས་དང་ཿ གླུ་དང་གར་རྣམས་བྱེད་ཅིང་ཐམས་ཅད་གནསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གདུལ་ཞིང་རཱུ་ཏྲའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ


previousགདུལ་ཞིང་རཱུ་ཏྲའི་སྐྱེ་རྒྱུད་བསྟན་པའི་ལེའུ། next