Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།

2 occurrences of དེའི་འོག་ཏུ་
[Clear Hits]


  
  
  
  
  
ཁྱུང་པོ་རྣལ་འབྱོར་གྱི་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས། ཚུལ་ཁྲིམས་མགོན་པོ།
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


2 occurrences of དེའི་འོག་ཏུ་
[Clear Hits]

 
previousཁྱུང་པོ་རྣལ་འབྱོར་གྱི་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས། ཚུལ་ཁྲིམས་མགོན་པོ། next

ཁྱུང་པོ་རྣལ་འབྱོར་གྱི་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས། ཚུལ་ཁྲིམས་མགོན་པོ།


PS008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་པོ་རྣལ་འབྱོར་གྱི་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་བཞུགས་སོ།། །།


PS008_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བླ་མ་དམ་པའི་ཞབས་བཏུད་ནས། །བཅོམ་ལྡན་བདེ་མཆོག་ལྷ་ལྔ་ཡི། །མངོན་རྟོགས་ཌཱ་ཀིས་གསུང་བཞིན་དུ། །རང་སེམས་གསལ་འདེབས་དོན་དུ་བྲི། །དེ་ལ་དཔལ་བདེ་མཆོག་གི་སྒྲུབ་ཐབས་འདི་ལ་དོན་ལྔ་སྟེ། །གང་གིས་བསྒྲུབ་པའི་གང་ཟག །གང་དུ་བསྒྲུབ་པའི་གནས། །གང་དང་འགྲོགས་པའི་གྲོགས། །གང་དགོས་སྒྲུབ་པའི་རྫས། །ཇི་ལྟར་སྒྲུབ་པའི་ཐབས་སོ། །དང་པོ་ལ་གཉིས་ཏེ། །གང་ལ་བརྟེན་པ་


PS008_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གང་གིས་བསྒྲུབ་པའོ། །དང་པོ་ནི། བླ་མ་དམ་ཚིག་བཞི་དང་ལྡན་པ་དགོས་ཏེ། །བླ་མ་བརྒྱུད་པ་དང་ལྡན་ཞིང་ཡང་དག་པའི་དོན་རྟོགས་པ། དམ་ཚིག་དང་ལྡན་ཞིང་བྱིན་རླབས་འབྱུང་བ། རྒྱུད་སྡེ་ལ་མཁས་ཤིང་ཆོ་གའི་ཁ་སྐོང་ཤེས་པ། སྙིང་རྗེ་ཆེ་ཞིང་ཆགས་པ་མེད་པའོ། །གཉིས་པ་སློབ་མའང་མཚན་ཉིད་བཞི་ལྡན་ཏེ། །དད་པ་བརྩོན་འགྲུས་དང་ལྡན་པ། རྒྱུད་གཞན་དང་འདིའི་དབང་བསྐུར་དང་


PS008_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། སྙིང་རྗེ་དང་ཤེས་རབ་དང་ལྡན་པ། རྗེས་གནང་དང་སྒྲུབ་ཐབས་སུ་མཁས་པར་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། རྒྱུད་སྡེ་དང་མཐུན་པ། བར་ཆད་ལས་དབེན་པ། བཀྲ་ཤིས་པའི་གནས་སོ། །དང་པོ་ནི། རྡོ་རྗེ་གདན་གྱི་ཕྱོགས་མཚམས་ཀྱི་དུར་ཁྲོད་ཆེན་པོ་བརྒྱད་དམ། གནས་ཉི་ཤུ་རྩ་བཞིའམ། སུམ་ཅུ་རྩ་གཉིས་ལ་སོགས་པའོ། །གཉིས་པ་ལ་གསུམ་སྟེ། མི་ཡིས་དབེན་པ། གདོན་གྱིས་དབེན་པ། འབྱུང་བཞིས་དབེན་པའོ། །དང་པོ་ནི། ཆོམ་རྐུན་དང་། མིའི་འདུ་འཛི་སྣ་ཚོགས་ཀྱི་བར་ཆད་མེད་པའོ། །གཉིས་པ་ནི། ཀླུ་དང་། ས་བདག །རྒྱལ་བསེན་དམ་སྲིད་ལ་སོགས་གདོན་གདུག་པ་ཅན་གྱིས་དབེན་པའོ། །གསུམ་པ་ནི། འབྱུང་བཞིས་དགེ་སྦྱོར་དང་། སྲོག་གི་བར་ཆད་དུ་འགྲོ་བས་དབེན་པའོ། །བཞི་པ་ནི། སངས་རྒྱས་དང་གྲུབ་


PS008_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་རྣམས་ཀྱི་བཞུགས་གནས་ཏེ། མདོར་ན་ཉམས་དགའ། བཀྲ་ཤིས་པའི་གནས་སོ། །གསུམ་པ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་རོ། །དང་པོ་ལ་གསུམ་སྟེ། བཟང་བ། མཐུན་པ། ཤེས་པའོ། །དང་པོ་ནི། གྲོགས་མི་གཤིས་བཟང་བ། བརྟན་པ། འདུལ་བའོ། །གཉིས་པ་ནི། ལྷ་དང་། བླ་མ། ལྟ་སྤྱོད་ཐམས་ཅད་མཐུན་པའོ། །གསུམ་པ་ནི། སྒྲུབ་ཐབས་དུ་མ་དང་། སྨན་དཔྱད་ལ་སོགས་པའི་རིགས་བྱེད། འདི་ཉིད་ཀྱི་ལག་ལེན་ལ་མཁས་པར་བྱའོ། །གཉིས་པ་ལ་བཞི་སྟེ། ལྷན་སྐྱེས། ཞིང་སྐྱེས། སྔགས་སྐྱེས། མཐར་སྐྱེས་པའོ། །དང་པོ། སྐྱེ་བ་སྔ་མ་ཡང་སྔགས་གཞན་དང་འདི་ཉིད་ལྷན་ཅིག་བསྒྲུབ་པས། འདིར་ཡང་ལྷ་དང་། བླ་མ་གཅིག་པས་མཚུངས་ལྡན་དུ་བསྒྲུབ་པའོ། །གཉིས་པ་ནི། སྔ་མ་དང་། འདིར་ཕ་མ་གཉིས་ཀྱིས་སྔགས་གྲུབ་པ་ལས་


PS008_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་བུ་མོ་སྔགས་གཞན་དང་། འདི་ཉིད་ལས་རྒྱུད་སྦྱངས་ཤིང་འདོད་འདུན་དང་ལྡན་པ་དད་པ་ཅན་ནོ། །གསུམ་པ་ནི། ཞིང་དང་ཉེ་བའི་ཞིང་ལ་སོགས་པར་སྐྱེས་པ། ཌཱ་ཀིའི་རིགས་ཀྱི་བུ་མོས་གྲོགས་བྱེད་པའོ། །བཞི་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོས་རིགས་མ་ངེས་པའི་བུད་མེད་ཀྱི་གཟུགས་བཟུང་ནས། བས་མཐའ་ལ་སོགས་པར་བདག་གིས་སྒྲུབ་གྲོགས་བྱས་ནས། གྲོལ་བར་བྱེད་པའོ། །བཞི་པ་ལ་གསུམ་སྟེ། རྟེན་རྫས། མཆོད་རྫས། འཚོ་བའི་རྫས་སོ། །དང་པོ་ནི། བདེ་མཆོག་གི་དཀྱིལ་འཁོར་གྱི་དམ་ཚིག་པ་རབ་གནས་བྱས་པའོ། །གཉིས་པ་ནི། ཕྱི་ནང་གསང་གསུམ་གྱི་མཆོད་པའི་མཆོད་རྫས་རྣམས་སོ། །གསུམ་པ་ནི། བསྒྲུབ་པ་ལ་ཞུགས་ནས། མ་ཐོན་གྱི་བར་གྱི་ཟས་གོས་དང་། སྨན་ལ་སོགས་པའི་མཐུན་རྫས་གཉིས་ལྡན་དུ་བསགས་པའོ། །ལྔ་པ་ལ་གཉིས། དངོས་གྲུབ་བསྒྲུབ་པ་དང་།


PS008_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གཉིས་ཏེ། འབྱོར་པའི་ཚོགས་བསགས་པ་དང་། གདམས་པའི་ཚོགས་བསགས་པའོ། །དང་པོ་ལ་གཉིས་ཏེ། ཕར་ཕྱིན་དང་། གསང་སྔགས་སོ། །དང་པོ་ལ་གཉིས་ཏེ། རྟེན་གོང་མ་དང་། །རྟེན་འོག་མའོ། །དང་པོ་བསྒྲུབ་པ་ལ་འཇུག་པའི་གོང་དུ། དཀོན་མཆོག་གསུམ་ལ་མཆོད་པ། བླ་མ་དང་། དགེ་འདུན་དང་། ཕ་མ་ལ་བསྙེན་བཀུར་བྱ། རྒྱལ་པོ་ལ་གསེར་དངུལ། བྲམ་ཟེ་ལ་ཚངས་སྐུད་དོ། །གཉིས་པ་ནི། རྒྱུད་ཚོད་དང་མཐུན་པའི་ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པ་དང་། ཆོས་དང་། བྱམས་པའི་སྦྱིན་པའོ། །གཉིས་པ་ནི། བསྒྲུབ་པ་ལ་འཇུག་པའི་ཚེ། རབ་ཀྱི་དབང་བསྐུར། འབྲིང་ཚོགས་འཁོར། ཐ་མ་དཔའ་བོའི་སྟོན་མོ་བྱའོ། །གཉིས་པ་གདམས་པའི་ཚོགས་བསགས་པ་ནི་དྲུག །བསྲུང་བའི་འཁོར་ལོ་བྱ་བ། རྟེན་དཔང་པོར་བཞུགས་


PS008_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པ། སེམས་གསུམ་ལྷར་བསྐྱེད་པ། འདུན་རྣམ་དག་བྱ་བ། ཚད་མེད་པ་བཞི་བསྒོམ་པ། བཏང་སྙོམས་ཡེ་ཤེས་སོ། །དང་པོ་ལ་གཉིས་ཏེ། བདག་བསྲུང་བ་དང་། གནས་བསྲུང་བའོ། །དང་པོ་ལ་གསུམ། ལུས་བསྲུང་བ་དང་། ངག་བསྲུང་བ་དང་། ཡིད་བསྲུང་བའོ། །དང་པོ་ནི། ཐོ་རངས་ནམ་གྱི་ཆ་བརྒྱད་ལ་ལངས་ཏེ། ནམ་མཁར་རིགས་ལྔའི་ལྷ་ཚོགས་ལ་གསོལ་བ་བཏབ་པས། ཐུགས་ཀ་ནས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པས་དབང་བཞིས་ཁྲུས་བྱས་པ་དང་། རང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་ལུས་ཤེལ་སྒོང་ལྟར་གྱུར་པར་བསམ་ལ་ཁྲུས་བྱའོ། །གཉིས་པ་ནི། བདུད་རྩི་རིལ་བུ་ལྕེ་ཐོག་ཏུ་བཞག་ནས། ཨོཾ་ཨ་མྲྀ་ཝཱ་ཀ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་ངག་དག་པའོ། །གསུམ་པ་ནི། སེམས་རིག་སྟོང་འཛིན་མེད་དུ་བཞག་པའོ། །གཉིས་པ་ནི། རང་སྐད་ཅིག་གིས་གཙོ་


PS008_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཡབ་ཡུམ་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་བསམ་ཞིང་རྡོ་རྗེ་ཐོད་སྦྱོར་གྱི་ཕྱག་རྒྱ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་ཐུགས་ཀའི་ཧཱུྃ་ལས་རཾ་ཅིག་དབུ་མ་ནས་མདུན་དུ་ཆད་པ་ལས་ཉི་མའི་དཀྱིལ་འཁོར་སྟོང་གསུམ་ཙམ་དུ་གྱུར། ཡང་ཧཱུྃ་ཅིག་ཉི་མའི་སྟེང་དུ་ཆད་པ་ལས། རྡོ་རྗེ་རྒྱ་གྲམ་ལྟེ་བ་མཐིང་ག །ཤར་གྱི་རྭ་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། རྒྱ་ཆེ་བས་ས་གཞི། འཕངས་མཐོ་བ་རྡོ་རྗེའི་རྭ་རྣམས་སྟེང་དུ་འདུ་བས་བླ་རེའོ། །རྡོ་རྗེའི་སྟེང་དང་ཕྱོགས་བཞི་ནས་ཧཱུྃ་ཁ་དོག་ལྔ་འཕྲོས་པས། རྡོ་རྗེ་རྩེ་དགུ་པ་དང་། བདུན་པ་དང་། ལྔ་པ་དང་། གསུམ་པ། རྩེ་གཅིག་པ། སྲན་མ་དང་། ནས་ཙམ་ཡན་ཆད་ཀྱིས་གཏམས་པ་དང་། འོག་གི་ཉི་མ་ལ་མེ་འབར་བས། ཕྱིའི་རྡོ་རྗེ་རྣམས་ཁྲོ་ཆུ་ལྟར་ཞུ་ནས་སྲིད་པའི་རླུང་གིས་ཀྱང་མི་


PS008_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བའི་བསྲུང་འཁོར་སྟོང་གསུམ་ཙམ་དུ་གྱུར་པར་བལྟའོ། །དེས་བདུད་བཞི་བཅོམ་སྟེ། ཤར་གྱི་རྭས་ལྷ། ལྷོའི་ཕུང་པོའི། །ནུབ་ཀྱི་ཉོན་མོངས་པའི། བྱང་གིས་འཆི་བདག་གི་བདུད་བཅོམ། ཡང་དྲྭ་གུར་ཁ་དོག་ལྔས་ཕུང་པོའི། དེ་རིགས་ལྔ་ལྷའི་བུའི། དེ་ཡེ་ཤེས་ལྔས་ཉོན་མོངས་པའི། དྲྭ་གུར་སྟོང་པས་འཆི་བདག་གི་བདུད་བཅོམ་མོ། །གཉིས་པ་ནི། རང་གི་ས་བོན་གྱི་འོད་ཀྱིས། བླ་མ་ཡི་དམ་དྲྭ་གུར་གྱི་ནང་དུ་བཞུགས་པར་བལྟ་ལ་སྐྱབས་འགྲོ་བྱའོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་ལས་སྐྱོབ་པའི་སྙིང་རྗེ་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བའི་དགའ་བ། ཧེ་རུ་ཀའི་འགོ་འཕང་ལ་འགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་ལ། བཅོམ་ལྡན་འདས་ཐུགས་རྗེའི་དབང་གིས་མདུན་


PS008_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱོན་ཏེ། དེའི་འོད་ཟེར་བདག་གི་ལུས་ལ་ཕོག་པས་ཕུང་པོ་དང་། ཁམས་སྐྱེ་མཆེད་ཀྱིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས། མེ་ལོང་གསལ་བ་ལ་གཟུགས་བརྙན་ཤར་བ་ལྟར་མདུན་གྱི་ལྷ་དང་རང་ཉིད་དབྱེར་མེད་པའི་བདེ་མཆོག་གི་སྐུར་གྱུར་པ་ནི། བསྲུང་བ་ནི། ཚོགས་བསགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། །བཞི་པ་ལ་བདུན་ཏེ། རྟེན་སྤྱན་དྲངས་པས། མཆོད་པ་འབུལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རང་བ། སྐྱབས་སུ་འགྲོ་བ། ལམ་མཆོག་བརྟེན་པ། བསྔོ་བ་བྱའོ། །དང་པོ་ནི། ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་ལྷ་ལྔའི་དཀྱིལ་འཁོར་བླ་མ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ། རང་གི་གནས་གསུམ་དུ་


PS008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྦྱར་ཏེ། །ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མཿམི་ཧཱུྃ། ཨོཾ་ན་མོཿན་མ་ཧཱུྃ། ཞེས་པས་རྟེན་གྱི་ཞབས་གཏུགས་པའི་ཕྱག་བྱ། གཉིས་པ་ལ་བཞི། ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ནའོ། །དང་པོ་ནི། སྙིང་གའི་ཧཱུྃ་ལས་མེ་ཏོག་མ་སེར་མོ། །ཡོན་ཆབ་མ་དཀར་མོ། །བདུག་སྤོས་མ་སྔོན་མོ། །མར་མེ་མ་དམར་སྐྱ། ཞལ་ཟས་མ་དཀར་མོ་དཔག་ཏུ་མེད་པས་མཆོད་དོ། །གཉིས་པ་ནི། ཧཱུྃ་ལས་ཌཱ་ཀི་མ་མཐིང་ག་ལཱ་མ་ལྗང་གུ། ཁཎྜ་རོ་ཧི་དམར་མོ། །རཱུ་པི་ནི་སེར་མོ་རྣམས་ཤ་ལྔ་བདུད་རྩི་ལྔ་ཐོགས་པ་དཔག་ཏུ་མེད་པས་མཆོད་དོ། །གསུམ་པ་ནི། བདེ་བ་རྒྱས་པའི་ལྷ་མོ་ཡུམ་བཞི་ལ་ཐིམ་པའི་སྙོམས་འཇུག་གི་བདེ་བས་མཆོད་པའོ། །བཞི་པ་ནི། མཆོད་བྱ། མཆོད་བྱེད། མཆོད་པ་རྣམས་རང་བཞིན་མེད་པར་ཤེས་པར་བྱའོ། །དེ་རྣམས་ཀྱང་


PS008_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞིའི་ཚུལ་དུ་མཆོད་དེ། བུམ་དབང་ལ་སོགས་པ་བཞིས་མཆོད་པའི་རིམ་པ་བཞིན་ནོ། །གསུམ་པ་ནི། སྔར་བྱས་པའི་སྡིག་ལ་འགྱོད། ཕྱིས་མི་བྱེད་པའི་སྡོམ་སེམས། ད་ལྟར་གྱི་ལས་རང་བཞིན་མེད་པར་བཤགས་པར་བྱའོ། །བཞི་པ་ནི། སྤྱིར་བསྟན་པ་དང་། སྔགས་ཕྱི་ནང་། ཁྱད་པར་བདེ་མཆོག་གི་བསྒྲུབ་སྒོར་ཞུགས་པ་ལ་རྗེས་སུ་ཡིད་རང་བའོ། །ལྔ་པ་ནི། སངས་རྒྱས་གཙོ་བོ་ཡབ་ཡུམ། ཆོས་སྔགས་གྲགས་སྟོང་། ལྷ་མོ་བཞི། དགེ་འདུན་ལ་སྐྱབས་འགྲོ་བྱའོ། །དྲུག་པ་ནི། ལམ་རྣམས་ཀྱི་རབ་མཆོག་བདེ་བའི་མཆོག་འདི་རང་གི་རྒྱུད་ལ་བརྟེན་པའོ། །བདུན་པ་ནི། དགེ་བའི་རྩ་བ་རྣམས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཆེན་པོར་བསྔོ་བའོ། །དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །


PS008_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་བདག་བགྱིད་དེ། །བདག་དང་གཞན་དོན་རབ་སྒྲུབ་ཕྱིར། །བདག་གིས་བྱང་ཆུབ་མཆོག་སེམས་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱའོ། །ལྔ་པ་ནི། ཚད་མེད་པ་བཞིའི་འོད་ཟེར་འཕྲོས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ། སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ། བདེ་བ་དང་མི་འབྲལ་བའི་སྤྲོ་དགའ། ཀུན་ལ་སེམས་བཏང་སྙོམས་བསྒོམ་པར་བྱའོ། །དྲུག་པ་བཏང་སྙོམས་ཡེ་


PS008_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཚོགས་ལ་བཞི། བཏང་སྙོམས་སྟོང་ཉིད་དང་ཤེས་རབ་ཀྱིས་མཆོད་པ་མན་ངག་གིས་བཞག་པ་སྔགས་བརྗོད་པས་གྲུབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཕྱི་བཟུང་བའི་ཡུལ་ལམ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསམ་མོ། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་ནས་འཛིན་བྱེད་ཀྱི་སེམས་སམ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ། གཉིས་པ་འབྲས་བུ་བསྒྲུབ་པ་ལ་གཉིས། རྟེན་དང་། བརྟེན་པའོ། །དང་པོ་ནི། སྟོང་པའི་ངང་ལས་པཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་ཟླུ་པོ། ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི། སུཾ་ལས་རིའི་རྒྱལ་པོ་རི་རབ་གྲུ་བཞི། རིན་ཆེན་བཞི་ལས་གྲུབ་པ་ལྕོགས་


PS008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱིས་རྣམ་པར་མཛེས་པའོ། །གཉིས་པ་ལ་བཞི་སྟེ། བསྐྱེད་རིམ་བཟླས་པ་གཏོར་མའོ། །དང་པོ་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་པ་གཞུག་ཅིང་བྱིན་གྱིས་བརླབ་པ་དང་། དབང་བསྐུར་རྒྱས་གདབ་པ། བདུད་རྩི་མཆོད་ཅིང་མྱོང་བའོ། །དང་པོ་ནི། རི་རབ་ཀྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་དང་། གེ་སར་དུ་ལྡན་པའོ། །དེའི་དབུས་སུ་བྃ་ལས་པདྨ། རྃ་ལས་ཉི་མ། འཇིགས་བྱེད་དུས་མཚན་ནོ། །དེའི་སྟེང་དུ་རང་གི་སེམས་ཧཱུྃ་དུ་གྱུར་པ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས། དོན་གཉིས་བྱས་ཚུར་འདུས་པ་ལས། རང་ཉིད་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ། གཡོན་པས་དྲིལ་བུ་འཛིན་པ་ཡུམ་ལ་འཁྱུད་པ། །


PS008_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་བས་བཞུགས་པའོ། །དེའི་ཡུམ་རྗེ་བཙུན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་པས་གྲི་གུག་འཕྱར་བ། གཡོན་པས་ཐོད་ཁྲག་སྟོབས་པ་ལང་ཚོ་ལྡན་པས་མཛེས་ཤིང་སྒེག་པ། བདེ་བའི་ཉམས་དང་ལྡན་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་སྤྱན་གསུམ་གསུམ་པ། མཆེ་བ་གཙིགས་པ། ཐོར་གཙུག་ཉི་ཟླས་མཛེས་པའོ། །ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། འཁོར་ལོ་དང་། རྣ་རྒྱན་དང་། སེ་མོ་དོ། དཔུང་རྒྱན། ཕྱག་གདུབ། དོ་ཤལ། སྐེ་རགས། ཕྱག་རྒྱ་དྲུག་གམ། ལྔས་བརྒྱན་པ། མིའམ་གོའི་དོ་ཤལ་ཅན། །མཚན་དཔེས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། འོད་དང་འོད་ཟེར་གྱི་རང་བཞིན་ཅན། མེ་དཔུང་གི་ཀློང་ན་བཞུགས་པའོ། །ཤར་གྱི་པད་འདབ་ལ་


PS008_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། །དེ་རྣམས་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་དང་། ཁ་ཊཱཾྭ་ག་འཛིན་པ། སྤྱན་གསུམ་པ། སྐྲ་གྲོལ་བ། མཆེ་བ་གཙིགས་པ་གཅེར་བུ་རུས་པ་དང་། །མི་མགོས་བརྒྱན་པ། རོའི་སྟེང་ན་ཞབས་གཡས་བརྐྱང་བས་བཞུགས་པའོ། །གཉིས་པ་ནི། སྙིང་གའི་ཧཱུྃ་གི་འོད་ཀྱིས་འོག་མིན་ནས་ཡེ་ཤེས་པ་ལྷ་ལྔ་སྤྱན་དྲངས་ལ། མཆོད་ཅིང་། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིངས་དགྱེས་པར་བསྟིམ་མོ། །གསུམ་པ་ནི། ཡབ་ཀྱི་དཔྲལ་བར་པད་ཟླའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ་བསམ་མོ། བཞི་པ་ནི། ཧཱུྃ་གི་འོད་ཟེར་གྱིས་རིགས་ལྔ་སྤྱན་དྲངས་ལ་མཆོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཅི་ལྟར་གསོལ་བ་ལྟར། །བདག་ཀྱང་སྐྱོབ་


PS008_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པ་དང་། །གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔས་བདུད་རྩིའི་བུམ་པ་ཐོག་ནས། ཧཱུྃ་ཅི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཧཱུྃ། ཞེས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པའོ། །ལྔ་པ་ནི། ཀ་པཱ་ལར་མ་ད་ན་བླུག་ཤ་ལྔ་བདུད་རྩི་ལྔར་སྦྱངས། ཀ་པཱ་ལར་ལྷ་ལྔ་བསྐྱེད། བཟླས་པ་བྱས་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབས་པས་ཐོད་པ་ཁེངས་ནས། ཡབ་ཡུམ་ཡང་ཞུ་ནས་ཐིམ་པས། དེས་ལྷ་ཚོགས་རྣམས་མཆོད་


PS008_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལྕེ་ཐོག་ཏུ་བཞག་པས་བདེ་སྟོང་གཉིས་སུ་མེད་པར་བསྒོམ། གཉིས་པ་རྫོགས་རིམ་ནི། ལུས་གནད་ཙོག་པུ་བྱས་ལག་པས་པུས་འཁྱུད་བསྡམས། སྒལ་ཚིགས་བསྲང་། མགྲིན་པ་ཅུང་ཟད་དགུག །ལུས་ཡི་དམ་དུ་གསལ་བའི་རྩ་གསུམ་འཁོར་ལོ་བཞི་ཡི་གེ་དང་བཅས་པ་གསལ་བར་བལྟ་སྟེ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་རྩེ་ཚངས་བུག །མར་སྣེ་གསང་གནས་སུ་ཟུག་པ། རྩ་རོ་རྐྱང་གཉིས། ཡར་རྩེ་སྣ་བུག །མར་རྩེ་ལྟེ་འོག་སོར་བཞིར་ཟུགས་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་བཞིའི་ལྟེ་བར་ཧཾ་དཀར་པོ། མགྲིན་པར་རྩ་འདབ་བཅུ་དྲུག་གི་ལྟེ་བར་ཨོཾ་སེར་པོ། །སྙིང་གར་རྩ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་སྔོན་པོ། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བར་ཨཱཿདཀར་པོ། རྩ་དབུ་མའི་ནང་ལྟེ་འོག་སོར་བཞིར་ཨཱཿདམར་པོ་མཚལ་ཤད་ལྟ་བུ་ཅིག་


PS008_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། སྲོག་རྩོལ་གྱི་སྦྱོར་བས། རླུང་གཉིས་ཁ་སྦྱར་ནས་ཨཱཿལས་ཡེ་ཤེས་ཀྱི་མེ་འབར་ཏེ། དབུ་མ་ནས་ཡར་སོང་བས་ལྟེ་བ་ལ་སོགས་པའི་ཡི་གེ་རྣམས་རིམ་གྱིས་བསྲེགས་ཏེ། སྤྱི་བོའི་ཧཾ་ལས་མེ་ཕོག་པས་བདུད་རྩི་བབས་ནས། སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བའི་རྩ་འདབ་རྣམས་ཁེངས་པས་ཡི་གེ་རྣམས་གསོས་ནས། དྲོད་དང་། བདེ་བ། གསལ་བ། མི་རྟོག་པ་འཆར་བར་འགྱུར་རོ། །དེ་ལྟར་མེ་སྦར། བདུད་རྩི་འཛག་པའི་བར་འཛག་ལ་རྩེ་གཅིག་ཏུ་འབད་པས་དུ་བ་ལ་སོགས་པའི་རྟགས་ལྔ་རྙེད་ནས། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་འགྱུར་རོ། །དེ་ནས་ཡས་བརྟན་པའི་དགའ་བ་བཞི་གསལ་བ། མས་བརྟན་གྱི་དགའ་བ་བཞི་བརྟེན་པར་བྱེད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་རྫོགས་རིམ་ནི། སྣང་སྟོང་། རིག་སྟོང་། དབྱེར་


PS008_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཐའ་བྲལ་ཟུང་འཇུག་གོ། །གསུམ་པ་བཟླས་པ་ལ་གཉིས། རང་དོན་དང་། གཞན་དོན་ནོ། །དང་པོ་ལ་གསུམ། རྡོ་རྗེའི་བཟླས་པ། བསམ་གཏན་གྱི་ཕྲེང་བའི་བཟླས་པའོ། །དང་པོ་ནི། རླུང་ཕྱིར་འགྲོ་བ་དེ་ཧཱུྃ་མང་པོའམ། ཐུགས་རྡོ་རྗེ་དཔག་ཏུ་མེད་པར་གྱུར་ནས། རང་གཞན་གྱི་དོན་བྱས་པ་ནི་ཐུགས་ཀྱི་གསང་བའོ། །རླུང་ནང་དུ་འཇུག་པ་ཨོཾ་མང་པོའམ། །སྐུ་རྡོ་རྗེར་གྱུར་ནས་རང་གཞན་གྱི་དོན་བྱས་པ་ནི་སྐུའི་གསང་བའོ། །རླུང་བར་དུ་གནས་པ་ཨཱཿམང་པོར་གྱུར་པའམ། གསུང་རྡོ་རྗེ་དཔག་ཏུ་མེད་པས་རང་གཞན་གྱི་དོན་བྱས་པ་ནི། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །དེ་ལྟར་རླུང་འགྲོ་འོང་གནས་གསུམ་སྟེ། རྡོ་རྗེའི་བཟླས་པ་ཡི་གེ་ཨཱར་འདུས་པས་ན། ཨཱ་གསལ་རྟོག་མེད་བདེ་བ་ཆེན་པོའི་རང་བཞིན་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱའོ། །དེ་མ་


PS008_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་པ་ཟླ་བ་གཉིས་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ནི། གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལ་ཡི་གེ་བདུན་པས་བསྐོར་བའོ། །ཡུམ་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་བྃ་ལ་བཻ་རོ་ཙ་ནས་བསྐོར་བར་བསམ། དེ་ལྟར་ས་བོན་ཡི་གེ་མི་འཁོར་བ་ལ་གསལ་བར་བལྟས་ནས། ཡིད་ཀྱིས་བཟླས་པ་བྱས་པའི་རྐྱེན་གྱིས་ཡིག་འབྲུ་ལས་འོད་ཟེར་བྱུང་ནས་ཁོང་པའི་ནང་ཁེངས། སྡིག་སྒྲིབ་ཐམས་ཅད་སངས་སངས་དག་པར་བསམ་མོ། །མ་ཡེངས་པ་ཟླ་བ་གསུམ་གྱིས་འགྲུབ་པར་འགྱུར་རོ། །གཉིས་པ་ནི། རང་ཉིད་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་སྙིང་པོ་དང་ཉེ་སྙིང་གིས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱས་པས། ཡབ་ཀྱི་ཐུགས་ཀའི་སྔགས་རྣམས་དབུ་མ་ནས་བརྒྱུད་དེ་རྡོ་རྗེ་ནས་ཡུམ་གྱི་པདྨ་དང་དབུ་མ་ནས་ཡར་སོང་། ཡུམ་གྱི་


PS008_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་ཀའི་སྔགས་རྣམས་དང་བཅས་ཏེ་ཞལ་དང་གསང་གནས་སུ་འཁོར་བར་བསམ་མོ། །སྔགས་འཁོར་བ་དང་། འོད་ཟེར་རྣམས་བདེ་བའི་རང་བཞིན་དུ་བསམ་ལ་བཟླས་པ་བྱའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛྭ་ལ་སཾ་བྷ་ར་སྭཱ་ཧཱ། །སྙིང་པོའོ། །ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཌཱ་ཀི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལ་མཻ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱུ་པི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ལྷ་མོ་བཞིའོ། །གཉིས་པ་ལ་བཞི་སྟེ། ཞི་བ། རྒྱས་པ། དབང་། དྲག་པོའི་བཟླས་པ་བྱའོ། །དང་པོ་ལ། སྔགས་ཕྲེང་ལྷ་སྐུ་འོད་ཟེར་གྱི་སྤྲོ་བསྡུ་ཐམས་ཅད་དཀར་པོ་བྱའོ། །སྔགས་ཀྱི་ཤམ་བུ་ལ། ཤིནྟིིང་་ཀུ་རུ་སྭཱ་ཧཱ་བཏགས་སོ། །སྒྲ་ལ་ཡཾ་ནད་ཐམས་ཅད་ཞི་བར་གྱུར་ཅིག་བྱའོ། །རྒྱས་པ་ལ་སེར་པོའི་སྤྲོ་བསྡུ་དང་། པུཥྚིང་ཀུ་རུ་ཨོཾ་དང་། མི་ནོར་ཟས་ལ་སོགས་པ་རྒྱས་པར་གྱུར་ཅིག་གོ། །དབང་


PS008_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམར་པོའི་སྤྲོ་བསྡུ་དང་། ཨ་ཀརྵ་ཡ་ཛ་ཛ་དང་། སྒྲ་ལ་སྣང་སྲིད་ཁམས་གསུམ་ཐམས་ཅད་དབང་དུ་གྱུར་ཅིག་པའོ། །དྲག་པོ་ལ་མཐིང་གའི་སྤྲོ་བསྡུ་དང་། མཱ་ར་ཡཱ་ཕཊ་དང་། སྒྲ་ལ་དགྲ་བགེགས་ཐམས་ཅད་རྡུལ་དུ་རློག་ཅིག་པའོ། །དེ་ལྟར་འཕྲིན་ལས་བཞི་ཀ་དུས་ཚོད་དང་། འདུག་སྟངས་དང་། ཁ་ལྟ་ཕྱོགས། དབྱིབས་ཁ་དོག་བསམ་པ། རླུང་སྦྱོར། ཕྲེང་བ། སོར་མོའི་བརྡ། ལྟ་སྟངས་ལྷ་མོ་བཞི་པོ་རྣམས་ཞིབ་པར་ཤེས་པར་བྱའོ། །བཞི་པ་ལ་དྲུག་སྟེ། གཏོར་མ་སྦྱངས་བ། མགྲོན་ལ་འབུལ་བ། འཕྲིན་ལས་གཞོལ་བ། བཟོད་པར་གསོལ་བ། བཀྲ་ཤིས་བརྗོད་པ། གཤེགས་སུ་གསོལ་བའོ། །དང་པོ་ནི། །སུམ་བྷ་ནིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར། རྃ་ལས་མེ། ཀཾ་ལས་མི་མགོ།


PS008_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལས་ཐོད་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་དབུས་དང་། ཕྱོགས་བཞིར། ན་གོ་ཀུ་ད་ཧ་ལས་ཤ་ལྔ་རི་རབ་ཙམ་མོ། །དེ་རྣམས་ཀྱི་སྟེང་དུ་དབུས་དང་ལྔར། བི་མུ་ཤུ་ར་མ་ལས་བདུད་རྩིའི་རྒྱ་མཚོའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སྟེ་ས་བོན་ལྔའོ། །དེའི་སྟེང་དུ་ཡི་གེ་གསུམ་དང་བཅས་པའོ། །ཧཱུྃ་ལས་བྱུང་བའི་ཁ་ཊཱྭཾཾ་ག་དཀར་པོ་མགོ་བོ་ཐུར་དུ་བལྟ་བ། བདུད་རྩིའི་རང་བཞིན་ཅན་ཧཱུྃ་གིས་མཚན་པར་བལྟའོ། །དེ་ནས་ཡྃ་ལས་རླུང་གཡོས། རྃ་ལས་མེ་འབར་བས་རྫས་རྣམས་ཁོལ་བ་དང་། ཡི་གེ་གསུམ་བརྗོད་པས་ཧཱུྃ་གིས་སྦྱངས། ཨཱཿཡིས་དག་པར་བྱས། ཨོཾ་གྱིས་སྤེལ་ནས། ཁ་ཊཱཾྭ་ག་དང་། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ་ཁ་ཊཱཾྭ་ག་ལ་ཐིམ་པ་དང་། དེས་དཀྲུགས་པ་དང་ཟླ་བ་དང་བཅས་པ་ཞུ་ནས་གཉིས་སུ་མེད་པར་བསམ། གཉིས་པ་ནི། མདུན་དུ་


PS008_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་ཙཀྲ། འགྲོ་དྲུག་གི་སེམས་ཅན། །དཔའ་བོ་དང་། དཔའ་མོ་བསྐྱེད་ནས། རྐང་པ་གཡས་པས། གཡོན་པའི་མཐེ་བོང་མནན་ཏེ། འབར་བའི་ཕྱག་རྒྱ་ཧཱུྃ་གི་འོད་ཟེར་དང་། ངག་ཏུ། ཨོཾ་བཛྲ་ཨ་ར་ལི་ཧོ། ཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟཾྭ། ཏྲི་ཤྱ་ཧོས་ཡེ་ཤེས་པ་བསྟིམ་ལ་མཆོད་དེ། །དེ་ནས་ལྷ་ཚོགས་རྡོ་རྗེའི་སྦུ་གུ་ཅན་རྣམས་ཀྱིས་གསོལ་བར་བསམ་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཨི་མཾ་བ་ལིང་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཌཱ་ཀི་ནི་ཡེ་ལ་སོགས་པའི་མཐར། ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་ལྔས་འབུལ་ལོ། །དེ་ནས་དུར་ཁྲོད་ན་གནས་པ་དང་། འབྱུང་པོའི་ཚོགས་ཐམས་ཅད་ལ་འབུལ་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་སརྦ་བྷུ་ཏ་པྲེ་ཏ་བྷི་ཤྩ་ཨུད་མནྟེ་ཨུ་པ་སྨ་ར་ཌཱ་ཀི་ནྱ་


PS008_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ཡ་ཨི་དཾ་བ་ལིང་གྷྲིཧྣ་དུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྷི་མེ་པྲ་ཡད་ཙྪནྟུ་ཡ་ཐེ་བཾ་མ་ཐེ་སྟཾྭ་བྷུད་ཛ་ཐ་པི་པ་ཐཱ་ཛི་གྲ་ཐཱ་མ་ཐཱི་ཀྲ་མ་ཐཱ་མ་མ་སརྦ་ཀ་ར་ཐཱ་ཡཱ་སད་སུ་ཁཾ་བི་ཤུད་དྷ་ཡེ་སྭཱ་ཧཱ་ཡི་ག་བྷ་ཝ་ན་ཏུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་ཕུལ་བས་མཉེས་པར་བསམ་མོ། །གསུམ་པ་ནི། རྐང་པ་བརྒྱད་ཀྱི་བསྟོད་པས་འཕྲིན་ལས་བཅོལ་ཏེ། བཅོམ་ལྡན་བདེ་མཆོག་འཁོར་བཅས་ཁྱེད་ལ་བསྟོད་པ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དད་དབང་ཕྱུག་དང་། །ཞེས་པ་ལ་སོགས་པ་བྱའོ། །བཞི་པ་ནི། ཡི་གེ་བརྒྱ་པ་བཟོད་པར་གསོལ། །ལྔ་པ་བཀྲ་ཤིས་བྱ། དྲུག་པ། ཁྱེད་ཀྱིས་ཞེས་དང་། བཛྲ་མུཿགཤེགས་སུ་གསོལ། སྨོན་ལམ་དང་བསྔོ་བ་བྱའོ། །དེ་ལྟར་གདན་བཞིའི་བཤད་རྒྱུད་ལས། དངོས་གྲུབ་འདོད་པའི་རྣལ་འབྱོར་པ། ནན་ཏན་དུ་ནི་གཏོར་མ་སྦྱིན། །ཞེས་པས། ཐུན་


PS008_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་གཏོར་མ་ལ་བརྩོན་པར་བྱའོ། །དཔལ་ལྷ་ལྔའི་མངོན་པར་རྟོགས་པ་ཡེ་ཤེས་ཀྱི་ཌཱ་ཀི་མའི་གསུང་ཇི་ལྟ་བ་བཞིན་བཀོད་པའོ། །ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཌཱ་ཀི་ནི་གུ་མ། ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ། སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན། མཁས་གྲུབ་རྒྱལ་མཚན་འབུམ། བྱམས་དཔལ་བཟང་པོ། ཆོས་རྗེ་བློ་གྲོས་དཔལ་བཟང་པོ། རྟོགས་ལྡན་རིན་ཆེན་དཀོན་མཆོག་རྒྱལ་མཚན་ནོ། བདེ་མཆོག་ལྷ་ལྔའི་མཆོད་ཁྲིགས་བཞུགས་སོ། །བླ་མ་དང་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །འཁོར་ལོ་སྡོམ་པའི་ཚོགས་མཆོད་བྱེད་པར་འདོད་པས། །ཆུ་གསུམ་དང་། མཆོད་པ་ལྔ་དང་ནང་མཆོད་དང་། གཏོར་མ་ལྔ་བཤམ་མོ། །དེ་ནས་རང་ཉིད་ལྷའི་མངོན་རྟོགས་བསྒོམས་ཞིང་བཟླས་པ་བྱ། །མཆོད་པ་བསང་སྦྱངས་བྱིན་གྱིས་


PS008_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་སོ། །དེ་ནས་མཎྜལ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བསམ་པའི་དབུས། །པད་མ་འདབ་མ་བཞི་པའི་ལྟེ་བ་ལ་ཧཱུྃ། འདབ་མ་ལ། ལྃ་མྃ་སྃ་ཏྃ་ལས་འོད་ཟེར་འཕྲོས་ཏེ། ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་འོད་ཟེར་ཚུར་འདུས་ས་བོན་ལ་ཐིམ་པ་ལས། བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཤར་དུ་མཁའ་འགྲོ་མ་མཐིང་ཁ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་བསྐྱེད་ལ། །རང་གི་ཐུགས་ཁའི་ས་བོན་དམ་ཚིག་པའི་ས་བོན་གཉིས་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་བླ་མ་དཀྱིལ་འཁོར་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ༈ ཧཱུྃ་མ་ལུས་སེམས་ཅན་ཀུན་གྱིས་


PS008_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་བདེ་མཆོག་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱ་ན། མ་ཧཱ་ཀ་རུ་ཎི་ཀ་ས་པ་རི་ཝ་རེ་ས་མ་ཡེ་ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་ལ་བསྟིམས་ནས། གནས་གསུམ་དུ་ཐལ་མོ་སྦྱར་ཏེ། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ཞེས་པས་རྟེན་གྱི་ཞབས་ལ་ཐུག་པའི་ཕྱག་བྱའོ། ༈ །ཧཱུྃ་རྣམ་དག་དྲི་མེད་སྦྱར་བའི་ཆུ། །དྭངས་ནས་སྐྱོན་མེད་ཡིད་དུ་འོངས། །འགྲོ་བའི་ཉོན་མོངས་དག་བྱའི་ཕྱིར། །བཅོམ་ལྡན་མཆོད་ཡོན་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། །དུང་ཆོས་ཀྱིས་ཕྱག་རྒྱས་ལྷ་མོ་མཆོད་ཡོན་ཐོགས་པས་མཆོད་ནས། ༈ ཧཱུྃ་ཡིད་འོངས་དཀྱིལ་འཁོར་བྱོན་པ་ལེགས། །བདག་


PS008_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་བསོད་ནམས་བསྐལ་བར་ལྡན། །ཞབས་བསིལ་དམ་པ་འདི་དག་ཀྱང་། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་ར་པྲ་ཏིཙྪ་ཧཱུྃ་གིས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པས་ཕྱག་དང་ཞབས་བསིལ་ལོ། །ཧཱུྃ་བཅོམ་ལྡན་ཆོས་ཉིད་ལ་བཞུགས་ཀྱང་། །འགྲོ་བའི་དུག་གསུམ་དག་བྱའི་ཕྱིར། །ཞབས་བསིལ་དམ་པ་འདི་འབུལ་གྱིས། །ངན་འགྲོའི་འཆིང་བ་ལས་གྲོལ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་རི་ཏི་ཁཾ་རཾ་སྭཱ་ཧཱ། །ཞེས་བུམ་ཆུས་ཞབས་བསིལ་ལོ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱིས་རྫུ་འཕྲུལ་མཐུ་ཡི་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟཾྭ། ཞེས་པས་རང་རང་གིས་གདན་ལ་བཞུགས་པར་བསམ་མོ། །མཆོད་པ་ནི། ཧཱུྃ་མེ་ཏོག་བདུག་སྤོས་མར་མེ་


PS008_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དྲི། །ལྷ་བཤོས་སིལ་སྙན་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུཙྪ་མེ་གྷ་ས་མུ་ཏྲ་སྦ་ར་་ས་མ་ཡེ་ཧཱུྃ། ཞེས་པའམ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག །དེ་བཞིན་དུ། དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱེ་བཛྲ་ཤཔྡ་ཨཱཿཧཱུྃ་གིས་མཆོད་དོ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །འདོད་ཡོན་ལྔའི་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་་ས་མ་ཡེ་ཧཱུྃ། ཞེས་པའམ་ལྷ་མོ་བཞིའི་སྔགས་དང་ཕྱག་རྒྱས་མཆོད། །ཧཱུྃ་འཁོར་ལོ་རིན་ཆེན་གླང་པོ་རྟ། །བཙུན་མོ་དམག་དཔོན་བློན་པོ་དང་། །ཉེ་བའི་རིན་ཆེན་སྣ་བདུན་


PS008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རངྣ་སུ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་་ས་མེ་ཡེ་ཧཱུྃ། །ཞེས་པའམ་རིན་ཆེན་སྣ་བདུན་གྱིས་སྔགས་དང་ཕྱག་རྒྱས་མཆོད་པ་ནི་ཕྱི་མཆོད་དོ། །ཧཱུྃ་མཁའ་འགྲོ་ལཱ་མ་དུམ་སྐྱེས་དང་། །གཟུགས་ཅན་མ་དང་མཁའ་འགྲོ་བཞིས། །ཤ་ལྔ་བདུད་རྩི་ཐོགས་ནས་ཀྱང་། །དཀྱིལ་འཁོར་ལྷ་ཚོགས་རབ་ཏུ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ་ཞེས་པ་དང་། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་གིས་ནང་མཆོད་དོ། །ཧཱུྃ་བདེ་བའི་རང་བཞིན་ལྷ་མོ་བཞི། །ལང་ཚོ་བཅུ་དྲུག་ལྟ་བུར་མཛེས། །གཉིས་སུ་མེད་པའི་མཆོད་པ་ཡིས། །ཟག་མེད་བདེ་བས་གཙོ་ལ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། ཞེས་པས་གཉིས་སུ་མེད་པའི་ཕྱག་རྒྱ་བྱའོ། །གསང་མཆོད་དོ། །མཆོད་


PS008_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཡུལ། མཆོད་པ། མཆོད་བྱེད་རྣམས་རང་བཞིན་མེད་པར་ཤེས་པར་བྱས་ཏེ། །དེ་ཁོ་ན་ཉིད་ཀྱིས་མཆོད་པའོ། །བསྟོད་པ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ཅན། །རྣམ་ཐར་གསུམ་ལ་ལེགས་སྤྱོད་པ། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་


PS008_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྐལ་པའི་མེ་དཔུང་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པ་དབུའི་དོན་དུ་བྱས། །མཆེ་བ་རབ་རྩིགས་དྲག་ཤུལ་འཇིགས་པའི་ཞལ། །སྐུ་ལ་གཟི་བརྗིད་ཕྱག་སྟོང་ལྡན་པ་པོ། །དགྲ་སྟྭ་ཞགས་པ་ཁ་ཊཱཾྭ་མདུང་བསྣམས་ཞིང་། །རབ་བརྗིད་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། །བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་པོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་གཉེན་མ། །རྨུགས་བྱེད་རྨོང་བྱེད་རེངས་བྱེད་ལས་ནི་རྣམ་རྒྱལ་ཤིང་། །བདུད་ཀྱི་འཇིགས་པ་མ་ལུས་སྐེམ་ཞིང་ཕམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཧཱུྃ་སྐུ་མདོག་


PS008_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་ཨུཏྤལ་འདྲ། །ཞལ་གཅིག་ཕྱག་གཉིས་མཚན་དཔེས་བརྒྱན། །ཡུམ་དང་གཉིས་མེད་གར་དགུའི་མཛེས། །བཅོམ་ལྡན་བདེ་བའི་མཆོག་ལ་བསྟོད། །ཆོས་དབྱིངས་རྣམ་དག་སྐྱེ་མེད་ལས། །འགག་མེད། ཐུགས་རྗེ་ཆེན་པོ་ཡིས། །གང་འདུལ་གཟུགས་སྐུ་སྒྱུ་མར་སྟོན། །ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །འབྱུང་བ་བཞི་པོ་རྣམ་དག་ཅིང་། །ཡེ་ཤེས་བཞི་ཡི་ངོ་བོ་ཉིད། །མཁའ་འགྲོ་ལཱ་མ་དུམ་སྐྱེས་དང་། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ། །ཧཱུྃ་ཆོས་ཉིད་རྣམ་དག་ནམ་མཁའི་མདོག །སྣང་སྟོང་བདེ་ཆེན་མཚན་དཔེས་བརྒྱན། །གར་གྱིས་ཉམས་ལྡན་ལོངས་སྤྱོད་རྫོགས། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ལྟེ་བའི་དབུས་ནས་འབྱུང་ཞིང་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་བསྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་


PS008_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ལུས་རྗེས་དྲན་པའི་ངོ་བོ་ཉིད། །མ་མ་ཀི་ནི་ཆུའི་ཁམས། །རྡོ་རྗེ་རིགས་ཀྱིས་མཁའ་འགྲོ་ཡུམ། །མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཚོར་བ་རྗེས་དྲན་ངོ་བོ་ཉིད། །སྒྲོལ་མ་ཞེས་བྱ་རླུང་གིས་ཁམས། །ལས་ཀྱི་རིགས་ཀྱིས་མཁའ་འགྲོ་ཡུམ། །ལཱ་མ་དེ་ལ་ཕྱག་འཚལ་ལོ། །ཆོས་རྗེས་དྲན་པའི་ངོ་བོ་ཉིད། །གོས་དཀར་མོ་ནི་མེའི་ཁམས། །པདྨ་རིགས་ཀྱིས་མཁའ་འགྲོ་ཡུམ། །དུམ་སྐྱེས་མ་ལ་ཕྱག་འཚལ་ལོ། །སེམས་རྗེས་དྲན་པའི་ངོ་བོ་ཉིད། །སྤྱན་དེ་ཕྲ་བའི་བདག་ཉིད་ཅན། །རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡུམ། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ། །གཏོར་མ་བྱིན་གྱིས་རླབས་ནས། །དང་པོ། ཤྲཱི་མ་ཧཱ་གུ་རུ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། །བླ་མ་རྣམས་ལ། གཉིས་པ་ན་ལྷ་ལྔ་ལ། །གསུམ་པ་ཆོས་སྐྱོངས་ལ། བཞི་པ་གཞི་བདག་ལ། །ལྔ་པ་གནོད་བྱེད་ལ་སྦྱིན་ནོ། །དེ་ནས་ཚོགས་རྣམས་གཏོར་མ་


PS008_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱིན་རླབས་ལ། །ཕུད་བླ་མ་དང་དཀོན་མཆོག་ལ་ཕུལ་ནས། །འདུ་ཤེས་གསུམ་དང་ལྡན་པའི་ལག་པས་ཀ་པཱ་ལ་བཟུང་ནས། ཀྱཻ་གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་རྣམ་རྟོག་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཅེས་པས་དྲངས། ལེན་པ་པོས་ཀྱང་། པད་བསྐོར་བྱས་ནས། བདེ་བར་གཤེགས་པ་ཆོས་ཀྱིས་མཆོག །འདོད་ཆགས་དྲི་མ་དང་བྲལ་བས། །བཟུང་འཛིན་རྣམ་པར་གྲོལ་བ་ཡིས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་སུ་ཁཾ། ཞེས་པས་བླངས་ལ། །འདུ་ཤེས་གསུམ་དང་མ་བྲལ་བས་ཚོགས་ལ་ཚིམ་པར་རོལ་ལོ། །དེ་ནས་ལྷག་མ་རྣམས་བསྡུས་ཏེ། ཁ་མྱོས་བྱེད་ཀྱིས་བཀང་ནས་འབར་བའི་ཕྱག་རྒྱ་དང་བཅས་པས་ཁ་ཕྲུ་བཏབ་ལ། །ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪ་ཏི་བ་ལིངྟ་ཨུ་ཚ་ཏི་བྷིཀྵ་བྷ་བྷྱཿསྭཱ་ཧཱ། །ཞེས་བརྗོད་ལ་


PS008_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་བྲན་རྣམས་ལ་སྦྱིན་ནོ། །དེ་ལྟར་ཡང་གདན་བཞིའི་རྒྱུད་ལས། །ཡེ་ཤེས་སྤྱན་གྱིས་དཔའ་འདོད་པས། །ལྷག་མའི་གཏོར་མ་སྦྱིན་པར་བྱ། །ཞེས་སོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་ལ། །བཅུ་བཞི་པའི་གཤེགས་པ་དང་། །ཡི་གེ་བརྒྱ་པ་བརྗོད་ལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་དང་། །ལྷག་པ་དང་ནི་མ་ཚང་བ། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །ཅེས་སོ། །བསྔོ་བ་ནི། དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིས་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེད་པར་བསྔོ། །ཞེས་ལན་གསུམ་བརྗོད། ལེགས་པའི་ཡོན་ཏན་རབ་རྫོགས་པའི། །བླ་མ་ཡི་དམ་བཀྲ་ཤིས་ཤོག །ཕྲིན་


PS008_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་བསྒྲུབ་མཛད་པའི། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །ཅེས་པས་བཀྲ་ཤིས་བརྗོད་དོ། །རྡོ་རྗེ་བསྡུ་བས་དཀྱིལ་འཁོར་གཤེགས་སུ་གསོལ་བ་ནི། །ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཅེས་བརྗོད་དོ། །བཅོམ་ལྡན་བདེ་མཆོག་ལྷ་ལྔ་ཡིས། །མཆོད་ཁྲིགས་བླ་མའི་ཕྱག་ལེན་ལྟར། །ཚུལ་ཁྲིམས་མགོན་པོས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །ཨིྀྠ། །མངྒ་ལཾ།། །།


previousཁྱུང་པོ་རྣལ་འབྱོར་གྱི་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས། ཚུལ་ཁྲིམས་མགོན་པོ། next