Nitartha Digital Library
Tibetan
 
previousསྐབས་གསུམ་པའི་ངག་དོན་བཤད་པ། next

སྐབས་གསུམ་པའི་ངག་དོན་བཤད་པ།

གཞི་ཐམས་ཅད་སོགས་ལ། གཞི་ཤེས་ཆོས་ཅན། ལམ་ཤེས་ཀྱི་འོག་ཏུ་འཆད་པའི་རྒྱུ་མཚན་ཡོད་དེ། ཁྱོད་མེད་པར་ཐེག་པ་གསུམ་གྱི་ལམ་ལེགས་པར་ཤེས་པ་མེད་པའི་ཕྱིར། དུས་གསུམ་གྱི་སོགས་ལ། དུས་གསུམ་སྐྱེ་མེད་དུ་རྟོགས་པའི་ཤེར་ཕྱིན་ཆོས་ཅན། འཁོར་འདས་ཀྱི་མཐའ་ལ་མི་གནས་ཏེ། ཤེས་རབ་ཀྱིས་འཁོར་བའི་ཉེས་དམིགས་མཐོང་ཞིང་། སྙིང་རྗེས་གཞན་དོན་བྱེད་པའི་ཕྱིར། འཁོར་འདས་ལས་མ་གཏོགས་པའི་དེ་དག་གི་བར་ནའང་མི་གནས་ཏེ། དེ་གཉིས་ལས་མ་གཏོགས་པའི་གནས་བྱའི་དངོས་པོ་མེད་པའི་ཕྱིར། ཉན་ཐོས་སོགས་ལ། ཉན་རང་རང་རྒྱུད་པའི་མངོན་རྟོགས་ཆོས་ཅན། འཁོར་འདས་གང་རུང་གི་མཐའ་ལ་གནས་པ་ཡིན་ཏེ། གཞན་དོན་བྱེད་ནུས་ཀྱི་སྙིང་རྗེ་དང སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དེ་ཡིན་པའི་ཕྱིར། དེར་ཐལ། འབྲས་ཡུམ་ལས་རིང་བར་གྱུར་པ་དེ་ཡིན་པའི་ཕྱིར་ཏེ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར། སྒྱུ་མ་མཁན་གྱི་ནས་རིང་བར་གྱུར་ཏོའི་བར་ལ། ཉན་རང་ཆོས་ཅན། འབྲས་ཡུམ་ལ་རིང་སྟེ། དུས་གསུམ་སྐྱེ་མེད་དུ་མཉམ་པར་རྟོགས་པའི་ཡེ་ཤེས་མེད་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་སྟོང་པར་སྟོན་པའི་ཕྱི་ནང་གི་ཐབས་མཁས་དང་བྲལ་བས་དངོས་པོ་བདེན་པའི་མཚན་མར་འཛིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སོགས་ལ། བྱང་འཕགས་ཆོས་ཅན། འབྲས་ཡུལ་ལ་ཉེ་བ་ཡིན་ཏེ། ཁྱོད་ཀྱི་གཟུགས་ལ་སོགས་པའི་ཆོས་ཡོངས་སུ་ཤེས་པ་ན། དེ་དག་སྐྱེ་མེད་དུ་ཡོངས་སུ་ཤེས་པའི་ཕྱིར། དེར་ཐལ། དངོས་པོར་མངོན་པར་ཞེན་པའི་འཁྲུལ་པ་སྤངས་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་སྟོང་ཉིད་དུ་སྟོན་པའི་ཕྱི་ནང་གི་ཐབས་མཁས་རིང་དུ་བསྟེན་ཅིང་གོམས་པར་བྱེད་པའི་ཕྱིར། གཟུགས་སོགས་ཕུང་པོ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་འཛིན་པའི་ཉན་ཐོས་ཀྱི་མངོན་རྟོགས་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། དངོས་པའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་དེ་ཡིན་པའི་ཕྱིར། དེ་བཞིན་དུ་དུས་གསུམ་དུ་རྟོགས་པའི་ཆོས་ལ་བདེན་པར་འཛིན་པ་དང་། སྦྱིན་སོགས་ལ་བདེན་པར་འཛིན་པ་རྣམས་ཆོས་ཅན་དུ་བྱས་ནས། རྟགས་ཆོས་སྔར་ལྟར་རོ། །འཁོར་གསུམ་ནས་གཉེན་པོའི་བར་ལ། འཁོར་གསུམ་རྣམ་དག་གི་སྦྱིན་པ་ལ་རང་གནས་ནས་གཞན་སྦྱོར་བའི་སྒྲུབ་པ་ཆོས་ཅན། རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་བླང་བྱ་ཡིན་པའི་ཕྱིར། དེར་ཐལ་དངོས་པོའི་གནས་ལུགས་དང་མཐུན་པར་ཞུགས་ཤིང་མཚན་འཛིན་གྱི་ཆགས་པ་ཐམས་ཅད་ཟློག་བྱེད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་སོགས་ལ། སངས་རྒྱས་ལ་མངོན་ཞེན་གྱིས་དམིགས་ནས་ཕྱག་འཚལ་བ་སོགས་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། མཚན་འཛིན་གྱི་ཆགས་པ་ཕྲ་མོའི་ངོ་བོ་ཡིན་པའི་ཕྱིར། ཆོས་ཀྱི་ལམ་སོགས་ལ། ཆགས་པ་ཕྲ་མོའི་ངོ་བོ་ཡིན་ཏེ། དགེ་བ་ཡིན་ཡང་དམིགས་ཡུལ་རང་བཞིན་གྱིས་སྟོང པ་ལ་བདེན་པར་འཛིན་པའི་ཕྱིར། ཆོས་རྣམས་སོགས་ལ། སྤོང་བྱེད་ཀྱི་ཐབས་མེད་པ་མ་ཡིན་ཏེ། ཆོས་རྣམས་སྟོང་པ་ཉིད་དུ་རང་བཞིན་གཅིག་པར་ཤེས་པས་སྟོང པའི་ཕྱིར། མཐོང་བ་སོགས་ལ། ཆོས་རྣམས་ཀྱི་རང་བཞིན་ཆོས་ཅན། ཟབ་མོ་རྟོགས་པར་དཀའ་བའི་ཕྱིར། སྒྱུ་མ་སོགས་ལ། རྟོགས་པར་དཀའ་སྟེ། རྟོག་གེའི་བློས་བསམ་པར་མི་ནུས་པའི་ཕྱིར། དེ་ལྟར་སོགས་ལ་གཞི་ཤེས་ཀྱི་སྐབས་འདི་ཆོས་ཅན། ཉན་རང་རང་རྒྱུད་པའི་ལམ་རྣམས་སྤང་བྱ་མི་མཐུན་པའི་ཕྱོགས་དང་། བྱང་སེམས་ཀྱི་ལམ་རྣམས་གཉེན་པོ་ཡིན་ཏེ། རིམ་བཞིན་མཚན་འཛིན་གྱིས་བཅིངས་པ་དང་དེས་མ་བཅིངས་པའི་ལམ་ཡིན་པའི་ཕྱིར། གཟུགས་སོགས་ལ། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། གཟུགས་སོགས་གཞིའི་ངོ་བོ་ལ་སྤྱོད་པ་བཀག་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ཀྱི་ངོ་བོ་ལ་མངོན་ཞེན་བཀག་ནས་བསྒོམ་པའི་སྦྱོར་བ་ཡིན་པའི་ཕྱིར། དེ་མི་རྟག་སོགས་ལ། གཞིའི་ཁྱད་པར་སྤྱོད་པ་བཀག་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་མི་རྟག་པ་དང་སྟོང་པ་སོགས་ལ་མངོན་ཞེན་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། རྫོགས་མ་རྫོགས་ལ། མ་རྫོགས་པའི་སྦྱོར་བ་ཡིན་ཏེ། ཡོན་ཏན་གྱི་རྟེན་དུ་མ་རྫོགས་པའི་ཀུན་བཏགས་ཀྱི་གཟུགས་ལ་མངོན་ཞེན་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། རྫོགས་པའི་སྦྱོར་བ་ཡིན་ཏེ། ཡོན་ཏན་གྱི་རྟེན་དུ་རྫོགས་པའི་ཆོས་ཉིད་ཀྱི་གཟུགས་སོགས་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། ཆགས་མེད་ཉིད་ལ། ཆགས་པ་མེད་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ལ་ཆགས་མ་ཆགས་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། མི་འགྱུར་བའི་སྦྱོར་བ་ཡིན་ཏེ། བསྟན་མ་བསྟན་གྱི་འཕེལ་འགྲིབ་དུ་མི་འགྱུར་བའི་འབྲས་ཡུམ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། བྱེད་པ་པོ་མེད་པའི་སྦྱོར་བ་ཡིན་ཏེ། ཀུན་ཉོན་དུ་བྱེད་པ་པོ་མེད་པའི་གཞིའི་ཆོས་ཉིད་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། བྱ་དཀའ་སོགས་ལ། རྣམ་མཁྱེན་ཆོས་ཅན། ཆེད་དུ་བྱ་དཀའ་ཡིན་ཏེ། དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་བསྐལ་པ་གྲངས་མེད་མང་པོར་ཚོགས་གཉིས་ལ་འབད་པས་སྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ལམ་ཤེས་ཆོས་ཅན། སྦྱོར་བ་བྱ་དཀའ་བ་ཡིན་ཏེ། དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་ཐེག་པ་གསུམ་གྱི་ལམ་ལ་སློབ་ཀྱང་རྫོགས་སྨིན་མ་སྦྱངས་པར་དེ་དག་གི་འབྲས་བུ་མངོན་དུ་མི་བྱེད་པའི་ཕྱིར། གཞི་ཤེས་ཆོས་ཅན། བྱེད་པ་བྱ་དཀའ་བ་ཡིན་ཏེ། དོན་དམ་པར་མི་དམིགས་ཏེ། ཀུན་རྫོབ་ཏུ་དེས་གཞན་དོན་བྱེད་ཀྱང་། རང་ཉིད་དེའི་འབྲས་བུ་མངོན་དུ་མི་བྱེད་པའི་ཕྱིར། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། བྱ་དཀའ་རྣམ་གསུམ་གྱི་སྦྱོར་བ་ཡིན་ཏེ། མཁྱེན་གསུམ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། སྐལ་བ་བཞིན་དུ་འབྲས་བུ་ཐོབ་པས་མི་གཏོང་བའི་སྦྱོར་བ་ཡིན་ཏེ། ཐེག་པ་གསུམ་གྱི་གདུལ་བྱ་ལ་སྐལ་བ་ཇི་ལྟ་བ་བཞིན་འབྲས་བུ་ཐོབ་བྱེད་གཞི་ཤེས་པའི་ཤེར་ཕྱིན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། གཞན་ལ་རག་མ་ལུས་པའི་སྦྱོར་བ་ཡིན་ཏེ། བསྲུང་སྐྱོབ་སོགས་གཞན་ལ་མི་ལྟོས་པའི་གཞི་ཤེས་ཀྱི་ཤེར་ཕྱིན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། སྣང་བ་རྣམ་བདུན་ལ། སྣང་བ་རྣམ་བདུན་གྱི་ཤེས་བྱེད་ཀྱི་སྦྱོར་བ་ཡིན་ཏེ། ཆོས་བདེན་མེད་དུ་ཤེས་བྱེད་རྨི་ལམ་སོགས་འཁྲུལ་སྣང་བདུན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། ཡོངས་སུ་འགྱུར་བ་སོགས་ལ། ཕྱི་ནང་གི་རྟེན་འབྲེལ་ཆོས་ཅན། དོན་དམ་པར་བདེན་པར་མེད་དེ། མངོན་ཞེན་གྱི་བག་ཆགས་ཡོངས་སུ་འགྱུར་ཞིང་སྨིན་པ་ཙམ་ལས་བྱུང་བའི་སྣང་བ་ཡིན་པའི་ཕྱིར། རྨི་ལམ་བཞིན་རྒྱུ་རྐྱེན་མཉམ་དུ་ཚོགས་པ་ལས་བྱུང་བའི་སྣང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན། སྣང་བ་ལྟར་བདེན་པར་འགལ་བའི་སྣང་བ་ཡིན་པའི་ཕྱིར། མིག་སྒྱུ་བཞིན། རྐྱེན་ལ་རག་ལས་པའི་སྣང་བ་ཡིན་པའི་ཕྱིར། སྒྲ་སྙན་བཞིན། བག་ཆགས་འཇོག་བྱེད་ཀྱི་རྣམ་པ་ལས་མ་འཕོས་པའི་སྣང་བ་ཡིན་པའི་ཕྱིར། གཟུགས་བརྙན་བཞིན། བདེན་པའི་རྟེན་མེད་པའི་སྣང་བ་ཡིན་པའི་ཕྱིར། དྲི་ཟའི་གྲོང་ཁྱེར་བཞིན། བྱེད་པ་པོ་མེད་པའི་སྣང་བ་ཡིན་པའི་ཕྱིར། སྤྲུལ་པ་བཞིན་༼ཆད་བསམ་པས་དཔྱད།༽ཤུགས་ཀྱི་སོགས་ལ་ཉན་རང་གི་རྒྱུད་ཀྱི་སྦྱོར་བ་ཆོས་ཅན། གཟུགས་སོགས་གཞིའི་ཆོས་རྣམས་ཀྱི་ངོ་བོ་དང་ཁྱད་པར་ལ་ཞེན་བཅས་ཀྱི་སྒོམ་པ་ཡིན་ཏེ། དེའི་ངོ་བོ་དང་ཁྱད་པར་ལ་ཞེན་སྤྱོད་བཀག་པའི་སྦྱོར་བའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། གཟུགས་ལ་སོགས་ལ་ཅེས་སོགས་ལ། གཟུགས་སོགས་བཞིའི་ཆོས་རྣམས་ལ་རྟོག་བྱ་རྟོག་བྱེད་སོགས་རློམ་པ་བགག་པའི་ཡེ་ཤེས་ཆོས་ཅན། གཞི་ཤེས་སྦྱོར་བའི་མཉམ་ཉིད་ཡིད་ཏེ། གཞི་ཤེས་ཀྱི་སྦྱོར་བ་བཅུ་ལ་མཚུངས་པར་རྗེས་སུ་འགྲོ་བའི་ཤེས་རྣམ་ཡིན་པའི་ཕྱིར། སྡུག་བསྔལ་སོགས་ལ་གཞི་ཤེས་ཀྱི་མཐོང་ལམ་ཆོས་ཅན། བཅུ་དྲུག་ཏུ་དབྱེར་ཡོད་དེ། བདེན་པ་བཞི་ལ་དམིགས་པའི་ཤེས་བཟོད་སྐད་ཅིག་མ་བཞི་བཞིར་ཡོད་པའི་ཕྱིར། རྟག་པ་ཡང་མ་ཡིན་མི་རྟག་མ་ཡིན་སོགས་ལ། ཟག་བཅས་འབྲས་བསྡུས་ཀྱིས་ཆོས་རྣམས་རྟག་མི་རྟག་སོགས་ཀྱི་མཐའ་དང་བྲལ་བར་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་མིང་གིས་མཐོང་ལམ་སྡུག་བསྔལ་ཆོས་བཟོད་བསྟན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་པ་དེ་སྐྱེ་བའི་ཕྱིར། མཐའ་ལས་འདས་ནས་མ་འགག་སོགས་ཀྱི་བར། རིམ་བཞིན་གཟུགས་སོགས་སྡུག་བསྔལ་ཡིན་མིན་དང་། སྟོང་མི་སྟོང་། བདག་ཡོད་མེད་སྤྲོས་པ་ཐམས་ཅད་བྲལ་བར་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། དུས་བྱས་ནས་རིམ་བཞིན། ཁྱོད་ཀྱི་མིང་གིས་སྡུག་བསྔལ་ལ་ཆོས་བཟོད། ཆོས་ཤེས། རྗེས་བཟོད། རྗེས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་དག་ཁྱོད་ལ་བརྟེན་ནས་སྐྱེ་བའི་ཕྱིར། མཁའ་འདྲ་ནས་བརྗོད་དུ་མེད་པའི་བར་ལ། ཟག་བཅས་རྒྱུའི་ཆོས་རྣམས་རྒྱུ་ཡིན་མིན་དང་། ཀུན་འབྱུང་ཡིན་མིན་དང་རབ་སྐྱེ་ཡིན་མིན་དང་། རྐྱེན་ཡིན་མིན་གྱི་སྤྲོས་པ་དང་བྲལ་བར་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན་དུ་བྱས་ནས། རིམ་བཞིན། ཁྱོད་ཀྱི་མིང་གིས་ཀུན་འབྱུང་ཆོས་བཟོད་དང་། ཆོས་ཤེས་དང་། རྗེད་བཟོད་དང་། རྗེས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་དེ་དག་སྐྱེ་བའི་ཕྱིར། གང་ཕྱིར་ནད་མི་འབྱུང་གི་བར་ལ། རྣམ་བྱང་འབྲས་བསྡུས་ཀྱི་ཆོས་རྣམས་འགོག་པ་དང་། འགོག་པ་མ་ཡིན་པ་དང་། ཞི་བ་དང་མ་ཞི་བ་དང་། གྱ་ནོམ་དང་གྱ་ནོམ་མིན་པ་དང་། ངེས་འབྱུང་དང་། ངེས་འབྱུང་མ་ཡིན་རྣམས་སྤྲོས་པ་དང་བྲལ་བར་བསྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན་དུ་བྱས་ནས། རིམ་བཞིན་ཁྱོད་ཀྱི་རྣམ་པའི་མིང་གིས་འགོག་པ་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་རྣམས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་དེ་དག་སྐྱེ་བའི་ཕྱིར། ངན་སོང་ནས་སྐྱེ་མེད་ཀྱི་བར་ལ། རྣམ་བྱང་རྒྱུའི་ཆོས་རྣམས་ངེས་འབྱིན་དང་ངེས་འབྱིན་མ་ཡིན་པ་དང་། ལམ་དང་ལམ་མ་ཡིན་པ་དང་། རིགས་པ་དང་རིགས་པ་མ་ཡིན་དང་། སྒྲུབ་པ་དང་སྒྲུབ་པ་མིན་པའི་སྤྲོས་པ་དང་བྲལ་བར་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན་དུ་བྱས་ནས། རིམ་བཞིན། ཁྱོད་ཀྱི་རྣམ་པའི་མིང་གིས་ལམ་ལ་ཆོས་བཟོད་ཆོས་ཤེས་དང་རྗེས་བཟོད་རྗེས་ཤེས་རྣམས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་དེ་དག་སྐྱེ་བའི་ཕྱིར། ཉན་ཐོས་སོགས་ལ། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་ཡིན་ཏེ། བྱང་སེམས་ཀྱི་མཐོང་ལམ་གྱི་ཟློག་ཕྱོགས་སུ་གྱུར་པའི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། ཉན་ཐོས་ཀྱི་ལམ་ནི་སོགས་ལ། གཞི་ཤེས་འཆད་པའི་སྐབས་འདིར་ཆོས་ཅན། མཐོང་ལམ་གྱི་མཇུག་ཐོག་ཏུ་བྱང་སེམས་ཀྱི་སྒོམ་ལམ་མ་བསྟན་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱི་སྒོམ་ལམ་དེ་མངོན་དུ་བྱ་བའི་ཕྱིར་ཡང་བསྟན་མི་དགོས། ཟློག་ཕྱོགས་ལ་ཉན་ཐོས་ཀྱི་སྒོམ་ལམ་ཤེས་པར་བྱ་བའི་ཕྱིར་ཡང་བསྟན་མི་དགོས་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། སྐབས་གཉིས་པར་སྒོམ་ལམ་བསྟན་པས་དེ་མངོན་དུ་བྱ་བར་ཤེས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། ཉན་ཐོས་ཀྱི་སྒོམ་ལམ་དེ་ཤེས་པར་བྱ་བའི་ཕྱིར་ཡང་བསྟན་མི་དགོས། དེ་མངོན་དུ་བྱ་བའི་ཕྱིར་ཡང་བསྟན་མི་དགོས་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། བྱང་སེམས་ཀྱི་མཐོང་ལམ་གྱི་ལོག་ཕྱོགས་ལ། དེའི་མཐོང་ལམ་བསྟན་པའི་མངོན་སུམ་གྱི་རྒྱུན་གོམས་པས་སྒོམ་ལམ་དུ་ཤུགས་ལ་ཤེས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། ཉན་ཐོས་ཀྱི་ལམ་བྱང་སེམས་ཀྱི་ཤེས་བྱ་ཙམ་ཡིན་གྱི་མངོན་སུམ་དུ་བྱ་བ་མ་ཡིན་པའི་ཕྱིར། དེ་ལྟར་སོགས་ལ། མཁྱེན་གསུམ་ཆོས་ཅན། ཁྱོད་ལ་མཇུག་བསྡུད་བྱེད་པའི་རྒྱུ་མཚན་ཡོད་དེ། མངོན་རྟོག་བརྒྱད་པོ་མཐའ་དག་བསྡུད་བྱེད་ཡིན་པའི་ཕྱིར། སྐབས་གསུམ་པའི་ངག་དོན་ནོ།། །།


previousསྐབས་གསུམ་པའི་ངག་དོན་བཤད་པ། next