Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
ལྷོ་ནུབ་དཔལ་རིའི་སྨོན་ལམ་འབྲེལ་ཚད་དོན་ལྡན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousལྷོ་ནུབ་དཔལ་རིའི་སྨོན་ལམ་འབྲེལ་ཚད་དོན་ལྡན།next

ལྷོ་ནུབ་དཔལ་རིའི་སྨོན་ལམ་འབྲེལ་ཚད་དོན་ལྡན།

ཆོས་དབྱིངས་ནམ་མཁའི་བརྡ་མཛོད་ལསཿ ལྷོ་ནུབ་དཔལ་རིའི་སྨོན་ལམ་འབྲེལ་ཚད་དོན་ལྡན་བཞུགསཿ

ན་མོ་གུ་རུཿ འདི་ནས་ལྷོ་ནུབ་རྔ་ཡབ་དཔལ་རིའི་གླིངཿ རང་སྣང་ཕོ་བྲང་གཞལ་མེད་ཁང་ཆེན་དབུསཿ རིན་ཆེན་པདྨ་འབུམ་བརྡལ་ཉི་ཟླའི་སྟེངཿ རྒྱལ་ཀུན་ཡོངས་འདུས་ངོ་བོ་པདྨ་འབྱུངཿ སྐུ་གསུམ་རིག་འདུས་འོད་ཕུང་ཀློང་ན་བཞུགསཿ གཡས་གཡོན་གྲལ་ན་རྒྱ་བོད་པཎ་གྲུབ་ཚོགསཿ སྣང་གྲགས་རིག་གསུམ་རྡོ་རྗེའི་ཆོས་སྒྲ་འུརཿ མཐའ་བསྐོར་རྗེ་འབངས་གྲུབ་རིགས་གཏེར་སྟོན་ཚོགསཿ བར་མཚམས་དཔའ་བོ་དཔའ་མོའི་གླུ་དབྱངས་འཁྲབཿ དེ་ལྟར་ཞིང་གི་བཀོད་པ་ཡོངས་སུ་རྫོགསཿ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོགཿ ཕྱི་རོལ་ཡུལ་གྱི་ཟངས་མདོག་དཔལ་རི་ལཿ ཡུལ་ཅན་ནང་ལྟར་གཞི་དབྱིངས་ཆོས་སྐུར་རྫོགསཿ རང་ཡུལ་མི་མཇེད་འཇིག་རྟེན་ཡོངས་བཀོད་དབུསཿ རང་སྣང་ཟངས་མདོག་ལྷོ་ནུབ་དཔལ་རིར་ཤརཿ དོན་དམ་ཡེ་ཤེས་པད་འབྱུང་མཇལ་བར་ཤོགཿ སྟེང་ཕྱོགས་ངེས་པ་ལྔ་ལྡན་ལོངས་སྐུའི་ཞིངཿ བཅོམ་ལྡན་རྒྱལ་བ་རིགས་ལྔའི་ལྷ་ཚོགས་རྫོགསཿ ཁ་སྦྱོར་བདེ་ཆེན་བདུན་ལྡན་གསང་ལམ་དུཿ ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མཆོག་ཐོབ་ཤོགཿ དེ་སྟེང་དག་པ་རབ་འབྱམས་ཆོས་སྐུའི་ཞིངཿ གཞི་སྣང་ཡེ་ཤེས་སྙིང་པོ་ཀུན་བཟང་ཡུམཿ གསལ་འཚེར་འོད་ཀྱི་གོང་བུའི་སྦུབས་ཀློང་དུཿ ཆོས་སྐུ་ནམ་མཁའ་ལྟ་བུའི་སྐུ་ཐོབ་ཤོགཿ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོགཿ ནམ་ཞིག་འདུ་ཕུང དབྱིངས་སུ་ནུབ་པའི་ཚེཿ ལྷོ་ནུབ་ཟངས་མདོག་དཔལ་གྱི་རི་བོ་དེརཿ རང་རང་བཅས་པའི་དགྲ་འདྲེ་ཕ་མ་སོགསཿ མཐོང་ཐོས་དྲན་རེག་ཁམས་གསུམ་སེམས་ཅན་ཀུནཿ མི་འབྲལ་ཚོམ་བུ་གཅིག་ཏུ་ད་དྲོངས་ཤིགཿ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོགཿ ཁྱད་པར་བསྐྱེད་རྫོགས་ཟབ་མོའི་སྨོན་ལམ་མཐུསཿ དུག་ལྔའི་འཁྲུལ་འཁོར་རྒྱ་མདུད་རང་ཞིག་ནསཿ གཞི་དབྱིངས་ཆོས་སྐུའི་པད་འབྱུང་མངོན་གྱུར་ཤོགཿ ཐུན་མོང་མ་ཡིན་བཅུ་དྲུག་ཡེ་ཤེས་སཿ ཆོས་ཟད་ཡོན་ཏན་གཞིར་རྫོགས་པདྨ་འོདཿ འདུས་པའི་འཁོར་གྱི་གྲལ་མཇུག་ཟིན་པར་ཤོགཿ ལྷོ་ནུབ་ཨོ་རྒྱན་སྤྲུལ་སྐུའི་ཞིང་ཁམས་སུཿ གུ་རུ་པདྨ་འབྱུང་གནས་ཞབས་དྲུང་དུཿ ཕ་མ་འགྲོ་དྲུག་འཁོར་བ་ལས་གྲོལ་ནསཿ འཇའ་ལུས་འཕོ་བ་ཆེན་པོར་རྫོགས་སངས་རྒྱསཿ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོགཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ས་མ་ཡཱཿ ཨེ་མ་ཕྱི་རབས་ལས་ཅན་རིགས་ཀྱི་བུཿ དཔལ་རིའི་སྨོན་ལམ་འདི་འབྲེལ་ནཿ་ནམ་ཞིག་གཉིས་སྣང་ནུབ་པའི་ཚེཿ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིངཿ སྐྱེ་བར་འགྱུར་རོ་པདྨའི་བཀའཿ མི་འདའ་དམ་ཚིག་བཟུང་བར་གཅེསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ ཅེས་མཐར་དུས་ལ་བབ་ཚེ་མ་དང་མཁའ་འགྲོའི་ཡང་ཞུན་འདི་ནི་ས་ཕོ་སྤྲེལ་གྱི་ལོ་རྒྱལ་ཟླའི་ཚེས་གཅིག་ལ་འགྲོ་འདུལ་བདེ་མཆོག་གླིང་པས་དག་པར་ཕབ་པའོཿ བཀྲ་ཤིས་དཔལ་འབར་འཛམ་གླིང་མཛེས་རྒྱན་ཤོགཿ


previousལྷོ་ནུབ་དཔལ་རིའི་སྨོན་ལམ་འབྲེལ་ཚད་དོན་ལྡན།next