Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
སའི་མདོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསའི་མདོ།next

སའི་མདོ།

༄༅། །སའི་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། བྷུ་མི་སཱུ་ཏྲ། བོད་སྐད་དུ། སའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས། ཤིང་ཡོངས་འདུས་བརྟོལ་གྱི་རྩ་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྐྱེ་བོ་གང་ཞིག་བདེ་འགྲོར་མཆིས། །སྐྱེ་བོ་གང་ཞིག་མཐོ་རིས་སྐྱེ། །གང་ཞིག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་བསོད་ནམས་འཕེལ་བར་འགྱུར། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་སྐད་ཅེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ་དང༌། ཚིགས་སུ་བཅད་པའི་དབྱངས་ཉིད་ཀྱིས་ཞུས་པའི་ལན་གསུངས་པ། ཀུན་དགའ་ར་བ་ནགས་ཚལ་སྐྱེད། །སྐྱེ་བོ་གང་ཞིག་ཟམ་པ་བྱེད། །ཆུ་སྟེང་ཁང་དང་ཆུ་མིག་དང༌། །གང་ཞིག་ངལ་གསོ་གནས་སྟེར་དང༌། །དད་དང་ཚུལ་ཁྲིམས་ཕུན་ཚོགས་ལྡན། །མཁས་ཤིང་སེར་སྣ་དང་བྲལ་ཞིང༌། །འདོད་པ་ཀུན་ལ་མ་ཆགས་ན། །རྟག་ཏུ་སེམས་ཅན་ཕན་བརྩོན་པའི། །སྐྱེ་བོ་དེ་ནི་བདེ་འགྲོར་འགྲོ། །སྐྱེ་བོ་དེ་ནི་མཐོ་རིས་སྐྱེ། །དེ་ནི་ཉིན་དང་མཚན་རྣམས་སུ། །རྟག་ཏུ་བསོད་ནམས་འཕེལ་བར་འགྱུར། །སེར་སྣ་དང་ལྡན་ལྷར་མི་འགྲོ། །བྱིས་དེས་སྦྱིན་པ་སྟེར་མི་བྱེད། །བརྟན་རྣམས་སྦྱིན་པ་ཡིད་རངས་པ། །དེས་འདི་གཞན་དུ་བདེ་བར་འགྱུར། །ཞིང་གི་སྐྱོན་ནི་ཙྭ་ཡིན་ལྟར། །སྐྱེས་བུ་འདི་ལ་འདོད་ཆགས་སྐྱོན། །དེ་བས་ཆགས་དང་བྲལ་རྣམས་ལ། །བྱིན་དང་འབྲས་བུ་ཆེན་པོར་འགྱུར། །གང་ཞིག་སངས་རྒྱས་ཆོས་རྣམས་དང༌། །དགེ་འདུན་དག་དང་མཆོད་རྟེན་དང༌། །སྐྱེས་པའམ་ཡང་ན་བུད་མེད་དག །ཚུལ་ཁྲིམས་ལྡན་པའི་མི་ལ་བྱིན། །གང་དང་གང་དུ་སྐྱེ་འགྱུར་བ། །ཇི་ལྟར་མི་ཡི་རྒྱལ་པོ་བཞིན། །ལྷ་རྣམས་ཀྱི་ནི་མཆོག་འགྱུར་ཞིང༌། །ལྷག་པའི་རྒྱལ་པོ་བྱེད་པ་འགྱུར། །འཁོར་བར་ཡོངས་སུ་འཁོར་བ་ན། །སྦྱིན་པ་མ་གཏོགས་གཉེན་མེད་པར། །བློ་ལྡན་ཕུན་ཚོགས་འདོད་པ་ཡིས། །རབ་ཏུ་འབད་དེ་སྦྱིན་པ་བྱིན། །གང་ཞིག་མདའ་རྒྱང་གང་ཙམ་ཞིག །ས་འདི་སྦྱིན་པ་རབ་གཏོང་བ། །དེ་ནི་ལྷ་ཡི་གནས་སོང་ནས། །མཐོ་རིས་དག་ཏུ་བསྐལ་བར་དགའ། །གང་ཞིག་ཀུན་དགའ་ར་བ་ཙམ། །ས་ནི་སྦྱིན་པར་གཏོང་བྱེད་པ། །ཚངས་པའི་མདུན་ན་རབ་བསྐྱེད་དེ། །མཐོ་རིས་དག་ཏུ་བསྐལ་བར་དགའ། །བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར། །ས་ནི་སྦྱིན་པར་གཏོང་བྱེད་པ། །ཚངས་པའི་བསོད་ནམས་རབ་སྐྱེད་དེ། །མཐོ་རིས་དག་ཏུ་བསྐལ་བར་དགའ། །ས་ནི་འཁྲུ་བའི་འཕྲེང་བཅས་ས། །རྨོས་པ་མཚན་མར་བཅས་བྱིན་ན། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །དེ་ནི་སྐྱེ་བ་ཉམས་མི་འགྱུར། ཚུལ་ཁྲིམས་ལྡན་ལ་ཁྱད་པར་དུ། །འབྲས་བུའི་ཞིང་ནི་གང་གིས་བྱིན། །གང་གིས་བྱིན་པ་དེ་ཡིས་ནི། །འབྲས་བུ་མི་ཟད་དེ་འཐོབ་འགྱུར། །ས་ནི་ས་ལུ་བུ་རམ་ཤིང༌། ནས་ནི་ལྗང་པས་བརྒྱན་པ་དག །གང་ཞིག་སྦྱིན་པར་བྱེད་པ་དེ། །ལྷ་མཆོག་བདེ་བ་རབ་འཕེལ་འགྱུར། །རལ་གྲི་སེང་གེ་གདན་དང་གདུགས། །རྟ་མཆོག་གླང་པོ་མཆོག་རྣམས་དང༌། །ས་སྦྱིན་པ་ཡི་མེ་ཏོག་སྟེ། །བརྒྱ་བྱིན་འབྲས་བུ་ཐར་པ་ཡིན། །གང་ཞིག་ས་ནི་ལེན་པ་དང༌། །གང་ཞིག་ས་ནི་སྟེར་བྱེད་པ། །གཉིས་ཀ་ཕན་བྱེད་ཡིན་པའི་ཕྱིར། །ངེས་པར་མཐོ་རིས་དག་ཏུ་འགྲོ། །བརྒྱ་བྱིན་ཇི་ལྟར་ཆུ་ལ་ནི། །ཏིལ་མར་ཐིགས་པས་ཁྱབ་བྱེད་པ། །དེ་བཞིན་ས་ནི་སྦྱིན་པ་ལ། །ཡང་དག་བརྟེན་ལས་བསོད་ནམས་འཕེལ། །ཇི་ལྟར་འོ་མ་ཡོད་པའི་བ། །འོ་མ་འབྱིན་པས་བེའུ་གསོ། །བསྐལ་བཟང་དེ་བཞིན་ས་གཏོང་བ། །ས་ཡིས་ཡོངས་སུ་གསོས་པར་འགྱུར། །དེ་བཞིན་ས་རབ་སྦྱིན་པ་ཡིས། །ཞོ་དང་མར་གསར་ཆུ་བོ་དང༌། །འོ་མའི་ཆུ་ནི་འབབ་པ་ཡིས། །ཚིམ་པར་བྱེད་པ་ཉིད་དུ་འགྱུར། །རྒྱལ་པོ་འདོད་ཆགས་ཀྱིས་གདུངས་ནས། །སྡིག་པ་གང་ཞིག་བྱས་གྱུར་པ། །དོར་ཕྱེད་ཙམ་ཞིག་གནོད་གྱུར་ལ། བྱིན་པས་བདེ་འགྲོར་འགྲོ་བར་འགྱུར། །རྒྱལ་པོ་འདོད་ཆགས་ཀྱིས་གདུངས་ཏེ། །སྡིག་པ་གང་ཞིག་བྱས་གྱུར་པ། །དོར་ཕྱེད་ཙམ་ཞིག་དགེ་འདུན་ལ། །བྱིན་པས་བདེ་འགྲོར་འགྲོ་བར་འགྱུར། །ཙྭ་ལས་ས་ནི་ཡོངས་སུ་བརྟག །མ་ཡི་ཕྱོགས་ལས་བེའུ་བརྟགས་ཏེ། །རྟ་ནི་ཕ་ཡི་ཕྱོགས་ལས་བརྟག །ཚུལ་ཁྲིམས་འཚོ་བས་མི་རྣམས་སོ། །བསམ་གཏན་ས་རབ་སྦྱིན་པ་ལས། །གང་ཞིག་ཟློག་པར་བྱེད་པ་དང༌། །དེ་དག་བསྡུས་འཇོམས་རི་བོ་ནི། །དམྱལ་བར་མི་ནི་འགྲོ་བར་འགྱུར། །ས་དང་མཉམ་པའི་སྦྱིན་པ་བྱེད། །སྦྱིན་དང་མཉམ་པའི་གཏེར་མང་ལ། །བདེན་དང་མཉམ་པའི་བསོད་ནམས་མེད། །རྫུན་པས་གཞན་པའི་སྡིག་པ་མེད། །དེ་ནས་བརྒྱ་བྱིན་སྟོབས་ལྡན་པའི། །བདེ་སོགས་བདག་པོས་ལུས་བཏུད་དེ། །རིན་ཆེན་རང་བཞིན་ས་བྱ་བས། །དཀོན་མཆོག་གསུམ་ལ་ཀུན་ཏུ་མཆོད། །སའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousསའི་མདོ།next