Nitartha Digital Library
Tibetan
 
previousཤོག་གྲངས་ ༤༠༡ ནས་ ༥༠༠ བར།next

ཤོག་གྲངས་ ༤༠༡ ནས་ ༥༠༠ བར།


CMR024_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་མི་རུང་བ་ལྟ་བུ་དང་། ད་ལྟའི་དངོས་པོ་ནི་སྐད་ཅིག་གིས་འཇིག་ཅིང་མི་གནས་པས་སྦྱང་གཞི་མི་དགོས་ལ། མ་འོངས་པའི་འབྱུང་འགྱུར་གྱི་སྐྱེ་འཆི་བར་དོ་༸གསུམ་སྦྱང་གཞི་ཡིན་ཏེ། དེ་བསྒོམ་ན་སྐྱེ་འཆི་བར་དོ་གསུམ་འབྱུང་རྒྱུ་ལ་བྷོ་པས། དེ་གསུམ་གྱིས་ཚབ་ཏུ་སྐུ་གསུམ་འབྱུང་བར་འགྱུར་ལ། དེ་ཡང་མངལ་སྐྱེས་སྦྱོང་བྱེད་དེ་དང་མཚུངས་པར་བསྒོམ་དགོས་ལ། མ་དག་པའི་ལས་ཉོན་ལས་གྲུབ་པའི་ཕུང་ཁམས་འདི་ལྷར་བྷེ་ཡང་ལྷར་མི་འགྱུར་བར། སོལ་བ་བརྡར་བས་དུང་མི་འབྱུང་བ་དང་འདྲ་བར་སྦྱང་གཞི་དེ་ཉིད་ལྷར་བྷོ་པ་ཡང་མིན་ཟེར་རོ། །དེ་ལ་མཁས་པ་དག་གིས་རིག་པའི་མདའ་འཕེན་པར་མཛད། འོ་ན་མ་འོངས་པའི་སྐྱེ་འཆི་བར་དོ་སྦྱངས་བ་ཡང་ད་ལྟ་སྦྱང་གཞི་མ་བྱུང་བའི་ཕྱིར། སང་ཕོད་སྐྱེ་རྒྱུའི་བུད་ཤིང་ད་ལོ་མེས་བསྲེག་ཏུ་མི་རུང་བ་དང་མཚུངས། ཞེས་སོགས་གནོད་བྱེད་དུ་མ་འབྱུང་ངོ་། །འཛམ་བུའི་གླིང་དུ་མངལ་སྐྱེས་སུ་སྐྱེ་འགྱུར་ཞིག་མ་གཏོགས་སྐྱེ་བ་གཞན་དུ་སྐྱེ་འགྱུར་གྱིས་དེ་བྷེ་པ་དོན་མེད་ཟེར་བ་ཞིག་ཏུ་ཡང་འགྱུར་རོ། །དེ་ལྟར་ལུགས་དེ་གཉིས་ཀས་ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་དག་པའི་ལྷ་མ་ཡིན་པར་འདོད། དེ་ནི་རྒྱུད་རྣམས་


CMR024_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་མཐུན་ཏེ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། དེ་ལ་རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་གིས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དོ། །ཞེས་པ་ནས་དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ང་རྒྱལ་བསྐྱེད་པར་བྱའོ། །ཞེས་སོགས་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱིས་ཆོས་སོ་བདུན་ལྷ་སོ་བདུན་དང་། སྐུ་དང་བ་སྤུའི་ཀེང་རུས་ཆེན་པོའོ། །ཞེས་སོགས་ལུས་ཀྱི་ཁམས་ཉེར་བཞི་དཔའ་བོ་ཉེར་བཞི་དང་། ལུས་ཀྱི་རྩ་ཁམས་དཔའ་བོ་དང་དཔའ་མོ་ཉེར་བཞིའི་ངོ་བོར་གསུངས་ལ། །ལུ་ཧི་པ་དང་ནག་པོ་པ་དང་དྲིལ་བུ་པ་གསུམ་ཀས། རྒྱུད་ཚིག་ཇི་ལྟར་ཕུང་ཁམས་ལྷར་བསྒོམ་ཚུལ་གསུངས་སོ། །དེ་ནས་ཕུང་ཁམས་སོགས་དག་པར་གསུངས་པ་རང་བཞིན་གྱི་ཕུང་ཁམས་རྣམ་པར་དག་པ་ལ་དགོངས། མ་དག་པར་གསུངས་པ་ནི་བློ་བུར་གྱི་དྲི་མ་ལ་དགོངས་པས། ཕུང་ཁམས་སོགས་དངོས་པོ་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་ཀྱང་། གློ་བུར་གྱི་དྲི་མ་ཐམས་ཅད་སྦྱང་ཕྱིར་ལྷར་བྷེ་པ་ཡིན་པར་ཤེས་པར་བྱའོ། །ཡང་ཕུང་ཁམས་སྦྱང་གཞི་ཡིན་ཡང་ཕུང་ཁམས་སྦྱང་གཞི་ཉིད་ལྷར་བྷོ་པ་མ་ཡིན་ཟེར་བ་ཡང་མི་འཐད་པའི་ལུང་ནི། རྣམ་


CMR024_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་རིམ་པ་ལས། ཡང་འདི་ལྟར་ཕུང་པོ་དང་སྐྱེ་མཆེད་རྣམས་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་རྣམས་ནི། ད་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡུལ་ཕྲ་རབ་ལས་གྲུབ་པའི་ངོ་བོ་ཉིད་དུ་བསྟན་ཏེ། ཞེས་དང་། སྒྲུབ་ཐབས་མདོར་བྱས་ལས། རྣམ་པར་སྣང་མཛད་ཀྱི་ས་བོན་ནི། ཁ་དོག་དཀར་པོ་ཡི་གེ་ཨོཾ། །གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི། །སྔགས་ཤེས་པས་ནི་སྤྱི་བོར་འགོད། །ཅེས་སོགས་གསུངས་པ་དང་། ཕུང་ཁམས་སོགས་ཐ་མལ་དུ་འཛིན་པའི་གཞི་ཐམས་ཅད་ལྷར་བསྒོམས་པས་ལྷར་འཚར་ཞིང་ཀུན་རྫོབ་རང་བཞིན་རྣམ་དག་གི་ལྷ་ཡིན་ནོ། །དེ་ནས་ཐ་མལ་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་གཟུང་འཛིན་ཀུན་རྫོབ་ཆ་ཐམས་ཅད་ལྷའི་ངོ་བོའི་རང་བཞིན་གྱིས་རྣམ་པར་དག་པས་ལྷར་འགྱུར་བའི་གཞི། དེ་ཐ་མལ་དུ་གཟུང་བས་སྦྱང་དགོས་པའི་གཞི་སྟེ། སྦྱང་གཞིའོ། །དེའི་དོན་གསང་འདུས་རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བར་བརྗོད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་


CMR024_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །གཟུགས་སྒྲ་ལ་སོགས་བསྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བྷེ། །ཞེས་དང་། དེའི་དོན་ཟབ་མོ་ནང་དོན་ལས། །ཕུང་པོ་སངས་རྒྱས་ལྔ་ཡིན་ཏེ། །ཁམས་བཞི་རིགས་བཅས་ལྷ་མོ་ལྔ། །ཞེས་སོགས་གསུངས་པ་དང་། རྒྱུད་ཀྱི་རྒྱལ་པོ་པདྨ་ཟབ་པ་ལས། འདི་ནི་རང་གི་ཕུང་པོ་ལ་བྷེ། ཞེས་བཀའ་བསྩལ་པ་དང་། ཁྱད་པར་ཕུང་པོ་ལྔ་ཡི་བདག །ཅེས་སྟོན་པས་སྤྱན་རས་གཟིགས་ལ་བཀའ་བསྩལ་པ་དང་། པདྨ་རྒྱལ་པོའི་རྒྱུད་ལས། །ཕུང་པོ་ལྔ་ཡི་དབྱེ་བ་ཤེས། །སངས་རྒྱས་ལྔ་ཡི་འབྲས་བུ་ལ། །ཡེ་ཤེས་ལྔ་ཡི་རྒྱས་ཐེབ་པ། །ལུས་ནི་དབེན་པར་གནས་པ་ཡིན། །ཞེས་གསུངས་སོ། །མི་ཐུབ་ཟླ་བས། གཟུགས་ཁམས་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་དང་། དམ་པའི་དོན་དུ་ཕུང་པོ་མེད། །ཅེས་གསུངས་པས་ཕུང་པོ་དེ་དག་དོན་དམ་པར་མེད་ཀྱང་ཀུན་རྫོབ་སྦྱང་གཞིའོ། །སྣང་བ་བདེན་པར་འཛིན་པའམ། རྟག་ཙམ་དུ་འཛིན་པའི་གཟུགས་ཚོར་བ་སྣང་བ་རང་གར་འཛིན་ཅིང་། ལྷའི་ངོ་བོ་མ་ཤེས་པ་ཐམས་ཅད། འཁོར་བར་འཆིང་བའི་རྒྱུ་ཡིན་པས། འཆིང་བ་དང་སོ་སོ་དེ་དང་དེར་ཞེན་པས་མཚན་


CMR024_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་དང་། ཐུན་མོང་གི་སྐབས་སུ་བདེན་འཛིན་ལ་ཉོན་སྒྲིབ་དང་། འདི་ལ་ཤེས་སྒྲིབ་ཏུ་འཇོགས་པས་ཤེས་སྒྲིབ་དང་། མྱང་འདས་འཆིང་བར་བྱེད་པས་དུག་ཅེས་དང་། དངོས་པོ་ཙམ་ལས་རྣམ་པར་རྟོག་པས་དངོས་པོའི་རྣམ་རྟོག་དང་། ཐ་མལ་དུ་འཛིན་པས་ཕལ་པའི་གནས་སྐབས་དང་། མི་གཙང་བའི་ཚད་ཅེས་མིང་མང་ཡང་དོན་དངོས་པོའི་འཆིང་བ་སྟེ། སྦྱང་བྱ་ཡིན་ལ་ཡུལ་གྱི་རྣམ་རྟོག་སྦྱང་གཞི་དང་། ཡུལ་ཅན་གྱི་རྣམ་རྟོག་སྦྱོང་བྱེད་ཡིན་པ་ཡང་མི་འགལ་ལོ། །རྣམ་ཐར་སྒོ་གསུམ་བྱང་ཕྱོགས་སོ་བདུན་ཡེ་ཤེས་ལྔ་སོགས་ཆོས་སྐུའི་ཡོན་ཏན་རྣམས་དང་། རིགས་ལྔ་ཡུམ་བཞི་ཌཀི་ལྔ་སོགས་གཟུགས་སྐུའི་ལྷ་ཚོགས་ཐམས་ཅད་སྦྱོང་བྱེད་ཡིན་ནོ། །སྦྱང་ཚུལ་ལ་ནི་གཉིས་ཡོད་དེ། རྣལ་འབྱོར་པའི་ཕུང་ཁམས་སྐྱེ་མཆེད་ཐ་མལ་པའི་ངོ་བོ་ཡེ་ཤེས་ཚོགས་བསགས་སྐབས་སུ་དངོས་པོ་སྟོང་ཉིད་སྦྱང་བའི་སྟོང་ཉིད་དེ་དང་། སེམས་གསལ་བ་གཉིས་ཐ་མི་དད་པའི་གསལ་སྟོང་ཟུང་འཇུག་ལ་མཉམ་པར་བཞག་ནས། ཐུན་མཚམས་ཏིང་ངེ་འཛིན་དེ་ལས་ལངས་བ་ན། ཐ་མལ་པའི་སྣང་བ་འཆར་དུ་མི་བཅུག་པར། དཀྱིལ་འཁོར་དང་ལྷའི་ངོ་བོར་བྷེ་ནས། དེ་ཀུན་རྫོབ་ཀྱི་


CMR024_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང་དབྱེར་མེད་དུ་བྷོ་པ་ནི། མཉམ་བཞག་གི་རྣལ་འབྱོར་གྱིས་སྦྱང་ཚུལ་ཡིན་ལ། མཉམ་བཞག་ལས་ལངས་ནས་རྗེས་སྤྱོད་ལམ་གྱི་ཚེ་སྣང་བའི་དངོས་པོ་ལ་བག་ཆགས་གོམས་པས་ཐ་མལ་དུ་འཛིན་པ་སྐྱེས་ཙམ་ན། དེ་དྲན་པས་བཟུང་ནས་འདི་ནི་ལྷ་ཡིན་ནོ་སྙམ་དུ་བསྒོམས་པས་བོགས་དབྱུང་བ་ནི་རྗེས་སྤྱོད་ཀྱི་རྣལ་འབྱོར་གྱིས་སྦྱང་ཚུལ་ཡིན་ཞིང་། མཉམ་རྗེས་གཉིས་སྦྱང་གཞི་གཅིག་པས་སྦྱང་ཚུལ་རྣམ་རྟོག་སྤངས་བར་གཅིག་གོ །དེ་ཡང་ཕུང་ཁམས་སྐྱེ་མཆེད་ལ་ལྷའི་ང་རྒྱལ་བྷེ་པ་དང་། ཡེ་ཤེས་ཚོགས་བསགས་སྐབས་སུ་ངའོ་ཞེས་པའི་དོན་བདེན་གྲུབ་ལ་ང་རྒྱལ་འཇོག་པ་ནི་མ་ཡིན་ལ། ལྟ་བས་བདེན་འཛིན་གྱི་དྲི་མ་སྦྱངས་ཏེ་ཀུན་རྫོབ་སྣང་ཚུལ་ཙམ་དུ་ཐ་མལ་གྱི་རྣམ་རྟོག་སྣ་ཚོགས་སྤངས་ཕྱིར་ལྷ་བྷེ་སྟེ། ཀྱེ་རྡོར་ལས། དག་པས་དུག་མེད་བྱས་ནས་ནི། །བརྟན་བྱ་འདི་དག་བརྟན་པ་ཉིད། །ཅེས་གསུངས་པ་ཀུན་ཏུ་བརྟག་པ་བདག་འཛིན་གྱི་དུག་ལྟ་བས་སྦྱོང་བར་བྱེད། ཀུན་ཏུ་བརྟག་པ་ཐ་མལ་གྱི་རྣམ་རྟོག་བསྐྱེད་རིམ་གྱི་སྤངས་བར་བྱེད་པའོ། །ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། སྔགས་དོན་ངའོ་ཞེས་པའི་ང་ནི་གཞི་ལམ་འབྲས་བུ་གསུམ་གྱི་སྐབས་ཐམས་ཅད་དུ་གསལ་སྟོང་ཟུང་འཇུག་


CMR024_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དེ་ཉིད་ཡིན་ཏེ། བརྟག་གཉིས་ལས། ང་ལས་འགྲོ་བ་ཐམས་ཅད་འབྱུང་། །ང་ལས་ཁམས་གསུམ་པོ་ཡང་འབྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། དངོས་དང་དངོས་པོ་མེད་པ་དང་། །དངོས་པོ་རྟོགས་ཕྱིར་སངས་རྒྱས་དང་། །གང་གིས་ལེ་ལོས་བསྣུན་པ་དང་། །རྨོངས་པ་ཎྜིགང་གིས་ང་མི་ཤེས། །ཞེས་གསུངས་སོ། །དེ་ཡང་རང་བཞིན་རྣམ་དག་སྟོང་ཉིད་ལ། ཁྱད་གཞིར་བྱས་ཏེ། ངའོ་སྙམ་པའི་འཛིན་སྟོང་བསྣན་པ་མ་ཡིན། སྣང་བ་ཐམས་ཅད་སྟོང་པར་སྦྱངས་ནས་ཅི་ཡང་མེད་པར་བསམ་པ་ཡང་མ་ཡིན་པར། སྟོང་པ་དང་གསལ་བ་ལ་དབྱེར་མེད་པར་མཉམ་པར་བཞག་པའོ། །སྐབས་འདི་ཡི་ང་དང་ཕར་ཕྱིན་ཐེག་པར་གསུངས་པའི་ང་དོན་མི་གཅིག་སྟེ། ཕར་ཕྱིན་ཐེག་པར་ང་དང་བདག་མེད་པར་རྒྱ་ཆེར་གསུངས་ལ། འདིར་ང་ཡོད་པ་ལྟར་གསུངས་ཏེ། །འདིའི་དོན་མདོ་སྡེ་མྱ་ངན་འདས་ཆེན་ལས་རྒྱ་ཆེར་གསུངས་ཏེ། སོ་སོའི་སྐྱེ་བོ་རྣམས་བདག་ཆེན་པོ་དང་ཆུང་ངུ་དང་། མཐེ་བོང་ཙམ་དང་ཏིལ་ཙམ་དང་ཁྲེ་ཙམ་དང་། མི་བདེན་སྒྱུ་མར་འཛིན་པ་སོགས་ཡང་དག་མ་ཡིན། འཇིག་རྟེན་ལས་


CMR024_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་བདག་གི་མཚན་ཉིད་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་སྟེ། དེ་ལྟར་བདག་ཏུ་འཛིན་པ་ནི་ཤིན་ཏུ་མཆོག་ཅེས་པའོ། །ཞེས་དང་། དཀོན་མཆོག་གསུམ་གྱི་མཚན་ཉིད་ནི། །བདག་ཅེས་བྱ་བའི་མཚན་ཉིད་དོ། །བདག་དང་སངས་རྒྱས་རང་བཞིན་ཉིད། །གང་གིས་མངོན་སུམ་རྟོགས་གྱུར་ན། །དེ་བཞིན་གཤེགས་པའི་སྙིང་པོ་ཉིད། །སྐྱེས་བུ་དེ་ཡིས་རྟོགས་གྱུར་རོ། །ཞེས་དང་། སངས་རྒྱས་ཀྱི་རང་བཞིན་ལ་ལམ་དབུ་མ་མཐའ་གཉིས་དང་ཡོངས་སུ་བྲལ་བ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་རང་བཞིན་གྱིས་གཉིས་སུ་མེད་པར་ཁྱེད་ཀྱིས་དེ་ལྟར་བཟུང་དུ་བཟུང་ལ་སྤྱི་བོས་ལོངས་ཤིག །ཅེས་དང་། ངས་སྔོན་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མདོ་ལས་ཀྱང་། བདག་དང་བདག་མེད་པ་གཉིས་མཚན་ཉིད་ཀྱིས་གཉིས་སུ་མེད་པར་བསྟན་ཏོ། །ཞེས་གསུངས་ཤིང་། དཔེར་ན་རྒྱལ་པོའི་བུ་གཅིག་ལ་རལ་གྲི་བཟང་པོ་ཡོད་པ་མི་གཅིག་གིས་ཁྱིམ་དུ་བྱུང་བ་མི་དེས་མཐོང་ནས་རྒྱལ་བུ་ཡུལ་གཞན་དུ་སོང་བ་དང་། མི་དེ་རལ་གྲི་ལ་སེམས་ཆགས་ནས་གཉིད་ཁུངས་སུ་རལ་གྲི་རལ་གྲི་ཟེར་བས་དེ་བློན་པོས་བཟུང་


CMR024_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་པོ་ལ་གཏད་ནས་རལ་གྲི་ག་རེ་གསུངས་པས། དེས་ང་ལ་རལ་གྲི་མེད་དེ་མཐོང་བས་འཁྲུལ་ལོ་ཞུས་སོ། །རལ་གྲི་དེ་ཅི་འདྲ་གསུངས་པས། རྭ་རུ་འདྲའོ་ཟེར་བས་དེ་འདྲ་མི་སྲིད་གསུངས། རྒྱལ་པོས་བློན་པོ་རྣམས་ལ་རལ་གྲི་དེ་མཐོང་ངམ་དྲིས་པས་ཤིའོ། །དེའི་རྒྱལ་ཚབ་ཀྱིས་རྒྱལ་པོ་བྱས་ནས་བློན་པོ་རྣམས་ལ་མཛོད་དུ་རལ་གྲི་དེ་འདྲ་མཐོང་ངམ་གསུངས་པས། མཐོང་ལགས་རྭ་རུ་འདྲའོ་ཟེར་པས་དེ་འདྲ་མི་སྲིད་གསུངས། དེ་བཞིན་དུ་རྒྱལ་པོ་རབས་བཞིའི་བར་དུ་རལ་གྲིའི་ཁུངས་མ་ཆོད་ཕྱིས་བྲོས་པའི་རྒྱལ་བུ་དེ་བྱུང་ནས་རྒྱལ་པོ་བྱས། རལ་གྲི་མཐོང་ངམ་ཅི་འདྲ་དྲིས་པས། བློན་པོ་རྣམས་ལ་ལས་ཨུཏྤལ་འདྲའོ། །རྭ་རུ་འདྲའོ། །མེ་དཔུང་འདྲའོ། །སྦྲུལ་ནག་འདྲའོ། །སོ་སོར་ཟེར་བས། རྒྱལ་པོ་བཞད་ནས་ངའི་རལ་གྲི་ཁྱེད་རྣམས་ཀྱིས་མ་མཐོང་ངོ་ཟེར། དེ་བཞིན་བྱང་ཆུབ་སེམས་དཔའ་བྱོན་ནས་བདག་གསུངས་པ་ནི་རལ་གྲི་ཐོག་ནས་བྲོས་པ་ལྟ་བུའོ། །མི་རྣམས་བདག་ཡོད་ཟེར་བ་གཉིད་རྡོལ་བ་ལྟ་བུ། བདག་དེ་ཅི་འདྲ་སྨྲས་ན་མཐེ་བོང་ཙམ་དང་ཁྲེ་ཙམ་དང་ཏིལ་འབྲུ་ཙམ་ཡོད་ཟེར། ཁ་ཅིག་སེམས་ལ་གནས་ཏེ་ཉི་མ་ལྟར་འབར་ཞིང་གསལ་ཟེར་བ་བློན་


CMR024_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་རྫུན་སྨྲ་བ་ལྟ་བུའོ། །དེ་ལྟར་རྫུན་དེ་རྣམས་གསལ་ཕྱིར་བདག་མེད་པར་གསུངས། སངས་རྒྱས་ཀྱི་རང་བཞིན་རལ་གྲི་ལྟ་བུ་ཞེས་སོགས་རྒྱ་ཆེར་དཔེ་དུ་མ་ནས་གསུངས་སོ། །འདི་དང་རྗེ་རང་བྱུང་བའི་ཆོས་དབྱིངས་སྟོད་འགྲེལ་དོན་མཐུན་པར་སྣང་ངོ་། །དེས་ན་དོན་དམ་ཆོས་སྐུ་དེ་ལ་དམ་པའི་བདག་ཅེས་པའི་ཐ་སྙད་མཛད། འདི་ལ་ས་སྐྱ་པ་དང་བཀའ་བརྒྱུད་རིན་པོ་ཆེའི་དགོངས་པ་གཅིག་པར་སྣང་ངོ་། །དེ་ཡང་མདོར་བསྡུས་ན་གཟུགས་ཕུང་ནི་སྦྱང་གཞི། རྣམ་སྣང་སྤྱན་རས་གཟིགས་ནི་སྦྱོང་བྱེད། གཟུགས་ཕུང་ལྷར་མ་ཤེས་པར་གཟུགས་ཕུང་དུ་འཛིན་པ་ནི་སྦྱང་བྱ། གཟུགས་ཕུང་རྒྱལ་བ་རྒྱ་མཚོར་ཤེས་ནས་དེའི་སྐུར་སྒོམ་པ་སྦྱང་ཚུལ། དེ་བྷེ་པས་གཟུགས་ཕུང་གཙོ་བོ་སྤྱན་རས་གཟིགས་སུ་གནས་གྱུར་པ་སྦྱངས་འབྲས་ཏེ་ཐམས་ཅད་དེས་འགྲེས་སོ། །སྦྱང་གཞི་འཁོར་བའི་ཆོས། སྦྱོང་བྱེད་ནི་འབྲས་བུ་མྱ་ངན་ལས་འདས་པའི་ཆོས། དེ་སྦྱངས་ནས་འཁོར་འདས་དབྱེར་མེད་བསྐྱེད་རྫོགས་ཉམས་ལེན་དུ་ཡང་འཆད་དེ་དོན་ལ་གཅིག་གོ །དེས་སྤྱིར་བསྐྱེད་རྫོགས་ཀྱི་སྦྱང་ལུགས་བསྟན་ནས། བྱེ་བྲག་ཆོ་གའི་སྦྱོར་དངོས་རྗེས་སོ་སོས་སོ་སོ་སྦྱང་ཚུལ་ལ་རྣམ་གྲངས་བདུན་ཡོད་དེ། དང་


CMR024_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྔོན་འགྲོ་ལས་ཉོན་སྦྱང་ཚུལ་ལ། ཚོགས་བསགས་པས་ཚེ་སྔ་མའི་ལས་ཉོན་སྦྱངས། ཡེ་ཤེས་ཚོགས་བསགས་ཀྱིས་ཚེ་སྔ་མའི་འཆི་སྲིད་སྦྱངས། ས་བོན་ཡིག་འབྲུ་ནམ་མཁའ་ལ་གནས་པས་སྔ་མའི་བར་དོ་སྦྱང་བ། རྔོག་ལུགས་སོགས་བཞེད་པ་ཡིན་ཀྱང་། ཡེ་ཤེས་ཚོགས་བསགས་འཆི་སྲིད་སྦྱོང་བྱེད་ས་སྐྱ་པ་རྣམས་མ་ཡིན་པར་འདོད་དོ། །ཚོགས་གཉིས་ཀའི་ཚེ་སྔ་མའི་ལས་ཉོན་སྦྱོང་བྱེད་དུ་བཞེད་དོ། །མདོར་ན་ཚོགས་གཉིས་བསགས་པ་ནི། ཚེ་སྔ་མ་ཕན་ཆད་ཀྱི་ལས་ཉོན་སྦྱང་བ་དང་། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་དོད་འབྲས་བུའི་རྣམ་པ་ལམ་དུ་བྱེད་པ་ཡིན་ནོ། །སྲུང་འཁོར་ནི་གསང་འདུས་བ་ཁ་ཅིག་ནི་ཕྱིའི་ལྕགས་རི་སྦྱོང་བྱེད་དུ་འདོད་ཀྱང་། འདི་ནི་གླིང་བཞི་གཅིག་ཁོ་ན་སྦྱང་གཞི་སྦྱོང་བྱེད་སྦྱར་བ་མིན་པས་དེ་ཅུང་ཟད་མི་འཐད་ལ། འཇིག་རྟེན་པ་རྣམས་གོ་ཆ་དང་སྨན་སོགས་ལུས་བསྲུང་བ་དང་། ངག་མནན་བཟློག་པ་དང་སྨྱོ་འབོག་བཟློག་པ་སོགས་བར་ཆད་བསྲུང་ཐབས་ལ་བརྩོན་པ་སྦྱོང་བྱེད་དུ་ས་སྐྱ་པས་བཞེད་དོ། །མདོར་ན་བྱང་ཆུབ་སྒྲུབ་པའི་བར་ཆད་སྦྱང་པ་དང་། སྲོད་ལ་བདུད་བཏུལ་བ་མཚོན། དེ་ལ་ནི་དཀྱིལ་ཆོག་


CMR024_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་སྲོད་ལ་བདུད་བཏུལ་བའི་གོ་རིམ་ལྟར། ཚོགས་བསོད་ནམས་བསགས་པའི་རྗེས་ནས་དཀྱིལ་འཁོར་བྷེ་སྲུང་འཁོར་བྷོ་པར་བཤད་ཀྱང་། འདིར་རྒྱལ་བ་རྒྱ་མཚོའི་ལུགས་དང་ཐུན་མོང་མ་ཡིན་པའི་སྲུང་འཁོར་ཕྱོགས་གཅིག་ཏུ་བསྡུས་ཏེ། ཚོགས་བསགས་ཏེ་རང་ལ་ཡང་བདུད་ཀྱི་བར་ཆད་མི་འཇུག་པའི་ཆེད་དུ་ཚོགས་བསགས་ཀྱི་གོང་དུ་སྲུང་འཁོར་མཛད་པ་ཡིན་ནོ། །དེ་བཞིན་དུ་བླ་མེད་དཀྱིལ་ཆོག་ཐམས་ཅད་ལ་དོན་གྱི་བབ་སོ་གཅིག་ཀྱང་སོ་སོའི་བཞེད་པ་གོ་རིམ་དང་རྒྱས་བསྡུས་སྣ་ཚོགས་འབྱུང་བ་གཅིག་ལ་ཞེན་ནས་གཅིག་ཁྱད་དུ་བསད་ན་ཆོས་སྤངས་སུ་འགྱུར་བས་མི་བྱའོ། །རྟེན་དཀྱིལ་འཁོར་གྱིས་སྣོད་སྦྱང་ཚུལ་ལ། ཆོས་སྐུའི་ཞིང་ཁམས་ཆོས་དབྱིངས་དང་མཉམ་པར་བྷོ་ལ། ལོངས་སྐུའི་ཞིང་ཁམས་མེ་ཏོག་གིས་བརྒྱན་པའི་འོག་མིན་སྟུག་པོ་བཀོད་བྷོ་པ་གཉིས་ནི་འདིའི་ཁྱད་ཆོས་དཀྱིལ་འཁོར་གཞན་ལ་མ་གྲགས་པ་སྟེ། རྒྱས་པར་གོང་དུ་བཤད་ཟིན་ཏོ། མེ་ཏོག་གི་ལྟེ་བར་འབྱུང་བ་རིམ་བརྩེགས་བྷེ་པའི་དབང་དུ་བྱས་ན། ཆོས་འབྱུང་ནི་མའི་མངལ་དང་སྒོ་ང་དང་མེ་ཏོག་དང་དྲོད་གཤེར་ལྡན་པའི་ས་གཞི་སྟེ། སྐྱེ་གནས་བཞི་ཀ་སྦྱོང་བྱེད་ཡིན་


CMR024_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དབྱིབས་གྲུ་གསུམ་ནི་བླ་མ་ཁ་ཅིག་ནམ་མཁའ་རྣམས་སྟེང་རྒྱས་སྨད་ཞུམ་པའི་རྣམ་པར་ཡོད་པ་དང་མཚུངས་ཟེར་ཡང་ནམ་མཁའ་དབྱིབས་སུ་གྲུབ་པ་ཡང་མཚར་རོ། །སྐུ་གསུམ་རྣམ་ཐར་སྒོ་གསུམ་མཚོན་པས་གྲུ་གསུམ་ལ་ས་དང་པོ་ནས་ཡོན་ཏན་ཇེ་ཆེར་རྒྱས་པ་མཚོན་པས་སྟོད་ཆེ་བར་འདོད་པ་ལེགས་ལ། ཕྱི་དཀར་ནང་དམར་ནི་ཐབས་ཤེས་མཚོན་ནོ། །དེ་ནས་རླུང་མེ་ཆུ་ས་ཆགས་རིམ་གྱིས་སྦྱང་བའོ། །ས་ནས་ལུགས་ལྡོག་བསྒོམ་པ་ནི་མངལ་དུ་ལུས་གྲུབ་ཚུལ་གོ་རིམ་སྦྱང་བའམ་ལུས་ཀྱི་འཁོར་ལོའི་རིམ་པར་སྦྱང་བའོ། །ཡང་ལུས་རྐང་མཐིལ་རླུང་སོགས་གོ་རིམ་ལྟར་སྦྱང་བ་ཡིན་ནོ། །དེ་ལ་འབྱུང་བཞིའི་དཀྱིལ་འཁོར་ལ་མེའི་དཀྱིལ་འཁོར་དུས་འཁོར་ལུགས་ལ་དངོས་སུ་ཡོད་པར་བཞེད་ཀྱང་། རྒྱུད་གཞན་དང་། མངོན་པ་ནས་མེད་པར་གསུངས་ཏེ། ཀླུའི་བྱང་ཆུབ་ཀྱིས་མེ་དངོས་སུ་མེད་ཀྱང་འབྱུང་བཞི་གཞན་ལ་མེའི་རྡུལ་ཕྲ་རབ་ཡོད་པས་སྦྱང་གཞི་ཡོད་པར་གསུངས་སོ། །འབྲས་བུ་ལམ་བྱེད་ནི། ནམ་མཁའི་རྡོ་རྗེ་རྣལ་འབྱོར་མ་དང་། འབྱུང་བཞི་ཡུམ་བཞི་དང་མཁའ་འགྲོ་བཞི། འཁོར་ལོ་རྣམ་སྣང་སྤྱན་རས་གཟིགས་མཚོན་ནོ། །དེ་ནས་གཞལ་ཡས་


CMR024_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གིས་སྣོད་ཀྱི་འཇིག་རྟེན་སྦྱངས་ལུགས། སྤྱིར་མ་དག་པའི་འཇིག་རྟེན་མཐའ་དག་དང་། དེ་ལས་བསྡུ་ན་མི་མཇེད་ཀྱི་འཇིག་རྟེན་ཁམས་དང་། བསྡུ་ན་གླིང་བཞིའི་འཇིག་རྟེན་གྱི་ཁམས་སྦྱངས་ཏེ། ཁྱད་པར་འཛམ་བུ་གླིང་རིང་གནས་པའི་ཡུལ་གྲུ་དང་། གནས་ཁང་སོགས་མ་དག་པའི་སྣང་བའི་འཇིག་རྟེན་ཐམས་ཅད་སྦྱངས་བའོ། །འབྲས་བུའི་རྣམ་པ་ལམ་བྱེད་ནི། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མཚོན་ཏེ། ཆོས་སྐུའི་དབང་དུ་བྱ་བའོ། །གཟུགས་སྐུའི་དབང་དུ་བྱས་ན་འོག་མིན་སྟུག་པོ་བཀོད་པའི་རྒྱལ་པོ་དབང་བསྒྱུར་གྱི་གཞལ་ཡས་ཁང་རྣམ་སྣང་བཞུགས་གནས་དེའམ། ཁྱད་པར་བདེ་བ་ཅན་གྱི་ཞིང་ཁམས་ན་སྣང་བ་མཐའ་ཡས་བཞུགས་པའི་རིན་པོ་ཆེའི་གཞལ་ཡས་ཁང་ལ། ལྷ་གནས་འོག་མིན་གྱི་སྟེང་དུ་རྡོ་རྗེ་འཆང་བཞུགས་པའི་གཞལ་ཡས་ཁང་དེའམ། སྤྲུལ་སྐུའི་དབང་དུ་ན་དགའ་ལྡན་ན་བྱམས་པའི་གཞལ་ཡས་ཁང་ངམ། རྒྱ་གར་རྡོ་རྗེ་གདན་གྱི་གནས་དང་གཙུག་ལག་གམ། དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ངམ། པོ་ཊ་ལ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོའི་བཞུགས་གནས་སུ་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་གཞལ་ཡས་ཁང་ཡོད་པ་དེ་


CMR024_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ནས་བསྐྱེད་ཆོག་གི་སྐྱེ་གནས་བཞི་སྦྱང་ཚུལ་ལ། དང་པོ་མངོན་རྟོགས་རྒྱས་པས་སྐྱེ་གནས་བཞི་ཀ་སྦྱངས་ཏེ། དང་པོ་ཉི་ཟླ་དྲོད་གཤེར་དང་། །ཁུ་ཁྲག་སྦྱང་བར་གསུངས་པ་ལྟར། །འདིར་པདྨ་བརླན་དང་བསིལ་བ་ཡིན་པས་ཟླ་བའི་གོ་ཆོད་པར་བྱའོ། །ཡིག་འབྲུའི་བར་དོའི་རྣམ་ཤེས་སྦྱང་བ་ཡབ་ཡུམ་ཐུགས་ཀའམ་སྦྱོར་མཚམས་ནས་འཁོར་གྱི་ས་བོན་སྤྲོས་པས་མངལ་སྐྱེས་སྦྱངས། གཞན་དག་ཏུ་རྒྱུ་རྡོ་རྗེ་འཛིན་པ་ཞུ་བ་ཐིག་ལེར་གནས་པ་ལ་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པས་སྒོང་སྐྱེས་སྦྱང་པ་ཡིན་ཡང་། འདིར་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་སོ་སོར་མ་བཤད་པས། ས་བོན་དང་ཕྱག་མཚན་ཞུ་བ་འོད་ཀྱི་གོང་བུར་ཡོངས་སུ་གྱུར་པ་ལས་ལྷར་བཞེངས་པ་དེས་སྒོང་སྐྱེས་སྦྱང་ངོ་། །མཁའ་འགྲོ་བཞི་ས་བོན་ལས་སྐད་ཅིག་གིས་བསྐྱེད་པའམ། རིགས་བདག་སྐད་ཅིག་གིས་བསྐྱེད་པས་བརྫུས་སྐྱེས་སྦྱང་ངོ་། །ཡེ་ཤེས་འགུགས་པས་ལུས་སེམས་ཡོངས་སུ་རྫོགས་པ་སྦྱངས། དབང་བསྐུར་བས་རང་རང་གི་རིགས་ཀྱི་བྱ་བ་བྱེད་པ་སྦྱངས། བཟླས་པ་སོགས་ཀྱིས་འཇིག་རྟེན་བྱ་བ་སྣ་ཚོགས་བྱེད་པ་སྦྱངས། ལྷ་བསྡུ་བས་འཆི་སྲིད་སྦྱང་བ་ནི། །


CMR024_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བསྡུས་པས་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པ་སྦྱངས། འཁོར་གཙོ་བོ་ལ་བསྡུས་ནས་རང་ཉིད་ནཱ་ད་སྟོང་ཉིད་ལ་ཞུགས་པས་བཅུད་ཀྱི་སེམས་ཅན་འཆི་བ་སྦྱང་ངོ་། །དེ་ཡང་འབྲས་བུ་ལམ་བྱེད་ཀྱི་དབང་དུ་བྱེད་ན། མངོན་བྱང་ལྔས་ལྷར་བསྐྱེད་པ་འོག་མིན་ནམ་རྡོ་རྗེ་གདན་དུ་སངས་རྒྱས་པ་དང་འདྲ། དབང་བསྐུར་བ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་འོད་ཟེར་སྤྲོ་བསྡུ་སེམས་ཅན་གྱི་དོན་བྱེད་པ། བཟླས་པ་ཆོས་འཁོར་བསྐོར་བ། མཐར་སྟོང་ཉིད་དུ་ཞུ་བ་དང་མྱ་ངན་ལས་འདའ་བ་དང་མཐུན། སླར་ཡང་སྒྱུ་མའི་སྐུ་ནི་སྤྲུལ་པ་རྒྱུན་མི་འཆད་པ་སྟེ། རྒྱས་པར་གོང་དུ་ཡང་བཤད་ཟིན་ཏོ། ལྷ་རྣམས་དུག་གསུམ་སྦྱང་བ་ཡང་། ཡུམ་ཁྲོ་མོ་དང་རྟ་མགྲིན་སོགས་ཀྱིས་ཞེ་སྡང་སྦྱངས། འཁོར་མཁའ་འགྲོ་བཞི་སོགས་ཀྱིས་བསྐོར་བས་འདོད་ཆགས་སྦྱངས། གཙོ་བོ་ལྔ་མཚན་དཔེ་ཅན་བྷེ་པས་གཏི་མུག་སྦྱང་ཚུལ་ཡང་མངོན་རྟོགས་སུ་བཤད་པ་ལྟར་རོ། །དེ་བཞིན་དུ་སྒྲིག་པ་དཔའ་བ་སོགས་གར་དགུའི་ཉམས་ཀྱིས་ཀྱང་དུག་གསུམ་སྦྱངས་བའོ། །ཁ་དོག་དང་དབྱིབས་ཕྱག་མཚན་གྱིས་དུག་ལྔ་སྦྱང་བ་ནི། གཏི་མུག་ལས་ཉོན་མོངས་པ་ཐམས་ཅད་སྐྱེ་ཞིང་མེ་ལོང་ཡེ་ཤེས་ཀྱང་


CMR024_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གཞན་གསུམ་གྱི་གཞི་ཡིན་པ་ལྟར། དཀར་པོ་ལ་ཚོན་སྣ་ཚོགས་རུང་བས་དཀར་པོས་མཚོན། ཞེ་སྡང་སྐྱེས་ན་ནག་ཏོམ་གྱིས་འགྲོ་བ་དང་། ཆོས་དབྱིངས་ཡེ་ཤེས་འགྱུར་བ་མེད་པས་མཐིང་ནག་གིས་མཚོན་ནོ། །འདོད་ཆགས་སྐྱེས་ནས་མདངས་དམར་བར་འགྱུར་ལ་སོར་རྟོག་ཡེ་ཤེས་སེམས་ཅན་ལ་ཆགས་པས་ཁ་དོག་དམར་པོས་མཚོན། མཉམ་ཉིད་ཡེ་ཤེས་སེར་པོས་མཚོན་པ་ནི། སེར་སྣས་ལོངས་སྤྱོད་འཛིན་ཅིང་ལོངས་སྤྱོད་ཡོད་པས་ང་རྒྱལ་སྐྱེ་ཞིང་ལོངས་སྤྱོད་ཀྱི་སྙིང་པོ་རིན་པོ་ཆེ་དང་གསེར་འོད་དང་ལྡན་པའི་ཕྱིར་རོ། །བྱ་གྲུབ་ཡེ་ཤེས་ཁ་དོག་ལྗང་ཁུས་མཚོན་ཏེ། ཕྲག་དོག་ནི་ཉོན་མོངས་པ་སྣ་ཚོགས་ལས་སྐྱེས་ལ་བྱ་གྲུབ་ཡེ་ཤེས་ནི་ཡེ་ཤེས་ཐམས་ཅད་ཀྱི་ཕྲིན་ལས་ཏེ་ལྗང་གུ་ཡང་ཚོན་སྣ་འདྲེས་མ་ལས་འབྱུང་བའི་ཕྱིར་རོ། །དེ་ལྟར་ཁ་དོག་ལྔ་ཐམས་ཅད་ལ་སྦྱང་གཞི་སྦྱོང་བྱེད་དེ་ལྟར་ཤེས་ཤིང་རིགས་སོ་སོའི་ཐུགས་རྗེའི་ཆེན་པོའི་སྐུའམ། རིགས་ལྔར་བསྒོམས་པས་དུག་ལྔ་ཡེ་ཤེས་སུ་བྱིན་གྱིས་བརླབ་ནུས་སོ། །རིགས་སོ་སོའི་ཕྱག་མཚན་ལྔས་ཀྱང་དུག་ལྔ་སྦྱངས་ཤིང་ཡེ་ཤེས་ལྔ་མཚོན་པ་ཡིན་ཏེ། འདིའི་ཌཱཀི་བཞིའི་ཕྱག་མཚན་ལྟ་བུ་སྟེ། །རྡོ་རྗེ་ཆ་ཀིའི་ཕྱག་མཚན་


CMR024_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནི་ཞེ་སྡང་སྦྱངས་ཤིང་མེ་ལོང་ཡེ་ཤེས་སོགས་མཚོན་ནོ། །གཞན་དེས་འགྲེས་སོ། །ཕྱག་ཞབས་ཀྱི་རྣམ་འགྱུར་གྱིས་མཐའ་གཉིས་སོགས་སྦྱང་བ་ནི། རྟ་མགྲིན་དང་གསང་ཡེ་སོགས་ཞབས་གཡོན་བརྐྱངས་བས་ཆོས་ཉིད་ཀུན་ལ་ཁྱབ་པའམ། འཁོར་བའི་མཐའ་མནན་པ་དང་། ཞི་བར་མི་གནས་པ་དང་། གཡས་བསྐུམས་པས་བདག་ཐུགས་རྗེ་ཆེན་པོ་དང་ལྡན་པའམ། སྲིད་པར་མི་འཁྲུལ་བར་མཚོན་ནོ། །ཕྱག་གཡས་བརྐྱངས་པས་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་དང་། གཡོན་བསྐུམས་པས་བདག་དེ་བཞིན་ཉིད་དང་ལྡན་པ་མཚོན། གསང་ཡེས་གྲི་ཐོད་ཐུགས་ཀར་འཛིན་པའི་ལུགས་ལྟར་ན། གཡས་བརྐྱངས་བས་ནི་རང་ཉིད་ཐུགས་རྗེ་ཆེན་པོ་དང་ལྡན་པས་རྣམ་རྟོག་གཅོད་པ། གཡོན་ཐུགས་ཀར་བསྐུམས་པས་བདག་བདེ་སྟོང་གི་རོ་དང་ལྡན་པའོ། །གཙོ་བོ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་རྣམས་ཕྱག་བཞི་ཚད་མེད་བཞི་དང་ཕྲིན་ལས་བཞི་སོགས་མཚོན་ལ། ཐུགས་ཀར་སྦྱར་བས་དབྱིངས་དང་ཡེ་ཤེས་བདེ་བ་དང་སྟོང་པ་ཟུང་འཇུག་སོགས་ཏེ་ཞིབ་པར་འོག་ཏུ་འཆད་དོ། །དེ་བཞིན་དུ་ཕུང་པོ་ལྔ་རླུང་ལྔ་སྦྱངས་ཤིང་ཡེ་ཤེས་ལྔ་མཚོན་པའི་ཐུགས་རྗེ་ཆེན་པོ་རིགས་ལྔ་


CMR024_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བཞི་སྦྱངས་ཤིང་ཁྱབ་བྱ་བཞིའི་མཚོན་པས་མཁའ་འགྲོ་བཞི་སྟེ། ཟབ་མོ་ནང་དོན་ལས། ཁམས་བཞི་སོགས་ལྡན་ཁྱབ་བྱ་བཞི། །ཡེ་ཤེས་ལྔ་དང་ཕུང་པོ་ལྔ་། །འཁོར་ལོ་རླུང་དང་ཁྱབ་བྱེད་བཅས། །ལྷ་ལྔ་བརྟེན་ཏེ་དུ་མར་གསུངས། །ཞེས་གསུངས་པ་དང་། དེ་ནས་ཆོས་རྣམས་ཐམས་ཅད་ཀྱི། །སྦྱང་གཞི་སྦྱོང་བྱེད་གསུངས་པ་ཡི། །ངེས་པར་འདིར་ནི་བསྟན་པར་བྱ། །ཞེས་སོགས་རྒྱ་ཆེར་གསུངས་ཏེ། དཔལ་ལྡན་འདུས་པ་བཤད་བྱ་བ། །ཕུང་པོ་སངས་རྒྱས་ལྔ་ཡིན་ཏེ། །ཞེས་སོགས་གསུངས་པ་ལྟར། ཕ་རྒྱུད་པདྨ་རྒྱལ་པོའི་རྒྱུད་ལྟར་ལྷ་དགུ་ལ་སྦྱང་གཞི་སྦྱོང་བྱེད་སྦྱང་བ་དང་། དཔེར་ན་དགྱེས་རྡོར་ལྷ་དགུ་ནི། སྙིང་གའི་འཁོར་ལོ་ཀྱང་ཡིན་བཞིན། །ཐམས་ཅད་ལུས་ཀྱི་རྩ་རླུང་ཡིན། །ཞེས་གསུངས་པ་ལྟར་མ་རྒྱུད་པདྨ་ཟབ་པའི་རྒྱུད་ཀྱི་དགོངས་པ་བྱེད་ན། ལྷ་དགུའི་སྙིང་གའི་རྩ་བརྒྱད་གཙོ་བོ་དང་དགུ་སྦྱོང་བྱེད་དུ་ཡང་འགྱུར་རོ། །དེ་ལྟར་རྣལ་འབྱོར་པའི་ཀུན་ཏུ་རྟོག་པས་བརྟག་པའི་ལྷའི་དཀྱིལ་འཁོར་བྷེ་པས་སེམས་འཛིན་པས་ཞི་གནས་སྐྱེ། ཕྱི་ནང་གཞན་གསུམ་དུ་དབྱེར་མེད་ཀྱི་དོན་ཤེས། ཏིང་ངེ་འཛིན་ལ་དབང་འབྱོར་ནས་མ་འོངས་


CMR024_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་གཟུགས་ཀྱི་སྐུ་འབྱུང་བའི་གནད་ཡོད་དེ། རྗེ་རང་བྱུང་བའི་ནང་དོན་ལས། དེ་ནས་སེམས་ཅན་ཀུན་རྟོགས་ལ། །ཀུན་བརྟག་ལྷ་རྣམས་བྷི་པའི་དོན། །སེམས་འཛིན་ཕྱི་ནང་དོན་ཤེས་དང་། །དབང་འབྱོར་གཞན་དོན་གཟུགས་སྟོན་ཕྱིར། །ཞེས་གསུངས་སོ། །དེར་མ་ཟད་གནད་ཤེས་པས་རང་བཞིན་གྱིས་གྲོལ་བ་སྟེ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དགའ་སྟོན་སྤྲིང་ཡིག་ལས། སྤྱིར་སྦྱང་གཞི་དང་སྦྱོང་བྱེད་ལེགས་པར་འཕྲོད་ཅིང་བྷེ་ན། བྷོ་པ་ལ་བརྩོན་ཡང་རུང་མི་བརྩོན་ཡང་རུང་། འཁོར་བའི་རྒྱ་མཚོ་ལས་བདག་སྒྲོལ་ཞིང་གཞན་སྒྲོལ་བའི་ནུས་པ་དང་ལྡན་པའོ། །ཞེས་གསུངས་སོ། །དེ་ནས་ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། རྣམ་དག་དང་བརྡ་དང་རྟགས་རྣམས་ཤེས་དགོས་ཏེ། དེ་མ་ཤེས་ན་ཐ་མལ་གྱི་རྒྱལ་པོའི་ཕོ་བྲང་དང་འདྲ་བའི་སྐྱོན་དུ་འགྱུར་བས། རྣམ་དག་ནི་སྤྱིར་གཟུགས་ཕུང་དག་པ་རྣམ་སྣང་གི་རང་བཞིན་ནམ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་ཐར་པ་ཆེན་པོའི་གྲོང་ཁྱེར་ཡིན་ལ། དེ་ལ་ཡང་དཀྱིལ་འཁོར་དང་འཁོར་ཆུ་འཁོར་ཡུག་གསུམ་ལས། འཁོར་ཡུག་ལ་མེ་རི་སྙིང་རྗེ་ཆེན་པོས་བར་ཆད་ཀྱི་མི་མཐུན་པའི་


CMR024_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བསྲེགས་པའི་བརྡའོ། །རྡོ་རྗེའི་ར་བས་སྟོང་ཉིད་དོན་དམ་པའི་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྲུང་བའི་བརྡ། པདྨའི་ཕྲེང་བ་ནི་འཁོར་བའི་ཉེས་པའི་འདམ་གྱིས་མ་གོས་པའི་བརྡ། དུར་ཁྲོད་ནི་རྣམ་ཤེས་ཚོགས་བརྒྱད་དག་ཅིང་འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པ་ལས་གྲོལ་བའི་བརྡ། ཕྱོགས་སྐྱོང་ལ་སོགས་པ་ནི་འཁོར་བའི་ཆོས་རྣམ་པར་དག་པའི་བརྡ། འཁོར་བ་ཞེས་པ་ནི་ཕྱིའི་བར་ཁྱམས་དང་རྟ་བབས་འོག་གི་སྒོ་གཡབ་དང་བཅས་པ་སྟེ། རྟ་བབས་སྒོ་སྟེང་དང་སྒོ་མདུན་ལ་ཡོད་པ་གང་བྱེད་ཀྱང་རྟ་བབས་སྟེང་གི་གདུགས་བཞི་ཚད་མེད་བཞིས་སེམས་ཅན་གྱི་ཚ་གདུང་སེལ་བའི་བརྡ། ཆོས་འཁོར་བཞི་བདེན་པ་བཞིའམ་རྒྱུད་སྡེ་བཞིའི་ཆོས་འཁོར་བསྐོར་བའི་བརྡའོ། །རི་དྭགས་ཕོ་མོ་གཉིས་གཉིས་ནི་གཟུང་འཛིན་གྱི་རྟོགས་པ་བརྒྱད་དང་རེ་དོགས་གྲོལ་བའི་བརྡ། རྟ་བབས་བང་རིམ་བཞི་བྱེད་ན་དགའ་བ་བཞི་དང་། བཅུ་གཅིག་བྱེད་ན་ཕར་ཕྱིན་དང་ས་བཅུ་གཅིག་མཚོན། སྣ་ཚོགས་རྡོ་རྗེ་ནི་འབུར་དོད་བྱེད་ན་ར་ཉི་ཤུ་འཇིགས་ཚོགས་ལ་ལྟ་བ་ཉི་ཤུ་རྣམ་པར་དག་པ། སྣ་ཚོགས་རྡོ་རྗེའི་རི་མོའི་རྣམ་པར་བྱེད་ན་ར་བཅུ་གཉིས་རྟེན་འབྲེལ་བཅུ་གཉིས་དག་པའི་བརྡ།


CMR024_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་ཡབ་དཀར་པོ་འབྲས་བུའི་ཡོན་ཏན་མཐར་ཕྱིན་པ་དང་། རིན་པོ་ཆེའི་ཤར་བུ་ནི་ཉེས་སྐྱོན་ཐམས་ཅད་དང་བྲལ་བའི་བརྡ་ཡིན་ནོ། དྲ་བ་དྲྭ་ཕྱེད་ནི་བྱང་ཆོས་སོ་བདུན་གྱི་བརྡ། ཕ་གུ་ནི་དགོས་འདོད་ཐམས་ཅད་གྲུབ་པ་དང་། འདོད་སྣམ་ནི་འདོད་ཡོན་ལམ་དུ་བྱེད་པ་དང་། དམར་པོ་སྙིང་རྗེ་ཆེན་པོའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་ནི་རྣམ་པར་ཐར་པ་བཞི་ནས་ཐར་བའི་གྲོང་དུ་འཇུག་པའི་བརྡ། རྩིག་པ་ལྔ་ནི་དབང་པོ་ལྔ་དང་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔ་དག་པ་རིགས་ལྔ་ཡེ་ཤེས་ལྔའི་བརྡའོ། །ཕྱོགས་མདོག་ནི་ཕྲིན་ལས་བཞི་འགྲུབ་པའི་བརྡའོ། །ཀ་བ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་དག་པའི་བརྡའོ། །རྡོ་རྗེའི་གདུང་དང་གདུང་ཟླུམ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ལ་བསྟེན་ནས་ཐར་པ་ཆེན་པོའི་ལམ་དུ་བགྲོད་པའི་བརྡའོ། །གདུང་བཞི་ནི་ཚད་མེད་བཞི་དང་། དབུས་རིམ་པར་ཕྱུར་བུའི་ཐོག་རིམ་པ་ལྔ་ནི་ཡེ་ཤེས་རིམ་པ་ལྔའོ། །རྡོ་རྗེ་རྒྱ་གྲམ་ནི་འགྱུར་མེད་ཆོས་དབྱིངས་སོ། །འཁོར་ལོ་རིམ་པ་བཅུ་གསུམ་ནི་ས་བཅུ་གསུམ་ཡོངས་སུ་རྫོགས་པའོ། །ཆར་ཁེབས་ནི་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པའོ། །རྡོ་རྗེ་རྩེ་ལྔའི་ཏོག་ནི་སྐུ་ལྔ་དང་ནོར་


CMR024_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཏོག་ཆོས་སྐུ་མཚོན་པའོ། །དེ་ནས་ལྷའི་རྣམ་དག་བརྡ་ཆོས་ནི་ཕུང་པོ་ལྔ་དང་དུག་ལྔ་རྣམ་པར་དག་ཅིང་སྐུ་ལྔ་དང་ཡེ་ཤེས་ལྔའི་བརྡར་ཐུགས་རྗེ་ཆེན་པོ་རིགས་ལྔའོ། །འབྱུང་བ་ལྔ་དང་ནང་གི་ཁམས་ལྔ་རྣམ་པར་དག་ཅིང་ཡེ་ཤེས་ལྔ་མཚོན་པས་ཡུམ་ལྔའོ། །སྐྱེ་གནས་བཞི་དང་འབྱུང་བ་བཞི་དང་རྟག་ཆད་མུ་བཞི་རྣམ་པར་དག་ཅིང་ཚད་མེད་བཞི་དང་ཕྲིན་ལས་བཞི་དང་བསྡུ་བའི་དངོས་པོ་བཞི་སོགས་མཚོན་པས་མཁའ་འགྲོ་བཞིའོ། །འདོད་སྣམ་ལ་ཕྱོགས་རེ་རེས་མཆོད་པའི་ལྷ་མོ་གཟུགས་རྡོ་རྗེ་མ་སོགས་བཞི་རེ་ཡོད་པ་ནི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་བཞི་དང་། སྙོམས་འཇུག་བཞི་སྟེ་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག་གོ །ལྷ་ལྔ་ལ་ཡིན་ན། ཕུང་པོ་ལྔ་དང་དུག་ལྔ་འབྱུང་བ་ལྔ་དང་། ཕྱོགས་བཞི་དབུས་ལྔ་སོགས་རྣམ་པར་དག་པ། རིགས་ལྔ་དང་སྐུ་ལྔ་དང་ཡེ་ཤེས་ལྔ་དང་ལམ་ལྔ་སོགས་རྣམ་པར་དག་པ་མཚོན་ཞིང་། རྩ་འཁོར་ལོ་བཞི་ལ་སྦྱར་ན་བདེ་ཆེན་གྱི་འཁོར་ལོ་བདེ་སྟོང་གི་གར་བསྒྱུར་མཛད་པ་བྱུང་། གསུང་གི་གནས་མགྲིན་པར་གསུང་གི་དབང་ཕྱུག་སྤྱན་རས་གཟིགས་ཆོས་ཀྱི་འཁོར་ལོ་ཐུགས་ཀྱི་ལྷ་མཆོག་རྟ་མགྲིན་སྤྲུལ་པའི་འཁོར་ལོ་ཨ་ཐུང་


CMR024_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོའི་ངོ་བོ་གསང་ཡེ། བདེ་སྟོང་འཁོར་ལོ་ཕྲིན་ལས་སྣ་ཚོགས་ཀྱི་གནས་རྣམ་པར་དག་པས་ཌཱཀི་དང་གིང་ཆེན་ཡབ་ཡུམ་བརྒྱད་རྣམ་པར་དག་པའོ། །དེ་ཐམས་ཅད་ཀྱང་ཐབས་ཤེས་རབ་གཉིས་སུ་མེད་པར་སྦྱོར་ཏེ། རྡོ་རྗེའི་ར་བ་ནི་ཤེས་རབ་མེ་རིའི་ཐབས། ཆོས་འབྱུང་ནི་ཤེས་རབ། འབྱུང་བ་རིམ་རྩེགས་ཐབས། པདྨ་ཤེས་རབ། དུར་ཁྲོད་ཐབས། སྣ་ཚོགས་རྡོ་རྗེའི་ལྟེ་བ་ནི་ཤེས་རབ། ར་ནི་ཐབས། འདོད་སྣམ་ཤེས་རབ། བརྩེགས་པ་ཐབས། དེ་སོགས་ཞིབ་ཏུ་ཐམས་ཅད་ལ་སྦྱར་ཏེ་མདོར་ན་གཞལ་ཡས་ཁང་ཤེས་རབ། ལྷ་ནི་ཐབས། ཡུམ་ནི་ཤེས་རབ། ཡབ་ནི་ཐབས། རྫོགས་རིམ་ནི་ཤེས་རབ། བསྐྱེད་རིམ་ནི་ཐབས། འཆི་བ་ཤེས་རབ། སྐྱེ་བ་ཐབས་སོགས་སུ་ཤེས་པར་བྱ་སྟེ། རྗེ་རང་བྱུང་བའི་ཟབ་མོ་ནང་དོན་ལས། རྟེན་དང་བརྟེན་པར་མ་ལུས་པ། །ཐབ་དང་ཤེས་རབ་རང་བཞིན་གསུངས། །ཞེས་དང་། སྐྱེ་བ་བསྐྱེད་རིམ་བརྟན་པ་སྟེ། །འཆི་བ་རྫོགས་རིམ་ཉིད་ཡིན་ནོ། །ཀུན་བརྟག་བསྐྱེད་རིམ་ཤེས་བྱ་སྟེ། །གཞན་དབང་འབྲེལ་བ་རྫོགས་རིམ་བཤད། །ཀུན་རྫོབ་བདེན་པ་བསྐྱེད་རིམ་སྟེ། །དོན་དམ་བདེན་པ་རྫོགས་རིམ་བཤད། །


CMR024_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་ཐབས་རྣམས་བསྐྱེད་རིམ་སྟེ། །དབྱེར་མེད་ཤེས་རབ་རྫོགས་རིམ་གསུངས། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །འོ་དེ་ལྟར་སྦྱང་གཞི་སྦྱོང་བྱེད་སྦྱར་ཤེས། རང་བཞིན་སྟོང་པའི་ངང་ནས་རྣམ་པ་ལྷར་གསལ་བས་གསལ་སྟོང་ཟུང་འཇུག །ཟབ་མོ་སྟོང་ཉིད་ཀྱི་ངང་ནས་ལྷར་གསལ་བས་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས། རྣམ་དག་དང་དེ་ཁོ་ན་ཉིད་ཤེས་པ་དང་བཅས་པའི་བསྐྱེད་རིམ་དེ་ལྟ་བུ་ནི། གསང་སྔགས་བླ་མེད་རྒྱུད་ཀྱི་དགོངས་པ་ཡང་དག་པ་ཡིན་ཏེ། རང་རྒྱུད་ལ་ལྷ་སྐུ་རང་ཆས་སུ་ཡོད་པ་རྒྱུའི་རྒྱུད། དེ་ངོ་ཤེས་པས་བསྒོམ་པ་ཐབས་རྒྱུད་དང་། དེ་བསྒོམས་པས་ལྷ་དེ་དངོས་སུ་འགྲུབ་པར་འགྱུར་བས་འབྲས་བུའི་རྒྱུད། བློས་བཏགས་ནས་སྒོམ་པས་ཀུན་བརྟག །དེ་མྱང་འདས་ཀྱི་ལམ་དུ་འགྲོ་བས་གཞན་དབང་། རང་གིས་ངོ་བོར་ཡང་གྲུབ་པ་མེད་པོར་བྷེ་པས་ཡོངས་གྲུབ། དེས་འཁོར་བའི་འཇིགས་པ་ལས་སྐྱོབས་པས་སྐྱབས་འགྲོ། དེ་ལྟར་བྷེ་པ་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་པའི་ཕྱིར་ཡིན་པས་སེམས་བསྐྱེད། སངས་རྒྱས་ཀྱི་སྐུ་མཚན་དཔེས་བརྒྱན་པ་དེ་ཡིད་ལ་བྱེད་པས་སངས་རྒྱས་རྗེས་དྲན། ཡིག་འབྲུ་དང་སྔགས་ཕྲེང་ཡིད་ལ་


CMR024_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་ཆོས་རྗེས་དྲན། འཁོར་གྱི་ལྷ་མོ་རྣམས་དུར་ཁྲོད་ཀྱི་གྲུབ་ཆེན་བརྒྱད་ཡིད་ལ་བྱེད་པས་གསང་སྔགས་ཀྱི་དགེ་འདུན་རྗེས་དྲན། ལྷའི་དཀྱིལ་འཁོར་ཡིད་ལ་བྱེད་པས་ལྷ་རྗེས་དྲན། དེ་བསོད་ནམས་ཀྱི་ཚོགས་བསགས་པས་ཚོགས་ལམ། སྭ་བྷ་ཝས་སྟོང་ཉིད་ཀྱི་དོན་ལ་སྦྱོར་བས་སྦྱོར་ལམ། སེམས་ཉིད་དེ་མཐའ་བཞི་དང་བྲལ་བའི་སྟོང་ཉིད་དུ་ལྷག་གིས་མཐོང་བས་མཐོང་ལམ། དཀྱིལ་འཁོར་རྟེན་དང་བརྟེན་པར་བྷོ་པས་བསྒོམ་ལམ། རྫོགས་རིམ་དམིགས་མེད་དུ་བསྡུ་བ་མཐར་ཕྱིན་པའི་ལམ། རང་ཉིད་ལྷར་གསལ་བས་རབ་ཏུ་དགའ་བ། སྐུ་ལ་ཉེས་པའི་དྲི་མ་མེད་པས་གཉིས་པ་དྲི་མ་མེད་པ། སྐུ་ལས་འོད་ཟེར་འཕྲོ་བས་གསུམ་པ་འོད་འཕྲོ་བ། འོད་དེས་སེམས་ཅན་གྱི་དོན་བྱེད་པར་བྷེ་པས་བཞི་པ་འོད་བྱེད་པ། དམིགས་པ་རྩེ་གཅིག་སྐད་ཅིག་ཙམ་ཡང་མ་ཡེངས་པས་སྦྱང་དཀའ་བ་ལས་ས་ལྔ་པ་སྦྱང་དཀའ་བ། སྦྱང་གཞི་སྦྱོང་བྱེད་སོགས་ཤེས་རབ་ཟབ་མོའི་ཕྱེ་ཤེས་པ་འབྲས་བུ་མངོན་དུ་གྱུར་པས་ས་དྲུག་པ་མངོན་དུ་གྱུར་པ། སེམས་ཅན་གྱི་དོན་དུ་དེ་ལྟར་བྷེ་པས་འཁོར་བའི་སྡུག་བསྔལ་ལས་རིང་དུ་འགྲོ་བས་ས་བདུན་པ་རིང་དུ་སོང་བ། ཐེ་ཚོམ་ཡིད་ཀྱི་རླུང་གིས་མི་གཡོ་བར་བྷེ་པས་


CMR024_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་མི་གཡོ་བ། སེམས་ཅན་སྨིན་ཅིང་གྲོལ་བའི་དོན་བྱེད་པས་རང་ལ་ཉེས་པའི་དྲི་མས་མ་གོས་ལ་ལེགས་པའི་ཡོན་ཏན་དང་བློ་གྲོས་འབྱོར་བ་འབྱོར་བས་ས་དགུ་པ་ལེགས་པའི་བློ་གྲོས། དེ་ལྟར་བྷི་པས་ཐུགས་རྗེ་ཆེན་པོའི་སྤྲིན་གྱིས་འགྲོ་བ་ཡོངས་ལ་ཕན་ཅིང་འཁོར་བའི་ཚ་གདུང་སེལ་བའི་ཆོས་ཀྱི་ཆར་འབེབས་ནུས་པ་ས་བཅུ་པ་ཆོས་ཀྱི་སྤྲིན། །ཚོགས་བསགས་པ་དང་སྲུང་འཁོར་དང་འོད་ཟེར་སྐུའི་ཚོགས་སྤྲོ་བསྡུ་བྱེད་པ་སྤྲུལ་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུའི་ལྷ་སྐུ་དེ་ལོངས་སྐུ། དེ་རང་བཞིན་མེད་པས་ཆོས་ཉིད་སྟོང་པའི་ངོ་བོར་སྣང་བས་ཆོས་སྐུ། དེ་ཐམས་ཅད་སེམས་ཉིད་སྤྲོས་བྲལ་གྱི་ངོ་བོར་དབྱེར་མེད་རོ་གཅིག་ངོ་བོ་ཉིད་ཀྱི་སྐུ། དེ་ཐམས་ཅད་ཀྱང་གདོད་མ་ནས་རང་བཞིན་རྣམ་པར་དག་པའི་ངོ་བོར་སྣང་བ་བདེ་བ་ཆེན་པོའམ་མངོན་པར་བྱང་ཆུབ་པའི་སྐུའི་འབྲས་བུ་ལམ་བྱེད་ཡིན་ཏེ། རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་ཟབ་པ་ལས། ས་བཅུའི་ལྷ་ཡི་སྐུར་བྷེ་པས། །རབ་ཏུ་དགའ་བ་དང་པོ་ཡིན། །སྐུ་ལ་དྲི་མ་གཏན་མེད་པས། །གཉིས་པ་དྲི་མ་མེད་པ་ཡིན། །ལྷ་ཡི་སྐུ་ལ་འོད་འཕྲོ་བས། །གསུམ་པ་འོད་བྱེད་པ་འདི་ཡིན། །འོད་ཀྱིས་སེམས་ཅན་གོ་འབྱེད་པས། །


CMR024_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་འོད་ནི་འཕྲོ་བའོ། །དམིགས་པ་རྩེ་གཅིག་སྦྱང་དཀའ་བས། །ཤེས་རབ་ཕྱེད་པས་མངོན་དུ་འགྱུར། །སེམས་ཅན་དོན་བྱེད་ལྷ་བྷེ་པས། །བདུན་པ་རིང་དུ་སོང་བ་ཡིན། །ཐེ་ཚོམ་ཡིད་གཉིས་མི་བསྐྱེད་པས། །བརྒྱད་པ་མི་གཡོ་བ་ཡི་ས། །སེམས་ཅན་ཐམས་ཅད་སྨིན་པ་དང་། །རང་ལ་དྲི་མའི་རྟོག་པ་མེད། །དགུ་པ་ལེགས་པའི་བློ་གྲོས་སོ། །ཐུགས་རྗེའི་སྤྲིན་གྱིས་འགྲོ་བ་ཁྱབ། །བཅུ་པ་ཆོས་ཀྱི་སྤྲིན་འདི་ཡིན། །ཞེས་གསུངས་སོ། །པདྨ་རྒྱལ་པོའི་རྒྱུད་ལས་གསུངས་པའི་དོན་གྲུབ་ཆེན་ཛ་ལེན་དྷ་རའི་རྒྱ་གཞུང་དུ་ཡང་ལུང་དྲངས་ནས་གསུངས་ཏེ། རྟོག་པ་ཐམས་ཅད་བསྡུས་ནས་ནི། །བསམ་པ་བཟང་པོའི་ལྷ་འདི་བྷི། །ནམ་ཡང་འབྲལ་བར་མ་བྱེད་ཅིག །དེ་ལྟར་བྷོ་པས་བྱིན་བརླབས་ན། །བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །བྱིན་གྱིས་རླབས་པ་རྒྱུན་མི་འཆད། །ལུས་ངག་ཡིད་ཀྱི་བདེ་བ་ནི། །ནམ་ཡང་འབྲལ་བར་མི་འགྱུར་རོ། །ལྟུང་བ་རྣམས་ཀྱིས་མི་འཇིགས་སོ། །ཆོས་ཀྱི་རྩ་བ་འདི་ཟིན་པས། །ཡན་ལག་ཐམས་ཅད་འདུས་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་ཉམས་སུ་བླངས་བས་བྱིན་རླབས་འཇུག་པའི་རྟགས་དང་མཚན་མ་ནི། ཐུགས་རྗེ་


CMR024_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་གྲུབ་པའི་རྒྱལ་མོའི་རྒྱ་གཞུང་ཆེན་པོ་ལས། ལྟས་དང་ཆོ་འཕྲུལ་མཁའ་འགྲོའི་རྟགས། །དངོས་གྲུབ་མཚན་མ་ལ་སོགས་པ། །བཟང་ངན་བྱེ་བྲག་ཇི་ལྟར་ཡང་། །གང་ལ་དགའ་འམ་མི་དགའ་བའི། །མཚན་མར་འཛིན་པ་མི་བྱའོ། །ཞེས་བསྐྱེད་རྫོགས་ཟུང་འཇུག་གི་རྟགས་མཚན་གྱི་སྡོམ་ཚིག་ཏུ་གསུངས་ཤིང་། དེ་དང་མཚུངས་པར་བསྐྱེད་རྫོགས་གཉིས་ཀའི་རྟགས་མཚན་དཔལ་ལྡན་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅོ་ལྔ་པ་ལས། བྱང་ཆུབ་ཡེ་ཤེས་མཆོག ཅེས་སྤྱོད་པ་ལ་གནས་པས། ཐོབ་ནས། །སངས་རྒྱས་མཐུ་དང་མཚུངས་པར་མཐོང་། རང་ཉིད་སངས་རྒྱས་སུ་གྱུར་པར་རྨིས། །སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ། བདག་ཉིད་སངས་རྒྱས། །བདག་མེད་པར་ནི་མྱུར་དུ་མཐོང་། བདེ་བའམ། །སེམས་དཔའ་ཆེན་པོ་ཁམས་གསུམ་པ། བདག་ཉིད་སངས་རྒྱས་ས་ལ། །མཆོད་པ་བྱེད་པ་དེས་མཐོང་ངོ་། རྨི་ལམ་དུ། །ཡེ་ཤེས་ཆེན་པོ་འདི་འདྲའི་གཟུགས། བདག་ལོངས་སྐུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། ཉེ་སྲས་སོགས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །རྟག་ཏུ་མཆོད་པ་བྱེད་པར་མཐོང་། །རྡོ་རྗེ་སེམས་དཔའི་གཟུགས་


CMR024_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་། མི་བསྐྱོད་རྣམ་སྣང་། གྲགས་ཆེན་རིན་འབྱུང་། རྡོ་རྗེ་མཆོག་དག་ཏུ། འོད་དཔག་མེད། །རྨི་ལམ་དག་ན་རང་གཟུགས་མཐོང་། །གྲགས་ཆེན་དོན་གྲུབ། རྡོ་རྗེ་གསང་བ་དང་། །བྱང་ཆུབ་སེམས་དཔའི་འཁོར་ལོ་ཅན། རང་རང་གིས་འཁོར། །སངས་རྒྱས་ཆེན་པོར་ཕྱག་འཚལ་བའི། ལྷ་འདི་ལ་འཁོར་གྱིས་བསྐོར་བ་ལ། །རྨི་ལམ་འདི་འདྲ་མཐོང་གྱུར་པ། ཏིང་ངེ་འཛིན་དང་སྤྱོད་པ། །ལུས་ངག་སེམས་ཀྱི་ཡན་ལག་སྐྱེས། ཡུན་དུ་བསྒོམ་པ་ལས་བྱུང་། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི། མཚན་བཅས་ཀྱི་རྨི་ལམ་ལ་་་ལྷ་ཡི་བུ་མོ་ཡིད་ཟློའོང་དང་། །ཁྱེའུ་དང་བུ་མོ་དག་མཐོང་ན། །དེས་ནི་དངོས་གྲུབ་ཐོབ་པར་འགྱུར། གྲུབ་པ་བརྒྱད་དང་ལས་བཞིའི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྣམས། བསྐྱེད་རིམ་གོམས་ན། །ཞིང་རྣམས་གནས་པ་ངེས་པར་མཐོང་། །ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། དེ་རྣམས་བདག་ལ་རྫོགས་རིམ་སྒྱུ་མ་ལྟ་བུ། །ཆོས་མཛོད་ཡིད་དུ་འོང་བ་རྩོལ། །གླེགས་བམ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐུ། རང་ཉིད་ཐུབ་དབང་ལྟ་བུར་གྱུར་པ་དང་ཁྲི་ལ་འདུག་པ་ཆོས་འཆད་པར་རྨིས། །སེམས་ཅན་ཀུན་གྱིས་ཡོངས་བསྐོར་བ། །བསམ་གཏན་རྡོ་རྗེ་ལ་གནས་པའི། ཆོས་འཆད་པར་


CMR024_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྨིས། །དམ་ཚིག་སྦྱོར་བས་སྤྱོད་པས། མཐོང་བར་འགྱུར། །ཞེས་གསུངས་པ་ལྟ་བུའི་དྲོད་རྟགས་འབྱུང་སྟེ། འདི་དག་སྤྱོད་པ་དུས་ཀྱི་རྟགས་སུ་གསུང་མོད་ཀྱི་ཉམས་སུ་ལེན་པའི་ཚུལ་སྤྱོད་པ་གང་རུང་ཞིག་ལ་གནས་དགོས་པས་འདིར་བསྐྱེད་རིམ་ཟབ་གསལ་གཉིས་མེད་ཀྱི་རྟགས་སུ་འོང་ངོ་།། ༈ ཨོ་རྒྱན་རིན་པོ་ཆེས་བླ་མ་སྙིང་ཐིག་ལས་ཀྱང་བསྐྱེད་རིམ་འབྱོང་བ་ནི། རྟོགས་རྨི་ལམ་དུ་རང་ཉིད་སངས་རྒྱས་བྱང་སེམས་ཀྱི་སྐུར་གྱུར་པ་དང་། རང་ལས་འཕྲོ་བ་དང་པོ་རང་ལ་ཐིམ་པ་དང་། རང་ལ་སངས་རྒྱས་བྱང་སེམས་ཀྱིས་ཕྱག་དང་མཆོད་པ་བྱས་པ་རྨིས་པར་གསུངས་པ་དང་དོན་གཅིག་གོ །དེ་ལྟར་རང་གི་སེམས་ཉིད་ལྷའི་རྣམ་པར་སྣང་ཞིང་དེ་ལ་སེམས་གནས་ཤིང་གོམས་པ་ཐམས་ཅད་སྣང་སྲིད་སྒྱུ་མ་ལྟ་བུར་ལྷའི་སྐུར་ཤེས་པས་ཆགས་སྡང་རྨོངས་གསུམ་མི་སྐྱེ། མི་སྣང་བ་དང་གཅིག་ལ་མང་པོར་སྤྲུལ་པ་དང་། མང་པོ་གཅིག་ཏུ་སྡུད་པ་སོགས་རྫུ་འཕྲུལ་ཅུང་ཟད་སྟོན་པར་ནུས། སྒོ་གསུམ་ལྷ་དང་སྔགས་སྟོང་ཉིད་ཆོས་སྐུའི་རང་བཞིན་དུ་ཤེས་པས་ཡེ་ཤེས་སྐྱེ་ཞིང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་མངོན་དུ་བྱ་ཞིང་བྷེ་པས། སངས་


CMR024_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཡེ་ཤེས་དང་ཨ་ཧྥུ་ཀ་རས་ས་བདུན་པ་མངོན་དུ་བྱེད་པར་བཞེད་ལ། སློབ་དཔོན་ཀླུ་སྒྲུབ་དང་ཀླུའི་བློ་གྲོས་ཀྱིས་ས་བརྒྱད་པ་མངོན་དུ་བྱེད་པར་བཞེད་ཀྱང་། འདིར་བསྐྱེད་རྫོགས་ཟུང་འཇུག་གིས། རྫོགས་པའི་སངས་རྒྱས་ས་བཅུ་གསུམ་པ་ཐོབ་པར་ངེས་ཏེ། རྡོ་རྗེ་གུར་གྱི་རྒྱུད་ཆེན་པོ་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་མངོན་པར་འགྲུབ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་དག་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་གསུངས་སོ། །གཞུང་ནས་གསུངས་པའི་མཐའ་ནས་དབུས་ཡལ་གྱི་རྫོགས་རིམ་དེ་ཉིད་རྩེ་གཅིག་ཏུ་བྷེ་ནས་མུན་མཚམས་བྱེད་པའམ་མུན་ནག་ཏུ་བྷེ་སྟེ། མུན་ནག་གི་མཁའ་ལ་མིག་དང་རིག་པ་གཏད་དེ་བྷེ་པས། གཡས་ཀྱི་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ་དབུ་མར་ཚུད་པའི་རྟགས་ལྔ་འཆར་ཏེ། དང་པོ་སེར་པོའམ་ཁམ་པ་ས་ཚུབ་དུ་བ་ལྟ་བུ་ལང་ལོང་འོང་། དེ་ནས་སྔོ་སྐྱ་ཆུ་འདྲ་གཡོ་བ་ཧྲིབ་ཧྲིབ་སྨིག་སྒྱུ་ལྟ་བུ་འབྱུང་༔ དེ་ནས་དམར་པོ་དམར་ཚག་ཚག་སྐྱ་ཚག་ཚག་འོད་འཕྲོ་བ་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་། དེ་ནས་མདུན་རྒྱབ་གཡས་གཡོན་གང་རུང་འོད་འབར་བ་མར་མེ་ལྟ་བུ་འབྱུང་། དེ་


CMR024_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔོ་ལ་དྭངས་པ་ནམ་མཁའ་ཁྱབ་པ་སྙམ་བྱེད་པའི་སྤྲིན་མེད་ནམ་མཁའ་ལྟ་བུ་མཐོང་བར་གྱུར་ཏེ། དེ་ནས་ནམ་མཁའ་ཤིན་ཏུ་དྭངས་པ་ལ་ཉིན་མོར་རིག་པ་གཏད་ནས་བྷེ་པས་གཡོན་གྱི་རླུང་ལྔ་རིམ་པར་དྷུ་ཏིར་ཆུད་པས་ཉིན་མོའི་རྟགས་རྣམས་འབྱུང་སྟེ། ནམ་མཁའ་ལ་མེ་འབར་བ་ལྟ་བུའི་སྣང་བ་ནི་དམར་བ་ཞེས་བྱ། ཟླ་བའི་རྣམ་པ་དང་། ཉི་མའི་རྣམ་པ་དང་། ནག་པོ་སླ་ངའི་རྒྱབ་ལྟ་བུ། སྒྲ་གཅན། རིན་པོ་ཆེ་དང་། བར་སྣང་གི་གློག་ལྟ་བུའི་མཆོག་གི་ཆ་མཐོང་ཞིང་། རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་ཐིག་ལེ་དང་བུམ་པ་དང་། རས་ཡུག་ལ་སོགས་པ་སྣ་ཚོགས་པའི་གཟུགས་དང་། ཐིག་ལེ་སེར་དཀར་དམར་ནག་སྔོན་པོ་ལྗང་ཁུའི་རྣམ་པ་འབྱུང་སྟེ། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་སྣ་ཚོགས་ཐིག་ལེ་ཞེས་བྱ་བས། ཐིག་ལེའི་ནང་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་སྣ་ཚོགས་མཐོང་སྟེ། རྣམ་པ་མཆོག་ལྡན་གྱི་སྐུའོ། །དེའི་ཚེ་གཞོམ་དུ་མེད་པའི་སྒྲ་ཐོས་པར་གསུངས་སོ། །དེ་ནས་ཐིག་ལེ་ཁ་དོག་ཅི་རིགས་པའི་དབུས་སུ་རི་མོ་ནག་པོ་སྐྲའི་ཚད་ཙམ་རིང་ཐུང་ཅི་རིགས་པའི་ནང་དུ་སངས་རྒྱས་ཀྱི་སྐུ་དང་། རིགས་དྲུག་གི་གཟུགས་སྣ་ཚོགས་


CMR024_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་འབྱུང་བ་ནི། ངེས་པའི་སྐུ་ཞེས་པ་བསྟན་པའི་སྐུ་ཞེས་བྱ་སྟེ། རྟགས་ཀྱི་མཐར་ཐུག་པ་ཡིན་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ཆེན་པོ་ལས། ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང་། མིག་འཛུམ་ཞིང་རྡོ་རྗེའི་ལམ་ལ་རབ་ཏུ་ཞུགས་པ་ཡིས། སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་། མར་མེ་དང་། འབར་བ་དང་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་ཐིག་ལེ་མཐོང་བར་འགྱུར། དེའི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ནམ་མཁའ་ཆུ་འཛིན་བྲལ་བ་དག་རྣལ་འབྱོར་པས་བསྒྲད་པའི་མིག་གིས་བལྟ་བར་བྱ་སྟེ། རེ་ཁ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུར་གུས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ །སེམས་ནི་གཞན་མ་ཡིན་པ་ཉིད་ཅེས་གསུངས་སོ། །དྲི་མེད་འོད་ལས། དེའི་དོན་ནི། དེ་ཡང་མཚན་མའི་དབྱེ་བ་རྣམ་པ་བཅུ་སྟེ། དུ་བ་དང་། སྨིག་སྒྱུ་དང་། མེ་ཁྱེར་དང་། མར་མེ་དང་། འབར་བ་དང་། ཟླ་བ་དང་། ཉི་


CMR024_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། སྒྲ་གཅན་དང་། ཆ་ཤས་དང་། ཐིག་ལེ་མཐོང་བའི་དབྱེ་བས་མ་བཏགས་པའི་ཡེ་ཤེས་ཀྱི་ཕུང་པོའོ། །ཞེས་གསུངས་ཏེ་རྟགས་བཅུ་སྟེ་འདི་ཆོས་སྐུ་རང་ལ་ཡོད་པའི་རྟགས་ཀྱི་རྒྱུ་མཚན་ཡིད་ཆེས་པའོ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །སྟོང་པ་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ཏུ་ཡོངས་སུ་བཏགས། །གལ་ཏེ་ཡིད་ཆེས་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་དུས་འཁོར་རྩ་རྒྱུད་ལས་གསུངས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་མིག་གི་མཐོང་སྣང་དེ་འདྲ་འོང་མི་སྲིད་སྙམ་ན་དེ་ཉིད་རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །ཞེས་རྗེ་མི་ལས་གསུངས་པ་ལྟར། ཉམས་ཀྱི་བྱེ་བྲག་སྟེ་དེ་ཉིད་རང་ཏིང་ངེ་འཛིན་ཕྱག་རྒྱ་ཆེན་པོ་ལས་འདས་པ་ཡིན་ཏེ། འབུམ་དང་ཉི་ཁྲི་ལས་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོན་མེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དེ་ཏིང་ངེ་འཛིན་དེ་ལས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། མྱ་ངན་འདས་མདོ་ལས། ཟླ་བའི་འོད་ཟེར་གྱིས་ཏིང་ངེ་འཛིན་ཐོབ། ཅེས་


CMR024_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབུམ་དང་ཉི་ཁྲིར་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་གསུངས་སོ། །དེ་ལྟར་མུན་པ་དང་ནམ་མཁའི་རྣལ་འབྱོར་སོགས་མིན་པར་རང་ག་རྫོགས་རིམ་སྟོང་ཉིད་ལ་གོམས་པར་བྱས་པས་ཉམས་རིམ་པ་གསུམ་འཆར་ཏེ། ཏེ་ལོ་པས། ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །བར་པ་ཆུ་བོ་གང་གཱ་དལ་གྱིས་གཡོ། །ཐ་མ་ཆུ་རྣམས་མ་བུ་འཕྲད་པ་འདྲ་། །ཞེས་དང་། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པའི་པྲ་ཁྲིད་ཉམས་ཀྱི་མན་ངག་ལས། དང་པོར་གནས་པའི་ཏིང་ངེ་འཛིན་དང་། གཉིས་པ་ལ་ནི་མི་གཡོ་བ། །གསུམ་པ་མཉམ་པ་ཉིད་དུ་སྦྱོར། །བཞི་པ་ཡེ་ཤེས་ལྷུན་གྱི་གྲུབ། །ཅེས་གསུངས་སོ། །དེ་ལ་དང་པོ་གནས་པའི་ཏིང་ངེ་འཛིན་ནི། གཞུང་འདི་ཉིད་ལས། འཁོར་བའི་འདུ་འཛི་སྤངས་ནས་ནི། །དགོན་པར་མཉམ་པར་བཞག་པའི་ཚེ། །སྐྱོན་གྱིས་ཚོགས་རྣམས་མ་བྱུང་བ། །ཇི་སྲིད་གནས་ལ་གནས་ཞེས་བྱ། །དཔེར་ན་སྐྱེས་བུ་འཇིགས་བཅས་ཤིག །ལམ་ལ་ཤིན་ཏུ་བགྲོད་པའི་ཚེ། །རང་ཡུལ་སྣང་བ་མཐོང་བསླེབས་ནས། །འཇིགས་པའི་རྟོག་པ་མེད་དང་འདྲ། །ཞེས་གསུངས་ལ། དང་པོར་གནས་པ་ཏིང་ངེ་འཛིན་དེ་ཐོབ་པའི་རྟགས་


CMR024_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དེ་ཉིད་ལས། འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ། །རང་གི་གནས་ལ་མི་ཆགས་ཤིང། །ཐག་རིང་གཞན་དུ་འགྲོ་བར་འདོད། །ཅེས་གསུངས་ཤིང་། རྣལ་འབྱོར་པ་དེ། ཤི་ན་ཅི་ལྟར་འགྱུར་བ་ཡང་། །རྣལ་འབྱོར་པ་དེ་འགགས་པའི་ཚེ། །ངེས་པར་མི་ལུས་ཐོབ་ནས་ནི། །ཆོས་སྤྱོད་པ་དང་ལྡན་གྱུར་ནས། །དེ་ཚེ་ཆོས་ཉིད་བདེན་པ་མཐོང་། །ཞེས་གསུངས་སོ། །གཉིས་པ་མི་གཡོ་བའི་ཏིང་ངེ་འཛིན་གྱི་གཞུང་དེར། ཇི་སྲིད་མཉམ་པར་བཞག་པའི་ཚེ། །སྐྱོན་གྱིས་རྣམ་པ་གང་འགགས་ནས། །རང་བྱུང་ཡེ་ཤེས་དྲོད་དང་ལྡན། །ཉིན་མཚན་འདས་ཀྱི་བར་དུ་གནས། །ཞེས་གསུངས་ནས་ཏིང་ངེ་འཛིན་དེའི་དཔེ་ནི། མི་རྟོག་ཐིག་ལེའི་ངང་ལ་གནས་པ་ནི། །མ་བསྐྱོད་དྭངས་མའི་རྒྱ་མཚོ་ཆེན་པོ་དང་། །མི་གཡོ་གསལ་བ་ཏིལ་གྱི་མར་མེ་འདྲ། །དེ་ནི་ཡེ་ཤེས་བདེ་བའི་དྲོད་ཅེས་བྱ། །ཞེས་གསུངས། དེའི་རྟགས་བསྟན་པ་ནི་དེ་ཚེ། །ཟས་དང་གོས་ཀྱི་འདུ་ཤེས་ཆུང་། །ཉོན་མོངས་ལ་སོགས་ཆགས་སྡང་ཆུང་། །སྙིང་རྗེ་ཕན་སེམས་རབ་ཏུ་ཆེ། །རྨི་ལམ་བཟང་རྟགས་རབ་ཏུ་འབྱུང་། །ཞེས་གསུངས་པས། དེ་ཡི་རྣལ་འབྱོར་ཤི་ན་ཅི་འགྱུར་


CMR024_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དེ་ལྟ་བུ་ཡི་རྣལ་འབྱོར་པ། །འབྱུང་བ་ལྔ་པོ་ཞིག་པའི་ཚེ།། །ལྷ་ཡི་རིག་འཛིན་ཆེན་པོ་ཐོབ། །ཚེ་འདི་ཉིད་ལ་མངོན་སངས་རྒྱས། །ཞེས་གསུངས་ཤིང་། བཞི་པ་ཡེ་ཤེས་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ནི། གཞུང་དེར། འཁོར་བ་མྱ་ངན་འདས་པའི་ཆོས། །ཇི་ལྟ་བུ་ཡང་མ་གཟིགས་ཏེ། །ཐམས་ཅད་མཉམ་པ་ཉིད་དུ་བསལ། །ལོ་ཟླ་འདས་ཀྱང་དེ་བཞིན་གནས། །ཞེས་དང་། དེའི་དཔེ་ནི། མཉམ་ཉིད་མི་གཡོ་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །རྟོག་མེད་མཉམ་པ་དེ་ཉིད་ནི། །ཁྱུང་ཆེན་ནམ་མཁར་ལྡིང་དང་མཚུངས། །ཞེས་གསུངས་ནས་དེའི་རྟགས་ནི། ཡོ་བྱད་འདུ་ཤེས་ཐམས་ཅད་འགགས། །དགེ་དང་མི་དགེའི་རྣམ་རྟོག་མེད། །ཉོན་མོངས་སྒྲིབ་པ་རྣམ་པར་དག །ཉམས་ཀྱི་རྨིས་ལྟས་སྣ་ཚོགས་འབྱུང་། །ཞེས་གསུངས་ནས་དེའི་འབྲས་བུ་ནི། མཉམ་པ་ཉིད་ཀྱི་ངོ་བོ་ལས། །ལམ་དང་ས་ཡི་རིག་འཛིན་ཐོབ། །དེ་ཡང་བརྗོད་དུ་མེད་པ་སྟེ། །དེ་ཚེ་ཉིད་ལ་མངོན་སངས་རྒྱས། །ཞེས་གསུངས་ཏེ། འདི་ནི་ཕྱག་རྫོགས་དབྱེར་མེད་ཀྱི་དོན་གྲུབ་ཆེན་ཀརྨ་པཀྴིས་བཞེད་པས། ཐུགས་རྗེ་ཆེན་པོའི་རྒྱལ་བ་རྒྱ་མཚོའི་ཆོས་སྐད་ཡིན་པ་སྟེ། ཟབ་


CMR024_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱ་མཚོ་མཐའ་ཡས་ལས། བྲམ་ཟེ་ཆེན་པོ་ས་ར་ཧ་དང་དགའ་རབ་རྡོ་རྗེ་གཉིས་མིང་ལ་ཐ་དད་ཡོད་ཀྱང་དོན་ལ་དགོངས་པ་གཅིག་པའི་ཕྱིར་ན། དེ་གཉིས་ཀྱི་དགོངས་པ་གཅིག་ཕྱིར་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རང་བྱུང་རྒྱ་མཚོ་ནམ་མཁའ་ཉི་ཟླ་ཀུན་ཁྱབ་རང་བྱུང་ཡེ་ཤེས་རང་ལ་ཤར་བའི་ཡང་དག་དོན་གྱི་འོག་མིན་གནས་ལུགས་ཕྱོགས་མེད་དུ་རྟོགས་ཤིང་འོག་མིན་ལྔ་དང་ལྡན་པ་རྟོག་པ་རབ་འབྱམས་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པ་ཐམས་ཅད་རང་ལ་རྫོགས་པ་སྟེ། གཅིག་ཆར་བའི་རྟོགས་ཚུལ་ལོ། །རིམ་གྱིས་འཇུག་པ་དང་གཅིག་ཆར་གཉིས་གནས་ལུགས་ཕྱོགས་མེད་དུ་རྟོགས་ཤིང་གོམས་འདྲིས་མཐར་ཕྱིན་པའི་དུས་སུ། ཇི་ལྟར་ཆུ་ལ་ཆུ་བཞག་པ་བཞིན་དུ་གང་ལ་ཡང་ཐ་དད་མེད་པའོ། །དེའི་ཕྱིར་ན་སྟོང་པ་རབ་འབྱམས་རང་བྱུང་ཡེ་ཤེས་འབའ་ཞིག་ལ་དུས་རྒྱུན་དུ་གཡོ་འགུལ་མེད་པར་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་དུ་བྱའོ། །ཞེས་གསུངས་སོ། །གཞན་ཡང་གྲུབ་ཆེན་ཀརྨ་པཀྴིསམཛད་པ་གདམས་ངག་རྒྱ་མཚོ་མཐའ་ཡས་ལས་ཀྱང་། རྡོ་རྗེ་ཐེག་པ་ཕྱག་རྫོགས་གཉིས། །དབྱེར་མེད་རྒྱུ་དང་འབྲས་བུ་ལྟར། །གང་ལའང་ཐ་དད་མེད་པ་ཡིན། །ཞེས་གསུངས་སོ། །དེ་


CMR024_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་ཟབ་མོའི་བསྒོམ་ཉམས་འཆར་ཚུལ་ཡིན་ལ། དེ་ཡང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་ཟབ་པའི་རྫོགས་རིམ་རྩ་རླུང་ཐིག་ལེའི་གདམས་པ། འཁོར་ལོ་ལྔའི་རྩ་ལ་བརྟེན་ནས། དུག་ལྔ་དང་རིགས་དྲུག་གི་ས་བོན་སྦྱང་ཚུལ་གྲུབ་ཆེན་ཀརྨ་པའི་ཞལ་གདམས་གཉེན་རས་སངྒ་ལཀྵ་ནས་རིན་པོ་ཆེ་རང་བྱུང་ལས་སྙན་དུ་བརྒྱུད་པ་དེ་ཉིད་གཙོ་བོར་ཉམས་སུ་ལེན་ན། རླུང་ལྔ་ཟིན་པའི་རྟགས་ལུས་ཉམས་དང་སེམས་ཉམས་དང་རྨིས་ཉམས་གསུམ་འབྱུང་སྟེ། ས་རླུང་ཟིན་པས་ལུས་ལྕི་ལ་སྡོད་ཚུགས་རྨི་ལམ་དུ་དུད་པའམ་ས་ཚུབ་བམ་ཁུར་གྱིས་མནན་པ་རི་རྡོ་ཁང་པ་ཆེན་པོ་མཐོང་བ་རྨིས། སེམས་ཉམས་པ་སྟེང་དུ་འགྲོ་སྙམ་བྱེད་གཏི་མུག་ཤས་ཆེའོ། །ཆུ་རླུང་ཟིན་པས་ལུས་གྲང་ལ་འཇམ། རྨི་ལམ་གྲུར་ཞུགས་པ་ཆུ་ལས་བརྒལ་བ་དང་། ཆུ་ཆེན་པོ་རྨིས། སེམས་གསལ་ལ་དྭངས་ང་རྒྱལ་ཤས་ཆེའོ། །མེ་རླུང་ཟིན་པས་ལུས་དྲོད་ཆེ་རྡུལ་མང་རྨི་ལམ་དུ་མེ་འབར་བ་དང་མེ་དུ་བ་རྨིས། སེམས་ཉམས་ཅུང་ཟད་འཕྲོ་ཞིང་ཚིག་པ་ཟ་འདོད་ཆགས་ཤས་ཆེ་བའོ། །དེ་དུས་ངལ་གསོ་ཞིང་བསྒོམ་བྱ། རླུང་གི་རླུང་ཟིན་པས་ལུས་ཡངས་ཤིང་བདེ་ཡང་འདུག་མི་ཚུགས།


CMR024_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་དུ་རྟ་རྒྱུག་པ་དང་བྱའི་ཁྱུ་དང་རང་ཉིད་འཕུར་བ་རྨིས། སེམས་སྤྲོས་ཀྱང་མི་འཕྲོ་བར་གནས་ཕྲག་དོག་ཤས་ཆེ་བའོ། །ནམ་མཁའི་རླུང་ཟིན་པས་ལུས་ཡངས་ཤིང་མེད་པ་སྙམ་པའོ། །རྨི་ལམ་ཐང་ཆེན་པོ་དང་རིའི་རྩེ་ནས་ནམ་མཁའ་དང་ས་གཞི་རྒྱ་ཆེན་པོ་མཐོང་བར་རྨིས། སེམས་མི་རྟོག་པ་ལ་གནས་ཤིང་སྟོང་ཤས་ཆེ། སེར་སྣ་ཤས་ཆེ་བར་འོང་། གཏུམ་མོ་སྦར་བས་ལུས་ལ་དྲོད་ཁོལ་ཆེར་སྐྱེ་བ་དང་། སྟོད་སྨད་དུ་སྐྱེ་བ་དང་། ལུས་ཐམས་ཅད་ལ་སྐྱེ་བ་དང་། ཟས་སྔར་བས་འཇུ་སྟོབས་ཆེ་ནས་སྔར་བས་གྲོད་པ་ཆེ་བ་དང་། རིགས་པ་གསལ་བ་དང་ཁམས་དྭངས་བ་འབྱུང་། དེ་ནས་ཐིག་ལེ་བསྒོམས་པས་ལུས་སེམས་ལ་དགའ་བདེ་སྐྱེ། ལུས་མཉེན་ཅིང་བདེ་བ་སོགས་འབྱུང་། སྤྱིར་རྩ་རླུང་བསྒོམ་པས་ཐུན་མོང་གི་འདུ་བ་བཞི་དང་མཆོག་གྱུར་ཡོན་ཏན་བཞི་དང་བརྒྱད་འབྱུང་སྟེ། དང་པོ་རྩ་བྷེ་པས་ནོར་འདུ། རླུང་གིས་མི་འདུ། ཐིག་ལེས་མཁའ་འགྲོ་འདུ། ཆ་སྙོམས་བྷི་པས་ཁམས་གསུམ་གྱི་ཚེ་དཔལ་འདུའོ། །མཆོག་གྱུར་གྱི་ཡོན་ཏན་བཞི་ཐོབ་པར་གསུངས་པ་ནི་ཐུལ་སེལ་དང་གྱེན་རྒྱུའི་རླུང་ལ་དབང་ཐོབ་ན་ཉི་ཟླ་སྟོད་ལ་གནོན་ནུས། མེ་ཉམས་རླུང་ལ་


CMR024_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་ན་བསྐལ་པའི་འཐོར་རླུང་གིས་ཀྱང་གཞོམས་མི་ནུས། སྲོག་འཛིན་གྱི་རླུང་ལ་དབང་ཐོབ་ན་ཆུ་བོ་གྱེན་ལ་ཟློག་ནུས། ཁྱབ་བྱེད་ཀྱི་རླུང་ལ་དབང་ཐོབ་ན་ནམ་མཁའ་ལ་འགྲོ་འཆག་ཉལ་སོགས་ནུས་སོ། །གཏུམ་མོ་བསྒོམ་པའི་ཡོན་ཏན་ནི། ཕྱི་ཡི་གཏུམ་མོས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་རྩ་བཞི་འཇོམས་ཤིང་ལུས་ལ་དྲོད་སྐྱེད་པར་བྱེད་དོ། །ནང་གི་གཏུམ་མོས་ནད་རིགས་བཞི་བརྒྱ་རྩ་བཞི་ཞི་ཞིང་ལུས་ལ་བདེ་བ་སྐྱེད་པར་བྱེད། གསང་བའི་གཏུམ་མོས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཇོམས་ཤིང་ལུས་སེམས་བདེ་སྟོང་གི་ཡེ་ཤེས་སྐྱེད་པར་བྱེད། དེ་ཁོ་ན་ཉིད་ཀྱི་གཏུམ་མོས་མ་རིག་པའི་མུན་པ་ཐམས་ཅད་འཇོམས་པས་གཏུམ། རང་རིག་ཡེ་ཤེས་བསྐྱེད་པའི་མ་ཡིན་པས་ན་མོ་ཞེས་བྱ་བ་ཡིན་ནོ།། ༈ དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་ངོས་ནས་ཉམས་ལེན་དེ་ལྟ་བུ་ལ་སྤྱོད་པ་ཅི་ལྟ་བུ་ཞེ་ན། སྤྱིར་ཐུགས་རྗེ་ཆེན་པོའི་ཉམས་ལེན་དེ་ཡུན་བསྲིང་བའི་སྤྱོད་པ་སྟེ། རྒྱལ་བ་རྒྱ་མཚོ་བ་མཁལ་མ་ལས། དེ་ཡི་ངང་ལས་མི་འདས་ཏེ། ཡུན་རིང་དུ་གནས་བསྐྱེད་པའོ། །ཞེས་གསུངས་ལ། དེ་ཡང་རྒྱལ་པོ་ཨིནྡྲ་བྷུ་ཏི་ལྟར་གཞལ་ཡས་ཁང་གི་ནང་དུ་བཙུན་མོའི་འཁོར་


CMR024_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེན་པོས་འདོད་ཡོན་སྣ་ཚོགས་ཀྱི་རང་ཉིད་ལྷར་གསལ་བ་ལ་མཆོད་པ་སྤྲོས་པས་རྒྱ་ཆེན་པོར་སྤྱོད་པ་དང་། ཡང་ན་དེ་ལྟ་བུའི་སྤྱོད་པ་ལོ་ཟླའམ་ཞག་ཅི་རིགས་ལ་སྤྲོས་བཅས་ཀྱི་སྤྱོད་པ་པདྨ་རྒྱལ་པོ་ལྟ་བུ། ཡང་དབེན་པའི་ཕུག་ཏུ་སློབ་མ་མོ་གསང་སྔགས་སུ་ཤེས་པས་གླུས་བསྐུལ་ཏེ་དགའ་བ་བཞི་སོགས་འདོད་ཡོན་ལ་རོལ་པས་སྤྲོས་པ་བསྡུས་པ་རས་ཆུང་བ་ལྟ་བུའོ། །དེ་ཡི་གོམས་ནས་རིགས་ལྡན་བསྟེན་ཅིང་སྤྱོད་པ་སློབ་དཔོན་དྲིལ་བུ་པ་ལྟ་བུ། སྤྲོས་པ་བསྡུས་པའི་སྤྱོད་པ་དེ་གསུམ་ནི་ཆགས་ཆེན་གྱི་སྤྱོད་པ་ཆགས་ལམ་པ་རྩ་རླུང་ལ་རང་དབང་ཐོབ་པས་བྱའི་གཞན་གྱིས་མི་རུང་ངོ་། །ཆགས་བྲལ་གྱི་སྤྱོད་པ་གྲོལ་ལམ་པས་བྱ་བ་ལ། བུད་མེད་ཤིན་ཏུ་སྤངས་ཏེ་དབེན་པར་བསྒྲུབ་གཡོག་དང་འཚོ་བའི་ཡོ་བྱད་ཙམ་ལས་གཞན་པའི་བྱ་བ་བཏང་ནས་ཐུན་མོང་དངོས་གྲུབ་ཐམས་ཅད་ལ་འདོད་པ་སྤངས་ནས་མཆོག་གི་དངོས་གྲུབ་ཁོ་ན་འདོད་པས་ཏིང་ངེ་འཛིན་རྩེ་གཅིག་བསྒོམ་པས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་༔ ཟ་བ་དང་གཉིད་ལོག་པ་དང་གཤང་ལྕི་ཙམ་ལ་ཞེན་པའི་ཆོས་དང་ཆོས་མིན་གྱི་བྱ་བ་ཐམས་ཅད་སྤངས་ནས་རྫོགས་རིམ་སྟོང་ཉིད་ཁོ་ན་བྷོ་པ་བྷུ་སུ་ཀུའི་སྤྱོད་པ། རྐྱེན་བཟང་ངན་


CMR024_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་བསྲེ་ཞིང་སྤང་བླང་དགའ་སྡུག་མེད་པ་སྨྱོན་པའི་བརྟུལ་ཞུགས་སྤྱོད་པ་སྟེ་གྲོལ་ལམ་པའི་སྤྱོད་པ་གསུམ་དང་དྲུག་ནི་ཕ་རྒྱུད་ཀྱི་ལུགས་ཡིན་ཏེ། གསང་བ་འདུས་པའི་རྒྱུད་ལས། ཨཱརྱ་དེ་བའི་སྤྱོད་བསྡུས་སྒྲོན་མ་ལས་རྒྱ་ཆེར་གསུངས་སོ། །ཡང་སྡོམ་པ་གསུམ་ལྡན་དུ་སྲུང་ཞིང་བསྐྱེད་རྫོགས་ཀྱི་དོན་ཉམས་སུ་ལེན་ཞིང་སྤྱོད་ལམ་ཐམས་ཅད་དུ་སྟོང་ཉིད་ཀྱི་ཉམས་ལེན་དང་མ་བྲལ་བར་ཀུན་ཏུ་བཟང་པོའི་སྤྱོད་པ་རླུང་སོར་རྩེ་ནས་ཐོན་པ་དང་། རྡོ་རྗེས་ཆུ་དང་འོ་མ་འདྲེན་པ་སོགས་ནུས་ན། རང་ཉིད་ལྷའི་རྒྱན་ཆ་ལུགས་བྱས་ལ་ཕྱག་རྒྱ་མཚན་ལྡན་ནམ་ལྷ་དང་གནོད་སྦྱིན་སོགས་ཀྱི་བུ་མོ་ཁྲིད་དེ་དུར་ཁྲོད་དབེན་པར་བདེ་སྟོང་ཉམས་སུ་མྱོང་བ་གསང་སྤྱོད་དེ་རྗེ་མི་ལ་ལྟ་བུའོ། །ལུས་རྒྱན་དྲུག་གིས་བརྒྱན་ཏེ་ཕྱག་རྒྱ་མོ་ཁྲིད་ནས་གྲོང་ཁྱེར་དུ་རྒྱུ་སྟེ། ཕྱིར་ཁ་བཏང་ནས་རྫུ་འཕྲུལ་གྱིས་མ་དད་པ་ལྡོག་པ་ཌོམ་བྷི་པ་དང་དྲིལ་བུ་པ་ལྟ་བུ་ནི་རིགས་པ་བརྟུལ་ཞུགས་ཀྱི་སྤྱོད་པ། ཚོང་འདུས་ཁྲོམ་ཆེན་རིགས་ངན་ནམ་རྒྱལ་པོའི་ཁྱིམ་དུ་སྤྱོད་པ་མི་འཚམས་པ་སྣ་ཚོགས་བྱས་པ་བརྡུང་བཙོག་སོགས་བྱུང་ན་ཏིང་ངེ་འཛིན་གྱི་བོགས་ཐོན་རྫུ་འཕྲུལ་གྱིས་ཕ་རོལ་བྱང་ཆུབ་ལ་འགོད་དེ། གཙང་སྨྱོན་དང་མི་ཏྲ་ཛཱ་ཀི་ལྟ་བུའི་ཚོགས་


CMR024_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དང་། དུག་བདུད་རྩིར་བསྒྱུར་བ་སོགས་ནུས་ཤིང་གཉིད་དང་བྲལ་འཁོར་འདས་ལ་སྤང་བླང་མེད་པ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་འདི་སྤྱོད་དང་འདི་མི་སྤྱོད་ཀྱི་བྱེ་བྲག་མེད་པ་ཏེ་ལོ་པ་ལྟ་བུའོ། །དེ་ལྟར་ལྔ་ནི་མ་རྒྱུད་ནས་བཤད་པའི་སྤྱོད་པ་ཡིན་ལ། ཡང་གསང་སྔགས་རྙིང་མའི་ལུགས་ཀྱི་སྤྱོད་པ་ལ་ཡང་བརྒྱད་དེ། དང་པོ་འཁོར་བར་སྐྲག་ནས་ཚེ་འདིའི་ལོངས་སྤྱོད་ལ་མ་ཆགས་པར་ཆོས་ལ་བྲོས་པ་ཤ་བཙོན་ལྟ་བུའི་སྤྱོད་པ། ཆོས་དང་གདམས་ངག་ཚོལ་བའི་ཚེ་དགེ་བའི་བཤེས་གཉེན་ཐམས་ཅད་ལ་དད་གུས་ཀྱིས་གདམས་ངག་ལེན་པ་བུང་བ་ལྟ་བུའི་སྤྱོད་པ། ཐབས་སྣ་ཚོགས་ཀྱིས་ཚོགས་བསགས་པ་ཁྱིམ་པ་ལྟ་བུའི་སྤྱོད་པ། གཅིག་པུར་སྒྲུབ་པ་བྱེད་པ་རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ། ཉམས་ལེན་དྲོད་ཐོབ་ནས་ངོ་བསྲུང་དང་ཕྱོགས་འཛིན་མེད་པར་ཉམས་བྱུང་རྒྱལ་དུ་སྐྱོངས་བ་སྨྱོན་པ་ལྟ་བུའི་སྤྱོད་པ་སྟེ། རྗེ་གླིང་རས་ལྟ་བུ། འཁོར་འདས་རེ་དོགས་མེད་པ་སེང་གེ་ལྟ་བུའི་སྤྱོད་པ། ཟས་དང་སྤྱོད་པ་ལ་གཙང་བཙོག་མེད་པར་སྤྱོད་པ་ཁྱི་ཕག་ལྟ་བུའི་སྤྱོད་པ་སྟེ། གྲུབ་ཆེན་སརྦ་འབག་དང་ལུ་ཧི་པ་ལྟ་བུ། རང་དོན་མཐར་ཕྱིན་ནས་གཞན་དོན་གང་ཕན་བསྟན་པ་དང་སེམས་


CMR024_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་བྱེད་པ་རྒྱལ་པོ་ལྟ་བུའི་སྤྱོད་པ་ལྟ་བུའོ། །དེ་ལ་ཆགས་ཆེན་གྱི་སྤྱོད་པ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་སྔོན་གྱི་གྲུབ་ཆེན་རྣམས་ཀྱི་སྤྱོད་པ་ཡིན་གྱི། དེང་སང་རང་རེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། འདིར་མིང་སྨོས་པ་ཙམ་ཞིག་པས་ས་བཅད་སྟོང་དོགས་པ་ལས་མ་བྲིས་པ་ལ། དེའི་དོན་དྲི་མེད་འོད་ལས། ལས་དང་པོ་པས་རྣལ་འབྱོར་གྱི་བྱ་བ་མི་བྱ། རྣལ་འབྱོར་པས་གྲུབ་ཐོབ་ཀྱི་བྱ་བ་མི་བྱ། གྲུབ་ཐོབ་པས་སངས་རྒྱས་ཀྱི་བྱ་བ་མི་བྱ། ཞེས་དང་། བརྡ་ཙམ་གོ་སྟེ་ལས་དང་པོ་པས་གོམས་པ་རབ་ཀྱི་སྤྱོད་པ་བྱས་ན་ངན་སོང་དུ་ལྟུང་། ཞེས་དང་། མི་ལ་རས་པས། དད་ལོག་གི་སྣང་བསྒྱུར་མི་ཤེས་པས། །ཐོ་ཅོའི་གཅེར་བུར་མ་རྒྱུག་ཅིག །ཅེས་དང་། ཁྲོ་ཕུ་ལོ་ཙཱ་བས། སྐྱེ་བོའི་དབུས་སུ་གཏེར་བུར་རྒྱུག་པ་སོགས། །ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང་། །ཐ་མལ་པ་རྣམས་མ་དད་སྐྱེ་བའི་རྒྱུ། །བག་ཡོད་བསྟན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དང་། གསང་བ་སྤྱོད་པའི་རྒྱུད་ལས་ཀྱང་། ལྟ་བ་མི་ལྡན་སྤྱོད་པ་དང་། །སྤྱོད་པ་མི་ལྡན་ལྟ་བ་གཉིས། །འདི་ནི་གསང་སྔགས་དམ་ཚིག་སྟེ། །མནར་མེད་སེམས་ཅན་དམྱལ་བར་འགྲོ། །ཞེས་


CMR024_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། སྤྱོད་པར་མི་ལྡན་ལྟ་བ་ནི། ལྟ་བ་བཟང་པོ་རྟོགས་ཀྱང་ལས་རྒྱུ་འབྲས་ལ་མི་འཛེམ་ན་དམྱལ་བར་ལྷུང་ངོ་། །ལྷའི་བུས་ཞུས་པའི་མདོ་ལས། ལྟ་བ་ཡངས་བར་མི་བགྱི་རྒྱུས། །ཆོས་ཀྱི་དབྱིངས་ལ་ཡངས་དོག་མེད། །སྤྱོད་པ་ཞིབ་ཏུ་མི་བརྩི་རྒྱུས། །ཁམས་གསུམ་འཁོར་བ་གཡང་ས་ཆེ། །ཞེས་དང་། ཕ་དམ་པས། དཔའ་སྡར་འཛངས་གསུམ་བྱང་ཁའི་འབྲོང་ལ་ཚང་། ལྟ་བའི་དུས་སུ་དཔའ་དགོས། བསྒོམ་པའི་དུས་སུ་འཛངས་དགོས། སྤྱོད་པའི་དུས་སུ་སྡར་དགོས། ཞེས་གསུངས་སོ། །ལེགས་ཀློབཤད་རིན་ཆེན་ཕྲེང་བའི་རྒྱུད་གཏེར་ལས། བཟང་པོའི་ཆོས་རིགས་སྤྱོད་པས་བསྲུངས། །སྤྱོད་པ་ཉམས་ན་རེ་དོགས་མེད། །ཅེས་གསུངས་སོ། །དེ་ནས་སྤྱོད་པ་དུས་ཚོད་དང་མ་འབྲེལ་བར་རྩིངས་སྤྱོད་བྱས་པས་ངན་སོང་དུ་ལྟུང་། གལ་ཏེ་རྟོགས་པ་མཐོ་ན་ཡང་རྫུ་འཕྲུལ་སྣ་ཚོགས་སྟོན་མི་ནུས་པར་རྩིངས་སྤྱོད་བྱས་ན་སངས་རྒྱས་ཀྱི་བསྟན་པ་ལ་གནོད། བསྟན་པ་ལ་གནོད་ན་དེ་བས་ཉེས་སྒྲིབ་ཆེ་བ་གཞན་ཅི་ཞིག་ཡོད། གཅིག་ཏུ་ནི་གསང་སྔགས་ལག་ལེན་ལ་རགས་ལས་པས། ཨོ་རྒྱན་རིན་པོ་ཆེས། གཏེར་སྟོན་ཚད་ལྡན་ནམ། མར་མི་རས་


CMR024_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སོགས་ནས་ད་ལྟའི་བར་ལ་ཆགས་ལམ་སོགས་ཀྱི་ཕྱག་ལེན་རྒྱུན་མ་ཆད་པ། ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་སུ་བསྐུར་ཞིང་དགའ་བཞི་ཡེ་ཤེས་ངོ་སྤྲོད་པའི་དུས་སུ་རྒྱུན་མ་ཆད་པ་ནི་མི་འདུག་པས། དཔེ་རྒྱུན་དང་ལུང་རྒྱུན་ཙམ་མ་བརྟེན་པས་ལམ་དུ་མི་འགྲོ་སྟེ། དེའི་གནད་ཀྱིས་རྩ་རླུང་ལ་རྟགས་ཐོན་པས་རྡོ་རྗེས་དུང་ཕེར་བ་རྒྱབ་ཐུར་མདུན་ཐུར་ཚུགས་པའི་རྟོགས་ལྡན་མི་ཕམ་ལྟ་བུ་ཡང་ཆགས་ལམ་ལམ་དུ་མ་བསླང་བར་བསྟན་པ་དང་། བླ་མའི་ཞབས་འདྲེན་དུ་གྱུར་པ་དངོས་སུ་མཐོང་ན་གཞན་རྣམས་ཀྱིས་ལམ་དུ་ག་ལ་སློང་།། ༈ དེ་ནས་གྲོལ་ལམ་སྡོམ་པ་གསུམ་ལྡན་འདིའི་ཕུག་ཕྱག་ལེན་རྒྱུན་མ་ཆད་པར་བཅོམ་ལྡན་འདས་ནས་བཟུང་སྟེ། ཀླུ་སྒྲུབ་ཐོག་མེད་ཇོ་བོ་རྗེ་ཨ་ཏི་ཤ་ནས་དྭགས་པོ་རིན་པོ་ཆེའི་བར་དུ་ཡོད་དོ། །དྭགས་པོས་ཀྱང་སྤྱོད་པ་བཀའ་གདམས་ལུགས་དང་། ཉམས་ལེན་མི་ལའི་ཕྱག་ཆེན་ཆོས་དྲུག་མཛད་པས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་བྱ་བ་དྭགས་པོ་བཀའ་བརྒྱུད་ཅེས་བསྟན་པ་ཉི་མ་ཤར་བ་ལྟ་བུར་གྱུར་ཅིང་། ཁྱད་པར་དུས་མཁྱེན་ནས་བདག་གི་འདྲེན་མཆོག་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག་གི་བར་དུ་གྲོལ་ལམ་ཁོ་ནས་གྲུབ་པ་བརྙེས་པ་གནམ་གྱི་སྐར་མ་


CMR024_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བྱུང་སྟེ། རྗེ་རང་བྱུང་བའི་སློབ་མ་མཚུར་ཕུའི་གནས་སྟོད་ན་རྟོགས་ལྡན་བརྒྱ་རྩ་བརྒྱད་དུས་གཅིག་ལ་མཁའ་སྤྱོད་དུ་གཤེགས་པ་དང་། བརྒྱུད་པ་འདི་ལ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པ་དུ་མ་ཞིག་བྱུང་ལ། ཁྱད་པར་དེང་སང་སྙིགས་མའི་མཐར་ཐུག་འདི་ལྟ་བུ་ལ་ཡང་རྗེ་ཆོས་ཀྱི་དབང་ཕྱུག་གི་ཆིབས་ཆུང་བ། དགེ་སློང་སྟག་ཚང་ཡང་དག་བྱ་བ་མེར་བསྲེགས་པས་མ་གནོད་ཅིང་། ཕྱིས་ལུས་མ་སྤངས་པ་མཁའ་སྤྱོད་དུ་གཤེགས་པ་དང་། རྗེ་དྲུག་པ་ཆོས་ཀྱི་དབང་ཕྱུག་ཉིད་ཀྱི་རྩ་སློབ་རྟོགས་ལྡན་ཀརྨ་བཀྲ་ཤིས་བྱ་བ་ཆུ་ལ་ཐོགས་མེད་དུ་གཤེགས་པ་སོགས་དེང་སང་གི་བར་དུ་གྲོལ་ལམ་བྷེ་པས་བརྟན་པ་ཐོབ་པ་དང་གྲུབ་ཐོབ་རྒྱུན་མ་ཆད་པ་ཡིན་ནོ།། ༈ དེ་ནས་ཉམས་སུ་བླང་བྱའི་སྤྱོད་པ་གསལ་བར་བཤད་པ་ནི། ཕ་རྒྱུད་ནས་སྤྲོས་མེད་ཀྱི་སྤྱོད་པ་དང་། མ་རྒྱུད་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། རྙིང་མ་ནས་ཁྱིམ་པ་དང་རི་དྭགས་ལྟ་བུའི་སྤྱོད་པ་དང་གཉིས་གསུངས་པ་དང་། སྡོམ་གསུམ་ཐུན་མོང་གི་སྤྱོད་པ་ཞེས་པ་རྣམས་དོན་ལ་གཅིག་པས། ཕྱི་སོ་སོར་ཐར་པའི་སྡོམ་པ་ལུས་ངག་གི་སྤྱོད་པ་ཐམས་ཅད་འདུལ་བ་ཁོ་ན་ལྟར་སྲུངས། ནང་བསམ་


CMR024_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱེར་སོ་བྱང་ཆུབ་སེམས་དཔའི་བསླབ་པ་ཁོ་ན་ལྟར་ཅི་སྤྱད་ཐམས་ཅད་གཞན་དོན་དུ་སྤྱོད། དངོས་སམ་ཤུགས་ཀྱིས་གཞན་ལ་གང་ཕན་བསྒྲུབ། དངོས་ཤུགས་ཀྱིས་མི་ཕན་པ་ཡིན་ཡང་དགེ་རྩ་ཐམས་ཅད་སེམས་ཅན་སྤྱི་ལ་བསྔོའོ། །གསང་བ་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་སྲོག་ལྟར་བསྲུང་ཞིང་བསྐྱེད་རྫོགས་ལ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་སྟེ། འདི་ལྟ་བུའི་ཉམས་ལེན་ཁོ་ནས་ས་ལམ་ཐམས་ཅད་བརྗོད་པ། བཀའ་བརྒྱུད་རིན་པོ་ཆེ་འདིའི་ཕྱག་སྲོལ་ཡིན་ཏེ། ཨཱརྱ་དེ་ཝའི་སྤྱོད་བསྡུས་ལས་ཀྱང་། སྤྲོས་མེད་ཀྱི་སྤྱོད་པ་ཁོ་ནས་གྲོལ་བར་བཤད་ཅིང་། གསང་བ་གྲུབ་པ་ལས་ཀྱང་། བསྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི། །དངོས་གྲུབ་མཚན་ཉིད་གང་ཡང་རུང་། །དེ་ཀུན་སྐད་ཅིག་ཙམ་ལ་ནི། །རང་ཉིད་གནས་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེའི་སྤྱོད་པ་ལས། ཕྱི་སྡེ་སྣོད་དང་མཐུན་པར་བསླབ་པའི་ཚུལ་ཁྲིམས་དང་ལྡན། ནང་བླ་མེད་ལྟ་བུར་གསང་སྤྱོད་ཐབས་ཁྱད་པར་ཅན་དང་ལྡན་པ། གསང་བ་རྣམ་པ་ཀུན་ཏུ་སྒོ་གསུམ་ཆོས་དང་བསྟུན་པར་བྱའོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །ངོ་ཚ་ཁྲེལ་ཡོད་


CMR024_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དེ་དག་ནི། །ནོར་བདུན་ལགས་པས་འདི་དག་མི་འབྲལ་མཛོད། །ཅེས་གསུངས་པ་ལྟར་མདོར་ན་སྡོམ་གསུམ་བསྲུང་བར་འདུས་ཏེ། འདུལ་ཁྲིམས་རྩ་བ་ཕམ་པ་བཞི་ནི་སྲོག་ལྟར་བསྲུང་སྟེ། རྗེ་མི་བསྐྱོད་རྡོ་རྗེའི་གསུང་ལས། དུས་དེང་སང་གི་སྡོམ་ལྡན་ནི་རྩ་བ་བཞི་མ་ཉམས་པར་བསྲུང་ཞིང་དགེ་བའི་བསམ་པ་མི་འདོར་བ་ལ་བྱེད་ཅེས་གསུངས་པ་ལྟར་ཕྲ་ཞིབ་རྣམས་ཅི་ནུས་སུ་བསྲུང་ཞིང་གསོ་སྦྱང་ལ་འབད། །བྱང་སྡོམ་རྩ་བ་རྣམས་སྲོག་ལྟར་བསྲུང་ཞིང་དུས་བཟང་རྣམས་སུ་བྱང་སྡོམ་རྒྱུས་པ་དང་རྒྱུན་དུ་བསྡུས་པ་ལེན། གསང་སྔགས་ཀྱི་དམ་ཚིག་རྩ་བ་རྣམས་སྲོག་ལྟར་བསྲུང་ཞིང་སྐབས་སུ་བདག་འཇུག་དང་བསྐང་བཤགས་ལ་འབད། དེ་ལྟ་བུ་ལ་སྤྱོད་པ་ཐམས་ཅད་དོན་གྱིས་ཚང་སྟེ། འཁོར་བའི་བརྩོན་ར་ནས་ཐར་ཐབས་ཁོ་ན་ལ་བརྩོན་པས་ཤ་བཙོན་ལྟ་བུའི་སྤྱོད་པ་དེ་ཡིན། ཆོས་ཀྱི་རོ་མྱོང་ཞིང་ཤན་ཕྱེད་དེ་འོང་བས་བུང་བ་ལྟ་བུའི་སྤྱོད་པ་ཡིན། རི་ཁྲོད་དང་དབེན་པར་སྒྲུབ་པ་བྱེད་ཅིང་དེར་ཡང་རང་ཉིད་གཅིག་པུར་སྡོད་པ་རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ་ཡིན། སྒྲུབ་པའི་རྫས་དང་སྒྲུབ་ཐབས་དང་ཐ་ན་རང་གི་ལུས་ཀྱང་མི་སྟོན་པར་མཚམས་བྱ། གྲུབ་པའི་རྟགས་ཀྱང་


CMR024_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་བུ་དད་ལྡན་ནམ་རང་གི་སློབ་དཔོན་མིན་པ་ལ་གསང་བས་གསང་སྤྱོད་ཡིན། བྱིས་སྦ་ལ་ཟས་འཇུ་ཚོད་སྟེར་བ་ལྟར་རང་གི་ཉམས་སུ་ལོན་ཚོད་དང་བསྟུན་ནས་རིམ་པར་ཉམས་སུ་ལེན་པ་རྒྱལ་བུ་གཞོན་ནུའི་སྤྱོད་པ་ཡིན། སྤྱོད་ལམ་ཀུན་ཏུ་ཆོས་དང་མཐུན་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་ནོ། །དེ་ཡང་ཕ་རྒྱུད་ནས་བཤད་པའི་སྤྱོད་པ་དྲུག་པོ་ཡང་ཆ་འདྲ་བ་རེ་བྱར་ཡོད་དེ། གནས་ཁང་ཡོ་བྱད་འབྱོར་ཚད་ལེགས་པར་རྒྱས་པར་བྱས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས། མཆོད་པ་རེ་རེ་ནས་ལྷའི་གྲངས་བཤམས་ཏེ། དགེ་ཚུལ་སློང་སོགས་དམ་ཚིག་དང་ལྡན་པ་བརྒྱ་རྩ་བརྒྱད་དང་ལྷ་གྲངས་ལས་མི་ཉུང་བ་འཚོགས་ནས། སྡོམ་པ་གསུམ་དང་མི་འགལ་བའི་འདོད་ཡོན་སྣ་ཚོགས་ལ་སྤྱོད་ཅིང་། བདག་མདུན་བུམ་གསུམ་བདག་འཇུག་དུས་གསུམ་དུ་བྱ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དུས་གསུམ་དུ་རོལ། དུས་ཐམས་ཅད་དུ་སྔགས་རྒྱུན་བྱ་ཞིང་། དཀྱིལ་འཁོར་གྱི་འཁོར་ལོ་གྲོགས་རྣམས་ལྷ་དང་ལྷ་མོར་བྷེ་པ་ནི་སྤྲོས་པ་ཆེན་པོའི་སྤྱོད་པ་སྟེ། དཔེར་ན་རྙིང་མའི་བུམ་སྒྲུབ་སོགས་སྒྲུབ་ཆེན་རྣམས་ལ་རིག་མ་མཚན་ལྡན་ལྷ་གྲངས་སམ། ལྔ་གསུམ་བུམ་འཛིན་ལྷ་མོ་སོགས་བཤད་ཀྱང་དེང་སང་དེའི་


CMR024_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྲོལ་མེད་དེ་བུམ་སྒྲུབ་དང་ཕུར་སྒྲུབ་སོགས་ནི་བྱེད་སྲོལ་ཡོད་མེད་པ་དང་འདྲའོ། །དེ་ལྟ་བུར་ཞག་བདུན་ནམ་ལྔ་གསུམ་གཅིག་སོགས་བྱེད་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །དེང་སང་སྒྲུབ་མཆོད་དང་ཉིན་ཆོག་ཟེར་བ་ལྟ་བུའོ། །སྒྲུབ་གཡོག་རང་གི་སློབ་མ་གཅིག་གམ་འགའ་ཟུང་གིས་སྡོམ་པ་གསུམ་དང་མི་འགལ་བའི་འདོད་ཡོན་གྱིས་སྟོབ་ཅིང་རང་ཉིད་དཀའ་ཐུབ་མི་བྱེད་འགྲངས་བར་སྤྱོད་དེ་ཉམས་སུ་ལེན། མདོར་ན་སྡོམ་གསུམ་དང་མི་འགལ་བའི་འདོད་ཡོན་མི་སྤངས་ཤིང་། ཉམས་སུ་ལེན་ཅིང་རས་བྲིས་ཀྱི་དཀྱིལ་འཁོར་དང་མཆོད་པའང་ཅི་འབྱོར་བྱེད་པ་སྤྲོས་པ་བསྡུས་པའི་སྤྱོད་པ་སྟེ། དེ་གསུམ་ཀའང་ཡེ་ཤེས་ཀྱི་ཕྱག་རྒྱ་ཡབ་ཡུམ་ཞལ་སྦྱོར་དུ་བྷོ་པས་ཆགས་ཆེན་སྤྱོད་པའི་གོ་ཆོད་པའོ། །མི་ཡི་བུད་མེད་རིང་དུ་སྤངས་ནས་འཚོ་བ་གང་བྱུང་ཅུང་ཟད་ཙམ་ལ་ཆོག་ཤེས་བྷེ་ནས་བྱ་བ་ཐམས་ཅད་སྤངས་འཇིག་རྟེན་པའི་དངོས་གྲུབ་ཙམ་ཡང་དོན་དུ་མི་གཉེར་བར་ཚེ་གཅིག་སངས་རྒྱས་ཁོ་ན་འདོད་པས་ཏིང་ངེ་འཛིན་ཁོ་ན་གཙོ་བོར་བྷེ་པས་སྤྲོས་མེད་ཀྱི་སྤྱོད་པ། རྫོགས་རིམ་སྟོང་ཉིད་ཁོ་ན་བྷི་པས་ཆོ་ག་གཏོར་བསྔོས་བཟླས་བརྗོད་ཀྱང་སྤངས། སྤྱོད་ལམ་རྣམ་གསུམ་ཙམ་ལས་


CMR024_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཅི་ཡང་མི་བྱེད་པ་བྷུ་སུ་ཀུའི་སྤྱོད་པའོ། །མ་རྒྱུད་ནས་བཤད་པའི་སྤྱོད་པ་བཞི་ཡང་ཚང་སྟེ་ཀུན་ཏུ་བཟང་པོའི་སྤྱོད་པ་ནི་དངོས་གཞི་ཡིན་ལ། ཡིད་ཀྱིས་རིག་མ་ལ་གསང་བར་སྤྱད་ནས་བདེ་སྟོང་ཉམས་སུ་མྱོང་བས་གསང་སྤྱོད་བསྒོམ་པའི་རིག་མ་ཡེ་ཤེས་ཀྱི་ཕྱག་རྒྱ་མོ་དང་། གྲོང་ཁྱེར་དུ་འགྲོ་དུས་ཀྱང་འབྲལ་བ་མེད་ཅིང་བསྐྱེད་རྫོགས་ཀྱི་སྟོབས་རིག་པ་བརྟུལ་ཞུགས་ཀྱིས་ཉོན་མོངས་དང་རྣམ་རྟོག་དང་བགེགས་ཀྱི་བར་ཆད་ཐམས་ཅད་ཚར་གཅོད་པས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གླང་ཆེན་ལྟ་བུ་ཁྲོམ་ཆེན་ཚོང་འདུས་རྒྱལ་པོ་དང་། རིགས་ངན་ཤན་པའི་ཁྱིམ་རྣམས་སུ་འགྲོ་དུས་ཀྱང་རང་ཉིད་ཐུགས་རྗེ་ཆེན་པོ་ཡུམ་ཕག་མོ་དང་འབྲལ་བ་མེད་ཅིང་གཞན་གྱིས་བསྟོད་ཅིང་འབུལ་ཞབས། མ་དད་ཅིང་གཤེ་སྐུར་རྐྱེན་བཟང་ངན་ཅི་བྱུང་ཉམས་ལེན་དང་བསྲེ་ཞིང་བོགས་སུ་འདོན་པ་ཚོགས་སྤྱོད། རྐྱེན་ངན་གང་གིས་ཀྱང་ཉམས་ལེན་ལ་མི་གནོད་པར་བརྟན་པ་ཐོབ་ནས། རང་སེམས་སངས་རྒྱས་སུ་ཐག་ཆོད་པས་སངས་རྒྱས་གཞན་ན་མི་རེ། འཁོར་བ་སེམས་ཀྱི་འཁྲུལ་སྣང་ལས་གཞན་དུ་མ་གྲུབ་པར་ཐག་ཆོད་ཅིང་། འཁོར་བ་རང་བཞིན་མེད་པར་མཐོང་བས་འཁོར་བས་འཁོར་བར་འཁྱམས་མི་དགོས་


CMR024_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པས། རེ་དོགས་ཟད་པས་ཞེ་འདོད་ཐམས་ཅད་དང་བྲལ། འདོད་པ་ཅི་ཡང་མེད་པས་ཞེན་པ་རང་ལོག །བདག་གཞན་དབྱེར་མེད་གཅིག་ཏུ་རྟོགས་པས་ཆགས་སྡང་རང་འགགས། སྣང་སྲིད་ལྷའི་དཀྱིལ་འཁོར་དུ་རྟོགས་པས་དག་པ་རབ་འབྱམས་ཏེ། དེ་ལྟ་བུ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ། དེ་ལ་ཉེ་རིང་མེད་དེ་དགྲ་དང་གཉེན་མཉམ། གསེར་དང་བོང་བ་མཉམ། འདི་བྱ་དང་འདི་བྱེད་ཀྱི་གཏད་སོ་མེད་པས་སྨྱོན་པ་ལྟ་བུའི་སྤྱོད་པ། ཤ་ལྔ་བདུད་རྩི་ལྔ་སོགས་རང་བཞིན་གྱིས་རྣམ་པར་དག་པར་རྟོགས་པས་གཙང་བཙོག་གི་འཛིན་པ་མེད་དེ་ཁྱི་ཕག་ལྟ་བུའི་སྤྱོད་པ། དེ་ལྟ་བུའི་གདེང་ཐོབ་པས་གང་ལ་ཡང་ཉམས་ང་མེད་དེ་སེངྒེ་ལྟ་བུའི་སྤྱོད་པ། དེས་རང་དོན་གྲུབ་ཟིན་པས་སྐུ་གསུམ་གྱི་རྒྱལ་ས་ཐོབ་གཞན་འགྲོ་བའི་མགོན་སྐྱོབས་བྱེད་པས་རྒྱལ་པོ་ལྟ་བུའི་སྤྱོད་པ། དེས་རང་གཞན་ཐམས་ཅད་ཀྱི་དོན་ཡིད་བཞིན་དུ་འགྲུབ་པས་ནོར་བུ་ལྟ་བུའི་སྤྱོད་པ། འདི་བྱེད་ཀྱི་ཞེ་འདོད་མེད་པས་བུ་ཆུང་ལྟ་བུའི་སྤྱོད་པའམ། བྱ་རྩོལ་མེད་པའི་སྤྱོད་པ་སྟེ། སྤྱོད་པ་ཐམས་ཅད་ཀུན་ཏུ་བཟང་པོའི་སྤྱོད་པ་འདི་ལ་ཚང་


CMR024_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཆོས་མགོ་འདིས་ཐོན། བསྟན་པ་འདིས་ཟིན། ཁེ་ཆེ་ལ་ཉེན་ཆུང་། བླ་མའི་ཞབས་ཏོག་འདི་ཆེ། བསྟན་པའི་མིག་རྒྱུན་དུ་འདི་བཟང་། སངས་རྒྱས་བྱང་སེམས་ཐམས་ཅད་འདི་ལ་དགྱེས། མཁས་པ་ཐམས་ཅད་ཀྱིས་འདི་ལ་བསྟོད། ཕལ་པ་ཐམས་ཅད་ཀྱིས་འདི་ལ་དད། སྤྱིར་དྭགས་བརྒྱུད་དགོས་ཀཾ་ཚང་གི་ཕྱག་ལེན་འདི་ཡིན། བསྟན་པ་སྤྱི་ཡི་ཆོས་ལུགས་ཀྱང་འདི་ཡིན། དེས་ནི་རྩིངས་སྤྱོད་ཀྱི་ཐོ་ཅོ་སྤངས། སྔགས་ལ་ཁ་གཡར་ནས་སྡོམ་པ་ཆུར་འདེབས་པའི་བྱ་བ་ངན་པ་ཐམས་ཅད་དུག་ལྟར་སྤངས་ལ། སྒྲུབ་བརྒྱུད་འདིའི་ཕྱག་སྲོལ་བཞིན་དུ་ཀུན་ཏུ་བཟང་པོའི་སྤྱོད་པས་ས་ལམ་ཐམས་ཅད་རྫོགས་པར་བྱའོ། །ཡང་དགྱེས་རྡོར་བའི་ཆོས་སྐད་ལྟར་ན་རིམ་གཉིས་ཀྱི་རྣལ་འབྱོར་བྷེ་པས་དྲོད་ཆུང་ངུ་ཐོབ་ནས་ཀུན་འདར་གསང་ནས་སྤྱོད། དེས་དྲོད་འབྲིང་ཐོབ་ནས་ཀུན་འདར་འཇིག་རྟེན་པའི་དངོས་སུ་སྤྱོད། དེ་ནས་ལུང་བསྟན་པའི་རིག་མ་པདྨ་ཅན་ལ་བསྟེན་ནས་དྲོད་ཆེན་པོ་ཐོབ་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ཟླ་གཅིག་སྤྱད་པས་ས་བརྒྱད་ཐོབ། དེ་ནས་ཉེ་རྒྱུའི་སྤྱོད་པས་ཞག་བདུན་ནམ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་གསུངས་ཏེ། མིང་གི་ཁྱད་མ་གཏོགས་གོང་དང་


CMR024_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པའོ། །མདོར་ན་ཨོ་རྒྱན་རིན་པོ་ཆེས་སྤྱོད་པའི་མདོ་འགག་ལང་གྲོ་ལ་གདམས་པ་ལས། མདོར་ན་ཕྱི་མདོ། ནང་སྔགས། ཐར་པའི་ལམ་སྒྲུབ་པའི་ལམ་དང་གྲོགས་སུ་གང་འགྲོ་བསྟན་པ་དང་བདག་གཞན་ལ་གང་ཕན། སྒོ་གསུམ་ཆོས་སྤྱོད་བཅུ་དང་མཐུན་ནི་ཟབ་བོ། །འོན་ཀྱང་སྤྱད་བྱ་སྤྱོད་བྱེད་ཀྱིས། །བློ་ལྡོག་རེ་དོགས་ནང་དུ་ཟད་། །ཀུན་ཀྱང་རོལ་པ་ཆོས་སྐུའི་ཀློང་། །ཆགས་མེད་ཞེན་གྲོལ་ངོ་མཚར་ཆེ། །ཞེས་གསུངས་པ་ལྟ་བུའོ། །དེ་ནས་ཅུང་ཟད་དྲོད་ཐོབ་ཀུན་བཟང་སྤྱོད་པ་མཐར་ཕྱིན་ནས་དབེན་པར་བསྒོམ་དུས་མཉམ་རྗེས་མེད་པ་དང་བརྟེན་པ་ཐོབ་པ་འདྲ་བ་བྱུང་ན། གྲོལ་ལམ་ལུགས་ཀྱི་གསང་སྤྱོད་ཀྱི་བོགས་དབྱུང་འདོད་ན། ཐོག་བཅས་དགྲ་དང་གཅན་གཟན་ཐོབ་དང་གཤའ་སྤྲད་གཡང་ས་མེ་ཆུ་སོགས་ཀྱི་གནོད་པ་མེད་ཅིང་ཐོག་མེད་མི་མ་ཡིན་ཤིན་ཏུ་ཆོ་འཕྲུལ་ཆེ་བས་ཕལ་པ་དག་ཉིན་ཡང་རྒྱུ་འགྲུལ་མི་ཕོད་པ་ལྟ་བུའི་དུར་ཁྲོད་དམ་གཉེན་ས་རོའི་གསེབ་སོགས་གཅིག་པུར་འགྲོ་སྟེ། སཾ་བྷུ་ཏྲིར། རྡོ་རྗེའི་ཉི་མ་ནུབ་པ་ན། །དེ་འོག་སྒྲུབ་པ་བརྩོན་པར་བྱ། །ཞེས་དང་། ནཱ་རོ་པའི་རོ་སྙོམས་གཞུང་དུ། མཚན་མོ་གསང་སྟེ་རྒྱུ་བར་


CMR024_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་གསུངས་ཏེ་སྲོད་ལ་མ་ཚོར་བར་སོང་སྟེ། ཐོ་རངས་རང་གནས་སུ་ལོག །འགྲོ་ཁ་ཏིང་ངེ་འཛིན་གྱིས་དབང་བླངས། མི་མེད་ལུང་སྟོང་ཡིན་ན་ཚར་སློང་མ་འགྲིགས་བར་དུ་བསྡད་དོ། །ལུས་ལ་ཐལ་ཆེན་བྱུག །ཁ་དོག་ངན་ཞིང་ཧྲུལ་པོའི་གོས་གྱོན། ཤིང་ཐོག་གམ་རུས་རྒྱུན་གྱིས་བརྒྱན། ཟས་གདམས་ག་མེད་པར་བྱ། བདེ་སྟོང་གི་ཉམས་བཟང་པོ་དང་བཅས་ཏེ་འགྲོ་ལ། སྐྱབས་སེམས་བླ་མའི་རྣལ་འབྱོར་དབང་བཞི་བླངས། རང་ཉིད་གསང་བ་ཡེ་ཤེས་སམ་རྟ་མགྲིན་དུ་བསྒོམ་ལ་གར་བྱས་པས་སྐུ་ལ་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཀྱིས་གཏམས་པར་བྱ། དེས་ལྷ་འདྲེ་འབྲོས་པར་བརྩམས་པས། རྡོ་རྗེའི་ར་བ་དང་མེ་རིའི་བསྐོར་བས་བྲོས་མ་ཐུབ་པར་རང་མདུན་དུ་འདར་ལྡི་ལི་ལི་བྱེད་པར་བསམ། དེ་ནས་ཅི་དང་ཅི་བྱུང་ཡང་འགུལ་བསྐྱོད་མི་བྱེད་པར་གསང་སྤྱོད་མཐར་མ་ཕྱིན་གྱི་བར་དུ་སྡོད་པའི་དམ་བཅའ་དྲག་པོར་བྱས་ལ་བསྡད། དེ་ནས་རང་རིག་རང་ལུས་ལས་ཡུམ་རྡོ་རྗེ་ཕག་མོའི་རྣམ་པར་བྱུང་ལ་གྲི་གུག་གིས་རང་གི་བེམ་པོའི་ཐོད་པ་བྲེག་པ་རང་བྱུང་གི་ཐོད་སྐྱེད་དུ་བཙུགས་པ། སྟོང་གསུམ་ཙམ་དུ་གྱུར་པའི་ནང་དུ་རང་གི་ཕུང་པོ་བཅུག་ལ་གྲི་གུག་གིས་གཏུབ། ཨོ་ཨཱཿཧཱུྃ་


CMR024_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བདུད་རྩིའི་རྒྱ་མཚོ་དེ་ལས་རིང་འདྲའི་མཁའ་འགྲོ་མང་པོས་ཐོད་པས་བཅུས་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་འཇིག་རྟེན་སྐྱོང་བ་ལྷ་འདྲེ་གཞི་བདག་བགེགས་རིགས་རིགས་དྲུག་དང་བཅས་པ་ཚིམ་པར་བསྐྱེད་དོ། །ཕཊ་ཕཊ༔ ཅེས་དམིགས་པ་རེ་རེ་དང་སྤྱད་དོ། །དེ་ནས་དེ་ཐམས་ཅད་མི་དམིགས་པར་བྱས་ལ་དེ་ནས་ཆོ་འཕྲུལ་འཇིགས་སྐྲག་བྱུང་ན་སེམས་ཅན་ཐམས་ཅད་ཕ་མ་ཡིན་ལ་ཕ་མ་ལ་འཇིགས་སམ་སྙམ་དུ་སྙིང་རྗེ་བྱམས་པའི་གཏོང་ལེན་བསྒོམ། སྐྱེད་པ་བོགས་བྱུང་ན་སྣང་སྲིད་ཐམས་ཅད་ཡི་དམ་ཡིན་ན་ཡི་དམ་ལ་སུ་སྐག་སྙམ་དུ་ལྷ་འདྲེ་ཡི་དམ་དུ་བྷེ་པས་འཇིགས་སྐྲག་ཞིའམ་མ་ཞི་བཏགས། ཆོས་ཐམས་ཅད་སེམས་ཡིན་སེམས་སྟོང་ཉིད་ཆོས་སྐུ་ཡིན་པས་ལྷ་འདྲེར་འཛིན་པའི་རྟོག་པ་དེ་ཆུ་ལ་དབྱུག་པ་བརྒྱབ་པ་ལྟར་ཉམས་ལེན་དུ་བསྟིམས་ནས་མཉམ་པར་བཞག་གོ །གལ་ཏེ་མ་སློང་བར་རྟགས་དང་ཆོ་འཕྲུལ་མེད་ན་རང་ཉིད་རྟ་མགྲིན་གསང་ཡེར་བྷོ་ལ། ཕྱག་མཚན་གྲི་གུག་གམ་རྟ་མགྲིན་ཡིན་ན་རྡོ་རྗེའི་དབྱུག་པ་རལ་གྲི་གང་རུང་ཐོགས་པས་རི་བྲག་ཐམས་ཅད་རྩ་བ་ནས་བཤིགས། མཚོ་ཐམས་ཅད་དཀྲུག་ཁ་ཞབས་ལྡོག་པས་ས་གཞི་གྲི་གུག་གིས་བཀོག་ནས་སྟེང་


CMR024_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ལྡོག །ཤིང་དང་ནགས་ཚལ་ཐམས་ཅད་ལོ་ཏོག་ལྟར་བརྔས། དུག་སྣ་དང་ཁྲག་སྣའི་ཐལ་ཆེན་པོས་བར་སྣང་ནས་རྒྱ་མཚོའི་བར་བཀང་བར་བྷེ་ལ་ཕྱོགས་བཞིར་རྡོ་འཕང་རྦབ་ཅུང་ཟད་བཏང་། ཤིང་ལ་ཐག་པ་བཏགས་ནས་འཐེན་འཐེན་བྱ། དེ་ནས་གོང་ལྟར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་དངོས་ཉམས་རྨི་ལམ་ཆོ་འཕྲུལ་འབྱུང་ངོ་། །བྱུང་ནས་ཉམས་ལེན་དང་བསྲེས་པས་ལྷ་འདྲེ་ཐུབ་པ་དང་མཉམ་དུ་ཚར་ཚད་ལྷ་འདྲེས་ཕྱག་འཚལ་ཆོས་ཞུ་དངོས་གྲུབ་འབུལ་བ་སོགས་མ་བྱུང་བར་དུ་དེ་ལྟར་བྱའོ། །ཆོ་འཕྲུལ་ཆེ་ན་དམར་འགྱེད་ཤ་ཁྲག་གི་ཟློསྟོན་མོ་ཡང་བྱ་སྟེ། ལར་བོགས་དབྱུང་ཡིན་པས་ཉམས་ལེན་ལ་བསྲེ་བ་གལ་ཆེ། གཞན་དམིགས་པ་བྱ་དོན་མེད་དོ། །ཡང་སྔོན་དུ་བརྟུལ་ཞུགས་ཆེ་བས་ལྷ་འདྲེ་ལ་གནོད་དྲག་པའི་ལྟས་འདུག་ན། རང་ཉིད་ཐུགས་རྗེ་ཆེན་པོའི་ཕྱག་ནས་བདུད་རྩིའི་རྒྱུན་བབས་པས། དེ་དག་གི་ནད་དང་སྡུག་བསྔལ་བསལ་ཞིང་བདེ་བ་དཔག་མེད་འཕེལ་བའི་དམིགས་པས་རྗེས་སུ་འཛིན་ཅིང་བསྔོ་བ་སྨོན་ལམ་གྱིས་བྱང་ཆུབ་ཀྱི་ས་བོན་བཏབ་བོ། །འདི་ནི་དོན་རྒྱས་པར་གཅོད་དང་རོ་སྙོམས་དང་ནཱ་རོ་གསང་སྤྱོད་ལྟར་ཡིན་པར་རྒྱས་པར་དེ་དག་ཏུ་བལྟ་ཞིང་ཁྱད་པར་དུ་


CMR024_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྷ་འདྲེ་འདུལ་ཕྱིར་མ་ཡིན། བོགས་འདོན་ཕྱིར་ཡིན་པས་ཉམས་ལེན་དང་བསྲེ་བ་གལ་ཆེ་བས། ལྷ་འདྲེ་འདུལ་བའི་དམིགས་རིམ་མང་པོ་མི་འཚལ་ལོ། །དེ་བརྟན་པ་ཐོབ་ནས་ཚོགས་སྤྱོད་བྱ་བ་ནི་གནས་རི་བསྐོར་བ་ལ་སོང་ན་ཡང་བརྡེག་བཙོག་སོགས་འབྱུང་བའམ། ཡང་ན་རྒྱུས་མེད་ངོ་མི་ཤེས་པའི་སར་རིགས་རུས་གསང་ལ་ཚོང་འདུས་སོགས་དང་ཁྲོམ་ཆེན་པོ་སོགས་སུ་སྤྱོད་པ་མཐོ་དམན་མི་འཚམས་པ་སྣ་ཚོགས་པས་སྨད་ར་དང་བརྡུང་བཙོག་བྱུང་ན་དགའ་མི་དགའ་ཁྱད་པར་ཨེ་འདུག །ཉམས་ལེན་གྱི་བོགས་སུ་ཨེ་ཐོན་བྱའོ། །སྡུག་བསྔལ་ན་ཚ་བྱུང་ན་དེའི་ངོ་བོ་ལ་བལྟས་ཏེ་བདེ་སྡུག་རོ་སྙོམ་མོ། །དེ་ལྟར་སྤྱོད་པ་བྱེད་པ་ཡང་ལྟ་བ་དེས་རྐྱེན་ཐུབ་བམ་མི་ཐུབ་ལྟ་ཕྱིར་ཡིན་ཏེ། བརྟག་གཉིས་ལས། སྤྱོད་པ་དངོས་གྲུབ་ཕྱིར་མ་གསུངས། །ཡིད་ནི་བསམ་གཏན་གཡོ་འམ་ཅི། །རང་གི་སེམས་ལ་སོ་སོར་བརྟག །ཅེས་གསུངས་པ་དང་། གྲུབ་ཐོབ་གཏེར་སྒོམ་པས། གྲོལ་ལམ་མ་གྲོལ་སྤྱོད་ལ་རགས། །སྤྱོད་པ་དོན་དང་མི་མཐུན་ཞིང་། །ཅིར་སྣང་ལམ་དུ་མ་སློང་ན། །ལྟ་བ་མཐོ་ཡང་ཁ་སྐད་ཡིན། །ཞེས་གསུངས་སོ། །དེ་ནས་རྟོགས་པའི་ནུས་པས་འབྱུང་


CMR024_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་གནོད་བྱེད་ཀྱིས་མི་ཚུགས་པ་སོགས་རྫུ་འཕྲུལ་ཐོབ་པ་ན་དུར་ཁྲོད་ཀྱི་ཆས་སོགས་བརྒྱན་ཅིང་གནས་ཡུལ་གྱི་དུར་ཁྲོད་དུ་རྒྱུ་ཞིང་། སྐལ་ལྡན་རྗེས་སུ་འཛིན་པ་དང་ཌཀིའི་ཚོགས་གྲལ་དུ་དངོས་སུ་འཇུག་པས་དངོས་གྲུབ་ལེན་པ་སོགས་བྱ་བ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ། །ཞེས་དང་། །བརྟག་གཉིས་ལས། ངེས་པར་མདུན་དུ་ལྷ་མིའི་གང་། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་གསུངས་སོ། །བིརླ་པས། གལ་ཏེ་རྟོགས་ལྡན་ཉམས་བཟང་སྤྱོད་པའི་གྲོགས་མེད་ན། །ཇི་ལྟར་མིག་ལྡན་སྐྱེས་བུ་རྐང་པ་མེད་དང་མཚུངས། །ཞེས་དང་། ཏེ་ལོ་པས། དམ་ཆོས་སྤྱོད་པ་མེད་པའི་རྣལ་འབྱོར་པ། །རྫིང་ལ་འཕུར་བའི་བྱ་རོག་འདྲ། །སེམས་ཕར་ཕར་བཏང་ཡང་ཚུར་ཚུར་འོང་། །སེམས་གཟུང་འཛིན་གཉིས་ལས་གྲོལ་དུས་མེད། །ཅེས་གསུངས་སོ། །དེ་ལྟར་གྲོལ་ལམ་གྱི་སྤྱོད་པ་དེ་ཐམས་ཅད་ལ་ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱའམ། ཙཎྜ་ལི་དམ་ཚིག་གི་ཕྱག་རྒྱ་བསྟེན་པའམ། སྣང་སྲིད་ཕྱག་རྒྱ་ཆེན་པོའི་བདེ་སྟོང་གི་ཉམས་དང་མ་བྲལ་བ་ཁོ་ནས་ཆོག་གོ །ལས་ཀྱི་


CMR024_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་མིའི་བུ་མོ་ནི་བསྟེན་མི་དགོས་པར་མཆོག་གི་དངོས་གྲུབ་སྟེ། ཨཱརྱ་དེ་ཝའི་སྤྱོད་བསྡུས་ལས། དེ་བས་ན་ཕྱི་རོལ་གྱི་བུད་མེད་སྤངས་ནས། སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ལྷན་ཅིག་སྙོམས་པར་འཇུག་པར་ཤིན་ཏུ་མྱུར་ནས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རྫོགས་པར་བྱའོ། །ཞེས་གསུངས་སོ། །མདོར་བསྡུ་ན་བདག་གི་འདྲེན་པ་ཐམས་ཅད་མཁྱེན་པ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན་དེ་ཉིད་ཀྱི་ཞལ་ནས། སྣང་ཚུལ་ལ་བདེན་བཟུང་བྱས་བྱས་ནས། །རེ་དོགས་སུ་སྤྱོད་ན་སྤྱོད་པ་མིན། །སྟོང་ཉིད་ཀྱི་སྟོང་ལྟས་བསླུས་བསླུས་ནས། །འཇོལ་ཉོག་ཏུ་སྤྱོད་ན་སྤྱོད་པ་མིན། །ཞེས་དང་། བོད་ཡུལ་གྱི་ལྟ་བ་བྱུང་རྒྱལ་དུ། །བྱས་ན་བརྟུལ་ཞུགས་ཀྱི་སྤྱོད་པ་སོགས། །སྔགས་སྤྱོད་ཆེན་པོར་སྒྲུབ་རློམ་ཡང་། །བྱིས་པས་འབྲོང་ཤ་ཟོས་པ་བཞིན། །དེ་ཡང་མ་ཆུན་གེགས་སུ་འགྲོ། །ཞེས་དང་། དེ་ནས་བྷུ་སུ་ཀུའི་སྤྱོད་པའམ་ཀུན་བཟང་སྤྲོས་མེད་ཀྱི་སྤྱོད་པ་དང་། འདུལ་ཁྲིམས་ཟུང་འབྲེལ་གྱི་རྟེན་འབྲེལ་གྱིས། །སྣང་ཆ་འགག་མེད་སྤྱོད་བཞིན་དུ། །ལྟ་བ་ལ་འཛིན་པས་མི་བཅིང་པར། །བསྒོམ་པ་བཅོས་མེད་དུ་སྐྱོང་


CMR024_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི། །རྗེ་སྒྲུབ་བརྒྱུད་འདི་ཡི་རྣམ་ཐར་ཡིན། །ཞེས་གསུངས་པ་ཉིད་དོ། །དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་ངང་ནས་སྤྱོད་པ་བབ་ཅོལ་མ་སོང་བར་ཉམས་སུ་བླངས་པས་ས་ལམ་ཐམས་ཅད་བསྒྲོད་པར་གསུངས་ཏེ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་རུས་པའི་རྒྱན་ཅན་གྱིས་མཛད་པའི་སྒྱུ་མ་ལམ་རིམ་གྱི་རྒྱ་གཞུང་ཆེན་པོ་ལས། རྟེན་དང་གཡོ་བ་ཇི་སྙེད་པ། །སྒོ་ལྔའི་ཡུལ་དུ་གང་སྣང་ཀུན། །ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ། །ལྷ་སྐུ་མཐའ་བྲལ་སྒྱུ་མ་སྟེ། །བྱང་ཆུབ་ཕྱོགས་ཆོས་ཐམས་ཅད་དང་། །ལྷ་སྐུ་སྒྱུ་མ་དབྱེར་མེད་པས། །མཁས་པས་ཉམས་སུ་བླང་བར་བྱ། །ཞེས་དང་། རྫོགས་རིམ་སྟོང་ཉིད་ལ་གཙོ་བོར་བྷེ་པའི་དབང་དུ་མཛད་ནས། རྗེ་གླིང་རས་ཀྱི་གསུངས་ལས། ཕྱག་རྒྱ་ཆེན་པོའི་དོན་རྟོགས་པས། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀུན། །རྟོག་མེད་ངང་ལ་ལྷུན་གྱིས་གྲུབ། །ཅེས་གསུངས་ལྟར། རྒོད་ཚངས་པས་རྣལ་འབྱོར་བཞི་རིམ་ལ་སྦྱར་ནས་གསུངས་ཏེ། གྲུབ་ཆེན་ཀརྨ་པས་རྩ་རླུང་དང་སྦྱར་ནས་ལམ་བསྒྲོད་ཚུལ་གསུངས་པ་དང་། ཕར་ཕྱིན་ཐེག་པ་ནས་བྱང་ཆུབ་སེམས་དཔའི་ས་ལམ་བསྒྲོད་ཚུལ་གསུངས་ཏེ། དེ་དག་མིང་འདྲ་ཡང་དོན་གསང་སྔགས་ཁྱད་པར་


CMR024_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕགས་ཏེ། གདམས་ངག་རྒྱ་མཚོ་མཐའ་ཡས་ལས། རྡོ་རྗེ་ཐེག་པའི་བཅུད་བསྡུས་པས། །ཚོགས་སྦྱོར་གཉིས་སུ་ལམ་བསྒྲོད་ཅིང་། །མཚན་ཉིད་པ་དང་ཚིག་མཐུན་ཅིང་། །དོན་གྱིས་ཁྱད་པར་འཕགས་པ་ཡིན། །ཞེས་གསུངས་སོ། །དེ་ཡང་ཡོངས་སུ་གྲགས་པའི་ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་ཡིན་ལ། གྲུབ་ཆེན་ཀརྨ་པས་བཞིར་བཞེད་དོ། །དོན་ལ་ཁྱད་པར་མེད། ཟབ་མོ་ནང་དོན་ལས། དང་པོར་དབང་ཐོབ་བསྐྱེད་རྫོགས་ནི། །ལེགས་ཤེས་མོས་བསྒྲུབ་ཚོགས་ལམ་སྟེ། །ཞེས་གསུངས་པས་དབང་ཐོབ་ཅིང་བསྐྱེད་རྫོགས་ཀྱི་ཉམས་ལེན་ལེགས་པར་ཤེས་ནས་མོས་གུས་ཀྱིས་བསྒྲུབ་པ་ནི། དང་པོ་ཚོགས་ལམ་དུ་ཞུགས་པའོ། །དངོས་སུ་ནུས་པ་སྟོན་མི་ནུས་ན་ཡང་མོས་པ་ཙམ་དུ་སྒྲུབ་པས་མོས་པ་ལམ་བྱེད་ཅེས་བྱའོ། །སྡིག་པ་སྤངས་དགེ་བ་སྒྲུབ་པའི་སྒོ་ནས་ཆོས་ཉིད་ཀྱི་དོན་རྟོགས་པའི་ཆེད་དུ་ཚོགས་བསགས་པས་ཚོགས་ལམ་ཞེས་བྱའོ། །དེ་ནས་ཚོགས་ལམ་ཆུང་ངུའི་སྐབས་སུ་ཚེ་རབས་དཔག་མེད་ནས་བསགས་པའི་ལས་སྒྲིབ་ཐམས་ཅད་བསླངས་ཏེ། སྣོད་བཀྲུས་པས་དྲི་མ་ལྡང་བ་ལྟར་དུག་ལྔའི་རྣམ་རྟོག་སྣ་ཚོགས་དང་འཕྲོ་རྒོད་ཤས་ཆེ་བས་སེམས་


CMR024_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཙམ་ཡང་མི་གནས་ཕྱག་ཆེན་ཉམས་དང་པོ་དང་དོན་གཅིག་བསྐྱེད་རིམ་མི་ཟིན་ཅུང་ཟད་གསལ་ན་ཡང་དེ་ལ་སེམས་མི་གནས་པར་དོན་མེད་དུ་འཕྲོ་བ་འབྱུང་སྟེ།། དེ་ནི་ཚོགས་ལམ་ཆུང་ངུ་ལ་གཉིས་སུ་ཕྱེ་བའི་ཆུང་ངུའི་ཆུང་ངུ་ཡིན་ནོ། །འདི་སྐབས་བསྐྱེད་རིམ་ཆོ་ག་རྒྱས་པ་ཐུན་བཞིར་འབད་དོ། །ཚོགས་ཀྱི་མཆོད་པ་ཅི་མང་བྱ། བླ་མའི་རྣལ་འབྱོར་རྡོར་སེམས་སོགས། སྔོན་འགྲོའི་ཆོས་ལ་འབད་དོ། །དེ་ནས་ཚོགས་ལམ་ཆུང་ངུ་ནི་ཚེ་རབས་མང་པོའི་མྱོང་འགྱུར་གྱི་ལས་ངན་བསླངས་ནས། ནད་སྣ་ཚོགས་དང་གདོན་གྱི་ཆོ་འཕྲུལ་སྣ་ཚོགས་དངོས་ཉམས་རྨི་ལམ་དུ་འབྱུང་། བསྐྱེད་རྫོགས་རེས་གསལ་རེས་མི་གསལ། འདི་ཡི་སྐབས་སུ་སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་བསྐྱེད་རིམ་གྱི་ང་རྒྱལ་བརྟན་པར་བྱ་ཞིང་ཚོགས་ལམ་དང་པོའི་བྷེ་བྱ་ནི། དྲན་པ་ཉེ་བར་གཞག་པ་བཞི་ཡིན་ཏེ། །དེ་ལ་བསྒོམ་ལུགས་གསུམ་ཡོད་དེ། དང་པོ་ལུས་དྲན་པ་ཉེ་བར་བཞག་ལ། ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ཡིན་ཚུལ་ལ་ལེགས་པར་བསམས་ཤིང་བརྟགས་ནས་འདོད་ཆགས་སོགས་བཟློག་པ་དང་། ལུས་ལ་ཆགས་འཛིན་དང་འཕྱུར་འདོད་སོགས་མི་བྱེད་པར་ཐེག་པ་ཐུན་


CMR024_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གིས་ལུས་དྲན་པ་ཉེ་བར་བཞག་པ་ཡིན་ལ། ལུས་གཙང་མི་གཙང་གཉིས་ཀའི་རྟོག་པ་དང་བྲལ་བར་ཉམས་ལེན་སྐྱོང་བའམ་གཙང་བ་དང་མི་གཙང་བ་སོགས་ཀྱི་རྣམ་རྟོག་གང་སྐྱེས་དེ་རང་གི་ངོ་བོ་ལ་བལྟས་པས་གཙང་མི་གཙང་གཉིས་ཀའི་རང་བཞིན་མེད་པར་སྟོང་ཉིད་དུ་རྟོགས་པས་ལུས་དྲན་པ་ཉེ་བར་བཞག་སྟེ། དེས་རིགས་འགྲེས་ནས་ཐེག་པ་ཐུན་མོང་གི་ལུགས་དང་། ཕྱག་ཆེན་ཁོ་ནའི་ལུགས་གོ་བར་བྱ་ཞིང་། འདིར་བཤད་བྱ་བསྐྱེད་རྫོགས་ཟུང་འཇུག་སྣང་སྟོང་དབྱེར་མེད་གཙོ་བོར་བྱས་ནས་ལམ་བསྒྲོད་ཚུལ་བཤད་དེ། རང་ལྷ་ལུས་ཐུགས་རྗེ་ཆེན་པོའི་སྐུ་སྣང་སྟོང་དབྱེར་མེད་སྒྱུ་མ་ལྟ་བུར་དྲན་པར་བྱེད་པ་ནི་ལུས་དྲན་པ་ཉེ་བར་བཞག་པ། བདེ་སྡུག་བཏང་སྙོམས་ཚོར་བ་ཐམས་ཅད་རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས་སུ་ཤེས་པའམ། ཚོར་བའི་རྟོགས་པ་གང་ཤར་ཚོར་སྟོང་ཐུགས་ཀྱི་ཁྱེར་སོར་ཁྱེར་བ་ཚོར་བ་དྲན་པ་ཉེ་བར་བཞག་པ། སེམས་ཉིད་ཡོད་མེད་སྐྱེ་འགག་དང་བྲལ་བ་དེ་ཉིད་ལྷའི་ངོ་བོར་ཤར། ལྷ་དང་སེམས་དབྱེར་མེད་ནི་སེམས་དྲན་པ་ཉེ་བར་བཞག་པ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ལས་གཞན་དུ་མ་གྲུབ། སེམས་ཡང་བརྟག་པ་ཙམ་ལས་


CMR024_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་མ་གྲུབ་ལ། དེ་ཉིད་མེད་བཞིན་དུ་ལྷ་སྐུར་སྣང་བ་ཆོས་དྲན་པ་ཉེ་བར་བཞག་གོ །མདོར་ན་ལུས་དང་ཚོར་བ་ལྷའི་ངོ་བོ་སེམས་དང་ཆོས་རྣམས་སྣང་སྟོང་ཟུང་འཇུག་ལ་དམིགས་པ་གཏད་པ་ཡིན་ནོ། །དེ་ནས་ཚོགས་ལམ་གཉིས་ལ་བསྐྱེད་རྫོགས་ཟུང་འཇུག་ལས་བསྐྱེད་རིམ་ཤས་ཆེ་བའི་ངོས་ནས་མི་ཟབ་པའི་རྫོགས་རིམ་འཁོར་ལོ་ལྔའི་མན་ངག་དང་བཅས་ཏེ་བསྒོམས་པས་དངོས་ཉམས་རྨི་ལམ་དུ་རིགས་དྲུག་གི་ཡུལ་སྣ་ཚོགས་མཐོང་བ་དང་། དངོས་སུ་སྡུག་བསྔལ་ཡི་ཆད་པ་དང་། བཀྲེས་སྐོམ་གྱི་སྣང་བ་དང་། བྲེལ་འཕོང་དང་། ང་རྒྱལ་དང་། རིགས་དྲུག་དང་ཆ་མཐུན་པའི་ཉམས་སྣང་འཆར་ཏེ། འདི་སྐབས་རིགས་དྲུག་གི་ས་བོན་སྦྱང་བའི་དམིགས་པ་དེ་གནད་དུ་བསྣུན་པས་ཉམས་ཀྱི་སྡུག་བསྔལ་ཙམ་དང་། རྨི་ལམ་གྱི་སྡུག་བསྔལ་ཙམ་དེས་མ་འོངས་རིགས་དྲུག་ཏུ་སྐྱེ་རྒྱུའི་ལས་ངན་ཐམས་ཅད་བྱང་བར་གསུངས་སོ། །འདི་ནས་བསྐྱེད་རིམ་ཅུང་ཟད་གསལ་ཞིང་བརྟན། འདི་ཡི་བསྒོམ་བྱ་ཡང་དག་སྤོང་བ་བཞི་སྟེ། །དེ་ད་ལྟར་ལྷ་སྐུ་སྒྱུ་མ་ལྟ་བུ་རྩེ་གཅིག་ཏུ་བྷེ་པ་ལ་སེམས་གནས་པས་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ། དེས་མི་དགེ་བའི་ཆོས་སྐྱེས་པ་སྤོང་བར་བྱེད་དེ།


CMR024_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ཆོས་མ་སྐྱེས་པ་རྣམས་ནི་ཏིང་ངེ་འཛིན་དེས་སྐྱེད་པར་བྱེད། སྐྱེས་པ་རྣམས་འཕེལ་ཞིང་མི་ཉམས་ཆུད་མི་ཟ་བར་བྱེད་པ་སྟེ། བསྐྱེད་རིམ་ལ་ཡང་ཚང་ལ། ཡང་ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟར་བསྒོམས་པས། མི་དགེ་བའི་རྟོག་པ་ཡང་དག་སྤོང་བ་དང་པོ། ཅིར་སྣང་ཐམས་ཅད་སྒྱུ་མ་ལྟ་བུའི་རང་བཞིན་མེད་པར་ཤེས་པས། ཉོན་མོངས་པ་ཐམས་ཅད་སྤང་བ་ཡང་དག་སྤོང་བ་གཉིས་པ། སངས་རྒྱས་བསྒྲུབ་པའི་ཕྱིར་དགེ་བ་ལ་འདུན་པ་བསྐྱེད་ཅིང་བསྐྱེད་རྫོགས་ལ་སེམས་འཛིན་པ་ཡང་དག་སྤོང་བ་གསུམ་པ། དགེ་རྩ་ཆུད་མི་ཟ་བའི་ཕྱིར་འཁོར་གསུམ་ཡོངས་དག་གིས་བྱང་ཆུབ་ཏུ་བསྔོ་བ་ཡང་དག་སྤོང་བ་བཞི་པ་ཡང་གསུངས་སོ། །དེ་ཡང་སློང་དང་སྐྱོན་གྱིས་རྩུབ་ཉམས་རྣམས་གང་ཟག་ཐ་མ་ལ་འོང་། འབྲིང་ལ་སྐྱོན་ཡོན་འདྲེས་མར་འོང་། གང་ཟག་རབ་ལ་སྐྱོན་མེད་ཀྱི་ཡོན་ཏན་ཁོ་ན་འཆར་བར་གསུངས་སོ། །དེ་ནས་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་སྣ་ཚོགས་དང་། རྣ་བས་སྒྲ་སྙན་ཐོས་པའི་ཉམས་དགའ་བ་སྣང་སྲིད་འཁོར་འདས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འཆར་སྙམ་བྱེད་པ། གཉིད་ཆུང་རྨི་ལམ་དུ་ལུང་བསྟན་དང་རྨི་ལམ་མངོན་ཤེས་འདྲ་བ་དང་། གཞན་གྱི་སྒོ་


CMR024_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཤེས་སྙམ་པ་ལ་ཐིག་པ་མི་ཐིག་པ་ཅི་ཡང་འབྱུང་། ལྷ་འདྲེ་རྣམས་མཐོང་སྙམ་བྱེད་ཅིང་བཀུག་ལ་ཁུག་ལ་ཕར་བསྐད་ན་སྐད་ནུས་སྙམ་བྱེད་པ་དང་། རྫོགས་རིམ་གྱིས་དུ་བ་སྨིག་སྒྱུ་སོགས་རྟགས་བཅུ་འབྱུང་བ་མཐོང་། ཕྲིན་ལས་གང་བརྩམས་སྣ་ཁ་འགའ་རེ་འགྲུབ་འགའ་རེ་མི་འགྲུབ་སྟེ། བསྐྱེད་རིམ་བརྟན་པའི་སྔ་ལྟས་ཙམ་མོ། །འདིའི་སྐབས་སུ་ཁྲོ་བོའི་ང་རྒྱལ་གྱིས་གདོན་བགེགས་སོགས་བརླགས་ནུས་པར་རློམ་པ་དང་། ནུས་པ་ཆེ་བའི་ང་རྒྱལ་བཟུང་ན་གོལ་ས་ཡིན་ཅིང་། ནུས་པ་དེ་དག་ཀྱང་རྟག་ཏུ་གནས་པ་མ་ཡིན། ཁ་ཡར་འབྱུང་ཚིབའོ། །འདིའི་སྐབས་སུ་བསྒོམ་བྱ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། ཡེངས་བ་མེད་པའི་བསྐྱེད་རྫོགས་ལ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ། བསྐྱེད་རྫོགས་དེ་ལ་ལེ་ལོ་སྤངས་པའི་ཉམས་སུ་ལེན་པ་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། བསྐྱེད་རྫོགས་དེའི་ངང་ནས་སྤྱོད་ཅིང་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་བར་བྱས་པས་སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་། །བསྐྱེད་རྫོགས་དེ་ལ་སེམས་ཟིན་པའི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །དེ་ལྟར་རྩེ་གཅིག་རབ་འབྲིང་གསུམ་དང་ཚོགས་ལམ་གསུམ་དོན་གཅིག་པར་བཞེད་དོ། །གླིང་རས་ཀྱིས། བཞི་


CMR024_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཅུ་གཉིས་ཚོགས་ཀྱི་ལམ། །རྟོགས་པ་གཅིག་གིས་བསྒྲོད་པ་ཡིན། །ཞེས་གསུངས། ཡེ་ཤེས་མཁའ་འགྲོའི་གསུངས་ལས། སེམས་ནི་དང་པོ་བསྐྱེད་པ་ནས་། །དྲོད་ཀྱི་ཡེ་ཤེས་མ་སྐྱེས་བར། །ཚོགས་ལམ་ཡིན་པ་ཤེས་པར་བྱ། །ཞེས་དང། དེ་ལས་ཆེ་འབྲིང་ཆུང་གསུམ་སྟེ། །རེ་རེ་ལའང་བཞི་བཞིར་འདོད། །དྲན་པ་བཞི་དང་སྤོང་བ་བཞི། །རྫུ་འཕྲུལ་རྐང་པ་རྣམ་བཞི་ཡིན། །ཞེས་གསུངས་པའི་དོན། ཟབ་མོ་ནང་དོན་ལས། །རྩ་རླུང་ཐིག་ལེའི་གནད་ཤེས་ནས། །ཀུན་བཟང་སྤྱོད་ནས་དྲོད་ཐོབ་བླ་ནས། །སྦྱོར་ལམ་ཉིད་ལ་གནས་པ་ཡིན། །ཞེས་དང་། ཡེ་ཤེས་མཁའ་འགྲོའི་སྒྱུ་མའི་ལམ་རིམ་དུ། མཐོང་ལམ་མི་རྟོག་སྒྱུ་མ་ལ། །སྦྱོར་བའི་ཕྱིར་ན་སྦྱོར་ལམ་ཡིན། །ཞེས་དང་། གྲུབ་ཆེན་ཀརྨ་པས། བདེན་པ་མཐོང་དང་ཡང་དག་དོན། །རབ་ཏུ་སྦྱོར་ཕྱིར་སྦྱོར་ལམ་སྟེ། །ཞེས་གསུངས་པའི་སྦྱོར་ལམ་ལ་བཞི་ཡོད་དེ། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞིའོ། །གྲུབ་ཆེན་རིན་པོ་ཆེས། གདམས་ངག་རྒྱ་མཚོ་མཐའ་ཡས་སུ། སྦྱོར་ལམ་ལྔའི་ཐ་སྙད་མཛད་དོ། །འདིར་བསྒོམ་བྱ་རྩ་རླུང་འཁོར་ལོ་ལྔའི་མན་ངག་གནད་དུ་


CMR024_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན། དགེ་རྩ་རྒྱལ་བར་མཆོད་ཅིང་སེམས་ཅན་གྱི་དོན་དུ་བསྔོས་ཏེ། མདོར་ན་སོར་སྡུད་དང་རྡོར་བཟླས་རླུང་སྦྱོར་བ་བཞི་ལྡན་སོགས་ལ་འབད་དེ། ནང་དོན་ལས། འདི་ནི་སོ་། སོར་སྡུད་པ་དང་། །བསམ་གཏན་བཞི་ལྡན་ལམ་ཡིན་ཏེ། །རྩ་ནི་སྦྱང་བ་ཞེས་ཀྱང་བཤད། །ཅེས་གསུངས་པས། འདི་སྐབས་སུ་འཁོར་ལོ་ལྔའི་རྩ་གནས་སུ་རླུང་སེམས་དང་ཁམས་འདུས་པས་རྒྱལ་བ་རིགས་ལྔ་སོ་སོའི་ཞིང་ཁམས་དང་། སངས་རྒྱས་དཀར་སེར་དམར་ལྗང་སོགས་མཐོང་། དེ་དག་ལ་རློམ་སེམས་སྤང་ཞིང་གཏུམ་མོ་འབར་འཛག་བྷེ། རྨི་ལམ་དུ་བསྐྱེད་རྫོགས་ཟུང་འཇུག་ཅུང་ཟད་ཟིན་པ་སྦྱོར་ལམ་དྲོད་ཀྱི་སྔ་རྟགས་སུ་གསུངས་ཤིང་། ཕུང་པོའི་བདེན་འཛིན་ཞིག །ཡང་དག་པའི་དོན་ལ་ཐེ་ཚོམ་མེད་ཅིང་། བདག་གཞན་དགེ་བ་ལ་སྦྱོར་ནུས། རང་བཞིན་གྱིས་བྱམས་ཤིང་གཉིད་སོགས་བག་མེད་དབང་དུ་མི་འགྲོ་བ་སྒྱུ་མ་རང་ཤར་གྱི་ཡེ་ཤེས་མེ་ཡི་སྔ་ལྟས་ཡིན་པས་དྲོད་ཅེས་བྱའོ། །སྣང་བ་སེམས་སུ་ཐག་ཆོད་པས་གསང་སྤྱོད་བྱེད་པའི་སྐབས་སོ། །དྲོད་རྩེ་མོ་གཉིས་ཀའི་སྐབས་སུ་བསྒོམ་བྱ་གཙོ་བོ་དབང་པོ་ལྔ་ཡིན་ཏེ། སྲོག་ལ་བབ་ཀྱང་དམ་ཚིག་ལས་མི་འདའ་བར་ཉམས་སུ་ལེན་པ་དད་པའི་


CMR024_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ། བསྐྱེད་རྫོགས་ཀྱི་དོན་རྒྱུན་ཆད་མེད་པར་ཉམས་སུ་ལེན་པ་བརྩོན་འགྲུས་ཀྱི་དབང་པོ། སྒྱུ་མ་ལྟ་བུའི་ཉམས་ལེན་དེ་བརྗེད་པ་མེད་པ་དྲན་པའི་དབང་པོ། །བསྐྱེད་རྫོགས་དེ་ལ་མ་ཡེངས་རྩེ་གཅིག་བསྒོམ་པ་ཏིང་ངེ་འཛིན་གྱི་དབང་པོ། ཏིང་ངེ་འཛིན་དེའི་ངོ་བོ་ལ་ཤེས་རབ་ཀྱིས་སོ་སོར་རྟོགས་པས་རང་བཞིན་མེད་པར་ཤེས་པས་ཤེས་རབ་ཀྱི་དབང་པོ། གླིང་རས་ཀྱིས། སྟོབས་དང་དབང་པོ་སྦྱོར་བའི་ལམ། །རྟོག་པ་གཅིག་གིས་བསྒྲོད་པ་ཡིན། །ཞེས་གསུངས་སོ། །དེ་ནས་རླུང་བླ་མ་ཡི་དམ་དང་བསྲེ་བ། རླུང་མཁའ་འགྲོ་ཆོས་སྐྱོང་དང་བསྲེ་བ། རླུང་འགྲོ་བ་རིགས་དྲུག་དང་བསྲེ་བའི་གདམས་ངག་བསྒོམས་པས་རྩ་གནས་ཐམས་ཅད་དུ་རླུང་སེམས་འདུས་པས་སངས་རྒྱས་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་མ་ངེས་པ་དུ་མ་མཐོང་སྙམ་བྱེད་པ་འབྱུང་སྟེ། དེ་ཡང་རླུང་སེམས་འདུས་པའི་རྟགས་དང་བདུད་ཀྱིས་བསླུ་བའི་ཆོ་འཕྲུལ་དང་། སྡིག་སྒྲིབ་དག་པའི་དག་སྣང་རྣམས་འདྲེས་མར་འབྱུང་བས་གང་ལ་ཡང་དགའ་བྲོད་སྤང་། འདིའི་སྐབས་སུ་རྨི་ལམ་འཛིན་སྦྱོང་སྤེལ་བ་སོགས་ཉམས་སུ་ལེན་ཏེ། ཉིན་པར་སྒྱུ་མ་ལྷའི་སྐུ་དྲན་པ་འབྲལ་མེད་ལ་རྨི་ལམ་དུ་


CMR024_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྒྱུ་མ་ལྷའི་སྐུ་དེ་རང་ཤར་དུ་བག་ཙམ་འབྱུང་བ་རྩེ་མོའི་རྟགས་ཏེ། གོས་གདན་ལ་དྲི་མ་མི་ཆགས་པ་དང་། ལུས་ཕྱི་ནང་གི་སྲོག་ཆགས་མེད་པ་དང་། སེར་སྣ་དང་གཡོ་སྒྱུ་མེད་ཅིང་། དབེན་པ་ལ་དགའ་བ་རྣམས་འབྱུང་ངོ་། །སྦྱོར་ལམ་གཉིས་པའོ། །དེ་ནས་རྩ་དང་རླུང་དང་ཐིག་ལེ་གསུམ་གྱི་ཉམས་ལེན་རྩེ་གཅིག་ཏུ་གོམས་པས་ཟག་བཅས་ཀྱི་བདེ་ཉམས་སུ་ལུས་སེམས་བདེ་བས་ཚིམ་པ་དང་། གསལ་ཉམས་སུ་ཟླ་བ་ཤར་བ་ལྟ་བུ་སྟོང་ཉིད་ནམ་མཁའ་ལྟ་བུ། ཞི་གནས་རྒྱ་མཚོ་དྭངས་མ་ལྟ་བུ། རྣམ་རྟོག་འགག་ཅིང་མི་རྟོག་པ་འབའ་ཞིག་དང་། ཉིན་མཚན་འཁོར་ཡུག་ཏུ་ཉམས་དེའི་ངང་ལས་འདའ་བ་དང་། སངས་རྒྱས་བྱོན་ཀྱང་དྲི་རྒྱུ་མེད་ང་ཡི་འདི་འདྲ་བླ་མ་གོང་མ་རྣམས་ཀྱིས་ཀྱང་ཅུང་མ་རྟོགས་སྙམ་པའི་ང་རྒྱལ་སྐྱེ། ངོ་སྤྲོད་བྱས་ཀྱང་ཐེ་ཚོམ་གྱིས་ང་ཡི་རྒྱུད་ཚོད་ཁོང་གིས་མ་མཁྱེན་སྙམ་ནས་སློབ་དཔོན་བས་སློབ་མ་མཐོ་བའི་ལུང་འདྲེན་བྱེད་དོ། །ལོངས་སྤྱོད་འཁོར་ཚོགས་དཔག་ཏུ་མེད་པ་འདུ་སྟེ་རྣམ་གཡེང་བདུད་ཀྱི་བར་ཆད་ཞུགས་ནས་ལྷ་གནས་སུ་གོལ་བའི་རྒྱུ་ཡིན་གསུངས། །བསྒོམ་རྩེ་གཅིག་འབྲིང་གི་སྣེ་ཟིན་ཙམ་ཡིན་པར་གསུངས། འདིར་འཁོར་དང་ལོངས་སྤྱོད་ཐམས་ཅད་སྒྱུ་


CMR024_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྨི་ལམ་ལྟ་བུར་བྷེ་ལ་ཆགས་ཞེན་སྤངས། སྦྱོར་ལམ་གསུམ་པ་བཟོད་པ་དང་། བཞི་པ་ཆོས་མཆོག་སྟེ། འདི་གཉིས་ཀའི་བྷེ་བྱ་སྟོབས་ལྔ་ཡིན་ཏེ། འདིའི་སྐབས་སུ་བདུད་ཀྱིས་ཡི་དམ་དང་སངས་རྒྱས་སུ་སྤྲུལ་ནས་ཁྱེད་ཀྱི་ལམ་འདི་ནོར་བས་སྐྱུར་ཅིག །ཟེར་ཡང་ཡིད་མི་འགྱུར་བའི་དད་པའི་སྟོབས། སྒྲུབ་པ་དང་ཉམས་ལེན་ལྷ་དང་བཅས་པའི་འཇིག་རྟེན་བཤོལ་ཡང་མི་ཤོར་བར་ཉམས་སུ་ལེན་པ་བརྩོན་འགྲུས་ཀྱི་སྟོབས། གཡེང་བས་བསྐྱེད་རྫོགས་ཀྱི་བསྒོམ་པར་ཡེངས་བར་མི་ནུས་པ་དྲན་པའི་སྟོབས། ཆགས་པ་དང་སྡང་བའི་ཡུལ་ཅིར་སྣང་ཡང་དེར་འཛིན་མེད་པར་ཏིང་ངེ་འཛིན་དེའི་ངང་དུ་གནས་པ་ཏིང་ངེ་འཛིན་གྱི་སྟོབས། ཅིར་སྣང་གི་ཆོས་ཐམས་ཅད་ཤེས་རབ་སྟོང་ཉིད་ཀྱི་ལྟ་བས་རང་བཞིན་མེད་པར་ཤེས་པ་ཤེས་རབ་ཀྱི་སྟོབས། རྨི་ལམ་ན་རྨི་ལམ་འཛིན་སྦྱང་སོགས་ལ་སྐྲག་སྣང་མི་འབྱུང་སྟེ། རྨི་ལམ་དུ་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཤེས་པ་བཟོད་པའི་རྟགས་དང་། དངོས་སུ་ཡང་སྤྱོད་ལམ་ཐམས་ཅད་དུ་སྒྱུ་མའི་ཉམས་དང་མི་འབྲལ་ཞིང་སྣང་བའི་བདེན་པ་ཞིག་པས། ཚིག་ངན་ཐམས་ཅད་བཟོད་པར་ནུས། འཁོར་བ་རང་བཞིན་མེད་པར་མཐོང་ནས་


CMR024_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ་ཕན་ན་དམྱལ་བར་ཡང་འཇུག་ནུས། ཆོས་ལོག་དང་བདུད་ཀྱི་དབང་དུ་མི་འགྲོ་བ་རྣམས་ཏེ། དེ་ངན་སོང་དུ་ནམ་ཡང་མི་ལྟུང་བའོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས། བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤངས། །ཞེས་དང་། སྒྱུ་མའི་ལམ་རིམ་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ཉིད་དུ་ཤེས་པ་སྟེ། །བཟོད་པ་དག་གི་རྟགས་ཡིན་ཏེ། །ངན་སོང་གསུམ་དུ་ཡང་མི་ལྟུང་། །རྨི་ལམ་ཟིན་ན་ལྷ་ཡི་སྐུ། །རང་ཤར་ཡུད་ཙམ་བྱུང་གྱུར་ན། །བར་དོར་ཟིན་པ་ཐེ་ཚོམ་མེད། །སྒྱུ་མར་གྱུར་པ་དེ་དང་མཚུངས། །ཞེས་གསུངས་སོ། །དེ་ལྟར་བསྒོམས་པས་ཉམས་བཟང་ངན་ཐམས་ཅད་རྟགས་མི་ཐུབ་པས་རིང་ན་ལོ་ཙམ་ཐ་ན་ཟླ་བའམ་ཞག་རེའམ་ཉིན་རེ་ལས་མི་འོང་ལ། ཉམས་བཟང་པོ་དེ་ཤར་ཚེ་ཐུན་མོང་གི་མངོན་ཤེས་གྲུབ་རྟགས་སྣ་ཚོགས་འབྱུང་ཡང་ཉམས་དེ་ཡལ་ནས་མི་འབྱུང་གསུངས་སོ། །འདིའི་སྐབས་སུ་སྟོང་ཉམས་ནམ་མཁའ་ལྟར་གཟའ་གཏད་མེད་སྙམ་པ་དང་། ཞེན་པ་གཏིང་ནས་མ་ལོག་པར་འཁྲུལ་ཞིག་བྱེད་པ་དང་། བྱ་བ་སྤྱོད་པ་མཐོ་དམན་སྣ་ཚོགས་བྱེད་པ་དང་ཚིག་ཅལ་ཅོལ་ངེས་མེད་སྨྲ་ཞིང་། ཉམས་དེ་ཡོད་ཚེ་ལུས་སྲོག་


CMR024_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཆགས་ཞེན་མེད་དེ། ཉམས་ཡལ་ནས་ཞེན་ཆགས་ཐ་མལ་པ་དང་འདྲ་བར་འབྱུང་སྟེ་འདི་དུས་ཞེན་པ་བཏང་། ངོ་བོ་ཅུང་ཟད་མཐོ་ཡང་མི་བརྟན་པར་ཐེ་ཚོམ་ཟ་བ་འོང་སྟེ། རྩེ་གཅིག་འབྲིང་གི་མཐར་ཐུག་པ་ཡིན་གསུངས། དངོས་སུ་དག་པའི་སྒྱུ་ལུས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུར་བསྒོམ་པ་དང་། མི་འབྲལ་དེས་རྨི་ལམ་དུ་ཡང་དེ་ལྟར་འཆར་ཏེ༔ སྒྱུ་མ་ལམ་རིམ་དུ་དེ་ཐོབ་པའི་རྟགས་གསུངས་པ། ཆོས་མཆོག་རྟགས་ནི་སྤྱོད་ལམ་ཀུན། །ཅི་བྱེད་སེམས་ཅན་དོན་ཀུན་བྱེད། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །ཚེ་འདིས་ཞེན་པ་འཁྲིས་ནས་བྲལ། །ཆོས་བརྒྱུད་དུག་གི་མེ་ཏོག་རྣམས། །སྒྱུ་མ་ཉིད་དུ་ཡང་དག་གྲོལ། །རྨི་ལམ་ཟིན་ན་འོད་གསལ་རྟོགས། །དེས་ན་བར་དོ་འབྱོང་བ་ཡིན། །ཞེས་གསུངས་སོ། །འདིར་གྲུབ་ཆེན་རིན་པོ་ཆེ་ཀརྨ་པས་འཇིག་རྟེན་འདས་མ་འདས་ཀྱི་སོ་མཚམས་འདི་དང་། སྦྱོར་ལམ་ལྔར་བཞེད། སྣོད་བཅུད་ཐམས་ཅད་བདེ་བར་ཤར་བ། ཏིང་ངེ་འཛིན་མཉམ་རྗེས་འབྲེལ་སྙམ་བྱེད་པ། ལུས་སེམས་ཡོད་དུ་མི་ཚོར་ཞིང་རླུང་རྒྱུ་བ་མི་ཚོར་བ། བདེ་སྟོང་དབྱེར་མེད་ཀྱི་ཉམས་འདུ་འབྲལ་མེད་པའི་དགའ་སྤྲོ་སྣ་ཚོགས་ཀྱིས། ང་རྒྱལ་


CMR024_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་སེམས་ཆེན་པོ་སྐྱེས་ཏེ། བདག་གི་ཉམས་རྟོགས་འདྲ་བ་སུ་ལ་ཡང་མེད་སྙམ་པ་འབྱུང་སྟེ། དེ་ལ་ཡང་བརྩོན་འགྲུས་ཀྱི་ཉམས་ལེན་གནད་དུ་བསྣུན་པས་ཐུན་མོང་གི་ཡོན་ཏན་ཟག་བཅས་ཀྱི་མངོན་ཤེས་ཅུང་ཟད་ཙམ་དང་། ལུས་མེ་ཆུ་ས་རླུང་དུ་སྤྲུལ་པ་སོགས་ཟད་པར་ཟིལ་གནོན་གྱི་རྫུ་འཕྲུལ་དང་མང་པོར་སྤྲུལ་པ་སོགས་ནུས། རྩ་གནས་བཞིར་དགའ་བཞིས་བྱང་སེམས་བརྟན་པས་གདུལ་བྱ་ཐམས་ཅད་འདུ་སྟེ། ནུས་མཐུ་དང་བདེན་སྟོབས་སྣ་ཚོགས་འགྲུབ། སྐྱེ་བ་དཔག་མེད་ཀྱི་བསོད་ནམས་ཐམས་ཅད་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འདིར་སྨིན་ནས། འདོད་དགུ་ཆར་ལྟར་འབབ་པ་དང་སྙན་གྲགས་ཀྱིས་ཐམས་ཅད་དུ་ཁྱབ། ཆོས་དང་ཟང་ཟིང་སྣ་ཚོགས་ཀྱི་རྣམ་གཡེང་འབྱུང་སྟེ། བརྩོན་འགྲུས་བརྩམས་ན་ཉམས་གོང་དུ་འཕེལ། གལ་ཏེ་རྣམ་གཡེང་གིས་ཉམས་ལེན་སྒྱུར་ན་ཉམས་ཡལ་ནས་ཡོན་ཏན་ཐམས་ཅད་ཡལ། འདུ་བ་ལོངས་སྤྱོད་ཐམས་ཅད་མེད་ཀྱང་པར་འགྱུར་ལ། གལ་ཏེ་ཉམས་ལེན་བར་ཆད་མ་བྱུང་བར་དེ་ག་ལ་བསྐྱངས་བས། དཔོན་སློབ་ཐམས་ཅད་ཀྱིས་རྩེ་གཅིག་འབད་ཀྱང་ཉམས་བཟང་པོ་ཙམ་ལས་རྟོགས་པ་སྐྱེས་པ་མི་འབྱུང་། དེ་གར་ཚེ་འཕོས་ན་གཙང་རིས་


CMR024_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་གནས་ལྔར་སྐྱེས་ཏེ། གཞལ་ཡས་ཁང་གི་ནང་དུ་སྣང་སྟོང་ལྷའི་ལུས་སུ་བརྫུས་ཏེ་སྐྱེས་པས། དེ་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པ་ཡིན་ནམ་སྙམ་ནས་ཡུན་རིང་བསྐལ་པར་གནས་ནས་བསོད་ནམས་དེ་ཟད་ཏིང་ངེ་འཛིན་གྱི་ཉམས་དེ་ཡལ་ནས། དབང་པོ་རབ་སྟོང་ཉིད་དངོས་སུ་རྟོགས་ནས་ཡར་འཕར་ཏེ་ས་དང་པོ་ཐོབ་ནས་སྔར་གོལ་ཟློབ་ཡིན་པར་ཡང་ཤེས། དབང་པོ་བརྟུལ་པོས་འགྱོད་པ་དང་སྐྱག་པ་སྐྱེས་པས་ལྷ་གནས་འོག་མ་འོག་མར་ལྟུང་བར་བཤད་དོ། །འདི་སྐབས་སུ་ཟག་བཅས་ཀྱི་ཉམས་བཟང་པོ་དང་ཟག་མེད་ཀྱི་ཏིང་ངེ་འཛིན་འདྲེས་ཤིང་འཆར་ཏེ་སློབ་དཔོན་ཉམས་དང་མི་ལྡན་ན། འགྲོ་དོན་རན་ཅིང་རྟོགས་པ་མཐར་ཐུག་ཏུ་ངོ་སྤྲད་ནས་འདུས་བྱས་དགེ་བ་ལ་བརྩོན་པས་ཉམས་ལེན་བྱིངས། །ཐུན་མོང་གྲུབ་རྟགས་སྣ་ཚོགས་ལ་མངའ་བརྙེས་པས་འདུ་ཚོགས་ལོངས་སྤྱོད་ལྷོ་བལ་ཚོང་འདུས་ཆེན་པོ་ལྟ་བུ་འབྱུང་། ལོངས་སྤྱོད་རྒྱལ་པོའི་ཕོ་བྲང་ལྟ་བུ་འབྱུང་ཡང་། ཉིན་པར་ཆོས་བརྒྱད་རང་མཐོང་ཁ་ལེན་སྟོན་མོ་ལ་ཡེངས། ནུབ་མོ་གཉིད་དུ་འགྲོ། དཔོན་སློབ་ཐམས་ཅད་འདོད་ཡོན་གྱི་རོ་ལ་ཆགས་པས། ཏིང་ངེ་འཛིན་གྱི་རྒྱུན་མ་ཆད་ཙམ་དང་། དྲང་དོན་གྱི་


CMR024_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚོགས་རྒྱུན་ཆད་མེད་པར་རྒྱ་ཆེར་བསྒྲུབས་ཀྱང་འཇིག་རྟེན་གྱི་ལམ་ལས་མི་འཕགས་པར་བཤད་དོ། །གདམས་ངག་རྒྱ་མཚོ་མཐའ་ཡས་ལས། གཟུགས་མེད་བཞི་དང་བཅུ་བདུན་ལྷ། །ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་འཁོར་ལོས་སྒྱུར། །མཐོ་རིས་གནས་གསུམ་རྒྱུ་འབྲས་ཏེ། །ཚེ་གཅིག་མྱ་ངན་འདའ་བ་དང་། །སྨིན་གྲོལ་རྒྱལ་མཚན་ཕྱུར་བ་ཡིས། །བཀའ་བརྒྱུད་རྒྱལ་ས་ཟིན་པ་དང་། །དུས་གསུམ་དུས་མེད་ཐམས་ཅད་དུ། །གཞན་རྒྱུད་བྱིན་གྱིས་བརླབས་པ་ཡིས། །མཆོག་གི་དངོས་གྲུབ་དམ་པ་སྟེ། །མཐོ་རིས་ཐོབ་ལ་མ་རེ་ཞིག །ཅི་ཕྱིར་ཞེ་ན་རྒྱལ་བ་ཡིས། །བྱང་ཆུབ་སེམས་དཔའི་ཐེག་པ་ཅན། །བྱེ་བ་ཁྲག་ཁྲིག་བསམ་མི་ཁྱབ། །སེམས་བསྐྱེད་ས་ལམ་བགྲོད་ལགས་ཀྱང་། །སྡིག་ཅན་བདུད་ཀྱི་བར་ཆད་ཀྱིས། །གཅིག་གམ་གཉིས་ཙམ་མ་རྟོགས་པ། །ཐམས་ཅད་ཕྱིར་ལ་ལྡོག་གོ་གསུངས། །དེ་ཕྱིར་རྣལ་འབྱོར་དབང་ཕྱུག་རྣམས། །མྱ་ངན་འདས་པའི་ཞིང་ས་ལ། །སྐུ་གསུམ་འབྲས་བུ་སྨིན་རྒྱུ་སྟེ། །ལམ་རྟགས་བདུད་ཀྱི་བསླུ་བྲིད་དང་། །འདོད་ཡོན་བར་སྣང་འཇའ་ཚོན་དེས། །མི་ཤེས་བྱིས་སྦ་བྲིད་ཉན་གདའ། །སྦྱོར་ལམ་ཕྲ་


CMR024_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲ་བ་དེས། །འཇིག་རྟེན་འདས་དང་མ་འདས་མཚམས། །ཞེས་གསུངས་སོ། །འདི་ཡི་སྐབས་སུ་བསམ་གཏན་ལ་རྩེ་གཅིག་པར་བྷེ་ན་མངོན་ཤེས་ལྔ་དང་ཐུན་མོང་གི་གྲུབ་ཆེན་བརྒྱད་དེ། ནམ་མཁའ་ལ་འགྲོ་བ། ཆུ་ལ་མི་བྱིངས་བ། ལུས་མི་སྣང་བར་སྦས་པ། ཚེ་ལོ་ལྔ་བརྒྱ་ཙམ་དུ་སྡོད་ནུས་པ་ལ་སོགས་འབྱུང་སྟེ། ནང་དོན་ལས། བསམ་གཏན་ཡན་ལག་རྫོགས་པ་ཡི། །།མངོན་པར་ཤེས་པ་ལྔ་ཐོབ་གསུངས། །སྐུ་ཡི་དཀྱིལ་འཁོར་དུ་བཞུགས་པའོ། །ཞེས་གསུངས་སོ། །པདྨ་ཟབ་པའི་རྒྱུད་ལས། ལམ་ལྔ་སྨིན་པའི་དབང་ལ་ཚང་། །ཞེས་གསུངས་པའི་དོན། དབང་གི་སྔོན་འགྲོའི་ཆོས་བདུན་གྱི་དོན་གྱི་འབྲས་བུའི་སྐབས་ནས་མངོན་དུ་གྱུར་ཅིང་རྫོགས་པ་ཡིན་གསུངས་སོ། །མདོར་ན་འདི་མན་ཆད་འཇིག་རྟེན་པ་དང་ཐུན་མོང་གི་ལམ་ཡིན་པས་བོན་དང་ཕྱི་རོལ་པའི་ལམ་དང་ཉན་རང་ཐམས་ཅད་ལ་ཐུན་མོང་གི་གྲུབ་རྟགས་འདི་རྣམས་ཀྱང་འབྱུང་བ་ཡིན་པར་སྣང་ངོ་། །ནང་དོན་ལས། དེ་ཚེ་བརྟུལ་ཞུགས་སྤྱོད་པ་ཡིས། །སྦྱོར་ལམ་བསྒྲོད་ནས་མཐོང་བར་སྦྱོར། །ཞེས་དང་། དེ་ནས་སྲོག་རྩོལ་སྦྱོར་ལྡན་པས། །མཐོང་ལམ་ལ་ནི་སྦྱོར་བར་


CMR024_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་། །ཅེས་གསུངས་པས། སྦྱོར་ལམ་དྲོད་ནས་གསང་སྤྱོད་བརྩམ། །བཟོད་པའི་སྐབས་སུ་རིག་པ་བརྟུལ་ཞུགས་སྤྱོད་པར་བྱ་སྟེ། དེ་ཚེ་བརྟུལ་ཞུགས་སྤྱོད་པ་ཡིས། །སྦྱོར་ལམ་བསྒྲོད་ནས་མཐོང་བར་སྦྱོར། །ཞེས་གསུངས། བསྒོམ་བྱ་སྲོག་རྩོལ་གཙོར་བོ་བྷེ་ཏེ། དེ་ནས་སྲོག་རྩོལ་སྦྱོར་ལྡན་པས། །མཐོང་ལམ་ལ་ནི་སྦྱོར་བར་བྱེད། །ཅེས་གསུངས་སོ། །དྲོད་ནས་ཆོས་མཆོག་བར་ནི་སྦྱོར་ལམ་སྟེ། སྒྱུ་མ་ལམ་རིམ་ལས། དྲོད་ནས་འཇིག་རྟེན་ཆོས་མཆོག་བར། །སྦྱོར་བའི་ལམ་དུ་ཤེས་པར་བྱ། །ཞེས་དང་། ཆོས་མཆོག་སྐད་ཅིག་ཕྱི་མ་ལ། །མཐོང་ལམ་རྣམ་པར་མི་རྟོག་པའི། །ཡེ་ཤེས་སྒྱུ་མ་རང་ཤར་ཉིད། །ཕྱིན་ཅི་མ་ལོག་མཚན་ཉིད་ཅན། །སྔ་མ་མཐོང་བས་མཐོང་བའི་ལམ། །ཞེས་གསུངས་སོ། །གདམས་ངག་རྒྱ་མཚོ་མཐའ་ཡས་ལས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །རབ་དགའི་ས་རུ་མཚན་གསོལ་བ། །ཞེས་གསུངས་ཏེ། མཚན་ཉིད་པའི་ལུགས་ལ། སེམས་བསྐྱེད་ནས་བཟུང་སྟེ་དེ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ་པར་བཤད་ལ། འདིར་གསང་སྔགས་ཉེ་ལམ་ལ་བསྟེན་པ་ཟླ་དྲུག་གམ་ལོ་ཅི་རིགས་ཀྱིས་ཐོབ་པར་


CMR024_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། དེ་ཡང་གསང་བ་རྡོ་རྗེའི་གནས་ནས། སྤྱི་བོ་བདེ་ཆེན་མན་ཆད་དྷ་ཏི་རྩ་ཡི་རྒྱལ་པོ་ལས། རྩ་མདུད་བཅུ་གསུམ་གྱིས་བཅིངས་ནས་ཡོད་པས། རྟག་ཏུ་རླུང་འཛིན་པ་དང་། བསྐྱེད་རྫོགས་ཀྱི་ནུས་པས་རྩ་མདུད་རེ་རེ་བཞིན་གྲོལ་བ་དང་། ལས་རླུང་ཡེ་ཤེས་རླུང་གིས་ལྡོག་པ་དང་། ཐིག་ལེའི་དྭངས་མ་རྩ་མདུད་དེ་དང་དེར་བརྟེན་པས་རིམ་པར་ས་བཅུ་གསུམ་ཐོབ་སྟེ། ཡང་གདམས་ངག་རྒྱ་མཚོ་མཐའ་ཡས་ལས། གསང་གནས་མི་འགྱུར་རྡོ་རྗེའི་གནས། །སྤྱི་བོ་བདེ་ཆེན་མན་ཆད་དུ། །འཁོར་བའི་རྩ་མདུད་བཅུ་གསུམ་ཡོད། །རྩ་མདུད་རིམ་དང་རིམ་བཞིན་གྲོལ། །རླུང་ཡང་རིམ་དང་རིམ་གྱིས་ལྡོག །བྱང་ཆུབ་སེམས་ཡང་རིམ་གྱིས་ཁྱབ། །ཅེས་དང་། ཟབ་མོ་ནང་དོན་ལས། གཉིས་པ་ཐིག་ལེ་ལྷན་ཅིག་ཏུ། །གསང་བར་འགག་པ་མཐོང་བའི་ལམ། །དེ་ཡི་མ་རིག་སྐྱེ་ཤི་འགག །གསུམ་པར་དེ་ཉིད་འགག་པ་སྟེ། །ལྟེ་བར་དེ་བཞིན་བཞི་དང་ལྔ། །དྲུག་དང་བདུན་པ་སྙིང་ཁ་སྟེ། །བརྒྱད་དང་དགུ་པ་མགྲིན་པ་ལ། །བཅུ་དང་བཅུ་གཅིག་སྤྱི་བོར་བཤད། །དེ་ནས་གཙུག་ཏོར་རླུང་འགགས་པས། །དེ་ཚེ་སངས་རྒྱས་ཐོབ་པར་གསུངས། །


CMR024_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ལ། དེ་ཡང་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་འགག་པ་དང་། མས་བརྟེན་གྱི་དགའ་བ་བཅུ་དྲུག་ཀྱང་ཡིན། རྟེན་འབྲེལ་བཅུ་གཉིས་འགག་པ་དང་། །མས་བརྟེན་དགའ་བ་བཅུ་དྲུག་ཡིན། །ཅེས་གསུངས་སོ། །གསང་བའི་རྩ་མདུད་གཉིས་དང་སྤྱི་བོའི་གཉིས་རེ་རེ་ལ་རྩ་འཁོར་བཞི་བཞི་དང་། བར་གྱི་རྩ་མདུད་བརྒྱད་ལ་རེ་རེ་ལ་རྩ་འཁོར་གཉིས་རེ་སྟེ་ཡོངས་སུ་ཡུལ་ཆེན་སུམ་ཅུ་རྩ་གཉིས་ཀྱི་རྩ་མདུད་གྲོལ་ནས་ཕྱིའི་ཡུལ་ཆེན་སོ་གཉིས་སོ་སོ་དེ་དང་དེར་རྫུ་འཕྲུལ་གྱིས་བསྒྲོད་ནུས་པ་དང་། ཡུལ་སོ་གཉིས་ཀྱི་ལས་རླུང་དབུ་མར་རིམ་པར་ཐིམ་པས་རྟོགས་པ་སྐྱེ་ཞིང་དེ་དག་ཏུ་ཐིག་ལེའི་དྭངས་མ་བརྟེན་པས། ཡུལ་དེ་དག་གི་དཔའ་བོ་ཌཱཀི་དབང་དུ་བསྡུས་ནས་དངོས་གྲུབ་སྟེར་ཞིང་ཕྲིན་ལས་སྒྲུབས། རྩ་མདུད་བཅུ་གསུམ་པོ་རེ་རེ་གྲོལ་བས་ས་རེ་རེ་ནོན་ཏེ། དེ་དག་གི་མིང་ནི། མངོན་བརྗོད་བླ་མ་ལས། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་ཤིང་།


CMR024_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ས་དེ་དག་གི་མིང་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚནྡྷོ་དང་ཉེ་བའི་ཚནོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། རྡོ་རྗེ་འཛིན་གྱི་ས་སྟེ་ཕྱིའི་གནས་དང་རྩའི་མིང་ལ་བརྗོད་པའི་ལུགས་གསུངས་སོ། །མཐོང་ལམ་གྱི་བསྒོམ་བྱ་ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་ཡན་བདུན་ཡིན་ཏེ། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་ཡོད་མེད་བདེན་བརྫུན་གྱིས་དྲན་རྟོག་བྱར་མེད་པས་དྲན་པ་བྱང་ཆུབ་ཡན་ལག །འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟར་བདག་མ་གྲུབ་པར་རྟོགས་པས་ཆོས་ཐམས་ཅད་དབྱེར་མེད་བྱང་ཆུབ་ཡན་ལག །སྒྱུ་མ་ཙམ་དུ་ཡང་འཛིན་པ་དང་ཡང་བྲལ་ཏེ་ཆོས་ཐམས་ཅད་མི་ལེན་མི་འདོར་འབད་རྩོལ་དང་བྲལ་བ་བརྩོན་འགྲུས་བྱང་ཆུབ་ཡན་ལག །དགའ་མི་དགའ་བའི་ཟུག་རྔུ་མེད་པར་འདུ་བྱེད་གང་ལ་དགའ་བ་མི་བསྐྱེད་པ་དགའ་བའི་བྱང་ཆུབ་ཡན་ལག །ཆོས་གང་དམིགས་ཐམས་ཅད་མི་དམིགས་པར་རང་སེམས་སྦྱངས་བས་སེམས་སྦྱང་བྱང་ཆུབ་ཡན་ལག །སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་སེམས་ཙམ་སེམས་ནི་གང་དུ་མི་དམིགས་པ་ཏིང་ངེ་འཛིན་བྱང་ཆུབ་ཡན་ལག་གོ །ཆོས་ཐམས་ཅད་


CMR024_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུའི་སྒྱུ་མ་དེ་ནི་ཅིའི་ངོ་བོ་ཡང་མ་མཐོང་བས་བཏང་སྙོམས་བྱང་ཆུབ་ཡན་ལག་གོ །དེ་ལྟ་བུའི་ངང་ནས་ཉིན་མཚན་ཐམས་ཅད་དུ་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའི་ངང་ནས་རྒྱ་མཚོ་ལ་རླབས་དང་ཆུ་བུར་ལྟར་བསྐྱེད་རིམ་སོགས་སྣང་བ་མ་འགགས་པ་འཆར་དེ་ཡང་ཆུ་རླབས་ཆུ་ལ་ཐིམ་པ་ལྟར་ཆོས་ཉིད་དུ་ཐིམ་སྟེ། ལྷ་སྐུ་གསལ་ལ་རྟོག་པ་མེད་པ་བསྐྱེད་རྫོགས་ཟུང་འཇུག་གི་རྟོག་པ་ཇི་ལྟ་བ་ནི་འདི་ནས་འབྱུང་བར་གསུངས་ལ། རྩལ་སྦྱངས་བས། སྒྱུ་ལུས་སྒྱུ་མ་ལྷ་སྐུ་དང་རྨི་ལམ་འོད་གསལ་རྣམས་དབྱེར་མེད་དུ་གསལ་སྣང་མཆེད་ནས་ཟག་མེད་ཀྱི་མངོན་ཤེས་དང་ས་དང་པོའི་ཡོན་ཏན་རྣམ་འཆར་བར་གསུངས་སོ། །འདིར་ས་ཐོབ་པའི་ཡོན་ཏན་རྣམས་དངོས་སུ་སྣང་མི་སྣང་གི་ཁྱད་པར་དྭགས་བརྒྱུད་པས་སྤྲོས་བྲལ་གྱི་རྟོགས་པ་མཐོང་ལམ་གྱི་ཡེ་ཤེས་སུ་བཞེད་པས། ས་པཎྜི་ཏས། ཉི་མ་དེ་རིང་ཤར་བ་ཡི། །འོད་ཟེར་ནངས་པར་འབྱུང་བ་མཚར། །ཞེས་སོགས་མཐོང་ལམ་ཐོབ་པ་ལ་དེའི་རྟགས་མེད་པ་བཀག །ཚེ་འདིར་མཐོང་ལམ་སྐྱེས་པ་ལ། །ཡོན་ཏན་ཤི་ནས་འབྱུང་བ་ནི། །བླུན་པོ་རྣམས་ཀྱིས་རྫུན་རབ་ཡིན། །མདོ་རྒྱུད་ཀུན་དང་མི་མཐུན་པའི། །འདི་འདྲའི་ཆོས་ལུགས་


CMR024_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པས་སྤངས། །ཞེས་སོགས་རྒྱ་ཆེར་གསུངས་མོད། འོན་ཀྱང་རིན་ཆེན་འཕྲུལ་སྐས་ལས། སྒོ་ངའི་ནང་དུ་འདུག་པའི་ཁྱུང་། །དེ་བཞིན་སེང་གེ་མངལ་གྱི་རྒྱ། །རྒྱ་མིག་དང་ནི་རྒྱས་པ་བཞིན། །རྣལ་འབྱོར་པ་ནི་ལུས་རྒྱས་བཏུམ། ཡོན་ཏན་འཆར་བར་ག་ལ་ནུས། །ཕུང་པོ་བོར་ནས་དབྱིངས་སུ་གྲོལ། །རིག་པ་དྲི་མེད་འདམ་ནས་ཐོན་། །སྟོབས་དང་མི་འཇིགས་པ་ལ་སོགས། །ཡོན་ཏན་རྩོལ་བ་མེད་པར་རྫོགས། །ཞེས་གསུངས་ཤིང་། གཞན་ཡང་རྫོགས་ཆེན་གྱི་རྒྱུད་གཞུང་དུ་མ་ནས་གསུངས་སོ། །དེ་ལ་༈ རྣལ་འབྱོར་པས་ས་ཐོབ་པའི་རྟོགས་པ་ཤར་ནས། ས་ཐོབ་ཀྱང་ལུས་རྒྱས་བཅིངས་ནས་སའི་རྟགས་དངོས་སུ་མི་སྣང་། སེང་གེ་མངལ་དུ་གནས་པ་དང་། ཁྱུང་ཕྲུག་སྒོ་ངར་གནས་པ་དང་། བུམ་པ་ནང་གི་མར་མེ་མཆོད་པ་སོགས་མ་ཕུལ་བའི་ནོར་བུ་དང་འདྲ་བར་རྟགས་དངོས་སུ་སྟོན་མ་ནུས་ཀྱང་ངོ་བོ་དེ་མིན་པར་མི་འགྱུར་ཞིང་། གླ་རྩི་བྱོས་པའི་ཤུལ་དུ་བྲོ་ཡང་གླ་རྩི་མེད་པ་ལྟར། ད་དུང་ཐ་མལ་གྱི་རྣམ་རྟོག་ཟས་གོས་ཀྱི་འདུན་པ་ཡོད་ཀྱང་། དེས་ཕན་གནོད་མི་ནུས་ཏེ། བཅོམ་ལྡན་འདས་དང་དགྲ་བཅོམ་པ་རྣམས་ལའང་དེ་ལྟར་ཡོད་པ་


CMR024_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཞན་དག་གི་རྟགས་དང་ཡོན་ཏན་མ་མཐོང་བས་མེད་པ་ཡང་མིན་ཏེ། བྱམས་པ་དགེ་སློང་མ་ཕམ་པར་གྱུར་པ་གཞན་དག་གིས་ཉོན་མོངས་ཅན་དུ་མཐོང་ཚུལ་བྱམས་པའི་ལུང་བསྟན་མདོ་ལས་གསུངས་སོ། །ཁ་ཅིག་གྲངས་མེད་གསུམ་དུ་ཚོགས་བསགས་ནས་ས་དང་པོ་ཐོབ་པ་ལ་ཡོན་ཏན་དངོས་སུ་གསལ་གྱིས། འདིར་སྔགས་ཀྱི་ཉེ་ལམ་གྱིས་ཡུན་ཐུང་ངུའི་ས་ཐོབ་པ་ལ་ཡོན་ཏན་དངོས་སུ་མི་སྣང་ཟེར་མོད་ཀྱང་། བྱམས་པ་ལ་ཡོན་ཏན་མ་མཐོང་བས་དཔེར་བྱས་ན་དེའི་ངེས་པ་ཡང་མེད་དམ་སེམས་ལ། གདམས་ངག་རྒྱ་མཚོ་མཐའ་ཡས་ལས། །ཐུན་མོང་ཉམས་ཀྱི་དངོས་གྲུབ་དང་། །ཚངས་རིས་བདུད་ཀྱི་བྱིན་རླབས་དང་། །ས་ཆེན་ནོན་པའི་ཡོན་ཏན་གསུམ། །འདི་རྣམས་ཆ་མཐུན་ཆ་མཐུན་ཏེ། །སྐྱོན་ཡོན་སོ་སོར་ཤེས་པར་བྱ། །ཞེས་དང་། ས་ལ་གནས་པའི་སྐྱེས་ཆེན་རྣམས། །བདེན་པ་མཐོང་བ་དཀའ་བར་གདའ། །ཞེས་གསུངས་པས། རྟགས་བྱུང་ཡང་འབྱེད་དཀའ་བ་དང་། ས་ཐོབ་པ་ཡིན་ཀྱང་ས་དེའི་བདེན་པ་མ་མཐོང་ན། ཡོན་ཏན་དངོས་སུ་མི་སྣང་བའི་ཁྱད་པར་འཐད་དོ། །དེ་ལ་མཐོང་ལམ་སྐབས་སྒྱུ་མ་ལྷ་སྐུ་འོད་གསལ་རྣམས་དབྱེར་མེད་དུ་བྷེ་པས། རྟགས་


CMR024_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དངོས་ཉམས་རྨི་ལམ་ཅི་རིགས་པ་འབྱུང་བར་གསུངས་ཏེ། སྒྱུ་མ་ལམ་རིམ་དུ། གཉིད་ཀྱི་དུས་དང་གཞན་དུ་ཡང་། །སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཏེ། །ཏིང་འཛིན་བརྒྱ་ལ་སྙོམས་འཇུག་དང་། །སངས་རྒྱས་བརྒྱ་ཡི་ཞལ་ལྟ་དང་། །སངས་རྒྱས་བརྒྱ་ལ་ཆོས་ཉན་དང་། །འཇིག་རྟེན་ཁམས་བརྒྱ་བསྐྱོད་པ་དང་། །སངས་རྒྱས་ཞིང་བརྒྱར་འགྲོ་བ་དང་། །ཞིང་བརྒྱར་འོད་ཀྱིས་སྣང་བྱེད་དང་། །སེམས་ཅན་བརྒྱ་ནི་སྨིན་བྱེད་དང་། །ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང་། །བསྐལ་པ་བརྒྱར་ནི་གནས་པ་དང་། །སྔོན་དང་ཕྱི་མཐར་རྗེས་འཇུག་དང་། །ལུས་ཀྱི་སྤྲུལ་པ་བརྒྱར་མཁྱེན་པ། །ལུས་རེ་ལ་ཡང་འཁོར་བརྒྱ་ཡིས། །ཡོངས་སུ་བསྐོར་བ་སྟོན་པར་བྱེད། །ཆོས་ཕྱིར་སྲོག་ཀྱང་བཏང་ནུས་ཕྱིར། །འདོད་པའི་ཡོན་ཏན་གྲོགས་སུ་འགྱུར། །སྦྱིན་པ་རྣམ་བཞི་རྫོགས་བྱེད་ཅིང་། །ལྷག་མ་རྣམས་ཀྱང་ཅི་ནུས་བྱེད། །ས་ཐོབ་འཇིགས་པ་ལྔ་བྲལ་ཏེ། །འཚེ་བ་མེད་དང་འཆི་བ་མེད། །ངན་འགྲོའི་ཚིགས་བཅད་མ་ཡིན་བརྗོད། །འཁོར་གྱི་འཇིགས་བྲལ་བག་ཚ་སྤངས། །ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྒྱ་ཕྲག་བཞི་


CMR024_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྟེ། བཅུ་གཉིས་པ་སྣོད་ལྡན་གྱི་གདུལ་བྱ་དང་། རྐྱེན་གྱིས་བསྐུལ་དུས་གཅིག་ཆར་རམ་རིམ་པར་འབྱུང་སྟེ། གདུལ་བྱ་དག་པ་ལ་དཀྱིལ་འཁོར་དངོས་སུ་སྤྲུལ་ནས་སྟོན་པ་དང་། ཌཱཀི་ཆོས་སྐྱོང་དངོས་སུ་འཁོར་བ་དང་། སངས་རྒྱས་ཀྱི་ཞིང་དང་གནས་ཉེར་བཞི་སོགས་རྫུ་འཕྲུལ་གྱིས་བསྒྲོད་པ་དང་། ཉི་ཟླ་བཟུང་བ་དང་། ལྕགས་དང་རྡོ་ལ་ཟན་ལྟར་བརྫི་དང་ཟ་བ་དང་། ཟག་མེད་མངོན་ཤེས་ཅུང་ཟད་སྐྱེས་པས་གླིང་བཞི་རི་རབ་སོགས་མཐོང་བ་ལས་ཀྱི་ཊཱཀི་དང་ལྷ་འདྲེ་རྣམས་ཀྱིས་ཆོས་ཞུ་བ་དང་། སྤྲུལ་བསྒྱུར་སྣ་ཚོགས་ལ་རང་དབང་ཐོབ་པ་དང་། གདུལ་བྱ་སྣ་ཚོགས་སྤྲིན་ལྟར་འདུ་ཞིང་སྣོད་ལྡན་དད་གུས་ཅན་ལ་ཉམས་རྟོགས་མར་མེ་བལྟམས་པ་ལྟར་སྐྱེ་འགྲོ་དོན་གྱིས་གཏེར་ཁ་འབྱེད་པའོ། །མཐོང་ལམ་ནས་ས་བཅུའི་བར་དུ་བསྒོམ་ལམ་ཡིན་ཏེ། ཡེ་ཤེས་མཁའ་འགྲོས། བྷེ་ལམ་མི་རྟོགས་སྒྱུ་མའི་དོན། །མཐོང་ལམ་བསྒོམ་ཕྱིར་བསྒོམ་ལམ་མོ། །ས་ནི་གཉིས་དང་ས་བཅུའི་བར། །ཞེས་གསུངས་ཏེ། བསྒོམ་ལམ་དེ་ཐམས་ཅད་བསྒོམ་པར་བྱ་བ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་ཡིན་ཏེ། ལྟ་བ་དམིགས་པ་དང་བྲལ་བ་ཡང་དག་པའི་ལྟ་བ། དེ་བློ་ལས་འདས་པར་


CMR024_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ན་ཡང་དག་པའི་རྟོགས་པ། བརྗོད་པ་དང་བྲལ་བ་ཡང་དག་པའི་ངག །དེ་རྒྱུན་ཆད་མེད་པར་ཡང་དག་པའི་དྲན་པ། རྣམ་གྲོལ་ཟས་ཀྱིས་འཚོ་བས་ཡང་དག་པའི་འཚོ་བ། དོན་ཆེན་པོ་དེ་བསྒྲུབས་པས་ཡང་དག་པའི་རྩོལ་བ། དེ་བྱ་བ་རྫོགས་པར་བྱེད་པས་ཡང་དག་པའི་ལས་ཀྱི་མཐའ། དེ་མཉམ་རྗེས་མེད་པས་ཡང་དག་པའི་ཏིང་ངེ་འཛིན་ཏེ། རྗེ་གླིང་རས་ཀྱིས། འཕགས་ལམ་བརྒྱད་པ་བསྒོམ་པའི་ལམ། །རྟོག་པ་གཅིག་གིས་བགྲོད་པ་ཡིན། །ཞེས་གསུངས་སོ། །དེ་ལ་ས་བཅུ་ཆོས་ཀྱི་སྤྲིན་གྱི་བར་དུ་བརྩི་ལུགས་མདོ་སྔགས་མཐུན། མདོ་ལུགས་བཅུ་གཅིག་སངས་རྒྱས་ཀྱི་ས་ཡིན། སྔགས་ལུགས་བཅུ་གཅིག་གམ་བཅུ་གཉིས་སུ་བརྩི་བ་བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་ལུགས། བཅུ་གསུམ་དུ་བརྩི་བ་བླ་མེད་ལུགས་ཐུན་མོང་པ་ཡིན་ཏེ། གོང་དུ་བཤད་པ་ལྟར་ཡིན་ལ། ཐུན་མོང་མ་ཡིན་པ་བཀའ་གཏེར་ཟུང་འཇུག་གི་ལུགས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཡི་ཆོས་སྐད་དང་འབྲེལ་ཆེ་བ། གྲུབ་ཆེན་ཀརྨ་པའི་བཤད་པ་གདམས་ངག་རྒྱ་མཚོ་མཐའ་ཡས་ལྟར་ན། ས་བཅོ་ལྔ་གསུངས་ཏེ་དེ་དག་དོན་ལ་འགལ་བ་ཡང་མེད་དེ། ས་བཅུ་གཅིག་པ་དེ་ལ་བྱེ་བྲག་


CMR024_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྣམ་གྲངས་སོ་སོར་ཕྱེས་མ་ཕྱེས་ཀྱི་བཤད་ལུགས་སོ། །དེ་ལ་འདིར་ཐུགས་རྗེ་ཆེན་པོའི་གདམས་ངག་འཁོར་ལོ་ལྔའི་མན་ངག་དང་མཚུངས་པར། རྩ་འཁོར་ལོ་ལྔ་ཐུགས་རྗེ་ཆེན་པོའི་རིགས་ལྔ་དང་ཕོ་བྲང་འགྲོ་བ་རིགས་དྲུག་གི་གནས་དབྱེར་མེད་དུ་ཡོད་པར་དེ་དག་གིས་རླུང་དང་ཐིག་ལེ་ཐུགས་རྗེ་ཆེན་པོ་རིགས་ལྔའི་ལྷ་ཚོགས་དང་། འགྲོ་བ་རིགས་དྲུག་ས་བོན་དབྱེར་མེད་དུ་ཡོད་པ་སྟེ། ཉམས་ལེན་གནད་དུ་བསྣུན་པས། འཁོར་ལོ་ལྔ་པོ་རེ་རེ་ལ་སྟེང་འོག་བར་གསུམ་གྱི་རྩ་མདུད་གསུམ་རེ་ཡོད་པས་མདུད་པ་བཅོ་ལྔ་པོ་རེ་རེ་བཞིན་དུ་གྲོལ་བས་ས་རེ་རེ་ནོན། དེ་དག་གི་ལས་རླུང་རེ་རེ་བཞིན་ཡེ་ཤེས་ཀྱི་རླུང་དུ་ལྡོག་པས་རྩལ་རྫོགས། དེ་དག་གི་ཐིག་ལེའི་དྭངས་མ་རེ་རེ་བཞིན་བརྟན་པར་ཟིན་པས་བདེན་པ་མཐོང་སྟེ་ཡོན་ཏན་དངོས་སུ་འཆར་བར་བཤད་དེ། དེ་རེ་རེ་གྲོལ་བའི་དུས་སུ་ཡང་འཇའ་འོད་དང་སྒྲ་དང་ས་གཡོ་བ་དང་མེ་ཏོག་གི་ཆར་སོགས་ལྟས་ཆེན་པོ་ཡང་རེ་རེ་འབྱུང་གསུངས་སོ། །དེ་ལ་གསང་གནས་རྩ་མདུད་འོག་མ་ལས། རབ་རྡོ་རྗེ་གནས་གྲོལ་བས་ས་དང་པོ་ཐོབ་པའི་རྟགས་དང་ཡོན་ཏན་གོང་དུ་བཤད་པ་ལྟར་ལས། དེ་ནས་རིམ་གྱིས་ཡོན་ཏན་བརྒྱ་འགྱུར་བརྒྱ་འགྱུར་གྱི་ཆེ་


CMR024_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཤད་དེ། གསང་བར་ཕྲིན་ལས་ཀྱི་རྩ་མདུད་གཉིས་པ་གྲོལ། རང་སེམས་གཉིས་མེད་ཀྱི་ཏིང་ངེ་འཛིན་བརྟན་ཅིང་ལྷ་ཚོགས་ཐམས་ཅད་རང་གི་རྣམ་འཕྲུལ་དུ་འཆར། ཡོན་ཏན་གྱི་ཁྱད་པར་བརྒྱ་ཕྲག་སྟོང་ཐོབ། འོད་གསལ་དང་ལྷའི་སྐུ་དབྱེར་མེད་དངོས་སམ་ཉམས་རྨི་ལམ་དུ་སེམས་ཅན་དཔག་མེད་འདུལ་ཞིང་། ལྷའི་སྐུ་རང་ཤར་དུ་ཆོས་ཀྱི་དབྱིངས་ཁྱབ་པ་འཆར་ཞིང་ཆོས་ཀྱང་འཆད་དོ། །ཏིང་ངེ་འཛིན་བརྒྱ་ཕྲག་སྟོང་ལ་སྙོམས་པར་འཇུག་ཅིང་། སྒྱུ་མ་ལམ་རིམ་ལས། ལུས་ངག་ཡིད་གསུམ་འཁྲུལ་པའི་ཚོགས། །སྐྱེ་བ་མེད་པར་སྒྱུ་མར་རྟོགས། །ཚུལ་ཁྲིམས་ཕྱི་མའི་སྐྱོན་བྲལ་བས། །དྲི་མ་མེད་པ་ཞེས་བྱ་ཡིན། །ཞེས་གསུངས་པ་ལྟར་ས་འདི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་གཙོ་བོར་ཉམས་སུ་ལེན་གཞན་རྣམས་ཅི་ནུས་སུ་སྤྱོད་པ་ཡིན་ལ། ས་བཅུ་པོ་སོ་སོ་ལ་ཕར་ཕྱིན་བཅུ་པོ་སོ་སོ་གཙོ་ཆེ་བ་ཡིན་གྱིས་ས་དེ་དག་ཏུ་ཕར་ཕྱིན་དེ་དག་རྫོགས་པ་ནི་མིན་ཏེ། སངས་རྒྱས་ཀྱི་བར་དུ་ཕར་ཕྱིན་བཅུ་ཀ་མི་རྫོགས་ཞེས་བདག་གི་དགེ་རྒན་མཁས་པ་ཆེན་པོ་རྒྱལ་མོ་རོང་པས་གསུངས་ཤིང་འདི་སྐབས་སུ་རྩོད་པ་རིགས་ལུང་མང་དུ་མཛད་དོ། །དེ་ནས་གསང་བའི་རྩ་


CMR024_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་པོ་ཀརྨ་ལེའི་གཞུང་སྟེ། དེ་ལྟར་གསང་བའི་རྩ་མདུད་གསུམ་པོ་ནི། ཕྱི་ནང་གསང་བའི་རྣམ་པ་ཡང་ཡིན་ལ། གསུམ་པ་གྲོལ་བའི་གསང་གནས་ཀྱི་རྩ་ཐམས་ཅད་གྲོལ། རླུང་ཐམས་ཅད་ལྡོག །ཐིག་ལེ་ཕྱོགས་མེད་དུ་བརྟན་ནས། དེའི་ཡོན་ཏན་འབུམ་ཕྲག་ཐོབ་ཅིང་ཏིང་ངེ་འཛིན་འབུམ་ཕྲག་ལ་སྙོམས་པར་འཇུག་ནུས། ལས་ཀྱི་མཁའ་འགྲོའི་ཚོགས་སྤྲིན་ལྟར་འདུ་ཞིང་ཕྲིན་ལས་བསྒྲུབ་བོ། །སྒྱུ་མ་ལམ་རིམ་ལས། སྣང་གྲག་ཆོས་རྣམས་ཐམས་ཅད་ཀུན། །གསལ་ལ་འཛིན་མེད་སྒྱུ་མར་ཤར། །ཡེ་ཤེས་དག་གི་འོད་སྣང་བས་། །དེ་ཕྱིར་འོད་བྱེད་པ་ཞེས་བྱ། །ཞེས་པ་ལྟར་ཡིན་ཞིང་། བཟོད་པ་གཙོ་ཆེར་བསྒོམ་མོ། །དེ་ནས་ལྟེ་བའི་རྩ་མདུད་འོག་མ་གྲོལ་བས་ས་བཞི་པ་ཐོབ་སྟེ། སྒྱུ་མ་ལམ་རིམ་ལས། གསལ་སྟོང་འཛིན་མེད་འོད་དེ་ཡང་། །རང་བཞིན་མ་གྲུབ་སྒྱུ་མ་སྟེ། །ཉོན་མོངས་སྲེག་བྱེད་འོད་འཕྲོ་བ། །དེ་ཕྱིར་འོད་འཕྲོ་ཅན་ཞེས་བྱ། །ཞེས་གསུངས་ཤིང་ས་འདིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་ཆེར་ཉམས་སུ་ལེན། རྩ་གསུམ་སེམས་གསུམ་རང་བཞིན་གཅིག་ཏུ་རྟོགས། རླུང་གསུམ་རྩལ་རྫོགས་ཡེ་ཤེས་ཐིག་ལེ་ཆ་གཉིས་བརྟན། རིག་


CMR024_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བདེ་བ་དབྱེར་མེད་པས་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཁྱབ། བསྐྱེད་རྫོགས་གཉིས་ཐ་དད་དུ་འཛིན་པ་བྲལ་ནས་ཆུ་ལ་ཆུ་ལྟར་འདྲེས་ནས་བྱར་མེད་ཆོས་དབྱིངས་ཀྱི་ཏིང་ངེ་འཛིན་བརྟན་པོ་ཐོབ་སྟེ། སྒྱུ་མ་ལམ་རིམ་ལས། འོད་བྱེད་པ་ལ་འོད་གསལ་བ། །ལྷ་སྐུ་བདེ་ཆེན་དབྱེར་མེད་དེ། །རྩོལ་མེད་གོལ་ཕྱིར་འབད་བྱས་པ། །རྩོལ་བས་དུས་སུ་གྲོལ་གྱུར་པས། །ཆོས་དབྱིངས་ཡོངས་སུ་འཛིན་པ་ནི། །མེད་པའི་དོན་དུ་རྟོགས་པའོ། །ཏིང་འཛིན་ཁྲག་ཁྲིག་སྙོམས་འཇུག་སེམས། །ཁྲག་ཁྲིག་ཕྲག་ནི་བཅུ་གཉིས་སོ། །ཞེས་གསུངས་ཏེ། ཡོན་ཏན་གྱི་ཁྱད་པར་བྱེ་བ་ཕྲག་བརྒྱ་ཐོབ་པར་གསུངས་སོ། །དེ་ནས་ས་བཞི་པ་ཐོབ་པའི་ཏིང་ངེ་འཛིན་དང་། ཡོན་ཏན་དེ་སྦྱངས་ཤིང་གོམས་པར་བྱས་ཙ་པས་ལྟེ་བའི་རྩ་མདུད་བར་པ་གྲོལ་བས་ས་ལྔ་པ་སྦྱང་དཀའ་བ་ཐོབ་སྟེ། བདུད་དང་མུ་སྟེགས་གདུལ་དཀའ་བ་ཐམས་ཅད་འདུལ། ཡེ་ཤེས་ཀྱི་ཌཱཀ་རུས་པའི་རྒྱན་ཅན་གྱིས་གསུངས་ལས། སྤང་བྱ་གཉེན་པོ་བདེན་འཛིན་ཀུན། །གང་ཡང་བདེན་མེད་སྒྱུ་མར་གྱུར། །ཉོན་མོངས་ཐུལ་དཀའ་ཐུལ་བའི་ཕྱིར། །དེས་ན་སྦྱང་བ་དཀའ་ཞེས་བྱ། །ཞེས་དང་། སྦྱང་


CMR024_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དཀའི་ས་ལ་ཆོས་རྣམས་ཀུན། །དབྱེར་མེད་སྟོང་པའི་ངང་ཉིད་ལས། །འགགས་མེད་དམིགས་མེད་སྙིང་རྗེ་ཡི། །གཞན་དོན་ལྷ་སྐུ་ཕྱག་རྒྱ་ཆེ། །སྤྱོད་ལམ་ཀུན་དང་དབྱེར་མེད་འགྱུར་། །ཆོས་ཀྱི་དབྱིངས་དང་ཆོས་རྣམས་ཀུན། །རྒྱུད་གཞན་ཐ་དད་མེད་པར་རྟོགས། །སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། །ཏིང་འཛིན་ཁྲག་ཁྲིག་སྟོང་ཕྲག་ལ། །སྙོམས་པར་འཇུག་པ་ལ་སོགས་ཏེ། །ཁྲག་ཁྲིག་སྟོང་ཕྲག་བཅུ་གཉིས་སོ། །ཞེས་གསུངས་ཏེ། ཡོན་ཏན་གྱི་ཁྱད་པར་བྱེ་བ་ཕྲག་སྟོང་ཐོབ་བོ། །ས་འདིར་བསམ་གཏན་གཙོ་ཆེར་བྷེ་པར་བཤད་དོ། །དེ་ནས་ཡང་ས་ལྔ་པའི་ཏིང་ངེ་འཛིན་གོམས་ཤིང་བརྟན་པས་ལྟེ་བའི་རྩ་མདུད་གསུམ་པ་རིན་ཆེན་གཞལ་ཡས་ཁང་གྲོལ་ནས་ས་དྲུག་པ་མངོན་དུ་གྱུར་པ་ཐོབ་པས་ལྐོག་གྱུར་གྱི་ཆོས་ཐམས་ཅད་མངོན་དུ་གྱུར། མཉམ་ཉིད་ཀྱི་རྩལ་རྫོགས་པས་འཇིགས་པ་དང་བག་ཚ་བ་ཐམས་ཅད་བྲལ། ཏིང་ངེ་འཛིན་ལ་རྒྱུན་དུ་གནས་ཀྱང་སྐྱོ་དུབ་མི་འབྱུང་། སྣང་སྲིད་ཐམས་ཅད་གདོད་ནས་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་རང་ངོ་ཤེས་པས། གཞན་ལ་ལོངས་སྐུར་སྟོན་ནུས་པ་སོགས་ཡོན་ཏན་བྱེ་བ་འབུམ་ཐོབ་སྟེ། སྒྱུ་མ་ལམ་རིམ་ལས། མངོན་གྱུར་ས་


CMR024_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁོར་འདས་ཀྱི། །རྒྱུ་འབྲས་ཐམས་ཅད་མངོན་གྱུར་པས། །རྟེན་ཅིང་འབྲེལ་འབྱུང་ལྷ་ཡི་སྐུ། །གསལ་ལ་འཛིན་མེད་འོད་གསལ་འཆར། །ཆོས་དབྱིངས་ཀུན་ནས་ཉོན་མོངས་དང་། །རྣམ་བྱང་ཐ་དད་མེད་པར་རྟོགས། །ཏིང་འཛིན་ཁྲི་ཕྲག་བརྒྱ་སྟོང་སོགས། །ཁྲག་ཁྲིག་བརྒྱ་སྟོང་བཅུ་གཉིས་སོ། །ཞེས་པ་ཐོབ་སྟེ། དེ་ལྟར་ལྟེ་བའི་རྩ་མདུད་གསུམ་པོ་རིན་པོ་ཆེ་མིག་གསུམ་པའི་ཚུལ་དུ་ཡོད་པ་དེ་གསུམ་གྲོལ་བས། ཡོན་ཏན་གྱི་མཁའ་འགྲོ་སྤྲིན་ལྟར་འདུ་བར་གསུངས་སོ། །དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་མདུད་གསུམ་པོ་རྡོ་རྗེའི་དབྱིབས་སུ་ཡོད་པ་དེ། དེའི་རྩ་མདུད་འོག་མ་གྲོལ་བས་ཆོས་ཐམས་ཅད་དབྱེར་མེད་རོ་གཅིག་ཆེན་པོར་རྟོགས། ཡོན་ཏན་ཁྱད་པར་བྱེ་བར་ཁྲག་ཁྲིག་འབུམ་ཐོབ་སྟེ། །སྒྱུ་མ་ལམ་རིམ་ལས། རིང་དུ་སོང་བའི་ཆོས་རྣམས་ཀུན། །སྐྱེ་འགག་བྲལ་བ་སྒྱུ་མའི་སྐུ། །ཟུང་འཇུག་མཐའ་བྲལ་བདེ་བ་ཆེ། །ཉིན་མཚན་སྤྱོད་ལམ་ཐམས་ཅད་དུ། །ཞེན་མེད་དེ་ལ་དྲན་ཐོབ་པས། །ཕྱིར་མི་ལྡོག་པ་ཤེས་པར་བྱ། །ཆོས་དབྱིངས་ཆོས་ཀྱི་མཚན་ཉིད་དང་། །ཐ་མི་དད་པའི་དོན་དུ་རྟོགས། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །སྙོམས་པར་


CMR024_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སོགས་བཅུ་གཉིས་སོ། །ཞེས་གསུངས་སོ། །ས་འདིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་ཆེར་སྤྱོད་དོ། །དེ་ནས་སྙིང་ཁའི་རྩ་མདུད་དབུས་མ་གྲོལ་བས་ས་བརྒྱད་པ་ཐོབ་སྟེ། ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་བརྟན་པ་ཆེར་ཐོབ། སངས་རྒྱས་པ་ནི་ཇི་ལྟར་ཡོད་པའི་ཡོན་ཏན་དང་ཕྲིན་ལས་ཆ་མཐུན་རེ་ཐོབ་པ་སོགས་ཡོན་ཏན་གྱི་ཁྱད་པར་འཇིག་རྟེན་གྱི་ཁམས་ད་ཕྲག་གི་རྡུལ་སྙེད་ཀྱི་གྲངས་ཐོབ་པ་སྟེ། སྒྱུ་མ་ལམ་རིམ་ལས། མི་གཡོའི་ས་ལ་ཉིན་མཚན་ཀུན། །ལྷ་སྐུ་འོད་གསལ་བརྩོན་པ་བྲལ། །རང་ཤར་ལོངས་སྐུ་ཆ་མཐུན་ཏེ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི། །ཞིང་ཁམས་སྒྱུ་མའི་བཀོད་པས་སྦྱངས། །རྣམ་དག་ལྷུན་གྲུབ་མཁའ་བཞིན་ནོ། །ཆོས་དབྱིངས་འཕེལ་འགྲིབ་མེད་འགྱུར་ཞིང་། །ཞིང་དག་པ་ལ་དབང་ཐོབ་རྟོགས། །སྐད་ཅིག་ལ་ནི་ཏིང་ངེ་འཛིན། །སྟོང་དང་སུམ་བརྒྱ་སྟོང་ཕྲག་སུམ་ཅུ་ཡི། །རྡུལ་ནི་ཕྲ་རབ་སྙེད་ཐོབ་པ། །ཕྲག་གཉིས་བཅུ་གཉིས་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལྟར་ལྷུན་གྲུབ་དུ་མ་རོ་གཅིག་གི་རྟོགས་པ་དེ་ལ་རང་དབང་ཐོབ་པས་སྙིང་ཁའི་རྩ་མདུད་གོང་མ་གྲོལ་ཏེ། ས་དགུ་པ་ལེགས་པའི་བློ་གྲོས་ཐོབ། ཁམས་


CMR024_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་སྔ་ལྟས་རྣམས་འབྱུང་སྟེ། འཁོར་འདས་གདུལ་བྱ་འདུལ་བྱེད་ཐམས་ཅད་རང་ཉིད་ལ་ཤར། སངས་རྒྱས་སྲས་བཅས་མང་པོའི་ཞིང་ཁམས་སྟོབས་དང་མི་འཇིགས་པ་སོགས་ཡོན་ཏན་ཐམས་ཅད་རང་ཉིད་ལ་འཆར་ཏེ། ཡོན་ཏན་གྱི་ཁྱད་པར་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་འབུམ་ཕྲག་བཅུའི་རྡུལ་སྙེད་ཐོབ་པར་གསུངས། ས་འདི་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་ཆེར་ཉམས་སུ་ལེན་པ་ཡིན་ལ། སྒྱུ་མ་ལམ་རིམ་ལས། བློ་གྲོས་ས་ལ་འོད་གསལ་ནི། །ཆོས་སྐུ་མཐའ་བྲལ་འདུས་མ་བྱས། །འགྲོ་འོང་སྐྱེ་ཤི་དགག་བསྒྲུབ་བྲལ། །སྨྲ་བའི་བརྗོད་འདས་སྐྱེ་བ་མེད། །བསྒོམ་བྱ་སྒོམ་བྱེད་གཉིས་མེད་ཅིང་། །སྤྲིན་མེད་དག་པའི་མཁའ་བཞིན་ནོ། །སྤོབས་པ་ཐོགས་པ་མེད་པ་ཡིས། །ཡེ་ཤེས་དབང་པོའི་དོན་དུ་རྟོགས། །སྐད་ཅིག་ལ་ནི་ཏིང་ངེ་འཛིན། །སངས་རྒྱས་ཞིང་ནི་གྲངས་མེད་པ། །བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་ལ། །སྙོམས་པར་འཇུག་སོགས་བཅུ་གཉིས་སོ། །ཞེས་གསུངས་སོ། །དེ་ལྟར་སྙིང་ག་ཆོས་ཀྱི་འཁོར་ལོ་རང་བྱུང་རྡོ་རྗེ་སེམས་དཔའི་ཕོ་བྲང་རྩ་མདུད་གསུམ་གྲོལ་བས་རྡོ་རྗེ་མཁའ་འགྲོའི་ཚོགས་ཐམས་


CMR024_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རང་ལ་འཕྲོ་ཞིང་བཞུགས་སོ། །དེ་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོ་པདྨ་གསུང་གི་ཕོ་བྲང་གི་རྩ་མདུད་གསུམ་པདྨའི་དབྱིབས་སུ་ཡོད་པའི་རྩ་མདུད་འོག་མ་གྲོལ་བས་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་སྟེ། ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་པ་སངས་རྒྱས་ཐམས་ཅད་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་གང་བ་ཐམས་ཅད་རང་དང་འདུ་འབྲལ་མེད་པར་ངོ་བོ་ཉིད་ཀྱི་དབང་བསྐུར་ཞིང་། རང་གིས་སྤྲུལ་པའི་སྐུའི་སྤྲིན་ཚོགས་ལ་ཆོས་ཀྱི་ཆར་འབེབས་པས་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པ་སོགས་ཡོན་ཏན་གཞལ་བར་མི་ནུས་ཏེ། འཇིག་རྟེན་གྱི་ཁམས་རབ་ཀློའབྱམས་ཀླས་པའི་རྡུལ་གྲངས་ཀྱིས་ཀྱང་དཔེར་བྱ་མི་ནུས་པ་ཐོབ་སྟེ། སྒྱུ་མ་ལམ་རིམ་ལས། ཚོགས་གཉིས་ཟུང་འཇུག་ཆོས་སྤྲིན་ལ། །མི་གནས་གནས་མེད་འོད་གསལ་ལ། །རང་བཞིན་རྣམ་དག་རྟོག་མེད་སྐུ། །འཛིན་པའི་རྟོག་བྲལ་ས་ལེར་མཁྱེན། །བློ་འདས་དམིགས་པ་མཐའ་དང་བྲལ། །ནམ་མཁའ་ལྟ་བུ་སྐྱེ་འགག་མེད། །མཚན་ཉིད་ཀུན་བྲལ་མཁའ་ལྟར་དག །སྨྲ་བསམ་བརྗོད་བྲལ་བློ་ལས་འདས། །ཉིན་མཚན་དུས་རྣམས་ཐམས་ཅད་དུ། །སྣང་སྟོང་བདེ་སྟོང་དབྱེར་མེད་མཆོག །འཕེལ་གྲིབ་མེད་པར་འཆར་བ་སྟེ། །ཕྲིན་


previousཤོག་གྲངས་ ༤༠༡ ནས་ ༥༠༠ བར།next