ཤཱཀྱའི་དགེ་སློང་ཤེས་རབ་ལ། །ཤོག་བུ་མང་པོ་མི་གདའ་བས། །མི་རྒན་གཅོས་གཏམ་གང་དྲན་འགའ། སྣག་སྨྱུག་འཕྲོ་བརླག་ཤོག་བུ་བརྫད། །འོན་ཀྱང་ཡིད་ལ་བཞག་ན་ཕན། །
ཤཱཀྱའི་དགེ་སློང་ཤེས་རབ་ལ། །ཤོག་བུ་མང་པོ་མི་གདའ་བས། །མི་རྒན་གཅོས་གཏམ་གང་དྲན་འགའ། སྣག་སྨྱུག་འཕྲོ་བརླག་ཤོག་བུ་བརྫད། །འོན་ཀྱང་ཡིད་ལ་བཞག་ན་ཕན། །
ན་མོ་གུ་རུ་དེ་ཝ་ཌཱཀི་ནཱི་ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །གཅིག་བསྡུས་མི་ཡི་ཚུལ་བཟུང་བ། །ཆོས་ཀྱི་དབང་ཕྱུག་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་དང་བདག་གི་རྗེས་འཇུག་རྣམས། །མཐོ་བཏང་དམའ་བཏང་ཁྱེད་རང་ཤེས། །བཙུན་པ་པདྨ་པྲཛྙཱ་ཡིས། །ཞལ་གདམས་ཡི་གེ་དགོས་ཟེར་བས། །གོ་བདེའི་ཚིག་གིས་ཅུང་ཟད་སྨྲ། །དལ་འབྱོར་མི་ལུས་ཐོབ་པར་དཀའ། །དཀའམ་མི་དཀའ་དབྱར་ཀ་ཡི། །འབུ་སྲིན་གྲངས་ལ་ལྟོས་དང་གསལ། །མི་ལུས་ལོ་བརྒྱ་
ཐོག་གཅིག་འདི། །ད་རེས་སྙིང་པོ་མ་ལོན་ན། །རིན་ཆེན་གླིང་ནས་སྟོང་ལོག་ཡིན། །སྙིང་པོ་ལེན་ལུགས་མ་ཤེས་ན། །སྡོམ་པ་གཙང་མར་བསྲུང་ནུས་ན། །མི་ལུས་སྙིང་པོ་ལོན་པ་ཡིན། །བུད་མེད་མཛེས་མའི་གཟུགས་མཐོང་ན། །སྡོམ་པ་བཏང་བར་བྱེད་པ་ནི། །མར་མེའི་མདངས་ལ་སེམས་ཆགས་ན། །རྒས་པོ་མེ་ལྕེབ་མཆོང་དང་འདྲ། །རང་གིས་རང་ཉིད་མ་བསྲེགས་ལ། །སྡོམ་པ་སྲུངས་ཤིག་རིགས་ཀྱི་བུ། །སྡོམ་ལྡན་ཤི་ཡང་ཤི་བ་མིན། །མི་ལུས་ལྷ་ལུས་གདམས་པས་ཆོག །སྡོམ་པ་ཤོར་བ་ཤི་བས་ཐུ། །སྐྱེ་བ་འབུམ་ཕྲག་
བརྒྱ་ཡི་བར། །ལུས་ངན་ལེན་ལ་གཟུར་རྒྱུ་མེད། །དེ་ལ་སྐྲག་པ་མ་བརྗེད་ཅིག །གཟུགས་མཛེས་ཕུན་སུམ་ཚོགས་པ་དང་། །གོས་བཟང་དར་ཟབ་གྱོན་པ་དང་། །རྒྱན་བཟང་གསེར་དངུལ་རྒྱན་བཏགས་ཀྱང་། །སངས་རྒྱས་བྱང་སེམས་ལྷ་འདྲེ་ཡི། །སྤྱན་ལ་མཛེས་རྒྱུ་མེད་པ་ཡིན། །སྡོམ་པ་གཙང་བའི་མི་དེ་ནི། །གཟུགས་བཙོག་གོས་རུལ་རྒྱན་མེད་ཀྱང་། །ལྷ་འདྲེ་མི་གསུམ་སྤྱན་སྔར་མཛེས། །ཀླུ་བདུད་དུག་སྦྲུལ་ནག་པོས་ཀྱང་། །སྡོམ་པ་གཙང་ལ་གནོད་མི་བྱེད། །རྩོལ་སྒྲུབ་དཀའ་ལས་མ་བྱས་ཀྱང་། །སྡོམ་ལྡན་ཟས་གོས་ཤུགས་ལ་འབྱུང་། །མི་ངན་ཤན་པའི་བུ་ཡིན་ཀྱང་། །སྡོམ་ལྡན་ལྷ་འདྲེ་མི་གསུམ་གུས། །འདིར་སྐྱིད་ཕྱི་མ་སྐྱིད་པའི་ཆོས། །འདུལ་ཁྲིམས་ཡིན་ནོ་རིགས་ཀྱི་བུ། །ཚུལ་ཁྲིམས་ངོ་ཚའི་ཁ་རྒྱན་ཅན། །ཆོས་མགོ་ཐོན་པའི་གདམས་ངག་ཡིན། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །རྟག་ཏུ་མངོན་ཤེས་སྤྱན་གྱིས་གཟིགས། །མཁའ་འགྲོ་ཆོས་སྐྱོང་གཞི་བདག་རྣམས། །གཅེ་རེ་ལྟ་ཞིང་ཀློག་གེ་ཉན། །དེ་དག་རྣམས་ལ་སྐྲག་འཇིགས་དང་། །རང་བས་ཞན་པའི་སྐྱེས་པ་དང་། །བུད་མེད་ཀུན་གྱི་འཕྱ་
རྟེན་ལ། །ངོ་ཚ་སེམས་ལ་བག་ཡོད་མཛོད། །དལ་འབྱོར་རྙེད་དཀའ་ཞེས་བྱ་བའི། །ཆོས་ཐུན་ཉམས་ལེན་དེ་ལ་འདུས། །ཐོབ་པར་དཀའ་བའི་མི་ལུས་འདི། །རྫ་མ་འདྲ་སྟེ་ནམ་ཞིག་ཆག །རྫ་ཁོ་མི་ཆག་མི་སྲིད་ཅིང་། །མི་ལུས་མི་འཆི་མི་སྲིད་ཅིང་། །དེ་ཡང་ནམ་འཆི་ངེས་པ་མེད། །རྒས་ནས་འཆི་བ་རེ་རེ་ཙམ། །སང་ཕོད་སྔའམ་ཕྱི་མ་སྔ། །ཟླ་བ་རྒྱབ་རེས་ཕྱི་མ་གཉིས། །སུ་སྔ་ཏིག་ཏིག་མི་གདའ་བས། །རང་གི་གང་ཤེས་དགེ་སྦྱོར་ལ། །ལེ་ལོ་མེད་པའི་ཐུགས་དམ་མཛོད། །བླ་མའི་དྲུང་དུ་ཡོན་ཏན་བསླབས། །རྗེས་ནས་རི་ཁྲོད་གཅིག་བཟུང་ནས། །ཐུགས་དམ་དགེ་སྦྱོར་བྱེད་བསམ་ཡང་། །ཚེ་ཚད་ཅི་ཡོད་མི་ཤེས་པས། །རྟ་ནི་བཟང་པོའི་ཆས་ཟ་ལྟར། །བཅའ་བལྡད་མིད་གསུམ་མ་བཤོལ་བ། །ཡོན་ཏན་བསླབ་དང་དགེ་སྦྱོར་དང་། །ཉམས་ལེན་སེམས་ངོ་སྐྱོང་བ་གསུམ། །མ་བཤོལ་དུས་གཅིག་བྱ་བ་གཅེས། །བསམ་པ་སེམས་བསྐྱེད་རྣམ་དག་ན། །ཆོས་མིན་ཕལ་ཆེར་ཆོས་སུ་འགྱུར། །བསམ་པ་རྣམ་པར་མ་དག་ན། །ཆོས་ཀྱང་ཆོས་མ་ཡིན་དུ་འགྱུར། །ཆུ་ལེན་མེ་འབུད་ཤིང་ཁུར་སོགས། །
དགེ་འདུན་བླ་མའི་ཆགས་ཕྱི་ཡིན། །སྒྲིབ་པ་དག་པས་དགའ་བསམས་ན། །ཕྱག་བསྐོར་གནས་རི་བསྐོར་དང་མཉམ། །འཚོགས་ཆུང་བསྐལ་པའི་བོང་རྒན་དང་། །སྒྲུབ་བརྒྱགས་འགེལ་བའི་གཡག་རྒན་ཚོ། །ཞབས་རྗེས་རིང་བསྲེལ་བྱུང་བ་མང་། །མི་བྱེད་ཁ་མེད་དཀའ་འཚེར་གྱི། །བསམ་པ་རྣམ་པར་མ་དག་ན། །གཡོག་པོ་བླ་མེད་དོན་གོ་ཆུང་། །ཟིན་ཐུན་ཡོན་ཏན་སློབ་པ་ཡང་། །ཐོས་བསམ་བསྒོམ་པ་སངས་རྒྱས་ཀྱི། །བསྟན་པའི་གཞུང་ཤིང་ཉམས་ལེན་ཡིན། །སྒྲིབ་པ་དག་ཅིང་བསོད་ནམས་ཚོགས། །རྫོགས་མཐའ་ཡིན་པར་བསམ་པ་ན། །ཚིག་གཅིག་བཟུང་དང་བྲི་བ་དང་། །བསོད་ནམས་དཔག་ཏུ་མེད་པར་གསུངས། །ཟིན་ཐུན་སྤྱི་པའི་ཁ་ཁྲལ་ཡིན། །ཁོང་ཚོའི་སྡུན་ནས་ལོན་པར་བྱེད། །ཡོན་ཏན་ལོན་ན་ཚེ་སྨད་ལ། །གདུལ་བྱ་གྲོང་ཆོག་ཟ་བསམས་ན། །ཆོ་ག་བཟུང་དང་ཤ་ཁྱི་གསོ། །ཁྱད་མེད་ཟེར་བའི་དཔེ་ཡང་བདེན། །དབང་ལུང་འབྲེལ་པ་མེད་ན་ཡང་། །རང་གིས་བསྟེན་པའི་བླ་མ་དེ། །གནས་ཀྱི་སློབ་དཔོན་ཞེས་བྱ་བ། །འདུལ་བ་ནས་བཤད་བླ་མ་ཡིན། །བཀུར་སྟི་གུས་ཞབས་བྱས་པ་ན། །ཕན་
ཡོན་ཆེན་པོ་ཐོབ་པར་བཤད། །ཞེ་ལ་དད་གུས་མེད་ན་ཡང་། །འཕྲལ་དུ་ཟས་གོས་རེ་བ་དང་། །སྐྱོན་ནི་འོང་དོགས་ཁོ་ན་ཡི། །གང་ཟེར་ཉན་པའི་གྲྭ་པ་ནི། །འཇིག་རྟེན་ལུགས་ཀྱི་དཔོན་གཡོག་ཡིན། །བླ་མའི་སློབ་མར་མི་ཐེ་སྟེ། །འཇིག་རྟེན་བཟའ་ཚང་མི་དང་འདྲ། །བླ་མའི་སློབ་མ་བྱེད་པ་དང་། །བླ་མའི་བཟའ་ཚང་བྱེད་པ་གཉིས། །འཁོར་དུ་འདུས་པ་ཁྱད་མེད་ཀྱང་། །ཞེ་འདོད་བསྒྲུབ་ལ་ཁྱད་པར་ཡོད། །གསུངས་པའི་དོན་ནི་དེ་ཡིན་ཏེ། །དད་གུས་ཡོད་ཅིང་ཆགས་ཕྱི་ལ། །ཕན་ཡོན་ཡོད་པར་བསམ་ན་ནི། །བླ་མའི་སློབ་མ་ཡིན་པའོ། །ཞེ་ལ་དད་གུས་མེད་ན་ཡང་། །སྐྱིད་སྡུག་ཅིག་པར་བྱེད་པ་ནི། །བླ་མའི་བཟའ་ཚང་ཡིན་པའོ། །རང་ཉིད་སྒོ་བཅད་མཚམས་བྱེད་དམ། །བླ་མའི་ཆགས་ཕྱིར་བྱེད་ཀྱང་རུང་། །ཟ་རྒྱུ་དཀོར་ལས་མེད་པ་སྟེ། །གཅིག་པུར་ཐུགས་དམ་བྱེད་པ་དང་། །བླ་མའི་དྲུང་དུ་ཐུགས་དམ་བསྐང་། །མང་པོའི་ཁྲོད་དུ་འདུག་ཀྱང་རུང་། །རང་སེམས་ངོ་བོ་སྐྱོང་བ་དང་། །རྫོགས་ཆེན་ཐོད་རྒལ་ལྟ་བ་དང་། །བྱམས་དང་སྙིང་རྗེའི་གཏོང་ལེན་དང་། །ཟིན་ཐུན་བཟུང་བའི་སློབ་གཉེར་
རྣམས། །རང་གིས་ཉམས་ལེན་བཙལ་བ་ནི། །དེ་ལ་བརྩོན་ན་དེ་གས་ཆོག །དེ་དག་བརྩོན་པར་མི་བྱེད་ན། །མཚམས་ལ་བསྡད་ཀྱང་ཕྱི་བ་འདྲ། །གྲྭ་པ་བྱས་ཀྱང་གཡོག་པོ་འདྲ། །མང་པོའི་གསེབ་ཏུ་འདུག་པའི་དུས། །གཞན་གྱི་སྐྱོན་ལ་བལྟ་མི་རུང་། །བལྟས་ན་སྐྱོན་གྱི་ཕུང་པོར་མཐོང་། །དག་སྣང་མི་འཕེལ་ཚོགས་ངན་སོགས། །རང་ཉིད་སྐྱོན་ལ་རང་གིས་བརྟག །གཞན་སྐྱོན་གང་མཐོང་རང་སྐྱོན་ཡིན། །དཔེར་ན་རང་གི་ཁ་ངོ་ལ། །ནག་ཐིག་གང་ཡོད་མེ་ལོང་ལ། །ཤར་བ་དེ་དང་འདྲ་བར་གསུངས། །སེར་ཟློགོས་གྱོན་པ་ཐམས་ཅད་ཀྱང་། །ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན། །བྱ་བྱེད་སྤྱོད་པ་ངན་ན་ཡང་། །ནང་ན་ཡོན་ཏན་ཅི་འདྲ་ཡོད། །ཚེ་སྔོན་བསགས་སྦྱངས་ཅི་ཡོད་པ། །རང་གི་ཤེས་པའི་མངོན་ཤེས་མེད། །དེ་ཕྱིར་ལོག་ལྟ་གཤེ་སྐུར་སྤངས། །རང་རྒྱུད་འདུལ་བ་འདུལ་བ་ཡིན། །རང་སེམས་རྣམ་པར་དག་པ་ན། །སྣང་སྲིད་ཐམས་ཅད་ཡི་དམ་ལྷ། །དེ་ཕྱིར་དག་སྣང་འབྱོང་བ་གཅེས། །རང་ཉིད་ནམ་འཆི་ཆ་མེད་ཀྱིས། །བློ་སྣ་ཐུང་དང་སྦུད་དེ་བ། །ཤི་ནས་གར་འགྲོ་ཆ་མེད་ཀྱིས། །སྣང་བ་སྐྱོ་དང་ཕྱ་དེ་བ། །ཤི་
ནས་དམ་ཆོས་མ་གཏོགས་པ། །ཅིས་ཀྱང་དགོས་པ་མེད་པ་ཡི། །ཞེན་པ་གཏིང་ནས་རང་ལོག་པ། །དེ་འདྲ་ཡིད་ལ་བཅང་བ་ན། །ཆོས་པ་བཟང་པོ་འོང་བ་ཡིན། །འཆི་བ་མི་རྟག་བསྒོམ་པ་ཡི། །ཆོས་ཐུན་ཉམས་ལེན་དེ་ལ་འདུས། །རང་གིས་བྱས་པའི་སྡིག་ལྟུང་དེ། །སངས་རྒྱས་ཀྱིས་ཀྱང་སེལ་བར་དཀའ། །རང་གིས་བྱས་པའི་དགེ་བའི་འབྲས། །བདུད་ཀྱི་རྒྱལ་པོས་འཕྲོག་མི་ནུས། །ནམ་ཞིག་རང་ལ་ངེས་པར་སྨིན། །དེ་ཕྱིར་སྡིག་ལྟུང་བཤགས་པ་དང་། །དགེ་ཕྱོགས་ཕྱག་དང་ཆུ་གཏོར་སོགས་། །རང་གིས་གང་ཐུབ་བསགས་པ་གཅེས། །ཚེ་འདིར་སྡིག་ལྟུང་མི་ཆེ་བ། །གྲངས་མེད་བསྐལ་པ་ནས་བསགས་པ། །སྡིག་ལྟུང་དེ་ལ་གཟུགས་ཡོད་ན། །ནམ་མཁའི་ཁམས་སུ་མི་ཤོང་ཙམ། །ཡོད་པས་ད་རེས་བཤགས་དགོས་པས། །བརྒྱ་ཕྱག་ཆག་མེད་དམ་བཅའ་མཛོད། །ཕྱག་འཚལ་ཚེ་ན་ལྟུང་བཤགས་འདོན། །ལྟུང་བ་ཕྲ་ཞིབ་དེ་ཡིས་བྱང་། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཐབས། །གཏོར་མ་ཆ་བཅུ་གཏོར་བསྔོས་དང་། །ལུས་སྦྱིན་དམིགས་པ་ཆག་མེད་མཛོད། །དགེ་བ་ཅུང་ཟད་རེ་རེས་
ཀྱང་། །སྐྱེ་བ་ལྔ་བརྒྱར་ཕྱུག་པ་དང་། །རིགས་མཐོ་གཟུགས་བཟང་བདེ་སྐྱིད་ཐོབ། །རྒྱ་འགྲོ་དབུས་སྐོར་བྱེད་པ་ཡི། །ཁེ་སྐྱེད་རྣམས་ཀྱི་དོ་ཟླ་མིན། །དེ་ཕྱིར་དགེ་བ་ཆུང་ཆུང་ཡང་། །བརྙས་པར་མི་བྱེད་ཅི་ཐུབ་འབད། ༈ །དཔེར་ན་ཐ་མལ་མི་རྣམས་ཀྱིས། །ཚེ་འདིར་ཕྱུག་པོ་ཅི་འདོད་ནས། །སོ་ནམ་ཚོགས་གསོག་ཐབས་དུ་མས། །རྒྱུ་ནི་གསོག་པར་བྱེད་པ་ལྟར། །རང་རེ་སངས་རྒྱས་ཐོབ་འདོད་བས། །ཐབས་རྣམས་དུ་མས་ཚོགས་བསགས་དགོས། །མཎྜལ་བརྒྱ་སྟོང་ཚར་གྲངས་འབུལ། །སྒྲ་དང་སོ་སེན་བསྲེག་པ་ལ། །ཚ་ཚ་གང་ཐོན་དལ་སྐབས་འདེབས། །སངས་རྒྱས་སྐུ་སྤར་མང་དུ་འདེབས། །ཆུས་མི་འཇིག་པའི་དབེན་པ་བཞག །མེ་ཏོག་ཡོན་ཆབ་གུས་པར་འབུལ། །ཚོགས་རྫོགས་ཐབས་ནི་དུ་མ་ཡོད། ༈ །སྡིག་པ་ལྟུང་བ་ཆུང་ངུ་ཡང་། །བཙན་དུག་ཆུང་ཡང་སྲོག་གཅོད་ལྟར། །བཤགས་པ་ལེགས་པར་མ་ཐེངསན། །སྐྱེ་རེས་རེ་ལ་ལུས་ངན་ལེན། །དེ་ཕྱིར་འཕྲལ་དུ་བཤགས་པ་བྱ། །དེ་ལྟར་དགེ་སྒྲུབ་སྡིག་སྤང་ལ། །རྒྱུན་དུ་ལག་ལེན་ཐེབ་པའི་མི། །ཤི་ཡང་སྡུག་བསྔལ་མི་དགོས་ཏེ། །བརྒྱག་དང་
འོག་རྟ་ཁལ་མ་རྣམས། །བཟང་བའི་ཚོང་དཔོན་བཀྱག་དང་འདྲ། །རྒྱུ་འབྲས་ཆོས་ཐུན་ཉམས་ལེན་ཡིན། ༈ །ངན་སོང་གསུམ་གྱི་སྡུག་བསྔལ་ནི། །བཤད་པས་མི་རྫོགས་ཡིད་ཆེས་དཀའ། །དུད་འགྲོའི་སྡུག་བསྔལ་ཆུང་ཤོས་ཅིག །གཡུང་དྭགས་ཡིན་ཏེ་བཤའ་བསད་འདི། །རང་ལ་བབ་ན་ཅི་འདྲ་ཁམས། །མེ་སྟག་ཕོག་པའི་ཚ་ན་དང་། །དགུན་ཁ་གོས་སྲབ་འདར་ལུགས་ལ། །ཚ་དམྱལ་གྲང་དམྱལ་ཇི་ལྟར་འཁྱག །རིགས་དྲུག་ནང་ནས་སྐྱིད་ཤོས་ཀྱི། །ལྷ་བས་ལྷག་པའི་མི་ལ་ཡང་། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་དང་། །དགྲ་ཡིས་མནར་དང་ནད་ཀྱིས་མནར། །འདི་འདྲ་རེ་ཡང་མི་ཁྱག་ན། །བསྐལ་པ་བྱེ་བ་གྲངས་མེད་དུ། །སྡུག་བསྔལ་འདི་འདྲ་སུ་ཡིས་ཁྱག །མི་ཁྱག་བྲོས་ན་ད་རེས་ཐར། །ཚེ་འདིར་སྐྱིད་སྡུག་ཅི་བྱུང་ཡང་། །སྐྱིད་ཡུན་ཐུང་ནས་མི་མི་འཚིང་། །སྡུག་ཀྱང་ཡུན་ཐུང་བསྲན་པས་ཆོག །སྐྱེ་བ་བྱེ་བ་གྲངས་མེད་དུ། སྡུག་བསྔལ་འདི་རྣམས་མི་ཁྱག་ནས། །སྡུག་བསྔལ་གཏན་ནས་མེད་པའི་ཡུལ། །བདེ་བ་ཅན་དུ་སྐྱེ་བའི་ཐབས། །དགེ་རྩ་ཐམས་ཅད་དེ་ཕྱིར་བསྔོ། །བདེ་སྨོན་ཟུང་ལ་
ཆག་མེད་ཐོན། །དེ་རུ་སྐྱེ་བའི་ལྷ་དང་སྔགས། །རྒྱལ་བ་རྒྱ་མཚོ་ཡི་དམ་མཛོད། །ཁྱད་པར་ཞིང་ཁམས་དེ་ཉིད་ཀྱི། །སྒྲུབ་ཐབས་མེ་ཏོག་ཆུ་སྐྱེས་མ་གནམ་ཆོས་ཀྱི་བདེ་ཆེན་ཞིང་སྒྲུབ་ཡིན་པ་འདྲ། །ཆགས་མེད་བསྙེན་པ་ཕྲེང་སྐོར་གྱིས། །དེ་ཡིས་འཁོར་བའི་ཉེས་དམིགས་ཀྱི། །ཆོས་ཐུན་དོན་རྩ་ཚང་བ་ཡིན། ༈ །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །འཇིག་རྟེན་ལྷ་ཡིས་སྐྱོབ་མི་ནུས། །སྐྱོབ་པར་ནུས་པ་དཀོན་མཆོག་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དེ་ནི་ཕྱི་ཡི་དཀོན་མཆོག་གསུམ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །དེ་ནི་ནང་གི་དཀོན་མཆོག་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །དེ་ནི་གསང་བའི་དཀོན་མཆོག་གསུམ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ། །དེ་དག་ཐམས་ཅད་སྤྱི་འདུས་པ། །དཀོན་མཆོག་སྤྱི་འདུས་ཨོ་རྒྱན་ལ། །ཅི་མཛད་ཁྱེད་ཤེས་བློ་སྙིང་གཏོད། ༈ ། ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན། །ཕ་མརམ་སྐྱེས་གཅིག་ཀྱང་མེད། །ཐམས་ཅད་ད་ལྟའི་ཕ་མ་དང་། །འདྲ་བས་དྲིན་ཆེན་ཁོ་ན་ཡིན། །རྟག་ཏུ་འཁོར་བའི་བཙོན་ར་
ནས། །ཐར་དུས་མེད་ལ་སྙིང་རྗེ་བསྒོམ། །དེ་ཀུན་བདེ་ལ་འགོད་ནུས་པ། །ཡང་དག་རྫོགས་པའི་སངས་རྒྱས་ཡིན། །དེ་ཉིད་བསྒྲུབསན་འགྲུབ་པའི་ཕྱིར། །རང་ཉིད་སངས་རྒྱས་ཐོབ་བྱས་ཏེ། །འགྲོ་བ་སེམས་ཅན་འདྲེན་པའི་ཕྱིར། །བདག་གིས་དགེ་སྦྱོར་བྱའོ་ཞེས། །ད་ནང་སེམས་བསྐྱེད་ཅིག་བསྒོམས་པས། །དེ་ཉིན་དགེ་སྦྱོར་བྱས་ཚད་ཀུན། །སངས་རྒྱས་ཐོབ་པའི་རྒྱུ་རུ་འགྱུར། །སངས་རྒྱས་ཐོབ་པར་བྱེད་པའི་ཐབས། །རང་གི་བདེ་སྐྱིད་འགྲོ་ལ་སྦྱིན། །གཞན་གྱི་སྡུག་བསྔལ་རང་གིས་ལེན། །དེ་གཉིས་བརྗེ་བ་གལ་ཆེ་ཡང་། །ས་ཐོབ་སེམས་དཔའ་མ་ལགས་པས། །དངོས་སུ་བརྗེ་བ་མི་ཐུབ་ཀྱང་། །ཡིད་ཀྱིས་བརྗེས་ནས་ཕན་ཡོན་མཉམ། །དེ་ཕྱིར་གཏོང་ལེན་དམིགས་པ་བྷོ། །སྣ་ནས་དབུགས་ནི་ཕར་འགྲོ་དུས། །རང་གི་བདེ་སྐྱིད་དགེ་རྩ་རྣམས། །འགྲོ་དྲུག་སེམས་ཅན་ཀུན་ལ་ཐིམ། །ཐམས་ཅད་བདེ་དང་ལྡན་པར་ལྟ་བསྒོམ། །དབུགས་ནི་སྣ་ནས་ཚུར་རྔུབ་དུས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་དང་། །སྡུག་བསྔལ་རང་ལ་སིབ་ཀྱིས་བསྟིམ། །འགྲོ་ཀུན་སྡུག་བསྔལ་བྲལ་བར་བསྒོམ། །དེ་
འདྲ་བདུན་ནམ་ཉེར་གཅིག་ཙམ། །རྒྱུན་དུ་བསྒོམསཔར་བྱས་པ་ན། །སྡིག་པ་ཤིན་ཏུ་ཆེ་ཡང་དག །བསོད་ནམས་དཔག་ཏུ་མེད་པ་ཐོབ། །འཕྲལ་དུ་ནད་གདོན་བར་ཆད་ཞི། །ཕུགས་སུ་སངས་རྒྱས་འབྲས་བུ་ཐོབ། །བློ་སྦྱོང་ཁྲིད་ཀྱི་སྙིང་པོ་ཡིན། །ནད་གདོན་སྡུག་བསྔལ་སྡིག་སྒྲིབ་རྣམས། །རང་ལ་བསྟིམ་པའི་དམིགས་པ་དེ། །གལ་ཏེ་བློ་ཡིས་མ་སྤོབསན། །རང་ཉིད་རྒྱལ་བ་རྒྱ་མཚོ་འམ། །ཐུགས་རྗེ་ཆེན་པོ་དཀར་པོ་བསྒོམ། །སྡིག་སྒྲིབ་རང་ལ་བསྟིམ་པའི་ཚེ། །མེ་ཆེན་ནང་དུ་ཤིང་བསྣན་ལྟར། །རང་ཉིད་ཐུགས་རྗེ་ཆེན་པོ་ནི། །བཀྲག་མདངས་གཟི་བརྗིད་རྒྱས་པར་བསྒོམ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི། །ཁྲིད་ཀྱི་རྩ་ཐོ་བསྡུས་པ་ཡིན། །དུས་སྐབས་ལང་འདུག་སྤྱོད་ལམ་དུས། །སྤྱི་བོར་རྡོ་རྗེ་སེམས་དཔའ་ནི། །དཀར་པོ་རྡོ་རྗེ་དྲིལ་བུ་འཛིན། །ཕྱེད་སྐྱིལ་དར་དང་རིན་ཆེན་བརྒྱན། །ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་མཐར། །ཡི་གེ་བརྒྱ་པས་བསྐོར་བ་ལས། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡི། །སངས་རྒྱས་བྱང་སེམས་ཐམས་ཅད་ཀུན། །སྤྱན་དྲངས་རྡོར་སེམས་སྐུ་ལ་ཐིམ། །ཐུགས་ཀའི་སྔགས་
ཕྲེང་གཡས་སུ་འཁོར། །དེ་ལས་བདུད་རྩི་འོ་མའི་རྒྱུན། །བབས་པས་སྐུ་ལུས་ངང་ལྟེམས་གང་། །ཞབས་གཡས་མཐེ་བོང་རྩེ་མོ་ནས། །བདུད་རྩི་ཆང་བཙག་བཞིན་དུ་བབ། །རང་གི་སྤྱི་བོའི་ཚངས་བུག་ནས། །ལུས་གང་ནད་གདོན་སྡིག་སྒྲིབ་ཀུན། །འོག་སྒོ་རྐང་པའི་མཐིལ་ནས་ནི། །དུད་ཁུ་སོལ་ཁུ་འདྲ་བ་བྱུང་། །ལུས་ཀུན་བདུད་རྩིས་གང་བ་ཡི། །ཤེལ་དཀར་བཞིན་དུ་དངས་བར་བསྒོམ། །ཡིག་བརྒྱ་གང་ཐོན་ཁ་འདོན་བྱ། །མཐར་ནི་རྡོར་སེམས་ཐུགས་ཀ་ནས། །ཁྱོད་ཀྱི་སྡིག་སྒྲིབ་དག་ཡོད་གསུངས། །འོད་ཞུ་རང་ལ་ཐིམ་པར་བསྒོམ། །དེ་ཡིས་སྡིག་སྒྲིབ་ཉམས་ཆག་བྱང་། །རྟོགས་པ་སྐྱེ་ཞིང་དག་སྣང་འཆར། །བྱ་སླ་ཚེགས་ཆུང་དོན་ཆེ་བ། །འདི་ནི་ཆོས་ཀྱི་བཅུད་ཅིག་ཡིན། ༈ །ཁོམ་དུས་མཎྜལ་སྟེང་ཉིད་དུ། །འབྲུ་བླུག་མཎྜལ་རྒྱས་པར་ཕུལ། །མ་ཁོམས་གླིང་བཞི་རི་རབ་དང་། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཀུན། །ལྟ་དཀོན་མཆོག་སྤྱན་སྔར་འབུལ་བར་དམིགས། །ས་གཞི་སྤོས་བྱུགས་གང་ཐོན་འདོན། །ནས་ཕུལ་གང་ཡང་གཏོང་མི་དགོས། །དཀའ་གླས་ཅི་ཡང་མེད་པ་ལ། །བསོད་ནམས་
ཚོགས་ཆེན་བསགས་པའི་ཐབས། །འདི་འདྲ་ངོ་མཚར་དཔག་ཏུ་མེད། །དེ་བཞིན་དབྱར་ཁའི་མེ་ཏོག་ཚལ། །སྟོན་ཁའི་ལོ་ཐོག་ཤིང་ཐོག་སོགས། །མིག་གིས་གང་མཐོང་ཐམས་ཅད་ཀྱང་། །དཀོན་མཆོག་གསུམ་ལ་ཕུལ་བར་བསྒོམ། །དངོས་སུ་ཕུལ་དང་འདྲ་བར་གསུངས། །སྒྲིབ་སྦྱོང་རྡོར་སེམས་དམིགས་ཐུན་དང་། །མཎྜལ་ཁྲིད་རིམ་བརྗེད་ཐོ་ཡིན། ༈ །དེ་ནས་བྱིན་རླབས་འཇུག་པ་དང་། །ཉམས་རྟོགས་སྐྱེ་ཞིང་འཕེལ་བའི་ཐབས། །བླ་མའི་རྣལ་འབྱོར་ལས་ལྷག་མེད། །གུ་རུ་ཞི་དྲག་འདོན་པ་ཡང་། །དོན་ལ་བླ་མའི་རྣལ་འབྱོར་ཡིན། །ཐུན་བཞི་དང་ནི་ཞྭ་དམར་བའི། །བླ་སྒྲུབ་མ་ཆགས་ཐུགས་དམ་མཛོད། །བླ་མའི་རྣལ་འབྱོར་ཐམས་ཅད་ལས། །ཟབ་ཅིང་ངོ་མཚར་ཆེ་བ་ལ་སྟེ། །ཕལ་ཆེར་སྐྱེ་མེད་ཞང་གིས་གསུངས། །ཡེ་ཤེས་མཁའ་འགྲོས་ལུང་བསྟན་ཅིང་། །དེ་དག་ཉམས་སུ་བླངས་པ་ན། །ཐུགས་རྗེས་འཛིན་པའི་ཞལ་བཞེས་ཡོད། །དེ་ཡན་སྔོན་འགྲོའི་ཆོས་སྐོར་ནི། །རང་གིས་ཉམས་སུ་ལེན་བདེ་ཡིན། ༈ །དེ་དག་གོ་རིམ་རྩ་ཚིག་རྣམས། །སྟན་ཐོག་གཅིག་ཏུ་བསྒོམ་འདོད་ན། །སྔོན་འགྲོ་བཞི་སྦྱོར་བསྡུས་
པ་ནི། །འདོན་བསྒོམ་སྦྲགས་མ་ཆགས་མེད་གྱིས། །དངོས་གཞི་ཉམས་ལེན་བསྐྱེད་རྫོགས་གཉིས། །བསྐྱེད་རིམ་རྒྱལ་བ་རྒྱ་མཚོ་ནི། །ལྷ་དགུ་ལྷ་ལྔ་གང་འདོད་བསྒོམ། །གསར་མའི་ཆོས་ལ་དད་ཆེ་ན། །ལྷ་དགུ་གསར་མ་ཁ་རྐྱང་ཡིན། །གསར་རྙིང་གཉིས་ཀ་ལ་དད་ན། །ལྷ་ལྔ་གསར་རྙིང་གཉིས་ཀ་ཡིན། །ཆ་ལུགས་ལྷ་གྲངས་བསྒོམ་ལུགས་རྣམས། །ཆོ་གའི་གཞུང་ལ་བསམ་བློ་ཐོང་། །དེ་ཡང་ནམ་མཁའི་འཇའ་ཚོན་ལྟར། །གསལ་སྟོང་སྣང་སྟོང་ཉིད་དུ་བསྒོམ། །ཐུགས་ཀར་ཧཱུྃཡིག་མཐའ་སྐོར་དུ། །ཡི་གེ་བཅུ་པས་བསྐོར་བ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་སེམས་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཀུན། །འོད་ཟེར་དེ་ཡི་མཆོད་པས་མཉེས། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ། །གྱུར་ནས་ཆར་དང་ན་བུན་ལྟར། །བྱོན་ནས་རང་ལ་སིབ་སིབ་ཐིམ། །དམིགས་པ་འདི་ཉིད་གཅིག་པུའི་ལྟ་ཆོག །གྲུབ་ཐོབ་ཀརྨ་པཀི་ཡི། །བསྲེ་བ་གསུམ་གྱི་རྩ་བ་སྟེ། །ཟབ་ཆོས་བླ་ན་མེད་པ་ཡིན། །ཡི་དམ་བརྒྱ་སྟོང་གྲངས་མེད་ཀྱང་། །རྒྱལ་བ་རྒྱ་མཚོ་འདྲ་བ་མེད། །རྒྱུད་སྡེ་
བཞི་ཡི་སྤྱི་སྒྲུབ་ཡིན། །སྔགས་དང་སྙིང་པོ་གྲངས་མེད་ཀྱང་། །ཡིག་བཅུ་ཡིག་དྲུག་འདྲ་བ་མེད། །སངས་རྒྱས་སྟོང་གི་སྙིང་པོ་ཡིན། །ལྷ་འདི་དང་ནི་སྔགས་འདི་ལ། །འདི་ཕྱི་བར་གསུམ་བློ་གཏད་ཆོས། །ཚེ་ལ་བར་ཆད་མ་བྱུང་ན། །དུང་གཅིག་ཨེ་ཐོན་སྙིང་ལ་འཆང་། །འདི་ལས་ཟབ་ཅིང་ལྷག་པའི་ཆོས། །ངས་ནི་བཙལ་བས་མ་རྙེད་དོ། །བདག་ཀྱང་གསར་རྙིང་དུ་མ་ཡི། །ལྷ་སྔགས་མི་འདྲ་བརྒྱ་ཕྲག་ལྷག །འབྲེལ་འཇོག་བསྙེན་སྒྲུབ་བྱས་ན་ཡང་། །བློ་ཕུག་གཏད་ས་འདི་གཅིག་པུ། །འདི་ནི་ནོར་བུ་བས་ཀྱང་ལྷག །ཚེ་འདི་བདེ་སྐྱིད་ཕུན་སུམ་ཚོགས། །ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད། །འདི་དང་མཇལ་བ་ཚོགས་རེ་བསགས། །དེ་ཕྱིར་དགའ་བ་བསྒོམ་ཞིང་ཐོན། །དེ་ཡི་བསྐྱེད་རིམ་དོན་ཚང་ངོ་། །བསྐྱེད་རིམ་ངོ་བོ་ཞི་གནས་ཡིན། །ལྷ་དང་ཐུགས་ཀའི་སྔགས་འཁོར་ལ། །མ་ཡེངས་རིག་པ་གཏད་པའི་ཚེ། །རིག་པ་གཞན་དུ་མི་འཕྲོ་བར། །ལྷན་ནེ་གནས་ན་ཞི་གནས་ཡིན། །རྟགས་དང་བྱིན་རླབས་དེ་ལས་འབྱུང་། །མི་གསལ་ཡ་དེ་ཡུད་དེ་ལ། །རྟགས་མཚན་གསལ་པོ་འོང་བ་མིན། །རྟགས་དེ་གང་ཡིན་མ་ཤེས་
ན། །སྒྲིབ་པ་ཆུང་ན་དངོས་སུ་འོང་། །མར་མེ་ཡོན་ཆབ་འཛིན་པ་དང་། །གཏོར་མ་མི་རུལ་མི་འཁེང་དང་། །སྔགས་ཀྱི་སྒྲ་དང་ལུང་བསྟན་ཚིག །བར་སྣང་ཁམས་ནས་གྲག་པ་དང་། །ནམ་མཁའི་ཁམས་ནི་བར་སྣང་ལ། །ལྷ་དང་བླ་མ་ཡིག་འབྲུ་མཐོང་། །འབྲིང་ལ་ཉམས་ལ་འབྱུང་བ་སྟེ། །གཉིད་པ་མ་ཡིན་མ་གཉིད་མིན། །གཉིད་ཡུལ་འདྲ་བའི་སྐབས་ལ་འབྱུང་། །ཐ་མ་རྨི་ལམ་གསལ་པོ་འབྱུང་། །ལྷ་དང་བླ་མ་མཇལ་བ་དང་། །ཆོས་གསུངས་ལུང་བསྟན་དབང་བསྐུར་དང་། །པོ་ཏི་རྡོ་དྲིལ་ཡི་དམ་སྐུ། །བཀྲག་མདངས་ལྡན་པ་རྙེད་པ་དང་། །ཁྲུས་བྱས་གོས་དཀར་གྱོན་པ་དང་། །གྱེན་ལ་འགྲོ་དང་ནམ་མཁར་འཕུར། །སངས་རྒྱས་ཞིང་ཁམས་གནས་རི་མཐོང་། །དར་ཕྱར་དུང་འབུད་ཁྲི་ལ་འདུག །ཁྲོམ་ལ་ཆོས་བཤད་ཡིག་དྲུག་བསྐུལ། །མེ་ཏོག་ཆར་འབབ་འཇའ་གུར་ཕུབ། །དེ་སོགས་རྨི་ལྟས་བཟང་པོ་རྨིས། །སད་མ་ཐག་ཏུ་སེམས་ཝུ་དགའ་བ། །བྱིན་རླབས་དངོས་གྲུབ་ཐོབ་རྟགས་ཡིན། །བཟང་པོ་བཟང་ཡང་སད་མ་ཐག །བློ་མི་བདེ་ན་མགོ་གཡོགས་རྟགས། །བཟང་ལ་ཧ་ཅང་དགའ་ཚོར་དང་། །ངན་ལ་
ཧ་ཅང་རྣམ་རྟོག་སྤངས། །དེ་ཡི་བར་ཆད་དངོས་གྲུབ་འགྱུར། །དང་པོ་རེས་འགའ་བསྐྱེད་རིམ་བསྒོམ། །དེ་ནི་སུན་ནམ་མི་གསལ་ན། །དེ་ནས་སེམས་ཀྱི་ངོ་བོ་བལྟ། །དང་པོ་དེ་གཉིས་རེས་མོས་བྱ། །ཕྱིས་ནས་ཟུང་འཇུག་ཨེ་ཐུབ་ཚད། །སེམས་ཀྱི་སེམས་ལ་ལྟ་བ་འདི། །རྗེ་བཙུན་མི་ལ་རས་ཆེན་དང་། །རང་བྱུང་རྡོ་རྗེའི་ལྟ་བ་ཡིན། །གང་ཤར་བཟོ་བཅོས་མི་བྱེད་པར། །མ་བཅོས་རང་ངོ་སྐྱོང་བ་འདི། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡིན། །རྫོགས་ཆེན་ཁྲེགས་ཆོད་ཉམས་ལེན་ཡིན། །ཧ་ཅང་འཚུབ་ཅིང་རྒོད་པའི་དུས་། །ལུས་སེམས་ལྷོད་དེ་ལྷོད་ལ་ལྟོས། །མ་གསལ་རྨུག་གེ་འདུག་པའི་དུས། །ལུས་སེམས་བསྒྲིམ་མེད་བསྒྲིམས་ལ་ལྟོས། །རེ་འགའ་ཟ་ཞིང་ཟ་ཞིང་ལྟོས། །ཟག་མེད་ཚོགས་ཀྱི་འཁོར་ལོ་ཡིན། །རེས་འགའ་འགྲོ་ཞིང་འགྲོ་ཞིང་ལྟོས། །གནས་ལུགས་དོན་གྱི་བསྐོར་བ་ཡིན། །རེས་འགའ་ཉལ་ཞིང་ཉལ་ཞིང་ལྟོས། །འོད་གསལ་འཛིན་པའི་གདམས་པ་ཡིན། །གཅིག་པུར་སེམས་ངོ་བཟང་ན་ཡང་། །མང་པོའི་གསེབ་ཏུ་སྤྲེད་ལ་ཡར། །མང་པོའི་ནང་དུ་མ་ཡེངས་ན། །དེ་ནི་བོགས་ཆེ་ལྷག་པ་ཡིན། །ནངས་ནུབ་
ནམ་སྐབས་ཡུད་ཙམ་རེད། །ལུས་གནད་རྣམ་སྣང་ཆོས་བདུན་བཅའ། །རྟེན་འབྲེལ་ལུས་ལ་བསྒྲིག་པ་ན། །རྟོགས་པ་སེམས་ལ་འཆར་བ་ཡིན། །འདི་བསྒོམ་གཏད་སོ་མེད་པ་རུ། །མ་ཡེངས་དྲན་པའི་གསལ་འདེབས་བྱ། །རེས་འགའ་གསལ་སྟོང་རྗེན་ལྷང་ངེ་། །ངེས་ཤེས་སྙིང་ནས་སྐྱེས་ན་ཡང་། །དེ་ལ་ང་རྒྱལ་རློམ་སེམས་སྤོངས་། །མེར་རེ་འཁྱིལ་ལེ་འགྱུ་བ་ཉུང་། །ལུས་བདེ་སེམས་བདེ་དགའ་ཡ་ལེ། །སྤྱོད་ལམ་ཀུན་ཏུ་འབྲལ་མེད་ཀྱང་། །དེ་ལ་ཆགས་འཛིན་ཞེན་ཁྲིས་སྤངས། །རེས་འགའ་སེམས་འཚུབས་སྙིང་མི་དགའ། །སྤྲོ་ཐུང་སེམས་ལ་ལྟ་ན་ཡང་། །ལྟ་རྒྱུ་མི་རྙེད་རྩུབ་ཁ་རེ། །དེ་དུས་ལུས་སེམས་ཀློད་ལ་ལྟོས། །ངན་རྒྱུ་མེད་པས་སྡུག་མི་དགོས། །རེས་འགའ་བལྟས་ཀྱང་མི་གསལ་ན། །ཐིབ་བེ་སྨུགས་སེ་འདི་ཡིན་མེད། །དེ་ཡི་མི་ཆོག་བསམ་པ་ཡིན། །བློ་ཁ་མི་ཚིམ་མི་དགོས་སོ། །གང་ཤར་བཟང་ངན་ཁྱད་པར་མེད། །འཁྱིལ་བའི་ཆུ་དང་རྦ་ཀློང་ཆུ། །བརྙོག་པའི་ཆུ་རྣམས་ཆུ་ཡིན་ལྟར། །གང་ཤར་ཤར་ཡང་སེམས་ཉིད་ཡིན། །སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ། །མ་ཡེངས་གཅིག་པུར་བསྒོམ་དུ་
མཉམ། །རེས་འགའ་སྟོང་པ་ཧད་དེ་བ། །ལྟ་རྒྱུ་ཅི་ཡང་མེད་པ་འདྲ། །དེ་དུས་དེ་རང་ངང་ལ་ཞོག། ༈ །།ཕྱག་རྒྱ་ཆེན་པོའི་རྟོགས་པ་དེ། །།འདོད་པ་ཆེ་བས་སྐྱེ་བ་མིན། །ཤེས་རབ་ཆེ་བས་སྐྱེ་བ་མིན། །རྟོགས་སྤྱོད་མང་ཡང་སྐྱེ་བ་མིན། །ཡོན་ཏན་མཁས་ཀྱང་སྐྱེ་བ་མིན། །བྱིན་རླབས་སྟོབས་ཀྱིས་སྐྱེ་དགོས་ཏེ། །བྱིན་རླབས་འཇུག་པར་བྱེད་པ་ལ། །མོས་གུས་དྲག་པོས་གསོལ་འདེབས་དགོས། །དེ་ཕྱིར་བཀའ་བརྒྱུད་ཐམས་ཅད་ཀྱིས། །ཆོས་སྤྱོད་གཙོ་བོ་གསོལ་འདེབས་ལ། །བྱེད་པའི་གནད་དེ་༼དགོས་པར་སྣང་། །དེ་ཕྱིར་ཐུན་བཞི་བླ་སྒྲུབ་གཉིས། །རྩེ་གཅིག་མོས་གུས་དྲག་པོས་ཐོན། །གསོལ་འདེབས་རྒྱང་འབོད་ཚུལ་དུ་གྱིས། །མོས་གུས་དྲག་པོ་གང་ཡིན་ན། །བླ་མའི་གསོལ་འདེབས་བྱས་ཙམ་ན། །རང་དབང་མེད་པར་མཆི་མ་འཁྲུགས། །བ་སྤུ་གཡོ་ཤིང་དབང་མེད་དུ། །རྒྱང་འབོད་ཤོར་ན་མོས་གུས་ཡིན། །དེ་ལྟར་བྱས་པས་རྟོགས་པ་དེ། །སྔར་དང་མི་འདྲ་མཚར་པོ་འཆར། །ལྟ་མི་རྟ་རྒྱུ་གཅིག་ཏུ་འདྲེས། །འདི་བསྒོམ་གཏད་སོ་སྤུ་ཙམ་མེད། །བདེ་དང་གསལ་དང་མི་རྟོག་ཉམས། །གང་ཡང་
ཡིན་ཞིང་གང་ཡང་མིན། །ངག་ནས་བརྗོད་རྒྱུ་མེད་པ་ལ། །སེམས་ལ་འདི་ཡིན་གཏད་སོ་མེད། །སྔར་གྱི་ཉམས་རྣམས་ཤུན་པར་བུད། །ངོ་བོ་མཐོང་བའི་དུས་ཚོད་ཡིན། །ད་རུང་ཡེངས་ན་ཐ་མལ་པ། །མ་ཡེངས་དྲན་རྫི་ཡང་ཡང་བརྟེན། །དེ་རྣམས་རྫོགས་པ་ཆེན་པོའི་སྐབས། །གཞི་ཡི་ཁྲེགས་ཆོད་ཉམས་ལེན་ཡིན། །ཕྱག་རྫོགས་གཉིས་ལ་ཁྱད་པར་མེད།། ༈ །།དེ་ནས་རྫོགས་ཆེན་ཁོ་ན་ཡི། །ཁྱད་ཆོས་མ་བསྒོམས་སངས་རྒྱས་ཐབས། །བལྟས་པས་གྲོལ་བའི་ཐོད་རྒལ་ནི། །ཕྱག་ལེན་བཞིན་དུ་མིག་གིས་ལྟོས། །ཁ་དོག་སྣ་ཚོགས་འཇའ་དང་འོད། །འཇའ་དང་འོད་ནི་མ་ཡིན་ཏེ། །རང་ལུས་རྒྱལ་བ་ཞི་ཁྲོའི་འོད། །ཡེ་ཤེས་རྩ་ཡི་རྒྱུད་ལས་བརྒྱུད། །ནམ་མཁར་དངོས་སུ་འཆར་བ་ནི། །དཀར་སེར་དམར་ལྗང་མཐིང་ཁ་ལྔ། །རྒྱལ་བ་རིགས་ལྔའི་འོད་ཟེར་ཏེ། །ཡེ་ཤེས་རྣམ་པ་ལྔ་པོ་སྟེ། །མངོན་སུམ་མིག་གིས་མཐོང་བ་ཡིན། །རྒྱལ་བ་རིགས་ལྔ་མཇལ་དང་མཉམ། །དེ་ལ་མིང་དང་མཚན་གསོལ་བ། །རྣམ་དག་དབྱིངས་ཀྱི་སྒྲོན་མ་ཟེར། །དེ་ནང་ཐིག་ལེ་ཐིག་ཕྲན་ནི། །ཆུ་རིས་
འབུམ་གྱིས་རྦ་འཁོར་འདྲ། །མེར་རེ་ཡམ་ཡམ་ངོ་མཚར་བ། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིན། །དེ་ནང་རྟ་རྔའི་ཕྲ་སྦོམ་ཙམ། །དྲྭ་བ་དྲྭ་ཕྱེད་མིག་མང་རིས། །ལྕགས་ཐག་འདྲ་བ་འཆར་བ་ནི། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །དེ་གསུམ་གཅིག་གིས་གཅིག་མ་སྒྲིབ། །སྣང་སྟོང་གསལ་སྟོང་ཟུང་དུ་འཇུག །སྒྱུ་མ་ཆུ་ཟླ་འཇའ་ཚོན་བཞིན། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཡིན། །ནངས་སྔ་ནུབ་ཕྱི་ཟེར་གཉིས་ལ། །ནམ་ཁོམ་མ་བརྗེད་ཡུད་ཙམ་ལྟོས། །གཞན་ལ་མ་གསང་བཀའ་ཆད་འབྱུང་། །མ་གཟའ་དམ་གསུམ་སྙིང་ཁྲག་འདི། །ཤིན་ཏུ་ཟབ་ཅིང་གཉན་པའི་ཆོས། །དེ་ནས་ལྟ་བས་མི་བཟོད་པའི། །བཀྲག་མདངས་ཆེན་པོའི་ཐིག་ལེའི་དཀྱིལ། །ཐིག་ལེ་ལྔ་ཚོམ་སུམ་ཚོམ་འཆར། །ཡུད་ཙམ་གསལ་ཞིང་མེད་པར་འབྱུང་། །ཡུན་ནི་དེ་ལས་ཇེ་རིང་བརྟན། །གཡས་གཡོན་གང་དུ་གསལ་པོ་འཐེན། །རི་རྩེ་ལུང་པ་གང་བར་འཆར། །གཉིད་ཡུལ་ཙམ་དུ་ཁྲ་ཆེམ་འགྲོ། །ཆོས་ཉིད་མངོན་སུམ་སྣང་བ་ཡིན། །དེས་ཀྱང་བར་དོ་ངོས་ཟིན་གསུངས། །དེ་ནས་ཇེ་ཆེ་ཇེ་འཕེལ་བ། །ཉམས་སྣང་གོང་འཕེལ་ཞེས་བྱའོ། །དེ་ནས་འཇའ་འོད་
ཐིག་ལེའི་ནང་། །ཡིག་འབྲུ་ཕྱག་མཚན་སྐུ་གཟུགས་དང་། །མཆོད་རྟེན་དཀྱིལ་འཁོར་ལ་སོགས་འཆར། །དེ་ནས་ངོ་ཤེས་མི་ཤེས་པའི། །ལྷ་ནི་མང་པོ་དུ་མ་འཆར། །ཞི་ཁྲོའི་ལྷ་ཚོགས་ཀུན་མཇལ་ན། །རིག་པ་ཚད་ཕེབས་སྣང་བ་སྟེ། །བར་དོ་དེ་ཡི་བསྒྲོད་མི་དགོས། །ཕྱི་དབུགས་ཆད་པའི་སྐད་ཅིག་ལ། །འོད་ཀྱི་སྦུ་གུ་མིག་ལ་ཟུག །རིག་པ་རྡོ་རྗེ་སེམས་དཔའ་ཡི། །ཐུགས་ཀར་ཐིམ་ནས་སངས་རྒྱས་རྟགས། །འཇའ་འོད་རྟེན་དང་རིང་བསྲེལ་འབྱུང་། །དེ་ནས་མ་བསྒོམས་ན་ཡང་ཆོག །འདི་ལས་ཟབ་དང་སླ་བའི་ཆོས། །རྟ་རྨིག་ལྕགས་བཏུམས་འཛམ་བུའི་གླིང་། །བསྐོར་ཡང་གཞན་ནས་རྙེད་མི་སྲིད། །དེ་ཕྱིར་བརྩོན་འགྲུས་དྲག་པོས་ལྟོས། །དེ་ཡིས་རྫོགས་ཆེན་དོན་རྩ་ཚང་། །མིག་གིས་འཇའ་འོད་ཐིག་ལེ་ལྟར། །སེམས་ཀྱིས་དེ་དང་རང་སེམས་བསྲེས། །དབྱེར་མེད་སེམས་ངོ་སྐྱོང་ཐུབ་ན། །མིག་གིས་མཐོང་བ་གསལ་བ་སྟེ། །ངོ་ལྟ་བོ་སྟོང་པར་མཐོང་བ་ནི། །གསལ་སྟོང་ཟུང་དུ་འཇུག་པ་སྟེ། །ཕྱག་རྫོགས་ཟུང་འཇུག་ཉམས་ལེན་ཏེ། །ཀརྨ་པཀི་རང་བྱུང་བ། །རོལ་པའི་རྡོ་རྗེའི་དགོངས་པ་ཡིན། །
གསར་རྙིང་བཀའ་གཏེར་ཐམས་ཅད་ལ། །དེ་བས་ཐེག་པ་མཐོ་བ་དང་། །དེ་བས་ས་ལམ་ཆོད་མྱུར་བ། །གཅིག་ཀྱང་སྲིད་པ་མ་ཡིན་ཏེ། །ཐེག་པ་དགུ་ཡི་ཡང་རྩེ་ཡིན། །དེ་ལ་ངེས་ཤེས་བསྐྱེད་པར་མཛོད། ༈ །ནུབ་མོ་ཉལ་ཁ་ལུས་སྦྱིན་མཛོད། །ལུས་སྦྱིན་མཛད་ཚེ་དམིགས་པའི་གནད། །རང་གི་སྙིང་གར་རྣམ་ཤེས་དེ། །རང་གི་ཚེ་དང་བསོད་ནམས་དང་། །དབང་བསྐུར་ཡེ་ཤེས་བསྟིམ་པ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །ལུས་ལྷ་ཐམས་ཅད་དབྱེར་མེད་པའི། །ཕག་མོའི་སྐུ་འམ་ཐིག་ལེ་དེ། །ནམ་མཁར་སྤར་ནས་ཇེ་ཆེ་ཡི། །ཕག་མོ་རི་རབ་ཙམ་དུ་བསྒྱུར། །རང་ལུས་བེམ་པོ་རི་རབ་ཙམ། །ཆེ་ལ་ཚོ་བ་རི་རབ་ཙམ། །དེ་ལ་གྲི་གུག་ཚད་ཙམ་ལས། །ཐོད་པ་རྒལ་གྱིས་བཅད་ནས་འཕར། །སྟོང་གསུམ་ཙམ་གྱི་སྣོད་དུ་གྱུར། །གྲི་གུག་རྩེ་མོ་ཚད་ཙམ་གྱིས། །བེམ་པོ་བླངས་ནས་ཐོད་པར་འཕང་། །དེ་ལ་གྲི་གུག་ཚད་ཙམ་གྱིས། །ཤ་ཁྲག་རུས་པ་སིལ་བུར་གྱུར། །ཨོཾཨཱཧཱུྃ་ཞེས་བརྗོད་པ་ཡིས། །བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །རང་གི་ཐུགས་ལས་སྤྲུལ་པ་ཡིས། །མཁའ་འགྲོ་བྱེ་བ་དུང་ཕྱུར་གྱིས། །
ཕྱག་ན་བྷནྡྷའི་སྐྱོགས་ཀྱིས་ནི། །བདུད་རྩིའི་རྒྱ་མཚོ་དེ་ལ་བཅུས། །ནམ་མཁའི་དབྱིངས་ཀུན་གང་བ་ཡི། །བླ་མ་ཡི་དམ་ཐམས་ཅད་མཆོད། །དེ་འོག་མཁའ་འགྲོ་ཆོས་སྐྱོང་མཆོད། །དེ་འོག་ལྷ་སྲིན་འཇིག་རྟེན་སྐྱོངས། །ཡུལ་ལྷ་གཞི་བདག་ཐམས་ཅད་མཆོད། །དེ་འོག་ལན་ཆགས་བགེགས་རིགས་དང་། །རིགས་དྲུག་སེམས་ཅན་ཐམས་ཅད་མཆོད། །དེ་རྣམས་ཡོད་པར་བསྒོམས་པ་ལས། །སྤྱན་འདྲེན་ལ་སོགས་མི་དགོས་སོ། །དེ་ནས་དེ་རྣམས་སྒོམ་མཁན་ནི། །གཞན་ན་མེད་དེ་རང་གི་སེམས། །མགྲོན་དང་མཆོད་རྫས་མཆོད་མཁན་ཀུན། །སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ། །ལོག་ནས་དངོས་སུ་གྲུབ་པ་མེད། །དེ་ཕྱིར་སེམས་ཀྱི་ངོ་བོ་ལྟོས། །བལྟས་པས་མ་མཐོང་ངང་ལ་ཞོག །དེ་ཡིས་ཚོགས་རྫོགས་སྒྲིབ་པ་དག །བར་ཆད་ཐམས་ཅད་རང་སར་ཞི། །ལྷ་འདྲེ་དབང་འདུས་ཅི་བསམ་འགྲུབ། །བདག་འཛིན་བློ་ཡིས་བཏང་བ་ཡི། །རིམ་གྲོ་བརྒྱ་ཡིས་དོ་ཟླ་མིན། །ཕ་རོལ་ཕྱིན་པའི་ཉམས་ལེན་ཏེ། །མ་གཅིག་ལབ་སྒྲོན་གདམས་པ་མཆོག །རི་ཁྲོད་འཛིན་ན་མེད་ཐབས་མེད། །རང་ཉིད་ན་བ་ལ་སོགས་དུས། །
ངག་ནས་འདོན་པར་མ་ནུས་ཀྱང་། །ཡིད་ཀྱིས་ཚར་གྲངས་བརྒྱ་རྩ་བསྒོམ། །བསྒོམས་པས་བར་ཆད་འཕྲལ་ཉིད་དུ། །སེལ་བ་མྱོང་བས་གྲུབ་པའོ། ༈ །ཆོས་སྒོར་ཞུགས་ཤིང་ཆོས་བྱས་པའི། །ལ་དོན་ནམ་འཆི་ཆ་མེད་པས། །ཤི་ནས་གར་འགྲོའི་གཏད་སོ་ཅིག །ད་ལྟ་ཉིད་ནས་ཡོད་གལ་ཆེ། །དམ་ཆོས་ཁོ་ན་བྱས་ན་ཡང་། །གར་འགྲོ་ཏིག་ཏིག་མ་བྱས་ན། །ཚེ་སྔོན་ལས་འཕྲོ་བཟང་ངན་མང་། །དགྲ་རྣམས་བློ་རྣམས་ཟེར་བའི་དཔེ། །གང་ན་འགྲོ་ཡང་ངེས་པ་མེད། །དགེ་སྡིག་མཚམས་མེད་ཅེས་བྱ་བ། །དགེ་བ་ཤིན་ཏུ་རླབས་ཆེན་དང་། །སྡིག་པ་ཤིན་ཏུ་སྟོབས་ཆེན་ནི། །སྐྱེ་བ་རྒྱབ་མ་ཉིད་ལ་སྨིན། །སྐྱེ་བ་གཞན་གྱིས་བར་མི་ཆོད། །དེ་ཕྱིར་མཚམས་མེད་ཟེར་བ་ཡིན། །དེ་མིན་དགེ་བ་ཕལ་ཆེར་ནི། །སྐྱེ་བ་རྒྱབ་མའི་རྒྱབ་མར་སྨིན། །དེ་མིན་དགེ་སྡིག་ཕྲ་ཞིབ་རྣམས། །ནམ་ཞིག་ངེས་པར་སྨིན་ན་ཡང་། །སྐྱེ་བ་བརྒྱ་སྟོང་ཁྲི་འབུམ་སོགས། །ནམ་སྨིན་ངེས་པ་མེད་པར་གསུངས། །ཤི་ནས་བདུན་གཉིས་ཚུན་ཆོད་ལ། །དགེ་སྡིག་ལས་ཀྱིས་མི་སླེབས་ཏེ། །སྡིག་པོ་ཆེ་ཡི་གསེང་ལམ་ཞེས། །ཞི་ཁྲོའི་ལྷ་ཚོགས་ངོས་ཟིན་
ན། །སྡིག་ཆེན་ཡིན་ཡང་དག་པ་ཡི། །ཞིང་ཁམས་རྣམས་སུ་སྐྱེ་བར་གསུངས། །ཞིང་ཁམས་རྣམ་པ་དཔག་མེད་དེ། །མངོན་དགའ་དཔལ་ལྡན་ལས་རབ་ཞིང་། །ས་ཐོབ་མ་གཏོགས་སྐྱེ་མི་སྲིད། །འཐུག་པོ་བཀོད་དང་འོག་མིན་ཞིང་། །ས་བརྒྱད་མ་ཐོབ་སྐྱེ་མི་སྲིད། །ཟངས་མདོག་དཔལ་རི་དགའ་ལྡན་གནས། །སྐྱེས་ཀྱང་ཕྱིར་ལ་ལྟུང་བ་སྲིད། །བདེ་བ་ཅན་གྱི་ཞིང་ཁམས་ན། །སྨོན་ལམ་བཏབ་ཅིང་བློ་གཏད་ན། །དམ་ཆོས་སྤངས་དང་མཚམས་མེད་ལས། །བྱས་པ་མ་གཏོགས་སྐྱེ་བ་དང་། །སྐྱེས་ནས་ཕྱིར་ལ་མི་ལྟུང་དང་། །སྡུག་བསྔལ་ཅིག་ཀྱང་མི་སྲིད་དང་། །བདེ་སྐྱིད་ཐམས་ཅད་འཛོམ་པ་དང་། །བསྐལ་པ་བྱེ་བ་བརྒྱ་སྟོང་ལ། །འཆི་དང་ན་དང་རྒས་པ་མེད། །ཅི་འདོད་རྩོལ་བསྒྲུབ་མི་དགོས་པར་། །བསམ་ཚད་མདུན་དུ་འབྱུང་བ་དང་། །ལུས་ལ་མཚན་དཔེ་འོད་ཟེར་ལྡན། །མངོན་ཤེས་ལྔ་ལྡན་རྫུ་འཕྲུལ་གྱིས། །འཕུར་ཡུལ་ནས་སངས་རྒྱས་ཞིང་ཀུན་བགྲོད། །དེ་འདྲའི་ཡོན་ཏན་བདེ་སྐྱིད་ནི། །དེ་རུ་སྐྱེས་ཚད་རྣམས་ལ་ཡོད། །འོད་དཔག་མེད་པའི་སྨོན་ལམ་གྱི། །སྟོབས་ལས་དེ་རྣམས་འབྱུང་བ་
སྟེ། །སྐྱེ་སླ་ཞིང་ཁམས་གཞན་རྣམས་ལས། །བདེ་སྐྱིད་ཡོན་ཏན་འདི་ཉིད་ཆེ། །དེ་ཕྱིར་དགེ་སྦྱོར་གང་བྱེད་ཀུན། །དེ་རུ་སྐྱེ་བའི་རྒྱུར་བསྔོ་ཞིང་། །རང་ཉིད་བེམ་རིགས་བྲལ་མ་ཐག །ཤི་བ་ཡིན་པར་ངོ་ཤེས་ཚེ། །ཞིང་ཁམས་དེ་རུ་འགྲོ་བསམ་པའི། །བློ་ཐག་ད་ལྟ་ནས་ཆོད་ཅིང་། །རྒྱུན་དུ་ཡིད་ལ་དྲན་པ་གཅེས། །དྲན་པ་ཙམ་ནས་ཕྱིན་པ་སྟེ། །ཡིད་ཀྱི་ལུས་ནི་རླུང་དང་འདྲ། །འགྲོ་ལ་དཀའ་ལས་དགོས་པ་མིན། །འོན་ཀྱང་ཚེ་སྔོན་ལས་སྒྲིབ་ཀྱིས། །ཡུལ་དང་ས་ཕྱོགས་འདི་ཉིད་དུ། །སྐྱིད་སྣང་ཆགས་སེམས་ཆེན་པོ་དང་། །ད་དུང་མི་ལུས་གཅིག་བླངས་ན། །ཆོས་འགའ་བྱེད་རྒྱུ་ཡོད་བསམས་ནས། །འགྲོ་རྒྱུ་ཡོད་ཀྱང་མི་འགྲོ་བ། །དེ་འདྲ་བདུད་ཀྱི་བར་ཆད་དེ། །དེ་འདྲ་འོང་ཉན་བག་ཆེ་འདུག་པས། །འཁོར་བའི་གནས་འདིར་མ་ཆགས་པར། །བྱ་རྒོད་རྙི་ལས་ཐར་བའམ། །ཉེས་ཆེན་བཙོན་ལས་ཐར་བ་བཞིན། །ཤི་ནས་བདེ་བ་ཅན་ཉིད་དུ། །འགྲོ་བའི་བསམ་བློ་ཡང་ཡང་ཐོངས། །བསྔོ་བ་སྨོན་ལམ་ཡང་ཡང་གྱིས། །འདི་ནི་གལ་ཆེན་གནད་ཆེན་ཏེ། །རྟག་ཏུ་ཡིད་ལ་མ་བརྗེད་ཅིག །འཆི་བ་ཡིད་ལ་ནམ་དྲན་དུས། །བདེ་
ཆེན་ཞིང་དེ་དྲན་པར་གྱིས། །ཅིས་ཀྱང་དེ་རུ་སྐྱེ་འདོད་ན། །བརྒྱ་ཕྱག་ལ་སོགས་འཚལ་དུས་སུ། །ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་དང་། །འོད་དཔག་མེད་པ་གཙོ་འཁོར་ལ། །དམིགས་ནས་ནུབ་ཏུ་ཁ་གཏད་ནས། །འཚལ་ན་མདུན་ནས་འཚལ་བ་དང་། །རྒྱངས་ནས་འཚལ་བ་ཁྱད་པར་མེད། །མ་གཅིག་ལབ་སྒྲོན་གསུངས་ལས་ཀྱང་། །མོས་གུས་ཕྱག་ལ་ཉེ་རིང་མེད། །གསུངས་ཕྱིར་དེ་ཡང་གདམས་ངག་ཡིན། །ཡང་ན་རྟེན་དང་མཆོད་ཆ་ལ། །འཚལ་ཡང་འོད་དཔག་མེད་དུ་བསྒོམ། །དེ་ལ་འཚལ་ཡང་འདྲ་བ་ཡིན། །བླ་མ་ཨོ་རྒྱན་པདྨ་ཡང་། །འོད་དཔག་མེད་ཀྱི་སྤྲུལ་པ་སྟེ། །ཁོང་ལ་དད་ཅིང་གུས་པ་རྣམས། །བདེ་བ་ཅན་དུ་སྐྱེ་བར་གསུངས། །ཡི་དམ་རྒྱལ་བ་རྒྱ་མཚོ་ཡང་། །བཞུགས་ས་བདེ་བ་ཅན་ཡིན་ཏེ། །པདྨ་དབང་གི་དཀྱིལ་འཁོར་དང་། །དབང་དྲག་རོལ་པའི་དཀྱིལ་འཁོར་དང་། །བདེ་ཆེན་དབང་དྲག་རོལ་པ་རྣམས། །དོན་སྒྱུ་གཅིག་མིང་གི་རྣམ་གྲངས་ཏེ། །བདེ་བ་ཅན་གྱི་ཞིང་ཁམས་ཡིན། །སྤྱན་རས་གཟིགས་དང་ཕྱག་རྡོར་གྱི། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ནི། །འཛམ་གླིང་ལྕང་ལོ་ཅན་སོགས་
སུ། །བཞུགས་ཀྱང་སྤྲུལ་གཞི་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་མཐུ་ཆེན་ཐོབ། །དངོས་ནི་བདེ་བ་ཅན་ན་བཞུགས། །ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ཡང་། །སྲིན་ཡུལ་བྱེ་བ་ཕྲག་བརྒྱར་བཞུགས། །དེ་ཚེ་སྤྲུལ་པ་རེ་རེ་སྟེ། །ཨོ་རྒྱན་དངོས་ནི་འོད་དཔག་མེད། །ཆོས་སྐུ་སྣང་བ་མཐའ་ཡས་ཡིན། །བདེ་བ་ཅན་གྱི་གཙོ་བོ་ཡིན། །མཉམ་མེད་དྭགས་པོའང་དེ་ན་བཞུགས། །ས་སྐྱ་རྗེ་བཙུན་རྩེ་མོ་དང་། །ངོམ་པ་མཁའ་སྤྱོད་པ་དང་ནི། །ཤང་པའི་ཁྱུང་པོ་རྣལ་འབྱོར་དང། །སྟག་ལུང་ངག་དབང་རྣམ་རྒྱལ་ཡང་། །བདེ་བ་ཅན་ན་བཞུགས་པར་གསུངས། །ཞྭ་ནག་འཛིན་པའི་ཀརྨ་པ། །དོན་ལ་སྤྱན་རས་གཟིགས་སྤྲུལ་ཏེ། །འོན་ཀྱང་སྐུ་སྐྱེ་རིམ་པ་རྣམས། །ཀརྨ་པ་ཡི་སྤྲུལ་པ་ཉིད། །དངོས་ཉིད་བདེ་བ་ཅན་དེ་ན། །དགེ་སློང་ཆོས་ཀྱི་གྲགས་པ་ཞེས། །འཁོར་ཡང་དགེ་སློང་བྱེ་བ་འབུམ། །བདེ་བ་ཅན་དེར་བཞུགས་སོ་ཞེས། །མཐོང་བ་དོན་ལྡན་ཉིད་ཀྱིས་གསུངས། །ཞྭ་དམར་ཅོད་པན་འཛིན་པ་ནི། །འོད་དཔག་མེད་ཀྱི་སྤྲུལ་པ་རུ། །ཉིད་ཀྱི་ཞལ་གྱིས་བཞེས་པ་དང་། །ཨོ་རྒྱན་ལུང་བསྟན་མང་པོ་མཐུན། །རང་རེ་རྣམས་ཀྱིས་བསྒྲུབ་རྒྱུ་
ཡིན། །ལྷ་དང་བླ་མ་ཐམས་ཅད་ཀྱང་། །བདེ་བ་ཅན་དུ་བཞུགས་པའི་ཕྱིར། །ཞིང་ཁམས་དེ་རུ་འགྲོ་བའི་ཐབས། །སྨོན་ལམ་བསྔོ་བ་གལ་ཆེ་སྟེ། །མི་ཚེར་དམ་ཆོས་བྱས་ན་ཡང་། །ངན་སོང་གསུམ་དུ་མི་སྐྱེ་ཡང་། །གར་སྐྱེ་སྨོན་ལམ་གཙོ་ཆེ་སྟེ། །རྟ་ཁ་སྲབ་ཀྱིས་བསྒྱུར་བ་འདྲ། །སྨོན་ལམ་ངན་ན་ངན་སར་སྐྱེ། །དཔེར་ན་རྒྱལ་པོ་ཀླུ་བདུད་གཟའ། །ས་བརྒྱད་ཐོབ་པའི་སེམས་དཔའ་སྟེ། །སྨོན་ལམ་ངན་པས་མ་རུངས་པ། །ཀུན་ལ་གནོད་པ་འདི་ལ་སོམས། །སྨོན་ལམ་འགྲུབ་པའི་རྟེན་དུ་ག་ཡང་། །བསོད་ནམས་དགེ་ཚོགས་བསགས་དང་གཅིག །ཡིད་ནི་མ་ཡེངས་རྩེ་གཅིག་གཉིས། །བསམ་པ་རྣམ་པར་དག་དང་གསུམ། །དེ་གསུམ་འཛོམས་ན་སྨོན་ལམ་འགྲུབ། །དེ་ཕྱིར་དགེ་སྦྱོར་གང་ཐོན་རྗེས། །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོས། །འདི་ནི་བཀའ་དང་བསྟན་བཅོས་དང་། །གསར་རྙིང་མདོ་རྒྱུད་རྒྱ་མཚོ་ལ། །བདག་གིས་བལྟ་བལྟས་ཤིང་དཔྱད་བྱས་པས། །ཟབ་མོ་གདམས་ངག་བདག་གིས་རྟོགས། །འདི་ལས་ཟབ་དང་གལ་ཆེ་བ། །གཅིག་ཀྱང་མེད་དོ་སྙིང་ལ་འཆང་། །དེ་སྐད་པདྨ་ཤེས་རབ་
ཀྱིས། །ཤོག་བུ་གཏད་པས་འཕྲལ་ཉིད་དུ། །གང་དྲན་བཅོས་གཏམ་བྲིས་པ་ལ། །ཚིག་འགྲིགས་ལེགས་པོ་མ་བྱུང་ཡང་། །དོན་ལ་ནོར་འཁྲུལ་མེད་དམ་སེམས། །མང་པོ་འགའ་ལ་ཕན་པར་ཤོག །རཱ་ག་ཨ་སྱས་སོ། །མངྒ་ལཾ། བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།