དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བ་རྣལ་འབྱོར་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ།
རྒྱ་གར་སྐད་དུ། ཤྲཱི་ཏཏྭ་པྲ་དཱི་པཾ་ནཱ་མ་མ་ཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛཱ། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བ་རྣལ་འབྱོར་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་དཔའ་བོ་ཆེན་པོ་དང་། དཔའ་མོའི་དབང་ཕྱུག་མས་ཡང་དག་པར་བསྐོར་ནས། ཤེས་རབ་ཀྱི་བྷ་ག་ལ་བཞུགས་སོ། །དེར་བཅོམ་ལྡན་འདས་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ལེགས་དགྱེས་ཆེན་པོའི་རོལ་པ་སྒེག་པས་ཉེ་བར་ལོངས་སྤྱོད་པ་དང་། མ་མཆུའི་བདུད་རྩིའི་བཏུང་བས་བཅོམ་ལྡན་འདས་མཉེས་པར་བྱས་ཏེ། ཁ་སྦྱོར་གྱི་ཐབས་ཀྱི་སྦྱོར་བ་ལས་ལངས་ནས། རི་རབ་ཀྱི་ཉི་རྡུལ་གྱི་གྲངས་ཀྱི་རྣལ་འབྱོར་མ་དང་ལྷན་ཅིག་པས་ལན་གསུམ་དུ་བསྐོར་བ་བྱས་ནས་
བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ཡེ་ཤེས་ཟླ་བར་གྲགས། །ལྟེ་བའི་ཀུ་མུད་ཁ་འབྱེད་པ། །གང་ཞིག་བདག་གི་ཞུ་བ་ཀུན། །མངའ་བདག་ཆེན་པོས་བདག་ལ་གསུངས། །དཔལ་ལྡན་བླ་ན་མེད་པའི་རྒྱུད། །རྣལ་འབྱོར་མ་ཞེས་རབ་གྲགས་པ། །ཨེ་བྃ་མ་ཡཱ་ལ་སོགས་སྒྲའི། །དོན་ནི་ཇི་ལྟ་བུར་ནི་བརྗོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ལྷ་མོ་སྤྱན་བཟང་རིང་། །ཁྱོད་ཀྱིས་ང་ལ་གང་ཞུས་པ། །ཨེ་བྃ་མ་ཡཱ་སོགས་སྒྲ་ཡིས། །ཁམས་གསུམ་འགྲོ་དང་མི་འགྲོ་བཅས། །ཤེས་རབ་ཐབས་ཀྱི་རང་བཞིན་གྱིས། །ཐམས་ཅད་རྒྱས་བཏབ་གཞན་གྱིས་མིན། །དེ་ཁོ་ན་ཉིད་སྒྲོན་མར་གྲགས། །དྲི་མེད་རྫོགས་པའི་འབྲས་བུའི་གཟུགས། །ཨེ་བྃ་མ་ཡཱ་དེ་ཉིད་གསུམ། །ཐོག་མར་བདག་བཅས་པ་དང་ནི། །རང་བཞིན་བཞི་ཡི་བྱེ་བྲག་ཏུ། །དོན་དམ་པར་ནི་ཤེས་པར་བྱ། །ཐོས་པའི་དོན་ནི་ཟླ་བ་བདེ། །དེ་ནི་ནམ་མཁའ་བཞིན་དུ་མཆོག། གཅིག་ཅེས་བྱ་བ་གཞན་མཆོག་རབ། །སྲིད་དང་མྱ་ངན་འདས་པ་སྤངས། །དུས་ནི་ཕྱག་རྒྱ་ཆེན་པོ་སྟེ། །བསྐྱེད་པ་དང་ནི་རྫོགས་དང་བྲལ། །བཅོམ་ལྡན་འདས་ནི་མཐའ་ཞེས་བྱ། །རང་དགའ་ཉམས་སུ་མྱོང་བའི་དངོས། །ཐམས་ཅད་ཡེ་ཤེས་གསུམ་སྟོང་ཉིད། །དེ་ཉིད་དེ་ཉིད་ཀྱིས་ནི་སྤངས། །དེ་བཞིན་གཤེགས་པ་རྣམ་འབྱེད་གྲགས། །དང་པོའི་གནས་ནི་རབ་གྲུབ་བྱེད། །སྐུ་ནི་དགའ་བའི་གཟུགས་སུ་གྲགས། །དབང་པོ་གཉིས་བྱུང་དང་བྲལ་བ། །གསུང་ནི་མངོན་པར་དགའ་ཞེས་བྱ། །དམ་ཚིག་ལས་བྱུང་གིས་ནི་སྤངས། །ཐུགས་ནི་དགའ་བྲལ་དགའ་ཞེས་བྱ། །ཡེ་ཤེས་ལས་བྱུང་བདེ་དང་བྲལ། །རྡོ་རྗེ་ལྷན་སྐྱེས་ཞེས་སུ་བསྟན། །རང་བཞིན་གྱིས་ནི་སྤངས་པའོ། །ལྷ་མོ་དཔལ་ཆེན་ཉི་མ་སྐྱེས། །ཞུ་བ་དགའ་བྲལ་དང་བྲལ་ལོ། །དཔའ་མོའི་དབང་ཕྱུག་མ་བདེ་རྟེན། །དང་པོའི་བདུད་རྩི་ལས་སྐྱེས་སོ། །ཡན་ལག་ཀུན་གྱིས་ཡང་དག་བསྐོར། །ཁྱབ་པ་སྲོག་གི་པདྨ་བཞིན། །ཤེས་རབ་ཚངས་པའི་སྒོ་ལྔའི་ཁྱིམ། །
ཚངས་པའི་ཡེ་ཤེས་འཛིན་ཕྱིར་རོ། །བྷ་ག་དངོས་པོ་འཇིག་པ་ཡིས། །ཡང་ན་ལོངས་སྤྱོད་མྱོང་བས་སོ། །བཞུགས་པ་རང་གི་ངོ་བོ་ལ། །གནས་པ་ཡང་ན་གཤེགས་པའོ། །དེ་ལྟ་བུ་ནི་དོན་དམ་པར། །འདི་སྐད་བདག་ལ་སོགས་པར་བཤད། །ཐམས་ཅད་རྣལ་འབྱོར་རྒྱུད་དུ་སྦས། །དེ་བཞིན་རྣལ་འབྱོར་བླ་མར་ཡང་། །ངེས་དང་དྲང་དོན་བྱེ་བྲག་ཏུ། །ཨེ་བྃ་མ་ཡཱ་ལ་སོགས་གནས། །རྒྱུད་ཤེས་པ་ཡི་དོན་ཕྱིར་ཏེ། །གཉིས་སུ་དབྱེ་བའི་རྒྱུད་རབ་བསྟན། །འབྲས་བུ་ཡེ་ཤེས་ཆེན་པོའི་རོ། །རང་གིས་ཉམས་མྱོང་ངོ་བོ་ཉིད། །རང་རིག་དག་གིས་མི་རྙེད་པས། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །ལྷ་མོས་གསོལ་པ། བཅོམ་ལྡན་ཡེ་ཤེས་རྒྱལ་པོ་ཉིད། །ལོག་པའི་ཡེ་ཤེས་མུན་འཇོམས་པ། །དེ་ཉིད་ཉི་ཤུ་གཉིས་བདག་ཉིད། །གང་ཞིག་ཡེ་ཤེས་ཐིག་ལེར་གསུངས། །དེ་ལ་ཡང་ནི་ངེས་པའི་དོན། །མཆོག་གི་དབང་ཕྱུག་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་དེ་ཉིད་ངེས་དོན་དུ། །ཞལ་བཟང་དེ་ནི་གསང་བའོ། །ཁྱོད་ཀྱི་ངོར་བྱས་བདག་གིས་བཤད། །དེ་ལྟ་མིན་ན་སྦས་པའོ། །ཨེ་བྃ་རྣམ་པའི་དབུས་སུ་ནི་གང་ཞིག་དྲུག་ཅུ་རྩ་བཞིའི་འདབ་མའི་དབྱིབས་ཀྱི་རྩའི་འཁོར་ལོ་དེ་ནི་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པའོ། །དེའི་ནང་དུ་གང་དུ་རྩ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཨུཏྤ་ལའི་རྣམ་པའི་འཁོར་ལོ་དེ་ནི་མཐའ་སྟེ། དེ་ལ་གང་ཞིག་ཟུར་བརྒྱད་པའི་རྣམ་པའི་ལྟེ་བ་དེ་ནི་སྣང་བའོ། །གང་ཞིག་ལྟེ་བའི་དབུས་ཡངས་པ་དེ་ནི་ནམ་མཁའོ། །དེར་ནི་ལྔ་གཉིས་ནས་བཟུང་སྟེ། བཅོ་ལྔའི་བར་གྱི་སའམ། དབང་ཕྱུག་གི་མངའ་བདག་བཞུགས་སོ། །དེར་གང་ཞིག་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་དེ་ནི་ལན་གསུམ་འབབ་པའི་ཕུང་པོའི་རྣམ་པར་ཤེས་པ་སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའི་གཟུགས་ཀྱིས་གསུམ་དུ་དབྱེ་བ་ཟུར་དང་པོ་ལ་ཐུན་ཚོད་གཅིག་གི་བར་དུ་འབར་བའོ། །གང་ཞིག་སྲོག་གི་དབྱིག་པ་དེ་ནི་ལུ་གུ་རྒྱུད་ཀྱི་རྣམ་པའི་མདུད་པ་སུམ་ཅུ་རྩ་གཉིས་སུ་སྦོམ་པ་དང་ཕྲ་བའི་ཐིག་ལེ་རོ་གཅིག་པའི་གཟུགས་ཀྱིས་དབྱིག་པའི་བདུད་རྩི་ཟུར་གཉིས་པ་ལ་
ཐུན་ཚོད་གཉིས་ཀྱི་བར་དུ་ཞུ་བའོ། །དྲུག་པོ་དེ་ནི་བསྐྱེད་པ་དང་རྫོགས་པའི་གྲགས་པ་དགའ་བ་དྲུག་ཟུར་གསུམ་པ་ལ་ཐུན་ཚོད་གསུམ་གྱི་བར་དུ་འཛག་པའོ། །གང་ཞིག་ཐིག་ལེ་ཤར་བ་དང་ནུབ་པ་དེ་ནི་ཐིམ་པ་དང་ལོངས་སྤྱོད་དུ་གྲགས་པའི་སྲོག་དེ་ནི་ཟུར་བཞི་པ་ལ་ཐུན་ཚོད་བཞིའི་བར་དུ་འབར་བའོ། །གང་ཞིག་འཕོ་བའི་སྦྱོར་བ་དེ་ནི་སྟེང་དང་འོག་གི་འདབ་མ་ཡོད་པར་བྱང་ཆུབ་ཀྱི་སེམས་འདུས་པའི་དབང་ནི་ཟུར་ལྔ་པ་ལ་ཐུན་ཚོད་ལྔའི་བར་དུ་ཞུ་བའོ། །གང་ཞིག་རྩའི་འཁོར་ལོ་འབྱུང་བ་དེ་ནི་ཡན་ལག་ཐམས་ཅད་ལ་བདུད་རྩི་རྒྱས་པ་ཟུར་དྲུག་པ་ལ་ཐུན་ཚོད་དྲུག་གི་བར་དུ་འཛག་པའོ། །གང་ཞིག་དབང་གི་རིམ་པ་དེ་ནི་གཅིག་ཉིད་སྲོག་གི་ཁ་རུ་སྲོག་ལ་འབབ་པ་དང་། འཕུར་བ་དང་ཁྱབ་པ་དེ་ཡང་ཟུར་བདུན་པ་ལ་ཐུན་ཚོད་བདུན་པའི་བར་དུ་འབར་བའོ། །གང་ཞིག་སྲུང་བའི་འཁོར་ལོ་དེ་ནི་མཐེའུ་ཆུང་གི་མདུད་པའི་ནང་དུ་བདུད་རྩི་ལ་བསྐོར་བ་ཟུར་བརྒྱད་པ་ལ་ཐུན་ཚོད་བརྒྱད་ཀྱི་བར་དུ་ཞུ་བའོ། །དེ་དག་ནི་གཡོན་དུ་བསྐོར་བའི་སྲོག་གི་རླུང་ལ་ཞོན་པ་ཉི་མ་སྐྱེ་བ་ལ་མཚན་མོ་དང་ཉིན་མོའི་བར་དུ་སུམ་ཅུ་རྩ་གཉིས་ཀྱི་ཚ་རྒྱས་པར་འགྱུར་རོ། །སུམ་ཅུ་རྩ་གཉིས་ཀྱི་ནང་ན་བཅུ་དྲུག་བྲལ་བའི་མཚན་ཉིད་མི་གསལ་བ་དང་། དགའ་བའི་མཚན་ཉིད་བཅུ་དྲུག་གསལ་བ་དེའི་དོན་གྱི་ཕྱིར་དགའ་བྲལ་གྱི་དགའ་བའི་མཚན་ཉིད་ཨཱ་ལིའི་རང་གི་ངོ་བོ་ཟླ་བའོ། །ཕྱི་དང་ཕྱིའི་དོན་རྣམས་ཀྱིས་ནི་ནང་དང་ནང་གི་དོན་གནས་པར་ཤེས་པར་བྱའོ། །དེ་ཡང་ཕྱིའི་ཚེས་ཀྱི་གྲངས་ཀྱིས་སོ། །ནང་སྲོག་གི་རླུང་གི་གྲངས་ཀྱིས་སོ། །ལྷ་མོས་གསོལ་པ། སུམ་ཅུ་རྩ་གཉིས་ཀྱི་ཆུ་སྐྱེས་ཀྱི་ཨུཏྤ་ལའི་རྣམ་པ་ལ་བདེ་བ་ཆེན་པོའི་ཀུན་དུ་སྤྱོད་པ་ངེས་པའི་དོན་གྱིས་གནས་པ་དེ་མཆོག་གི་དབང་ཕྱུག་གི་བཀའ་དྲིན་བསྐྱབ་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ལྷ་མོ་སྐལ་ལྡན་མོ། །གསང་བ་ཆེན་པོ་ཡེ་ཤེས་མཆོག། གང་ཞིག་ཤེས་པ་ཙམ་གྱིས་ནི། །ཐམས་ཅད་ས་ཡི་དབང་ཕྱུག་འགྱུར། །གང་ཞིག་སྙིང་པོའི་སྔགས་ནི་ཉིད། །དེ་ནི་བདག་ཉིད་བཅུ་དྲུག་བདེ། །ཀུན་རྫོབ་རི་བོང་ཅན་གྱི་
འོད། །དོན་དམ་པར་ནི་ནམ་མཁའ་བཞིན། །གང་ཞིག་སྐུ་བརྒྱད་མཆོག་སྦྱིན་ནི། །དེ་ནི་མཚན་མོ་བརྒྱད་མཆོག་གོ། །ལྷ་མོ་ཡང་ན་ཡེ་ཤེས་བརྒྱད། །མཚན་མོ་ཉིན་མོ་གཉིས་ལས་འབྱུང་། །གང་ཞིག་ཐིམ་དང་ལོངས་སྤྱོད་དབང་། །དེ་ནི་ངེས་པར་བསྐྱེད་རིམ་མོ། །ལྷ་མོ་བསྐྱེད་རིམ་གསལ་བ་སྟེ། །རིམ་ལས་བྱུང་བའི་བདེ་བ་ཆེ། །སྐལ་ལྡན་མོ་གང་ཡེ་ཤེས་སྐུ། །དེ་ནི་རིམ་སོགས་ཡན་ལག་སྤངས། །ཡན་ལག་བཞིར་དབྱེ་དྲུག་དབྱེ་འམ། །བསྐྱེད་དང་རྫོགས་པའི་རིམ་པའོ། །ལྷ་མོ་གང་ཞིག་གསང་བའི་སྒྲ། །དེ་ནི་ཡེ་ཤེས་གསུམ་དང་བྲལ། །ཡང་ན་གཞན་མིན་བདག་ཉིད་གསུམ། །མཚམས་ཀྱི་ཡེ་ཤེས་ཡོད་པའི་ཕྱིར། །ལྷ་མོ་གང་ཞིག་དམ་ཚིག་ནི། །སྲུང་བ་ལ་སོགས་ངེས་པར་རོ། །དེ་ནི་བདེ་བ་དབུས་གནས་སུ། །གཟུང་བྱ་ཡང་ན་གང་ནང་དུ། །གང་ཞིག་སྦྱིན་སྲེག་དོན་དམ་པར། །དེ་ནི་ཧ་ཞེས་གློ་བུར་ཏེ། །ཆར་ཡང་དབུས་ཡོད་ཐིག་ལེ་ནི། །གང་དུ་སྐད་ཅིག་གིས་ཐིམ་མོ། །གང་ཞིག་སྲུབ་དང་བསྲུབས་ཐབས་ནི། །དེ་ནི་ཐོག་མའི་དགའ་བ་སྤངས། །ལྷ་མོ་དེ་བཞིན་ཐ་མའང་མིན། །ཐོག་མ་ཐ་མ་གཉིས་དང་བྲལ། །སྐལ་ལྡན་མོ་གང་སྔགས་ཀྱི་བཟླས། །དེ་ནི་སྲིད་པ་འདས་པའི་ཡིད། །མྱ་ངན་འདས་པའི་གནས་ཀྱང་མིན། །གཉིས་ཀྱི་ངོ་བོ་གཉིས་དང་བྲལ། །གང་ཞིག་གནས་ནི་བརྒྱད་དུ་བསྟན། །དེ་ནི་ཉི་སྐྱེས་མ་རྒྱས་པ། །གནས་ཀྱི་དབང་གིས་ཤར་བ་ལ། །ཉེ་བས་མྱུར་དུ་རྒྱས་པའོ། །གང་ཞིག་དགའ་བ་ལ་སོགས་རིམ། །དེ་ནི་རིམ་པ་གཉིས་སུ་དབྱེ། །རྣམ་བཅས་ལས་ནི་དང་པོ་པ། །རྣམ་བྲལ་བཅུ་ཡི་དབང་ཕྱུག་གོ། །གང་ཞིག་དུར་ཁྲོད་རྣམ་རྟོག་བྲལ། །དབུགས་དབྱུང་ལ་སོགས་རྣམ་པར་སྤངས། །བྱང་ཆུབ་ཀྱི་ནི་སེམས་རོ་ལ། །རྣམ་པར་ཞུ་བ་དམ་ཚིག་ཕྱིར། །ལྷ་མོ་གང་ཞིག་ཆུ་ཡི་ངོགས། །དེ་ནི་རྟོག་མེད་མ་ཡི་མཐར། །ཡང་ན་དེ་རུ་བསྲོག་གི་རྩ། །བདེ་བའི་ཆུ་བོ་འབབ་པའི་ཕྱིར། །གང་ཞིག་སྣང་བ་སོགས་ཡེ་ཤེས། །དེ་ནི་དགའ་བ་དང་ལྡན་ཡིད། །ས་དང་ཆུ་དང་འོད་ཀྱི་གཟུགས། །དེ་བཞིན་རླུང་གི་ངོ་
བོ་དང་། །གང་ཞིག་དངོས་པོ་རྟེན་ལ་སོགས། །དེ་ནི་བདེ་བའི་དང་པོར་རིག། རང་གི་རྣམ་པའི་བྱེ་བྲག་གམ། །རྣམ་པར་དཔྱོད་པས་ངེས་པར་དཔྱོད། །ལྷ་མོ་གང་ཞིག་དུར་ཁྲོད་བརྒྱད། །དེ་ནི་བདེ་བ་ལ་ཐིམ་ཞེས། །རྣམ་པར་རྟོག་པ་འཛིན་པའི་སྐུ། །དེ་ལ་ཐིམ་ཞིང་ཐིམ་པའོ། །གང་ཞིག་ཤིང་ལ་སོགས་པའི་དོན། །དེ་ནི་དང་པོའི་བདུད་རྩི་རྒྱུ། །རྩ་དེ་བརྟེན་པའི་གཟུགས་སུ་གྲགས། །ཐམས་ཅད་རྣམ་པའི་བདེ་སྦྱིན་མ། །གང་རླུང་དེ་ཉིད་སྙིང་པོའི་དོན། །དེ་ནི་རིན་ཆེན་གདུ་བུའི་བདེ། །འཛུམ་པ་ཡིས་ནི་ཡང་དག་པར། །པདྨའི་ཞལ་དེ་མྱོང་བའོ། །ལྷ་མོ་གང་ཞིག་མཛུབ་ལ་སོགས། །དེ་ནི་གྱེན་དུ་གཟུང་བའི་རླུང་། །ཡང་ན་རྩ་ཡི་ཀུན་སྤྱོད་ལས། །འགྲོ་བའི་བདུད་རྩི་འཛིན་པའོ། །གང་ཞིག་ཉེར་འགྲོའི་བསམ་གཏན་སྦྱོར། །དེ་ནི་ཟླ་བ་གྱེན་དུ་བྱེད། །ཡང་ན་ཚངས་བཞི་རྣམ་དབྱེ་བྱས། །རྣམ་པར་ཤེས་པ་ལས་གཤེགས་གསོལ། །གང་ཉིད་ཡེ་ཤེས་ཐིག་ལེ་ནི། །དེ་ནི་དྲུག་ཕྱེད་གསུམ་དང་བྲལ། །བཅུ་དང་ལྔ་ཡི་ས་རྣམས་ནི། །དབང་ཕྱུག་འཕོ་མེད་སྐྱེ་མེད་དོ། །གང་ཞིག་བདག་གི་རང་ངོ་མཆོག། དེ་ནི་ངེས་པར་བཞི་པའི་འབྲས། །ཡང་ན་ཏོར་ཡ་ཉམས་སུ་མྱོང་། །འབྲས་བུའི་སྒྲས་ནི་བརྗོད་པའོ། །གང་ཞིག་ས་ཡི་དབང་བྱེད་པ། །དེ་ནི་དེ་ཉིད་དྲུག་རང་བཞིན། །དེ་ཉིད་དྲུག་ལས་དེ་ཉིད་གསུམ། །དེ་ཉིད་གསུམ་ལས་རང་བཞིན་གཅིག། གང་ཞིག་དེ་བཞིན་གཤེགས་པའི་སྐུ། །དེ་ནི་མྱ་ངན་འདས་མཚན་ཉིད། །ཡང་ན་དགའ་བ་དང་ནི་བྲལ། །དགའ་བྲལ་དགའ་མིན་རང་ངོ་བོ། །ལྷ་མོ་གང་ཞིག་རྒྱུད་བསྟན་པ། །དེ་ནི་བདེ་བ་ཤིན་ཏུ་འཕེལ། །བདེ་དང་བྲལ་བའི་བདེ་བ་ནི། །ཡང་ན་དེ་ཉིད་རྙེད་པའོ། །གང་ཞིག་ཕྱག་རྒྱ་ཆེ་རང་བཞིན། །དེ་ནི་ཐིམ་སོགས་ཡིད་ལས་འདས། །རང་གིས་ཉམས་མྱོང་རང་ངོ་བོ། །བསམ་གཏན་འཛིན་པ་སྤངས་པའོ། །གང་ཞིག་གསང་བ་དོན་དམ་པར། །དེ་ནི་དགའ་བ་དགའ་དང་བྲལ། །ཡང་ན་ནང་གི་རེག་བྱ་སྟེ། །རེག་བྱ་དང་བྲལ་རྟོག་པ་མེད། །གང་ཞིག་བསྐུལ་
བའི་མཆོད་པའི་དོན། །དེ་ནི་དྲི་མེད་བདེ་བ་འབྱུང་། །འདས་པ་ལས་ནི་ཡང་སྐྱེ་བ། །སྐྱེ་བ་དེ་ལ་འཕེལ་བའོ། །ལྷ་མོ་ཤེས་རབ་ཡེ་ཤེས་གང་། །དེ་ནི་ཁ་ལ་སྙིང་གར་བདེ། །ཁ་ནི་རྟག་ཏུ་ཤེས་རབ་ཡིན། །སྙིང་ག་ཡེ་ཤེས་བརྗོད་པའོ། །གང་ཞིག་གསང་བའི་དཀྱིལ་འཁོར་འཁོར། །དེ་ནི་ཁུ་བ་འཕོ་མེད་དགེ། །ཡང་ན་བདེ་ཆེན་རང་ངོ་བོ། །བདེ་བའི་རྣམ་པར་རྟོག་དང་བྲལ། །ལྷ་མོ་ཚིགས་རྒྱས་གང་ཞིག་ནི། །བྱ་གདོང་མ་དེ་ཁོང་དུ་ཆུད། །ཡང་ན་ཚིགས་ནི་ཞུ་མེད་ཁུ། །དགའ་མོ་རྒྱས་པ་མཆོག་ཡིན་ནོ། །འབྱུང་བ་བསྲུང་དོན་གཏོར་མ་གང་། །དེ་ནི་སྲོག་ཆགས་བསད་པའོ། །བཅད་པ་དེ་ནི་མཆོག་གི་གནས། །འགྲོ་བ་འགོག་པར་བྱེད་པའོ། །དེ་དག་ནི་མཆོག་གི་གསང་བ་ཆེན་པོའི་གསང་ཆེན་བཅོམ་ལྡན་འདས་མ་བཞི་བཅུའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་རྒྱལ་པོའི་བདུད་རྩིའི་གཏེར་ལ་ངེས་པའི་དོན་ཏོ།། །།ལྷ་མོས་གསོལ་པ། བཞི་བཅུའི་བདག་ཉིད་དེ་ཉིད་ནི། །ཤིན་ཏུ་རེག་མེད་གཟུང་བར་དཀའ། །ས་ཡི་དབང་ཕྱུག་དུ་ཙམ་ཞིག། མཆོག་གི་དབང་ཕྱུག་གིས་མཁྱེན་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྣ་ཚོགས་རྙེད་པ་སུམ་ཅུ་དྲུག། བཅུ་གཅིག་ས་ཡི་བདག་པོའོ། །དགའ་བ་རྙེད་པ་སུམ་ཅུ་བདུན། །བཅུ་གཉིས་ས་ཡི་བདག་པོར་བརྗོད། །མཆོག་དགའ་རྙེད་པ་སུམ་ཅུ་བརྒྱད། །དེ་ནི་བཅུ་གསུམ་པ་ཡི་ས། །སུམ་ཅུ་དགུ་ལྷག་མཐར་ཐུག་པ། །ས་ནི་བཅུ་བཞི་རྙེད་པའོ། །བཞི་བཅུ་དེ་ནི་ལྷན་སྐྱེས་སོ། །བཅྭ་ལྔ་རྙེད་པའི་མངའ་བདག་གོ། །གང་ཞིག་བཅུ་དྲུག་པ་ཡི་ས། །བརྗོད་དུ་མེད་པ་ནམ་མཁའ་བཞིན། །དེ་ལ་དབང་ཕྱུག་མཆོག་གི་མཁའ། །ཐམས་ཅད་མཁྱེན་པ་རྙེད་དཀའ་བ། །ཟད་མེད་འཕོ་མེད་ཞི་བ་སྟེ། །སྐྱེ་མེད་རྨད་བྱུང་བས་རྨད་བྱུང་། །ལྷ་མོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་བདེ་བ་ཆེན་པོའི་བདུད་རྩིའི་རྒྱལ་པོའི་བདུད་རྩིའི་གཏེར་དེ་ཁོ་ན་ཉིད་དེ་ལ་ཀུན་དུ་སྤྱོད་པའི་དུས་ནི་གང་ལགས། འདུས་པ་ནི་ཅི་ཞིག་ལགས། ཉམས་
སུ་མྱོང་བ་དེ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ལ་སུམ་ཅུ་རྩ་གཉིས་ཀྱི་ཆུ་ཚོད་ཀྱི་བར་དུ་སྲོག་དང་རྩོལ་བའི་རླུང་གཉིས་ཤར་བ་ནི་ཀུན་དུ་སྤྱོད་པའོ། །རྩོལ་བའི་རླུང་འབྱུང་བའི་དུས་སུ་གང་ཞིག་ཡན་ལག་ཐམས་ཅད་ལ་ཁྱབ་པའི་སྲོག་དེ་ནི་གཡོན་སྐོར་དུ་འབྱུང་བ་ཡིས་ཨུཏྤ་ལའི་རྣམ་པ་འཛུམས་ཤིང་ནང་གི་ལྟེ་བའི་སྙིང་པོ་རྩ་བའི་སྡོང་བུས་འཇུག་པའོ། །འཇུག་པ་ཙམ་གྱིས་ཟུར་བརྒྱད་པའི་ནང་ན་ཡོད་པའི་བདེ་བ་ཆེན་པོའི་སྲོག་གི་རྒྱལ་པོ་ལ་གང་ཞིག་རོ་གཅིག་པའི་མཚན་ཉིད་དེ་ནི་འདུས་པའོ། །དེའི་དུས་སུ་གང་ཞིག་བདག་དང་གཞན་གྱིས་བྱེ་བྲག་མེད་པ་གཉིས་སུ་མེད་པའི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱིས་ཐམས་ཅད་གཟིགས་པ་དེ་ནི་ཉམས་སུ་མྱོང་བའོ། །ལྷ་མོས་གསོལ་པ། གང་ཞིག་ཉམས་མྱོང་ལས་རྙེད་དེ། །མངའ་བདག་དེ་ནི་ཇི་ལྟར་ལགས། །ཉམས་སུ་མྱོང་བས་གང་རྙེད་པ། །དེ་ཉིད་མདོར་བསྡུས་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དྲིས་པ་དེ་ནི་རྨད་བྱུང་མཆོག། ཉོན་ཅིག་ལྷ་མོ་སྤྱན་བཟང་རིང་། །ཉམས་སུ་མྱོང་བས་གང་རྙེད་པ། །དགའ་བའི་དབང་མོ་དེ་བརྗོད་མེད། །བླ་མའི་ཞལ་ནས་ཉམས་སུ་མྱོང་། །དབང་བསྐུར་ལས་ནི་རྙེད་པའོ། །ལྷ་མོས་གསོལ་པ། དབང་བསྐུར་བ་ནི་དུ་མ་ཞིག། རྒྱུད་རྒྱུད་ནང་དུ་རབ་ཏུ་གསལ། །འདི་རུ་བྱེ་བྲག་ཅི་འདྲ་བ། །སུ་ལ་སྦྱིན་པར་བགྱི་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགའ་བའི་འབྲས་བུ་བྱེ་བྲག་ཏུ། །དབང་ནི་རེ་ཞིག་བཞི་རུ་དབྱེ། །དང་པོ་དགའ་བ་དང་ལྡན་པ། །ལས་དང་པོ་ལ་སྦྱིན་པར་བྱ། །གཉིས་པ་མཆོག་དགའ་དང་ལྡན་པ། །སྣང་བ་གསུམ་ནི་ཐོབ་པ་ལ། །དགའ་བ་གསུམ་པ་དང་ལྡན་པ། །ཆོས་ཀྱི་སྤྲིན་རྙེད་ངེས་པས་སོ། །ཀུན་དུ་འོད་ས་ཞེས་བྱ་བ། །རྙེད་པ་བཞི་ལ་སྦྱིན་པར་བྱ། །ལྷ་མོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་སྣང་བ་ལ་སོགས་པ་དང་ཆོས་ཀྱི་སྤྲིན་དང་ཀུན་དུ་འོད་རྙེད་པ་ལ་དེ་ལྟ་བུའི་དབང་གི་རིམ་པ་ལགས་ན། ས་ལ་སོགས་པ་མ་རྙེད་པ་ལ་ཇི་ལྟར་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ས་ལ་སོགས་པ་མ་རྙེད་པ་རྣམས་ལ་ཐོག་མར་རང་གི་ངོ་བོས་སོ། །ས་ལ་སོགས་པ་རྙེད་པ་རྣམས་ལ་མཐར་ཐུག་པའི་རང་གི་ངོ་བོས་སོ། །གང་གི་ཕྱིར་ཞེ་ན། དེ་རྣམས་ལ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཤིན་ཏུ་བསོད་ནམས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱ་བ་ལ་སོགས་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་མཐོང་བ་ཙམ་གྱིས་ཐོབ་བོ། །ཇི་ལྟར་པདྨ་ཡོངས་སུ་སྨིན་པ་ཉི་མའི་འོད་ཀྱིས་རེག་པ་ཙམ་གྱིས་རྒྱས་སོ། །མ་སྨིན་པ་དེ་བཞིན་དུ་མ་ཡིན་ནོ། །ལྷ་མོས་གསོལ་པ། མ་སྨིན་པ་རྣམས་ལ་ཡོངས་སུ་སྨིན་པའི་དུས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྦྱིན་སོགས་བསོད་ནམས་བསགས་པ་ཡིས། །མཆོག་གི་བླ་མས་གཏན་ལ་ཕབ། །སྐལ་ལྡན་མོ་དེ་སྨིན་པའི་དུས། །དེ་ལས་བླ་མེད་བྱང་ཆུབ་ནི། །བླ་མེད་གནས་ནི་ཐོབ་པ་གང་། །ཕྱི་ནས་ཅི་ཡང་བསླབ་མི་དགོས། །བླ་མེད་ཡེ་ཤེས་ཆེན་པོའི་གནས། །འབད་མིན་དེ་ནི་མཐོང་བའོ། །ཇི་ལྟར་ཉི་མ་ཤར་ཙམ་གྱིས། །སྣ་ཚོགས་གཟུགས་ནི་མཐོང་བར་འགྱུར། །དེ་བཞིན་བླ་མེད་འོད་ཀྱིས་ནི། །ཡེ་ཤེས་ཆེན་པོ་མཐོང་བར་འགྱུར། །ཡེ་ཤེས་ཆེན་པོ་སྐུ་དང་བྲལ། །གཉིས་སུ་མེད་པ་ནམ་མཁའ་བཞིན། །ལུས་དང་ངག་དང་ཡིད་གཟུགས་མིན། །སྒྲ་ལ་སོགས་པ་རྣམ་པར་སྤངས། །དཔེ་མེད་ནམ་མཁའ་དང་བྲལ་བ། །སྲིད་དང་མྱ་ངན་འདས་པ་སྤངས། །སྦོམ་དང་ཕྲ་ལ་སོགས་ལས་འདས། །ཆར་ཡང་ཐིག་ལེ་དང་བྲལ་བ། །ཚུལ་དང་ཚུལ་ཙམ་མ་ཡིན་ཏེ། །མཆོག་དང་གཞན་མཆོག་གནས་ལས་གྲོལ། །སྐྱེ་བ་མེད་དང་འཆི་མེད་པ། །རྨད་བྱུང་ཆེན་པོའི་འདུ་ཤེས་སོ། །ལྷ་མོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་དབང་ཕྱུག་བླ་ན་མེད་པའི་ཡང་དག་པའི་བྱང་ཆུབ་རྙེད་པ་ལ་ཡེ་ཤེས་ཆེན་པོ་བརྗོད་དུ་མེད་པའི་གནས་གཞན་རྙེད་པ་ཡོད་དམ་ཅི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲངས་མེད་པའི་སངས་རྒྱས་རྣམས་ཀྱི་ཡུམ་ཁྱོད་ཅི་ལ་དེ་ལྟ་བུར་འདྲི། བརྗོད་དུ་མེད་པའི་ཡེ་ཤེས་ཆེན་པོ་ཁྱོད་ཀྱིས་ཅིའི་ཕྱིར་མི་ཤེས། དེ་ལྟར་ཡིན་ན་བདག་གི་རང་གི་ངོ་བོ་ཡང་དག་པར་ཁྱོད་ཀྱིས་མི་ཤེས་སོ། །ལྷ་མོས་གསོལ་པ། ཁྱོད་
ཀྱི་ངོ་བོ་བདག་གིས་ཤེས། །འོན་ཀྱང་བདག་གིས་གཞན་ཞིག་ཞུས། །སེམས་ཅན་བྱང་ཆུབ་ལས་གཞན་ཅི། །མཆོག་གི་དབང་ཕྱུག་རྙེད་པ་འམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྱང་ཆུབ་རྙེད་ལས་གཞན་ཅི་ཞིག། ཞལ་བཟང་མོ་དེ་རྙེད་ཡོད་དམ། །འོན་ཀྱང་དེ་ལ་མཐོང་བ་ཡོད། །ཚིལ་ལ་བདུད་རྩི་ཇི་བཞིན་ནོ། །ལྷ་མོས་གསོལ་པ། བཅོམ་ལྡན་དཔའ་བོའི་དཔའ་དབང་ཕྱུག། རང་བཞིན་ཡེ་ཤེས་སྦྱིན་པ་པོ། །བདག་གིས་གཞན་ཞིག་ཞུ་བ་བགྱིད། །དེ་ལ་བཀའ་དྲིན་བདག་ལ་སྩོལ། །དབང་གི་རིམ་པའི་ཡེ་ཤེས་གང་། །བཞི་པ་དེ་ལྟར་དེ་བཞིན་ནོ། །དེ་ལ་རེ་ཞིག་ཇི་བཞིན་དོན། །རྡོ་རྗེ་འཛིན་པ་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བཞི་པ་དེ་ཉིད་ངོ་བོར་གྲགས། །དེ་ལྟར་ཡེ་ཤེས་འདུ་ཤེས་སོ། །དེ་བཞིན་ཡེ་ཤེས་ལས་བྱུང་ཞེས། །ཡེ་ཤེས་ལས་བྱུང་ལྟེ་བར་བདེ། །ལྷ་མོ་ཡེ་ཤེས་ཁ་ལ་ཡོད། །ཡེ་ཤེས་ལས་བྱུང་སྐེ་རུ་སྟེ། །སྐེ་རུ་ལོངས་སྤྱོད་ངོ་བོར་གྲགས། །སྙིང་ག་རུ་ནི་དབང་ཞེས་བྱ། །ཐིམ་པ་ཁ་རུ་ཤེས་བྱ་སྟེ། །བསྐྱེད་པའི་རིམ་པ་ཡི་ནི་ཕྱོགས། །ཡང་ན་དེ་བཞིན་གྱི་ནི་སྒྲ། །ཇི་བཞིན་ཤེས་རབ་ལ་སྔར་ཐལ། །དེ་ལྟར་ཡེ་ཤེས་ལྟ་བ་ཡིས། །བཀུག་ནས་རང་གི་ཁ་ལ་བཀོད། །རང་གི་སྙིང་གའི་པད་གནས་སུ། །བྱས་ནས་ཉིད་ཀྱིས་ཉམས་སུ་མྱོང་། །དེ་ཡི་སྐད་ཅིག་ཡེ་ཤེས་བདེ། །སྤྲོས་པ་དང་བྲལ་རྟོག་མེད་པ། །སེམས་ཀྱིས་ཐམས་ཅད་མཐོང་ནས་སུ། །ནམ་མཁའ་བཞིན་དུ་བསམ་པར་བྱ། །དེ་ཡང་བསམ་པ་བོར་ནས་སུ། །ཕྱི་ནས་བསམ་པ་ཅི་ཡང་མེད། །ཉིད་ནི་བདེ་ཆེན་ཡེ་ཤེས་ཏེ། །ནམ་མཁའ་ཟླ་བ་བཞིན་དུ་མཐོང་། །ལྷ་མོ་དེ་ནི་རྫོགས་པའི་རིམ། །དོན་དམ་པར་ནི་ཤེས་པར་བྱ། །ལྷ་མོས་གསོལ་པ། བཅོམ་ལྡན་ཡེ་ཤེས་རིན་ཆེན་ཉི། །འདོད་པ་ཐམས་ཅད་རབ་གྲུབ་པ། །སྣང་བ་བཞི་ལ་གོ་རིམས་གནས། །མངའ་བདག་ཆེན་པོས་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྣང་བ་བཞི་ལ་གོ་རིམས་གནས། །སེམས་དང་སེམས་བྱུང་འདུ་ཤེས་སོ། །དེ་དག་ལས་ནི་མ་རིག་འབྱུང་། །མཚམས་ཀྱི་འདུ་ཤེས་མཚན་ཉིད་ཅན། །ཉིན་མོའི་རང་
བཞིན་སེམས་ལས་འབྱུང་། །སེམས་ནི་མཚན་མོའི་ངོ་བོ་ཉིད། །ཡང་དག་འོད་ནི་གསུམ་དང་བྲལ། །ལྷན་སྐྱེས་ཡེ་ཤེས་མཚན་ཉིད་དོ། །གང་ཚེ་ཚངས་པའི་ཚིགས་སུ་སེམས། །ལྷ་མོ་དེ་ཚེ་ཉིན་མོར་འགྱུར། །གང་ཚེ་དེ་ལས་སྲོག་འཕོ་བ། །དེ་ཚེ་མཚན་མོ་འོག་ན་གནས། །སྟེང་ཡང་མ་ཡིན་འོག་ཡང་མིན། །དེ་ཚེ་མཚམས་ཤེས་དྲན་པར་བྱ། །དེ་ཡང་མེ་ཡི་རང་བཞིན་གྲགས། །ཉི་མ་ལ་ནི་སྲོག་འཛིན་མ། །གང་གིས་ཉི་མ་ཡོད་པ་ནི། །སྣང་བ་ལས་ནི་ཤར་དུ་འགྱུར། །སྣང་བ་ཟླ་བ་ཞེས་པར་བསྟན། །ཡོངས་སུ་ཞུ་བའི་བདུད་རྩི་གཡོ། །ལྷ་མོ་ཆེན་མོ་གཡོ་བའི་ཕྱིར། །དགའ་བྲལ་དགའ་བར་རབ་ཏུ་གྲགས། །གང་དུ་ཆད་པ་ལས་ནི་ཐིམ། །མཆོག་གི་དགའ་བ་ཤར་བའི་དུས། །དེ་ནི་སྣང་བ་དང་པོའི་དགའ། །དེ་ལས་མཆོག་ནི་གསལ་བར་འགྱུར། །གསང་ཕྱིར་སྣང་བ་མཆེད་པར་གྲགས། །ཞུ་མེད་གཡོ་མེད་སྐ་བའོ། །སྐ་བ་ལ་ནི་ཕྲ་མོའི་དངོས། །བདེ་སྦྱིན་ཡང་ན་ཀུན་སྤྱོད་དོ། །ཀུན་སྤྱོད་ལས་ནི་ཐོབ་པ་ཡིན། །ཞལ་བཟང་མོ་ནི་སྣང་བས་སོ། །དེ་ནི་མཚམས་ཞེས་གྲགས་པ་སྟེ། །དབུས་ཀྱི་གནས་སུ་ཡོད་པའི་ཕྱིར། །དབུས་ཀྱི་གནས་ན་ཡོད་པ་ན། །དེ་ཕྱིར་ཀུན་དུ་སྤྱོད་བྱེད་པའོ། །དབུས་ནི་དངོས་པོ་ཐམས་ཅད་ལ། །འདུས་པར་བྱེད་པ་དྲན་པའོ། །ཡང་ན་གང་དུ་མཚན་མོ་ནི། །མ་བྱུང་ཉི་མ་ནུབ་པའོ། །དེ་ནི་དབུས་ཀྱི་མཚམས་ཞེས་གྲགས། །རང་བཞིན་དགའ་བ་སྦྱིན་བྱེད་མ། །དེ་ཉིད་སྣང་བ་ཐོབ་པ་ཡིན། །ཐམས་ཅད་སྐྱེ་བའི་རྒྱུ་ཡིན་ནོ། །གང་དུ་དབུས་མཚམས་སྐད་ཅིག་གིས། །བདེ་བའི་ཚོར་བ་མ་ཤེས་ན། །སྐལ་ལྡན་ལྷ་མོ་དེ་རུ་ནི། །དགའ་བྲལ་གསལ་བར་འགྱུར་བའོ། །དེ་ཡི་ཉམས་སུ་མྱོང་ཤེས་པ། །སྐྱོན་ནི་ཅུང་ཟད་མི་བྱེད་དོ། །མི་ཤེས་པས་ནི་སྐལ་ལྡན་མོ། །རྩ་བ་དང་བཅས་མེད་པར་བྱེད། །རྩ་བ་སྣང་བ་ཞེས་བྱར་དྲན། །ཁུ་བའི་གཟུགས་ནི་ཟླ་བའོ། །བདེ་བ་ཆེན་པོའི་བདུད་རྩིའི་གཏེར། །བསྲུབས་ལས་སྐྱེ་བ་ཡིན་པའི་ཕྱིར། །ལྷ་མོ་མེ་ཏོག་སྣང་བ་མཆེད། །དམར་བའི་ཕྱིར་ནི་ཉི་མར་བརྗོད། །བདེ་ཆེན་རྣམ་པར་སྨིན་པའི་ཕྱིར། །དམར་བའི་
གཟུགས་ནི་སྔར་འགྱུར་རོ། །འབྲས་བུ་ཐོབ་པའི་གྲགས་པ་སྟེ། །མཚན་དང་དཔེ་བྱད་དང་ལྡན་ནོ། །དངོས་དང་དངོས་མིན་བྲལ་བའི་ཕྱིར། །ཞལ་བཟང་མཚམས་ཀྱི་ཡེ་ཤེས་སོ། །ཉིན་མོ་སྣང་བ་མཆེད་འཁོར་གྲགས། །མཚན་མོ་སྣང་བ་མྱ་ངན་འདས། །སྲིད་དང་མྱ་ངན་འདས་བྲལ་བ། །མཚམས་ནི་སྣང་བ་ཐོབ་པའོ། །དེ་ལྟ་བུ་ཡི་གསང་ཆེན་མཆོག། གང་དུ་ཡང་ནི་གསལ་མ་བྱས། །སྐལ་ལྡན་ཁྱོད་ཀྱི་ངོར་བྱས་པས། །ཡེ་ཤེས་རིན་ཆེན་གསལ་བྱས་སོ། །ལྷ་མོས་གསོལ་པ། འབྲས་བུ་དེ་ཉིད་རིན་ཆེན་གང་། །མངའ་བདག་དེ་ནི་ཇི་ལྟར་རྙེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འབྲས་བུ་དེ་ནི་རིན་ཆེན་གང་། །དེ་ནི་གཉིས་སུ་དབྱེ་བར་གནས། །མཆོག་གི་དགའ་བའི་ངོ་བོ་གཅིག། མཆོག་གི་དགའ་བ་དང་བྲལ་བ། །མཆོག་དགའ་ངོ་བོར་གྲགས་པ་ནི། །ཉམས་སུ་མྱོང་བས་རྙེད་པ་ཡིན། །མཆོག་གི་དགའ་བ་དང་བྲལ་བ། །རང་ལས་རབ་ཏུ་གསལ་བར་འགྱུར། །སྐལ་ལྡན་མོ་གང་ཉམས་སུ་མྱོང་། །དེ་ནི་རྫོགས་པའི་རང་བཞིན་ནོ། །ཉམས་སུ་མྱོང་མིན་རྫོགས་པ་ནི། །གང་དུ་སུས་ཀྱང་མི་ཤེས་སོ། །ཇི་ལྟར་བུ་མོ་ལང་ཚོར་བབ། །སྐྱེས་བུ་མེད་ན་ནམ་ཡང་མིན། །ལེགས་དགྱེས་ཀྱི་ནི་བདེ་མྱོང་བ། །ལེགས་དགྱེས་དབང་མོ་མི་ཤེས་སོ། །གང་ཞིག་བསམ་པ་ལ་སོགས་ཀྱིས། །དེ་ནི་བསྐྱེད་པའི་མཚན་ཉིད་དོ། །བསྐྱེད་པ་དང་ནི་རྫོགས་བྲལ་བ། །དེ་ནི་འབྲས་མཆོག་རང་བཞིན་ནོ། །དེ་རུ་གང་ཞིག་སྒོམ་པ་ནི། །ཕྲ་མོའི་ཕྲ་མོ་ཡང་དག་མཆོག། གང་གིས་བླ་ན་མེད་པ་རྙེད། །འགྲོ་བའི་མ་དེ་ཡོད་པ་མིན། །བླ་ན་མེད་པའི་ཡེ་ཤེས་ཆེ། །བཞི་དང་བྲལ་བ་རྟག་ཏུ་ཤར། །རྟག་ཏུ་ཤར་བ་ལས་གཞན་ཅི། །གང་དུ་ཡང་ན་སྒོམ་ཡོད་དམ། །གལ་ཏེ་གང་གིས་སྒོམ་པ་དེ། །ཁྱད་པར་ཅན་དུ་ཡོང་མི་སྐྱེ། །མི་སྐྱེའི་ཕྱིར་ན་བསམ་གཏན་ངལ། །གལ་ཏེ་ཁྱད་པར་འོང་འགྱུར་ན། །དེ་ནི་དེ་ཉིད་རང་བཞིན་མིན། །དེ་ཉིད་མིན་པར་ཐེ་ཚོམ་མེད། །དེ་ཉིད་མི་སྒོམ་དེ་ཉིད་ནི། །སུ་ཞིག་དེ་ལ་རྙེད་པར་འདོད། །
དེ་ནི་མཁའ་ལ་རི་མོ་ནི། །མཆོག་གི་དབང་མོ་འདྲི་བའོ། །ལྷ་མོས་གསོལ་པ། གསང་བ་ཆེན་པོའི་རྒྱུད་འདི་ནི། །ཤེས་པ་དང་ནི་བཤད་པ་སུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཕྱོགས་སུ་དཔལ་རྡོ་རྗེའི་གནས་ཨཽ་དྱན་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བས་ཤེས་པ་དང་བཤད་པ་དང་། སེམས་ཅན་ལ་གསལ་བར་བྱེད་དོ། །ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་དེ་ས་དུའི་དབང་ཕྱུག་ལགས། བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས་གང་ཞིག་ངས་བསྟན་པའི་ཕྱག་ན་རྡོ་རྗེའི་རྒྱལ་པོ་དེ་ཉིད་ཨིནྡྲ་བྷཱུ་ཏི་སྤྲུལ་པའི་སྐུས་ས་བཅུའི་དབང་ཕྱུག་ཡེ་ཤེས་ཀྱི་སྐུ་ས་བཅུ་བཞིའི་དབང་ཕྱུག་གོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རི་རབ་ཀྱི་ཉི་རྡུལ་གྱི་གྲངས་བཅོམ་ལྡན་འདས་མ་དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ། ལན་གསུམ་དུ་བསྐོར་བ་བྱས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། རང་རང་གི་རྫུ་འཕྲུལ་གྱིས་སྣ་ཚོགས་པའི་མཆོད་པས་མཆོད་སྦྱིན་བྱས་ནས་བསྟོད་པ། དེ་ཁོ་ན་ཉིད་བདུད་རྩིའི་རྒྱ་མཚོའི་སྙིང་པོ་རབ་མཆོག་རྒྱལ་གྱུར་ཅིག། ཡེ་ཤེས་ནམ་མཁའ་སྐྱེ་མེད་གཟུགས་མེད་བརྗོད་མེད་སྐུ་རབ་རྒྱལ་གྱུར་ཅིག། དངོས་དང་དངོས་མིན་རོ་གཅིག་ངོ་བོའི་རྨད་བྱུང་དེ་ཉིད་རབ་གཏེར་རྒྱལ་གྱུར་ཅིག། སྟོང་ཉིད་སྟོང་པ་ཉིད་མིན་མཆོག་དང་གཞན་མཆོག་འོད་ཀྱིས་གྲུབ་པ་རྒྱལ་གྱུར་ཅིག། དེ་ལྟ་བུའི་བསྟོད་པའི་རྒྱལ་པོས་བསྟོད་ནས། འཁོར་ཐམས་ཅད་བཅོམ་ལྡན་འདས་དང་བཅས་པར་མི་སྣང་བར་གྱུར་ཏོ། །དཔལ་རྣལ་འབྱོར་མ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ་མཆོག་ཆེན་པོ་རྨད་དུ་བྱུང་ཞིང་། རྨད་དུ་བྱུང་བ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་པྲཛྙཱ་ཤྲཱི་གུཔྟས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།དུས་ཕྱིས་དཔལ་ས་སྐྱའི་དབེན་གནས་སུ་བསྒྱུར་ཅིང་ཞུས་ཏེ་དག་པར་བྱས་སོ།། །།