Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་དྲུག་པ། ལ༽

102 occurrences of གཙང་
[Clear Hits]


102  collapse section
10   
79   
 
  
 
དེ་ལྟར་བསྒྲུབས་པའི་ཕན་ཡོན་དང་བསྔོ་སྨོན་གྱི་རིམ་པ།


102 occurrences of གཙང་
[Clear Hits]

 
previousདེ་ལྟར་བསྒྲུབས་པའི་ཕན་ཡོན་དང་བསྔོ་སྨོན་གྱི་རིམ་པ།no next

དེ་ལྟར་བསྒྲུབས་པའི་ཕན་ཡོན་དང་བསྔོ་སྨོན་གྱི་རིམ་པ།


DNG026_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ རུ ཎྱཾ པྲྀ ཐུ དྲྀ ཌྷ མཱུ ལ བི ཛྙ བི དྷཱི པྲོ ཏྤུ ལླ ཙྪ ད གུ ཎ པུ ཥྤ ཛི ཏྥ ལ ཤྲཱི
མཁས་པ་རྣམས་ནི་སྙིང་རྗེ་ཆེན་པོའི་རྩ་བརྟན་བློ་དང་རིག་པ་ཡི། །ལོ་འདབ་རབ་རྒྱས་ཡོན་ཏན་མེ་ཏོག་ཀུན་མཁྱེན་འབྲས་བུ་ཕུན་སུམ་ཚོགས།།


DNG026_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ས ཙྪཱ ཡ ཿ སྠོ ར ཤུ ཙི ཀ མྨ ཎཱཾ སུ སུ ག ནྡྷི ཛཱི བ ནྟི དྲུ མ པ རི ཎཱ མ ཏོ རུ བོ དྷཽ
དམ་པའི་གྲིབ་བསིལ་བརྟན་ལྡན་རབ་དཀར་ཕྲིན་ལས་དྲི་བསུང་མངར། །བྱང་ཆུབ་ཆེན་པོར་ཡོངས་བསྔོའི་དཔག་བསམ་དེས་ནི་དེ་རུ་འཚོ་བར་བྱེད།།


DNG026_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བརྟེན་ན་མཆོག་གི་གནས་འཐོབ་ཅིང་། །ཅུང་ཟད་རྗེད་པས་ལེཊ་པའི་དངོས་ཀུན་སྟེར། །ཐོས་པས་སྡིག་པས་བཅིངས་པ་ལྷོད་པོར་བྱེད། །དམ་པའི་ཆོས་ཀྱི་ནུས་མཐུ་བརྗོད་མཐའ་ཡས། །ལེགས་པ་མིན་པའི་ཕྱོགས་ཀུན་འཇོམས་པ་ལ། །ཞུགས་དང་འཐོར་རླུང་རྡོ་རྗེའི་རྗེས་འགྲོ་ཞིང་། །ཕན་པའི་དངོས་ཀུན་སྟེར་ལ་ནོར་བུ་དང་། །སྨན་དང་སྔགས་ཀྱི་ནུས་པས་མཚོན་མིན་པའི། །དཔལ་གྱི་མགུར་ནས་ཡན་ལག་དྲུག་ཅུའི་སྒྲ། །ཞི་བསིལ་ཁམས་སུ་རྫོགས་པའི་གདངས་གཅིག་གིས། །ཡིད་སྲུབས་འཇིག་རྟེན་ཁམས་ཀུན་མྱ་ངན་གྱིས། །མི་ཟད་མུན་པས་ཀུན་ཏུ་ཁེབས་བྱེད་ཅིང་། །གང་དུ་ལེགས་བྱས་ཆུ་ཀླུང་བྱེ་བ་བརྒྱའི། །འཇུག་ངོགས་དམིཊ་པའི་རྙོགས་པ་རབ་དྭངས་ལས། །རྟོག་བྲལ་བྱང་ཆུབ་སེམས་ཀྱི་རིན་ཆེན་གྱི། །འབྱུང་གནས་ཀུན་མཁྱེན་ཡོངས་བསྔོའི་རྒྱ་མཚོའང་ཡིན།། ལྔ་པ། དེ་ལྟར་བསྒྲུབས་པའི་ཕན་ཡོན་དང་བསྔོ་སྨོན་གྱི་རིམ་པ་ལ། དང་པོ་ནི། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་འགྲོ་ཁམས་རྒྱ་མཚོའི་རྡུལ་སྙེད་ཀྱི་མཐས་མི་དཔོགས་པའི་སེམས་ཅན་ཇི་སྙེད་ཐམས་ཅད་མཁྱེན་པའི་ལམ་ལ་གཞོལ། ཐམས་ཅད་མཁྱེན་པ་ལ་བབ། ཐམས་ཅད་མཁྱེན་པ་ལ་འབབ་པར་འགྱུར་བ་ཉིད་ཀྱི་ཕྱིར་ཐབས་ལ་མཁས་པའི་ཕྲིན་ལས་ཚད་མེད་པའི་གསང་བ་ཆེན་པོ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལུགས་སུ་བླུགས་པ་དང་། འབུར་དུ་བཏོད་པ་དང་། རི་མོར་བྲིས་པ་སོགས་ཀྱིས་ལེགས་པར་བསྒྲུབས་ཤིང་། དེ་ལ་བསོད་ནམས་ཀྱི་ཞིང་དུ་བྱས་པའི་ཕན་ཡོན་ནི་བསམས་པས་གཞལ་དུ་མེད་པའི་ཚུལ། མདོ་རྒྱུད་ཐམས་ཅད་ནས་བཀའ་བསྩལ་ལ། ཁྱད་པར་བདེ་བར་གཤེགས་པའི་ཆོས་ཀྱི་སྐུ་ནི་བསྟན་བྱ་དང་རྟོགས་བྱ་གཉིས་ཀྱིས་བསྡུས་པའི་སྔ་མ་ཞི་བ་མྱ་ངན་ལས་འདས་པའི་ཕྱོགས་བརྗོད་བྱར་གནས་པའི་གསུང་རབ་ལས་གཞན་དུ་མ་གྱུར་པའི་ཕྱིར་དམ་པའི་ཆོས་ཡི་གེར་འདྲི་བ་དང་། བཟུང་ཞིང་བཅངས་པ་དང་། བཀླགས་ཤིང་ཀུན་ཆུབ་པར་བྱས་


DNG026_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དེ་ལ་མཆོད་པ་དང་། ཕུ་དུད་དང་། རིམ་གྲོ་དང་། རྗེད་པར་བྱས་པའི་ཕན་ཡོན་གྱི་ཚོགས་ནི་བསོད་ནམས་སུ་བྱ་བ་གཞན་གྱིས་བསྒྲུན་དུ་མེད་པར་གསུངས་ཏེ། འདི་ལྟར་ཡུམ་སྟོང་ཕྲག་བརྒྱ་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། མཆོད་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྡིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། ཀཽ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྡིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། བསོད་ནམས་


DNG026_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ལས་སེམས་ཅན་རེ་རེས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བྱས་ཏེ། དེ་དག་ལ་ནམ་འཚོ་བའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྡིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་བཟུང་བ་དང་། བཅངས་པ་དང་། བཀླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་བར་བྱས་ཏེ། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་སྡིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། དེ་ཉིད་བསོད་ནམས་ཆེས་མང་དུ་འཕེལ་ལོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རིམ་གྲོར་བགྱིས་པ་དང་། བཀུར་སྡིར་བགྱིས་པ་དང་། ཕུ་དུད་དུ་


DNG026_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པ་དང་། མཆོད་པར་བགྱིས་པས་ནི། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོཊ་པའི་སངས་རྒྱས་རྣམས་རིམ་གྲོར་བགྱིས་པ་དང་། བཀུར་སྡིར་བགྱིས་པ་དང་། ཕུ་དུད་དུ་བགྱིས་པ་དང་། མཆོད་པ་བགྱིས་པར་འགྱུར་རོ། །ཞེས་པ་ལ་སོགས་ཀྱིས་རྒྱས་པར་གསུངས་ཤིང་། དེའི་འགྲེལ་པར། སློབ་དཔོན་སེང་གེ་བཟང་པོས། གཙོ་བོར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བས་ན་དེ་སྟོན་པར་བྱེད་པའི་རྒྱལ་བའི་ཡུམ་ལ་མཆོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ལ་མཆོད་པའི་ཕྱིར་བསོད་ནམས་མང་དུ་སྐྱེ་བ་ཡིན་ནོ། །གཟུགས་བརྙན་གྱི་དེ་བཞིན་གཤེགས་པ་ལ་མཆོད་ན་ནི་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་སྐུས་མ་བསྡུས་པ་ཡིན་པའི་ཕྱིར་བསོད་ནམས་ཆེས་མང་དུ་མི་སྐྱེད་པ་ཡིན་ནོ། །བྲིས་ནས་མཆོད་ན་བསོད་ནམས་མང་དུ་བསྐྱེད་པར་བསྟན་ནས། འདྲི་བཞིན་པ་ནའང་དེ་དང་འདྲའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡང་རིགས་ཀྱི་བུ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེས་རྒྱས་པར་བཀྲལ་ཞིང་། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་ལ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྡི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །


DNG026_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་ལམ་རྣམ་པར་གྲོལ་ལ་རེག །རང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག །ཅེས་གསུངས་པ་དང་། དེ་བཞིན་དུ་ཟབ་མོའི་ཆོས་ཀྱི་ཚུལ་སྣ་གཅིག་ཙམ་ཡང་ཐོས་པ་དང་འཆད་པ་དང་། འཛིན་པའི་ཕན་ཡོན་ཁོ་ན་ལའང་མཐའ་གཟུང་བར་མི་ནུས་པའི་ཚུལ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་ནི། །གསེར་གྱིས་བཀང་སྟེ་བདེ་གཤེགས་ཕུལ་བ་བས། །གང་གིས་ཆོས་ཀྱི་མཛོད་འདི་ཐོས་ནས་ནི། །མོས་པའི་བསོད་ནམས་འདི་ནི་ཁྱད་པར་འཕགས། །གང་གིས་འཇིག་རྟེན་ཁམས་ཁྲི་རིན་ཆེན་བཀང་། །དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས། །གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ། །བསོད་ནམས་དེ་ལ་སྔ་མས་བསྐྱེད་དུ་མེད། །གང་གིས་འཇིག་རྟེན་ཁམས་ནི་སྟོང་ཕྲག་བཅུ། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས། །གང་གིས་མདོ་འདི་བཏོན་ནས་སྟོན་པ་ཡི། །བསོད་ནམས་དེ་ཡི་ཆ་ནི་སྔ་མ་མིན། །ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་རྣམས། །རིན་ཆེན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ། །སངས་རྒྱས་རྣམས་ལ་དབུལ་བར་ཕུལ་བ་བས། །གང་གིས་ཚུལ་འདིར་རབ་ཏུ་སྦྱོར་བ་དང་། །ཕྱོགས་བཅུ་རྣམས་སུ་གངྒཱའི་བྱེ་སྙེད་ཞིང་། །རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས། །ཇི་ལྟར་བསྟན་པ་བཞིན་དུ་གང་གནས་པའི། །བསོད་ནམས་དེ་ལ་མཉམ་པ་ཡོད་མ་ཡིན། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ། །


DNG026_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་། །ནམ་མཁའི་ཁམས་དང་དེ་བཞིན་སེམས་ཅན་ཁམས། །སངས་རྒྱས་ཡེ་ཤེས་དང་ནི་བྱང་ཆུབ་སེམས། །ཆོས་བཞི་འདི་དག་དཔག་ཏུ་མེད་པ་སྟེ། །མཁས་པ་རྣམས་ཀྱིས་དེ་ཐོས་དོགས་མི་བྱ། །དཀོན་མཆོག་ཆོས་འདི་རབ་ཏུ་བཤད་པ་ན། །ཕྱོགས་བཅུའི་ཞིང་ནི་བྱེ་བ་གཡོས་པར་གྱུར། །སྣང་བ་བྱུང་ཞིང་མེ་ཏོག་ཆར་ཡང་བབ། །སིལ་སྙན་བརྒྱ་དག་མ་དཀྲོལ་སྒྲ་ཡང་བྱུང་། །བྱང་ཆུབ་སེམས་དཔའ་མཁས་པ་དེ་དག་ཀུན། །མགུ་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད། །ཆོས་བསྟན་འདི་འདྲ་འདི་ཐོས་བདག་ཅག་རྣམས། །འཚོ་བ་དོན་ཡོད་རྙེད་པ་ལེགས་པར་རྙེད། །གང་དག་འདི་འདྲ་འདི་ནི་ཐོས་གྱུར་པ། །སེམས་ཅན་དེ་དག་རྙེད་པ་ལེགས་པར་རྙེད། །གང་དག་བྱང་ཆུབ་སེམས་ནི་མི་བརྗེད་པ། །དེ་དག་དེ་བཞིན་གཤེགས་པས་ཤིན་ཏུ་བཟུང་། །ཕྱོགས་བཅུའི་སངས་རྒྱས་སྟོང་ཕྲག་བྱེ་བ་རྣམས། །ཕྱག་ནི་གཡས་པ་རབ་ཏུ་བརྐྱང་མཛད་དེ། །ཡོན་ཏན་རྒྱ་མཚོའི་སྤྱི་བོར་བཞག་ནས་ནི། །ཤཱཀྱ་སེང་གེའི་བསྐུལ་བ་ལེགས་ཞེས་གསུངས། །ལྷ་དང་ཀླུ་དང་ལྷ་མིན་མིའམ་ཅི། །དྲི་ཟ་གནོད་སྦྱིན་མཁའ་ལྡིང་ལྟོ་འཕྱེ་ཆེ། །བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱོང་བ་རྣམས། །ནམ་མཁར་གནས་ཏེ་ཆེད་དུ་བརྗོད་པ་བརྗོད། །ཤཱཀྱ་སེང་གེ་འདི་དང་དགེ་འདུན་དང་། །མདོ་སྡེ་འདི་འདྲ་བ་ནི་འཛིན་བྱེད་པ། །བྱང་ཆུབ་སེམས་དཔའ་དཔའ་བོ་རིང་གནས་གྱུར། །ལེགས་གསུངས་ཆོས་ནི་གཞར་ཡང་ནུབ་མི་འགྱུར། །གང་དག་ཆོས་ཀྱི་ཚུལ་ནི་འདི་འཛིན་པ། །དེ་དག་ལ་ནི་བདག་ཅག་བསྙེན་བཀུར་བགྱི། །བདག་ཅག་ཐམས་ཅད་གུས་དང་བཅས་པར་ནི། །ཀུན་ཏུ་སྲུང་ཞིང་སྦ་བར་སྤྲོ་བར་བགྱི། །ཞེས་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པའི་མཆོད་པའི་རྟེན་གཞན་ལས་གསུང་རབ་ཁོ་ནར་མཆོད་པ་དང་གཟུང་བའི་ཕན་ཡོན་ཁྱད་པར་དུ་བསྔགས་པ་ཅིའི་ཕྱིར་ཞེ་ན། སེང་གེ་བཟང་པོས་བཤད་པའི་ལུང་གོང་དུ་དྲངས་པས་ཀྱང་ཤེས་པར་


DNG026_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ་དེར་མ་ཟད། ཡུམ་ལས། ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་མངོན་དུ་རིམ་གྲོར་བྱ་བར་འདོད་པ་དང་། བཀུར་སྡིར་བྱ་བར་འདོད་པ་དང་།ཕུ་དུད་དུ་བྱ་བར་འདོད་པ་དང་། མཆོད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱའོ། །བཀུར་སྡིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །ཀཽ་ཤི་ཀ་ངས་དོན་དེ་ཉིད་ཀྱི་དབང་ཡང་དག་པར་མཐོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་སྙམ་སྟེ། གང་ཞིག་ལ་བདག་གིས་རིམ་གྲོ་དང་། བཀུར་སྡི་དང་། ཕུ་དུད་དང་། མཆོད་པ་བྱ་སྟེ། བརྟེན་ཅིང་རྣམ་པར་སྤྱད་པར་བྱ་སྙམ་ན། ཀཽ་ཤི་ཀ་དེ་ལ་ངས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། མི་དང་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་ནང་ན་ང་དང་འདྲ་བའམ། ལྷག་པ་ཡང་དག་པར་རྗེས་སུ་མ་མཐོང་ནས། དེ་ལ་ངས་འདི་སྙམ་དུ་བསམས་ཏེ། དེ་ལྟར་ཡིན་ན་བདག་གིས་ཆོས་ཞི་བ་བཟང་པོ་གང་བདག་ཉིད་ཀྱིས། མངོན་པར་སངས་རྒྱས་པ་དེ་ཉིད་ལ། རིམ་གྲོ་དང་། བཀུར་སྡི་དང་། ཕུ་དུད་དང་། མཆོད་པ་བྱ་སྟེ། བརྟེན་ཅིང་རྣམ་པར་སྤྱོད་པར་བྱའོ། །སྙམ་དུ་བསམས་སོ། །ཀཽ་ཤི་ཀ་ཆོས་དེའང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིན་ཏེ། ཀཽ་ཤི་ཀ་དེ་ལྟར་ང་ཉིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། རིམ་


DNG026_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གྲོར་བྱེད། བཀུར་སྡིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་དེ། དེ་ལྟར་རིམ་གྲོ་དང་བཀུར་སྡི་དང་ཕུ་དུད་དང་། མཆོད་པ་བྱས་ཤིང་རྣམ་པར་སྤྱོད་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོཊ་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱའོ། །བཀུར་སྡིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨོས། ཉན་ཐོས་ཀྱི་ཐེག་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱའོ། །བཀུར་སྡིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་བྱུང་བ་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོའམ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ། མེ་


DNG026_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱ་བའོ། །བཀུར་སྡིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །དེ་ལྟར་དེ་ལ་སློབ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་གླེགས་བམ་བྲིས་པའི་ཕན་ཡོན་ཀྱང་། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རིན་ཆེན་སྣ་བདུན་ལ་སོགས་ལ། །རྒྱལ་བ་ཀུན་གྱི་རང་བཞིན་གྱིས། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །དེ་བས་རྒྱལ་བ་ཀུན་བྲིས་པའི། །ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་དང་། དེ་བཞིན་དུ་བཟུང་བའི་ཕན་ཡོན་ཀྱང་། དེ་ཉིད་ལས། གྲོ་ག་ཤིང་ཤུན་ལ་སོགས་ལ། །གསང་བའི་རྒྱུད་འདི་རབ་བྲིས་ནས། །རིན་ཆེན་ཁྲི་ལ་ལེགས་བཞག་སྟེ། །གུས་པས་མཆོད་ཅིང་རབ་བཟུང་ན། །ཇི་སྲིད་གནས་པར་བསམ་པ་ཡིས། །དགའ་བའི་བསམ་པས་འཛིན་བྱེད་པར། །སངས་རྒྱས་ཐམས་ཅད་བཟུང་བ་ཡིན། །ཞེས་གསུངས་པ་ལྟར། མདོར་ན་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ལ་སོགས་པའི་བརྗོད་བྱ་བཟང་པོར་གནས་ཤིང་རྗོད་བྱེད་མིང་ཚིག་ཡི་གེའི་ངོ་བོར་གནས་པའི་


DNG026_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ནའང་ཚིགས་སུ་བཅད་པ་ཤ་ལོ་ཀ་གཅིག་ཙམ་ཞིག་ཉན་པ་དང་། ཐོས་པ་དང་། འཆང་བའི་ཕན་ཡོན་ཀྱང་། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས། གང་ཡང་འཛམ་བུའི་གླིང་འདི་དེ་བཞིན་གཤེཊ་པའི་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པས་གང་བར་བྱས་ཏེ། ལྷའི་ཕྲེང་བ་དང་། བྱུག་པ་དང་། མེ་ཏོག་དང་། རིན་པོ་ཆེའི་གདུགས་དང་། སིལ་སྙན་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་ལོ་འབུམ་དུ་བཀུར་སྡི་བྱས་ཏེ་རྗེད་ཅིང་མཆོད་པ་བས། གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། མཆོད་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། གཞན་དག་ལ་ཡང་དག་པར་རབ་ཏུ་བསྟན་ན། དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །རིགས་ཀྱི་བུ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་དག་འཕཊ་པའི་ལམ་ཡན་ལག་བརྒྱད་པ་ལ་འཇོག་ཅིང་། བཞག་ནས་ཀྱང་ལྷའི་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་དྲེལ་བར་རྗེད་ཅིང་མཆོད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ཉན་པ་དང་། འཆང་བ་དང་། འདྲི་བ་དང་། འདྲིར་བཅུག་པ་དང་། གཞན་ལ་རྒྱས་པར་བྱེད་ན་དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གིས་བསྐལ་པ་འབུམ་གྱི་བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་པས་ཐོས་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་ན་གང་གིས་སོམ་ཉི་མེད་པར་ཐོས་པ་ལྟ་ཅི་སྨོས། གང་གིས་ཡི་གེར་འདྲི་བ་དང་། ལུང་ནོད་པ་དང་། འཆང་བ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་པ་ལྟ་ཅི་སྨོས། ཞེས་དང་། དེ་བཞིན་གཤེགས་པའི་


DNG026_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཞེས་བྱ་བའི་མདོ་ལས་ཀྱང་། ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། གླེགས་བམ་དུ་བྱས་ཏེ་འཆང་བ་དེས་འདི་སྙམ་དུ་བདག་གིས་དེང་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ནི་ཇི་ལྟར་ད་ལྟར་ང་བཞིན་དུ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་དང་། མཆོད་པའི་འོས་ཡིན་ནོ། །ཞེས་གསུངས་པ་དང་། དེ་བཞིན་དུ་གསང་སྔགས་ཀྱི་སྡེ་སྣོད་གླེགས་བམ་དུ་བྲིས་ཤིང་བཀླགས་པ་དང་། བཅངས་པའི་ཕན་ཡོན་ནི་དེ་ལས་ཀྱང་ཁྱད་པར་དུ་མས་འཕགས་པར་ཤེས་དགོས་ཏེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅངས་པ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླགས་པའི་མི། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པའི་མི། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །ཞེས་པ་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་པ་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །ལུང་དང་མན་ངག་འཛིན་པར་འགྱུར། །ཞེས་པ་ལ་སོགས་རྒྱས་པར་གསུངས་སོ། །གཞན་ཡང་དམ་པའི་ཆོས་འཇིག་རྟེན་དུ་གནས་པ་ཞེས་བྱ་བ་ནི་རྟོགས་པའི་ཆོས་འཕགས་བཞིའི་ཐུགས་རྒྱུད་ཀྱི་མངོན་པར་རྟོགས་པ་བརྗོད་བྱའི་ཚུལ་དང་། དེ་རྟོགས་བྱེད་ཀྱི་ཐབས་སུ་གྱུར་པ་ལུང་གི་ཆོས་རྗོད་བྱེད་ཀྱི་ཚུལ་དུ་གནས་པ་མདོ་དང་རྒྱུད་ཀྱི་སྡེ་སྣོད་མིང་ཚིག་ཡི་གེའི་ངོ་བོར་གནས་པ་གང་ཞིག །


DNG026_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གླེགས་བམ་དུ་བྲིས་པ་མེད་ན་དེ་ལ་བརྟེན་པའི་ཀློག་པ་དང་ཁ་ཏོན་སོགས་ཐོས་བསམ་བྱེད་པ་མི་འབྱུང་། དེ་མེད་པར་སྤོང་བ་ཉམས་ལེན་ཀྱང་མི་འབྱུང་སྟེ། བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་ཡོངས་སུ་འཛིན་པའི་རྩ་བ་ནི་འདི་ཉིད་འབའ་ཞིག་ཏུ་གནས་པའི་ཕྱིར། མདོ་རྒྱུད་ཀྱི་རྣམ་གྲངས་རེ་རེ་འདྲི་བ་དང་། བཟུང་བའི་ཕན་ཡོན་ཀྱང་དཔག་ཏུ་མེད་ན་ཕྱི་མོ་གཅིག་ལས་གླེགས་བམ་མང་པོ་ཕྱི་མཐའི་བར་དུ་རྒྱས་པར་འགྱུར་བས་དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེ་ཐེག་པའི་ལུང་རྟོགས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་པོར་གནས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ལ་ཚད་བཟུང་བ་ལྟ་ཅི། ཕྱོགས་ཙམ་ཞིག་ཀྱང་བསྐལ་པ་བྱེ་སྙེད་མང་པོར་བསམ་པས་མཐའ་གཏུགས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཀྱི་སྦྱིན་པ་ནི་སྦྱིན་པ་ཐམས་ཅད་ཀྱི་མཆོག་དང་། རབ་དང་། ཕུལ་དང་། གཙོ་བོ་དང་། གྱ་ནོམ་པ་དང་། བླ་ན་མེད་པ་སྟེ། ཡུམ་ལས། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད་དེ། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར། གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་རྣམས་རྒྱ་ཆེར་


DNG026_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་པོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་པོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་པོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་


DNG026_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་ཤིང་། ཀློག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །ཞེས་སོགས་རྒྱ་ཆེར་བསྟན་པ་བཞིན་ནོ། །དེ་ལྟ་བུའི་ཆོས་ཀྱི་གླེགས་བམ་གཞན་ལ་སྦྱིན་པར་བྱིན་པ་དེ་ལ་བརྟེན་པས་ཐོས་བསམ་བསྒོམ་གསུམ་གྱི་བྱེད་པས་འཇིག་རྟེན་དུ། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་པོར་གནས་ཤིང་། རྒྱུ་དེ་ལས་སྐྱེ་དགུ་རྣམས་ཀྱང་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་སྒོ་ཐམས་ཅད་ནས་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར། བསྟན་པ་དང་སེམས་ཅན་ཡོངས་ཀྱི་རྩ་ལག་གཅིག་པུར་གྱུར་པ་འདི་ལྟ་བུ་ནི། རྣམ་པར་དཀར་བའི་བསོད་ནམས་ཀྱི་དངོས་པོ་འདུ་བགྱིད་པ་གཞན་གྱིས་ཆ་ཤས་ཙམ་ཡང་བསྒྲུན་དུ་མེད་པར་ཤེས་པར་བྱ་ཞིང་། ལྷག་པར་སྙིགས་མ་ལྔ་བདོ་བའི་སྐྱེ་བོ་རྣམས་ཀྱི་སྙིང་ལ་ཡིད་ཀྱི་སྲུབས་


DNG026_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བྱེ་བ་ཕྲག་བརྒྱའི་དབང་ཕྱུག་ལ་དབང་སྒྱུར་བའི་བདག་པོས། བྱང་ཆུབ་ཕྱོགས་སུ་མཛའ་བ་མ་ཡིན་པའི་བསླུ་འདྲིད་ཀྱི་སྦྱོར་བ་འཇམ་པོས། བལྟར་མི་མངོན་པའི་གནས་མལ་ཆེན་པོ་བཅས་ཤིང་། སེམས་ཅན་སུ་ཞིག་ནི་ངན་འགྲོར་གཞོལ། ངན་འགྲོར་བབས། ངན་འགྲོར་འབབ་པར་འགྱུར་རམ་སྙམ་དུ་སེམས་ཀྱི་ལས་བྱེད་ཅིང་དེ་དག་གི་བྱིན་གྱིས་རླབས་ཀྱི་འབབ་སྟེགས་སུ་འདོད་ཆགས་བདོ་བ་དང་། ཞེ་སྡང་བདོ་བ་དང་། གཏི་མུག་བདོ་བ་དང་། ང་རྒྱལ་བདོ་བ་དང་། ཕྲག་དོག་བདོ་བ་སོགས་ཀྱིས་བསོད་ནམས་མ་ཡིན་པའི་གནས་འབའ་ཞིག་ཏུ་སྤྲོ་ཞིང་བགྱི་བ་ལྷུར་ལེན་པ་ལ་ཞུགས་པས་དམ་པའི་ཆོས་རིན་པོ་ཆེ་འཇིག་པ་ལ་ཐག་ཧ་ཅང་མི་རིང་བར་མངོན་དུ་ཕྱོགས་པའི་དེང་གི་དུས་སུ། འདི་ལྟ་བུར་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་དུས་རིང་པོར་གནས་པའི་ཕྱིར་ཐབས་འདི་ལྟ་བུའི་རྩོམ་པ་ལ་ཞུགས་ནས་འབད་པ་ཆེན་པོས་བསྲུང་ཞིང་བཟུང་བ་ནི་ལྷག་པར་ཕན་ཡོན་ཁྱད་པར་འཕགས་ཤིང་ས་ཆེན་པོ་ལ་བཞུགས་པའི་རྒྱལ་བའི་སྲས་མཆོག་རྣམས་ཀྱི་སྤྱོད་པའི་ཚུལ་བླ་ན་མེད་པ་སྟེ། སྔ་འགྱུར་པུཎྜ་རཱི་ཀའི་རྒྱུད་ལས། སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མི་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །ཞེས་པ་དང་། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ལས། གང་དག་ཕྱིན་ཆད་མདོ་མཆོག་འདི་འཛིན་པ། །དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས། །སངས་རྒྱས་བྱེ་བས་དེ་དག་བསྔཊ་བརྗོད་ཀྱང་། །དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར། །ཞེས་དང་། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བ། །མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན། །མི་དམན་པ་རྣམས་ཀུན་དུ་རྣམ་པར་རྒྱུ། །སངས་རྒྱས་བརྒྱ་སྟོང་དག་པ་བསྙེན་བཀུར་བྱེད། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན། །མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་བྱེད། །རྒྱལ་པོ་མཁས་པ་མཛངས་པ་རྣམས་ཀྱིས་བསྔགས།


DNG026_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། གང་གི་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱེ་བ་བགྲང་དག་ལ། །བསྐལ་པ་གངྒཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་ལས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་ན་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་སྲུང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམས་ཀྱང་རྒུད་མི་འགྱུར། །ལུས་ཀྱི་བདེ་བ་མྱོང་འགྱུར་ཞིང་། །དེ་ནི་ནད་ཀྱིས་བཏབ་མི་འགྱུར། །ནམས་ཀྱང་ཕྲོག་པར་མི་འགྱུར་རོ། །སྟོན་པའི་བསྟན་པ་བསྲུང་བྱས་ན། །བཟོད་པ་ཕུན་སུམ་ཚོགས་པ་དང་། །དེས་དང་གསལ་དང་མཉེན་པ་དང་། །སེམས་ཅན་རྣམས་ལ་བྱམས་པར་འགྱུར། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །བདེ་དང་དགའ་འཐོབ་མཛོད་ནི་མང་པོར་འགྱུར། །སྔོན་གྱི་རིམ་གྲོ་བྱ་བ་འཐོབ་འགྱུར་ཞིང་། །མི་ཁོམ་བརྒྱད་པོ་མ་ལུས་ཟད་པར་སྤོང་། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །དཔེར་ན་ནམ་མཁའ་སྐར་མས་ཡོངས་གང་ལྟར། །རྟག་ཏུ་མཚན་གྱིས་གོ་ཆར་བྱས་པ་དང་། །རབ་ཏུ་ཚིག་སྙན་ཡིད་འོང་དབྱངས་ལྡན་འགྱུར། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །གང་ན་ཡིད་བདེ་མེད་ཅིང་རབ་སྡུག་པ། །རིགས་དམན་དེ་ནི་དེ་ཡིས་སྤངས་པར་འགྱུར། །ཕྱུག་ཅིང་ཤིན་ཏུ་བདེ་ལ་ལོངས་སྤྱོད་ལྡན། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན། །མི་དམན་པ་རྣམས་ཀུན་ཏུ་རྣམ་པར་རྒྱུ། །སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན། །མི་ཡི་འཇིག་


DNG026_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མཆོག་ཏུ་བསྙེན་བཀུར་འགྱུར། །རྒྱལ་པོ་མཁས་པ་མཛངས་པ་རྣམས་ཀྱིས་བསྔགས། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་གཟུགས་མཛེས་བལྟ་ན་སྡུག་པ་དང་། །སྐྱེས་པ་བུད་མེད་ལྷ་རྣམས་དགའ་བ་དང་། །བདེ་ཞིང་མཁས་ལ་བསྔགས་ཤིང་ཤེས་རབ་ལྡན། །སྟོན་པ་སྟོབས་བཅུ་མངའ་བ་ལྷ་ཡི་ལྷས། །གང་གི་མདུན་དུ་མདོ་འདི་རབ་བཤད་པ། །མི་དེའི་ལག་ཏུ་མདོ་སྡེ་འདི་འདྲ་འདི། །ཕྱི་མ་དུས་ཀྱི་ཚེ་ན་ཐོབ་པར་འགྱུར། །ཞེས་པ་དང་། དེ་བཞིན་དུ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་ཆོས་གང་འཛིན་པ། །དེ་དག་ཕན་ཡོན་རྣམ་པ་མང་འགྱུར་ཏེ། །དེ་ལས་ཕྱོགས་ཙམ་ཡོངས་སུ་བརྗོད་པར་བྱ། །དཔེར་ན་རྒྱ་མཚོའི་ཆུ་ལས་ཐིགས་པ་བཞིན། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་གཟོ་ཡིན། །རྒྱལ་བ་རྣམས་ཀྱིས་མཛོད་འཛིན་ཡིད་བརྟན་ཞིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །འཇིག་རྟེན་ཟང་ཟིང་རྒྱལ་ལ་བསྡི་སྟང་བྱས། །འཇིག་རྟེན་བྱེད་ལས་ནམ་ཡང་གྲོལ་མི་འགྱུར། །འཇིག་རྟེན་འདས་པའི་ཆོས་ནི་གང་ཚོལ་བ། །མཁས་པ་དེ་ནི་འཇིག་རྟེན་ཆོས་ལས་འདའ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །རྒྱལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར། །ལྷ་དང་ཀླུ་དང་མིའམ་ཅི་རྣམས་དང་། །བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་བཟུང་། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལ་བདུད་ཀྱི་སྐྱོན་ཆགས་རྙེད་མི་འགྱུར། །


DNG026_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འགྱོད་དང་དེ་བཞིན་དོགས་པ་མེད། །དེ་ལ་བཅིང་མེད་སྒྲིབ་པ་ཅུང་ཟད་མེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཞིང་སྟོང་དག་ཏུ་ནམ་ཡང་མི་སྐྱེ་སྟེ། །སྐྱེ་བ་ཀུན་ཏུ་དེས་ནི་རྒྱལ་བ་མཐོང་། །མཐོང་ནས་དེ་ལ་དད་པ་རབ་ཏུ་འཐོབ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཆོས་ཀྱི་བདག་ཉིད་ཆེན་པོ་སྐྱེ་དྲན་འགྱུར། །ཡང་དང་ཡང་དུ་རབ་ཏུ་འབྱུང་བ་འཐོབ། །སྤྱོད་པ་ཡོངས་དག་སྒྲུབ་པ་སྙིང་པོར་བྱེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཚུལ་ཁྲིམས་ཐོས་པས་འཕགས་པའི་ཆོས་སྤྱོད་པ། །མཁས་པ་མངོན་ཤེས་ལྔ་ལ་མྱུར་དུ་རེག །མ་སྨད་བསམ་གཏན་རྣམ་པར་ཐར་པ་འཐོབ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་ཟབ་ཆོས་རྟོགས་པར་ཁོང་དུ་ཆུད། །སངས་རྒྱས་སྤྱོད་ཡུལ་སྟོང་ཉིད་ཐེ་ཚོམ་མེད། །སེམས་ཅན་བདག་མེད་པར་ཡང་མོས་པར་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་སོ་སོ་ཡང་དག་རིག་པ་འཐོབ། །འཇིགས་མེད་ཤེས་རབ་རྣོ་ཞིང་ཆགས་མེད་དག །དེ་ནི་སྲོག་ཆགས་ཀུན་གྱི་ཐེ་ཚོམ་གཅོད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །མཁས་པ་དེ་ནི་གཟུངས་རྣམས་འཐོབ་པར་འགྱུར། །བསྐལ་པ་བརྒྱར་ཡང་གང་ཐོས་ཆུད་མི་ཟ། །སྤོབས་དང་ལྡན་ཞིང་ཆགས་པ་མེད་པར་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལ་མཁས་པ་རྟག་ཏུ་དགའ་བར་འགྱུར། །ལྷ་དང་ལྷ་མིན་མི་ཅིའི་ཡིད་དུ་འོང་། །དེ་ལ་སངས་རྒྱས་བུ་གཅིག་བཞིན་དུ་བསྟོད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་། །འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར། །བདེ་དང་ཡིད་བདེ་བྱང་ཆུབ་དེ་འཚང་རྒྱ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང་། །མཁས་པ་ཡན་ལག་སྨད་པ་མེད་པར་འགྱུར། །དེ་ལ་ལྟ་བས་ངོམས་པར་


DNG026_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་མི་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །གང་དག་ཆོས་ཀྱི་ཕྱག་རྒྱ་འདི་སྟོན་པའི། །དགེ་བའི་བཤེས་གཉེན་དེ་ལ་དཀོན་མི་འགྱུར། །ཆོས་མཛོད་ཟད་མི་ཤེས་པ་ཉན་པར་བྱེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ལུས་དང་ངག་དང་ཡིད་ཀྱང་རྣམ་པར་དག །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་པར་དག །རྣམ་གྲོལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་བྱང་ཆུབ་སེམས་བརྗེད་འགྱུར་བ་མེད། །ཕ་རོལ་ཕྱིན་པ་སྤྱོད་དང་འགལ་མི་འགྱུར། །དགེ་བ་བརྒྱ་རྣམས་ཀྱིས་ཀྱང་རབ་ཏུ་བཟུང་། །དེ་དག་རྣམས་ཀྱི་ཡོན་ཏན་ཕན་ཡོན་རྣམས། །བསྐལ་པ་རྒྱུན་མི་འཆད་པར་རབ་བརྗོད་ཀྱང་། །དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། །བརྗོད་པས་མཐའ་མར་ཕྱིན་པར་མི་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །གཞན་ཡང་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པའི་ཚེ་མཆོད་པར་བྱེད་ཅིང་། དེའི་གསུང་རབ་ལ་མོས་པ་ཆེན་པོས་སྲི་ཞུ་བྱེད་པ་སོགས་ཀྱི་ཕན་ཡོན་དང་། ཕྱི་མའི་དུས་འདིར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་བསོད་ནམས་བསགས་པའི་ཕན་ཡོན་མཉམ་པར་གསུངས་ཏེ། མེ་ཏོག་བརྩེགས་པའི་གཟུངས་ལས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོཊ་པའི་སངས་རྒྱས་ལ་ལོ་གཅིག་གམ་ལོ་བརྒྱའམ་ལོ་སྟོང་ཡང་རུང་སྟེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ། ཆུ་སྙིམ་པ་གང་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། སྤོས་འབུལ་ལམ། བདུག་སྤོས་འབུལ་ལམ། མར་མེ་འབུལ་ལམ། ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ནི། སེང་གེ་རྣམ་པར་བརྩེ་བ་བསྐལ་པ་


DNG026_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བམ། བསྐལ་པ་སྟོང་དུའང་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་འགྲོ་བར་འགྱུར་བ་དེ་ནི་གནས་མེད་དོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་གྱི་ཕྱི་མོ་རྣམས་གང་དུ་བཞུགས་པའི་ས་ཕྱོགས་དེར་ཡང་། ཉམས་ཉེས་པར་འགྱུར་བའི་ཕྱོགས་ཐམས་ཅད་ཞི་ཞིང་སྲིད་པ་དང་ཞི་བའི་དགེ་བ་དང་ལེགས་པའི་ཚོགས་མཐའ་དག་པ་རྣམས་རང་བཞིན་གྱིས་ཕུན་སུམ་ཚོགས་པར་འགྱུར་བའང་། བྱང་ཆུབ་སེམས་དཔའ་བྱམས་པས་དམ་བཅས་པའི་ཚུལ་བདུད་རྩི་བརྗོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་འཇིག་པའི་དུས་ལ་བབ་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་འཇིག་པར་འགྱུར་བ་འཇིག་པ་ཆེན་པོས་འཇིག་པའི་དུས་ལ་བབ་པ་ན་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སྐྱེས་བུ་དམ་པ་དེ་དག་ལ་རབ་ཏུ་བསྟན་པར་བགྱིའོ། །དེ་དག་ལ་གཟི་བྱིན་སྩལ་བར་བགྱིའོ། །ཡུལ་གང་ན་མདོ་སྡེ་འདི་འཛིན་པ་དེ་ལྟ་བུ་དག་གནས་པའི་ཡུལ་དེར་བདག་གིས་དུས་མ་ལགས་པའི་སེར་མ་དང་། དགུང་ཆར་དང་། མུ་གེ་དང་། བྲོ་ནད་ཡ་ང་བ་དང་། མི་ངས་དང་། ཡམས་ཀྱི་ནད་དང་། འགོ་བའི་ནད་དང་། གནོད་པ་དང་། འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཡུལ་གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། གླེགས་བམ་དུ་བགྱིས་པའམ། རྒྱལ་མཚན་གྱི་རྩེ་མོར་བཏགས་པ་ལ་མཆོད་པ་བགྱིད་པའི་ཡུལ་དེར་བདག་གི་བྱིན་གྱིས་བརླབས་ཀྱིས་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་དང་། ཆོམ་རྐུན་དང་། སྲིན་པོ་དང་། མཁའ་འགྲོ་མའི་ཡ་ང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གང་དག་ན་ཆོས་སྨྲ་བ་འདི་ལྟ་བུ་དག་དང་། མདོ་སྡེ་འདི་འཆང་བའི་ཡུལ་དེར་བདག་གི་ལོ་ཏོག་དང་། ནོར་དང་། འབྲུ་དང་། མེ་ཏོག་དང་། ལོ་མ་དང་། འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། བདེ་བ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབ་


DNG026_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱིའོ། །ཞེས་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་ཏེ་ཐོས་ནས། མདོ་སྡེའི་དབང་པོ་འདི་འཛིན་པའི་དགེ་སློང་དེ་དག་ཕྱིར་རྒོལ་བ་ཐམས་ཅད་ལས་ཀུན་ཏུ་བསྲུང་བར་བགྱིད། ཡོངས་སུ་སྐྱབས་པ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་སྐྱོང་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས། བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀུན་ཏུ་བསྲུང་བར་བགྱི། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གང་ཆོས་ཀྱི་རྣམ་གྲངས་འདི་གནས་པར་འགྱུར་བ་དེར་སངས་རྒྱས་བྱུང་བར་བལྟའོ། །གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེར། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བལྟའོ། །ཞེས་གསུངས་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཆེན་པོའི་གནས་ལུཊ་སྟོན་པའི་ངེས་དོན་གྱི་སྡེ་སྣོད་རིན་པོ་ཆེ་འདི་རྣམས་གནས་གང་དུ་འདྲི་བའམ། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེར་བདུད་དང་བདུད་ཀྱི་རིས་སུ་གྱུར་པ་རྣམས་ཀྱིས་གླགས་བལྟ་བར་མི་ནུས་ཏེ། ཡུམ་ལས། ཤ་ར་དྭ་ཏིའི་བུ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་། འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གི་མཐུས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མི་ནུས་སོ། །ཞེས་གསུངས་ཤིང་། དེ་བཞིན་དུ་དམ་པའི་ཆོས་འཛིན་པའི་གང་ཟག་དེ་ལ་བདེ་བར་གཤེགས་པ་སྲས་


DNG026_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དང་སློབ་མར་བཅས་པས་ཀྱང་། རྟག་ཏུ་དགོངས་ཤིང་བྱིན་གྱིས་རློབས་པ་ལ་ནི་ནམ་ཡང་གཡེལ་བ་མི་མངའ་བ་སྟེ། དེ་ཉིད་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་དག་ནི། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་དེ་དག་གིས་མཁྱེན་ཏོ། །སངས་རྒྱས་ཀྱི་སྤྱན་གྱིས་གཟིཊ་ཤིང་ཐུགས་སུ་ཆུད་དོ། །ཞེས་སོགས་གསུངས་པ་དང་། ངེས་དོན་གྱི་སྡེ་སྣོད་ཟབ་མོ་རྣམས་གང་དུ་བཞུགས་ཤིང་སྤེལ་བ་དང་། མཆོད་པར་བྱེད་པའི་གནས་དེ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་པོ་སོགས་ཀྱིས་ཡོང་ཡེ་བསྲུང་ཞིང་། དགའ་བ་དང་། མགུ་བ་སོགས་ཀྱིས་རྟག་ཏུ་བདེ་ལེགས་སུ་བྱེད་པར་རྒྱལ་བ་ཉིད་ཀྱི་དྲུང་དུ་དམ་བཅས་པ་སྟེ། མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་ཐེག་པ་ཆེན་པོའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་མི་མཇེད་ཀྱི་བདག་པོ་ཚངས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བསམ་གཏན་གྱི་བདེ་བ་ལ་གནས་པ་ཚད་མ་མཆིས་པ་བཏང་སྟེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པ་དེ་དང་དེ་དག་ཏུ་བདག་ཆོས་ཉན་པའི་སླད་དུ་ཉེ་བར་མཆི་བར་བགྱིའོ། །མཆིས་ནས་ཀྱང་ཆོས་སྨྲ་བ་དེ་དག་ཆོས་དང་ལྡན་པས་བསྲུང་བ་དང་སྦ་བ་དང་། བསྐྱབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་


DNG026_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སྐྱོང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ནི་འདི་ལས་བྱུང་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆེན་པོ་དེ་དག་དང་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་བསྲུང་བ་དང་། སྦ་བ་དང་། བསྐྱབ་པ་ལ་བརྩོན་པར་བགྱིའོ། །བདག་ཅག་གིས་འཁོར་གང་དག་སངས་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པ་དེ་དག་ཀྱང་ཇི་ནས་དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བའི་སླད་དུ་བརྩོན་པར་འགྱུར་བར་དད་པར་བགྱིའོ། །ཞེས་པ་དང་།གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་ཀྱང་། བཅོམ་ལྡན་འདས་མིའི་རྒྱལ་པོ་གང་གི་ཡུལ་དུ་མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་ཆོས་སྨྲ་བ་དེ་དག་མཆི་བར་འགྱུར་བའི་ཡུལ་དེ་དག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་བསྙེན་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་ཏེ་ཐོས་ནས་མདོ་སྡེའི་དབང་པོ་འདི་འཛིན་པའི་དགེ་སློང་དེ་དག་ཕྱིར་རྒོལ་བ་དེ་དག་ལས་ཀུན་ཏུ་བསྲུང་བར་བགྱིད། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་འཛིན་པ་དང་།ཡོངས་སུ་སྐྱོང་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀུན་ཏུ་བསྲུང་བར་བགྱི། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོས་ནམ་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་ལ། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བདེ་བ་དང་ཡོ་བྱད་ཐམས་


DNG026_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཕུན་སུམ་ཚོགས་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འདི་འཛིན་པ་ལ་བསྡི་སྟང་བགྱིད། བླ་མར་བགྱིད། རིམ་གྲོར་བགྱིད་ཅིང་མཆོད་ན་བཙུན་པ་བཅོམ་ལྡན་འདས། བདག་ཅག་རྒྱལ་པོ་ཆེན་པོ་བཞིས་མིའི་རྒྱལ་པོ་ཆེན་པོ་དེ་ལ། རྒྱལ་པོ་ཐམས་ཅད་པས་ཆེས་བསྡི་སྟང་དུ་བགྱི། ཆེས་བླ་མར་བགྱི། ཆེས་རིམ་གྲོར་བགྱི། ཆེས་མཆོད་པར་བགྱི་སྟེ་ཡུལ་ཐམས་ཅད་དུ་ཡང་རབ་ཏུ་བསྔགས་པར་བགྱིའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ།། གཉིས་པ་བསྔོ་སྨོན་གྱི་རིམ་པ་ལ། བསྔོ་བའི་རྣམ་གཞག །བསྔོ་དགོས་པའི་རྒྱུ་མཚན། ཚུལ་ཇི་ལྟར་བསྔོ་བ། བསྔོ་སྨོན་གྱི་ཚིགས་སུ་བཅད་པ་དངོས་སོ།། དང་པོ་ལ་བསྔོ་བའི་ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། དང་པོ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་དཀར་གྱི་བགྱི་བར་གཏོགས་པའི་དངོས་པོ་ཐམས་ཅད་ཡོངས་སུ་མི་གནས་པའི་མྱ་ངན་ལས་འདས་པའི་སར། རྣམ་པར་དག་པའི་ཕྱིར། བློའི་སྟོབས་ཀྱིས་ཡོངས་སུ་བསྒྱུར་བའི་འདུན་སེམས་ས་བོན་དང་བཅས་པའོ། །དེ་ལྟར་ཡང་། མངོན་པར་རྟོགས་པའི་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ནི་བྱེད་པ་མཆོག་ཡིན་ནོ། །ཞེས་སོ།། ངེས་ཚིག་ནི་པ་རི་ཎ་ཏ་སྟེ་ཡོངས་སུ་བསྒྱུར་བའམ་ཡོངས་སུ་སྤེལ་བ་ལ་བྱ་སྟེ། འཇིག་རྟེན་པའི་ལམ་གྱི་དགེ་རྩ་རྣམས་འཇིག་རྟེན་ལས་འདས་པའི་དགེ་རྩར་སྒྱུར་བའམ། རྐྱེན་གཞན་གྱིས་འཛད་པའམ་འཇོམ་པར་འགྱུར་བའི་དགེ་རྩ་མི་ཟད་པར་སྤེལ་བའི་ཕྱིར་དེ་སྐད་དུ་བརྗོད་དོ།། གསུམ་པ་དབྱེ་བ་ལ་གཉིས་ཏེ། ཡོངས་སུ་མ་དག་པ་དང་དག་པ་གཉིས་སུ་དབྱེ་བའི་དང་པོ་ནི། ཡུམ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མའི་ཚུལ་གྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་ཤེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་


DNG026_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ནོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་དེ་དག་ཀྱང་མཚན་མ་མ་ཡིན། མཚན་མའི་ཡུལ་མ་ཡིན་ནོ་ཞེས་གལ་ཏེ་དེ་ལྟར་སེམས་ན་ཡང་མཚན་མར་བྱེད་པ་ཡིན་གྱི། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ཏེ། དེ་ལྟར་ན་དེའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཞེས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། དམིགས་པའི་འདུ་ཤེས་ཅན་དང་། མཚན་མའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་དོན་ཆེ་བར་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་བསྔོ་བ་དེ་ནི་དུག་ཅན། ཟུག་རྔུ་ཅན་ཏེ། འདི་ལྟར་དཔེར་ན། ཁ་ཟས་བསོད་པ། ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་། དུག་དང་འདྲེས་པར་གྱུར་ན། ཁ་དོག་དང་། དྲི་དང་། རོས་ཡིད་དུ་འོང་བ་ཡང་ཡིན་མོད་ཀྱི། འོན་ཀྱང་དུག་ཅན་དུ་ཟད་ན། དེ་ལ་སྐྱེས་བུ་བྱིས་པའི་ངང་ཚུལ་ཅན། ཤེས་རབ་འཆལ་བའི་ངང་ཚུལ་ཅན་ནི། བཟའ་བར་སེམས་ཏེ། དེས་དེ་ཐོས་ན་ཡང་ཁ་དོག་དང་། དྲི་དང་། རོ་ཞིམ་པར་ཚོར་མོད་ཀྱི། སྡུག་བསྔལ་དང་། སྡུག་བསྔལ་གྱི་རྣམ་པར་སྨིན་པར་འགྱུར་རོ། །དེ་བཞིན་དུ་འདི་ལ་ལོག་པར་རིག་པ་དང་། ལོག་པར་ཤེས་པ་དང་། ལོག་པར་བསླབས་པ་ལས་དོན་མ་རྟོགས་མི་ཤེས་ཤིང་འདི་སྐད་དུ་སྟོན་ཏེ། ཚུར་རིགས་ཀྱི་བུ། ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་ཅན་རྣམས་ཀྱི་རྒྱུད་ལ་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་དང་། བསྐྱེད་པ་དང་བསྐྱེད་པར་འགྱུར་བའི་བར་གྱི་དགེ་རྩ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ། གཅིག་ཏུ་བརྟུལ་ལ་ཚད་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་


DNG026_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བར་སྟོན་ཏེ། དེ་ལྟར་བསྔོ་བ་དེས་མཚན་མའི་ཚུལ་དང་། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོས་ན། དུག་ཏུ་འགྱུར་བ་ཡིན། འདི་ལྟ་སྟེ་དཔེར་ན། ཟས་དུག་ཅན་དེ་དང་འདྲ་བར་དམིགས་པའི་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་ནི་དུག་དང་བཅས་པ། མཚན་མ་དང་བཅས་པ། རྒྱུ་དང་བཅས་པ། རྐྱེན་དང་བཅས་པ་སྟེ། དེ་དེ་ལྟར་ཡོངས་སུ་བསྔོས་ན། དེ་བཞིན་གཤེགས་པ་ལ་སྐུར་པར་འགྱུར། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་ཡང་མ་ཡིན། ཆོས་བཞིན་དུ་སྨྲ་བ་ཡང་མ་ཡིན་པར་འགྱུར་ཏེ། ཞེས་གསུངས་པ་དང་། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། ཇི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་པ་ལ་སོགས་གསུངས་པ་ལྟར། གང་དུ་བསྔོ་བའི་ཡུལ་དང་། གང་བསྔོ་བའི་དངོས་པོ་དང་། གང་གིས་བསྔོ་བའི་བྱེད་པོ་སྟེ་འཁོར་གསུམ་ལ་མཚན་མའི་ཆོས་སུ་དམིགས་ནས་བསྔོ་བར་བྱེད་པ་ནི་མ་དག་པའོ།། གཉིས་པ་ཡོངས་སུ་དག་པའི་བསྔོ་བ་ནི། འཁོར་གསུམ་དམིགས་བྲལ་གྱི་བསྔོ་བ་སྟེ། དེ་ལ་གསུམ་མི་དམིགས་པའི་ཚུལ་ཇི་ལྟ་བུ་ཞེ་ན། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གང་ལ་སངས་རྒྱས་སུ་འདུ་ཤེས་པའང་མེད་པ་དང་། བདག་ཏུ་འདུ་ཤེས་པ་མེད་པ་དང་། ལུང་བསྟན་པའི་བསྟན་པར་འདུ་ཤེས་པ་མེད་པ་འདི་ནི་འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། གང་ལ་བདག་ཏུ་འཛིན་པ་མེད་པ་དང་། སེམས་ཅན་དུ་འཛིན་པ་མེད་པ་དང་། ཆོས་སུ་འཛིན་པ་མེད་པའོ། །གཞན་ཡང་། འཁོར་གསུམ་ཡོངས་སུ་དག་པ་ནི་གང་ལ་མིང་དུ་འཛིན་པ་མེད་པ་དང་། གཟུགས་སུ་འཛིན་པ་མེད་པ་དང་། དམིགས་པར་འཛིན་པ་མེད་པའོ། །གཞན་ཡང་འཁོར་


DNG026_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡོངས་སུ་དག་པ་ནི་འདས་པ་ལ་ཟད་པར་ཤེས་པ་དང་། མ་འོངས་པ་ལ་མ་ཕྱིན་པར་ཤེས་པ་དང་། ད་ལྟར་བྱུང་བ་ལ་གནས་པ་མེད་པར་ཤེས་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་ལུས་ལ་གཟུགས་བརྙན་ལྟ་བུར་ཤེས་པ་དང་། ངག་ལ་བྲག་ཅ་ལྟ་བུར་ཤེས་པ་དང་། སེམས་ལ་སྒྱུ་མ་ལྟ་བུར་ཤེས་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་། མཉམ་པ་ཉིད་དང་། ཁམས་རྣམས་ལ་ཆོས་ཀྱི་དབྱིངས་དང་། མཉམ་པ་ཉིད་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་ལྟ་བུར་སོ་སོར་རྟོགས་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་སྟེ། བློ་གྲོས་རྒྱ་མཚོ་འཁོར་གསུམ་ཡོངས་སུ་དག་པ་ནི་ཆོས་ཐམས་ཅད་ཡོངས་སུ་དག་པར་འགྱུར་བའོ། །ཞེས་གསུངས་པ་ལྟར་མཚན་མར་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ནི། རྣམ་པར་དག་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་བའི་ཚུལ་ཡང་། ཡུམ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱ་བ་དེ་དག་དང་། སེམས་བསྐྱེད་པ་དེ་དག་ཡོངས་སུ་ཤེས་པ་མེད་ཅིང་། མཚན་མར་མི་བྱེད་ན། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ཞེས་པ་དང་། རབ་འབྱོར་གྱིས་སྨྲས་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དེ་བཞིན་གཤེགས་པ་ལ་སྐུར་པར་འགྱུར་བ་མེད་པར་འདོད་པས། འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་


DNG026_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པས་དགེ་བའི་རྩ་བ་དེ་དག་གི་ངང་ཚུལ་གང་ཡིན་པ་དང་རང་བཞིན་གང་ཡིན་པ་དང་། མཚན་ཉིད་གང་ཡིན་པ་ཐུགས་སུ་ཆུད་དེ། མཁྱེན་ལ་རབ་ཏུ་མཁྱེན་ཅིང་། ཆོས་ཉིད་གང་གིས་ཡོད་པ་དེ་བཞིན་དུ། བདག་གིས་རྗེས་སུ་ཡི་རང་བར་བྱའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །ཞེས་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་ཡོངས་སུ་བསྔོས་ན། དེ་བཞིན་གཤེགས་པ་ལ་སྐུར་པར་མི་འགྱུར། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་དང་། ཆོས་བཞིན་དུ་སྨྲ་བར་འགྱུར་རོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་དེ་དུག་མེད་ཅིང་། བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ། །ཞེས་པ་དང་། དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་སྦྱིན་པ་གང་དང་གང་སྦྱིན་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །ཚུར་རིགས་ཀྱི་བུ་ཚུལ་ཁྲིམས་གང་དང་གང་སྲུང་བ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །ཚུར་རིགས་ཀྱི་བུ་བཟོད་པ་གང་དང་གང་སྒྲུབ་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །ཚུར་རིགས་ཀྱི་བུ་བརྩོན་འགྲུས་གང་དང་གང་རྩོམ་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོཊ་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །ཚུར་རིགས་ཀྱི་བུ་བསམ་གཏན་གང་དང་གང་ལ་སྙོམས་པར་འཇུག་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །ཚུར་རིགས་ཀྱི་བུ་ཤེས་རབ་གང་དང་གང་སྒོམ་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་


DNG026_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོཊ་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །ཚུར་རིགས་ཀྱི་བུ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་རྣམས་ལ་རྟོག་པར་མ་བྱེད་ཅིག །ཅེས་གསུངས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་གཞན་ཡང་སྦྱིན་པ་དག་པ་ནི་ཤེས་རབ་བོ། །ཡོངས་སུ་བསྔོ་བ་དག་པ་ནི་ཐབས་སོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དག་པ་ནི་ཤེས་རབ་བོ། །ཡོངས་སུ་བསྔོ་བ་དག་པ་ནི་ཐབས་སོ། །མདོར་བསྡུ་ན་དགེ་བའི་རྩ་བ་ཐམས་ཅད་དག་པ་ནི་ཤེས་རབ་བོ། །ཡོངས་སུ་བསྔོ་བ་དག་པ་ནི་ཐབས་སོ། །ཞེས་གསུངས་ཤིང་། །བསྔོ་བ་རྣམ་པར་དག་པ་དེ་ནང་གསེས་སུ་དབྱེ་ན་བཅུ་གཉིས་སུ་འགྱུར་ཏེ། མི་དམིགས་པའི་རྣམ་པ་ཅན་གྱི། ཕྱིན་ཅི་མ་ལོག་པའི། དབེན་པའི་གནས་སུ། སངས་རྒྱས་ཀྱི་ཆོས་དྲན་པའི། ཐབས་ལ་མཁས་པའི། མཚན་པ་མེད་པའི། སངས་རྒྱས་ཀྱི་རྗེས་སུ་གནང་བའི། ཁམས་གསུམ་དུ་རྟོག་པ་མ་ཡིན་པའི། བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བའང་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་གསུམ་སྟེ་བཅུ་གཅིག་ཏུ་ཡུམ་ལས་གསུངས་པ་འདིར་ཧ་ཅང་མང་བར་འགྱུར་བའི་ཕྱིར་མ་བཤད་དེ་གསུམ་དམིགས་བྲལ་གྱི་ཡོངས་སུ་བསྔོ་བ་ལ་ཐམས་ཅད་འདུ་བས་སོ། །དེ་ལྟ་བུའི་དམིགས་པ་དང་བྲལ་བའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་རྩ་དེ་ནི་ཆུང་ངུ་ཙམ་ཡང་དམིགས་པ་དང་བཅས་པའི་དགེ་རྩ་རྒྱ་ཆེན་པོ་དག་གིས་བསྒྲུན་དུ་མེད་པར་གསུངས་པའང་། ཡུམ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོཊ་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་


DNG026_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ནམ་འཚོ་བའི་བར་དུ་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་རྩི་དང་། ཡོ་བྱད་མང་པོ་དང་། བདེ་བ་ཐམས་ཅད་ཀྱིས་རིམ་གྲོར་བྱས། བཀུར་སྡིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་དག་གི་རིང་བསྲེལ་ལ་ཉིན་མཚན་དུ་མེ་ཏོག་དང་། བདུག་སྤོས་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྡིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་མཆོད་པར་བྱ་བའི་དོན་དུ་ཉམས་སུ་ལེན་ཅིང་། དེ་དམིགས་པའི་ཚུལ་གྱིས། སྦྱིན་པ་བྱིན་པ་དང་། དེ་དམིགས་པའི་ཚུལ་གྱིས། ཚུལ་ཁྲིམས་སྲུང་བ་དང་། དེ་དམིགས་པའི་ཚུལ་གྱིས། བཟོད་པ་སྒོམ་པ་དང་། དེ་དམིགས་པའི་ཚུལ་གྱིས། བརྩོན་འགྲུས་རྩོམ་པ་དང་། དེ་དམིགས་པའི་ཚུལ་གྱིས་བསམ་གཏན་ལ་སྙོམས་པར་འཇུག་པ་དང་། དེ་དམིགས་པའི་ཚུལ་གྱིས། ཤེས་རབ་སྒོམ་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་གང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པའི་ཚེ། ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེ་དག་བསོད་ནམས་མངོན་པར་འདུ་བྱ་


DNG026_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་འདི་ལ་ནི། བསོད་ནམས་མངོན་པར་འདུ་བྱ་བ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དེ། ཡོངས་སུ་བསྔོ་བ་དེ་ཉིད་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །དམ་པ་ཞེས་བྱའོ། །མཆོག་ཅེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །རབ་འབྱོར་དེ་ལྟར་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ཞེས་པ་ལ་སོགས་པས་རྒྱ་ཆེར་གསུངས་པ་བཞིན་ནོ།། གཉིས་པ་བསྔོ་དགོས་པའི་རྒྱུ་མཚན་ནི། འདི་ལྟར་འཇིག་རྟེན་གྱི་ལམ་ལ་གནས་པས་འདུ་བགྱིས་པའི་བསོད་ནམས་ཀྱི་ཚོཊ་ཤིན་ཏུ་རྒྱ་ཆེ་བ་དག་ཀྱང་འདུས་མ་བྱས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྒྱུར་བ་མ་བྱས་ན། ཕལ་ཆེར་ལྷ་དང་མིའི་གནས་སྐབས་བདེ་འབྱོར་གྱི་འབྲས་བུ་ཙམ་དུ་གྱུར་ནས་ཟད་པར་འགྱུར་བ་དང་། ལ་ལ་ནི་ཁོང་ཁྲོ་ལ་སོགས་པའི་ཀུན་ཏུ་དཀྲིས་པ་མི་ཟད་པ་སྐྱེས་པའི་རྒྱུས་བར་མ་དོར་ཆུད་ཟ་བར་འགྱུར་བ་མང་བའི་ཕྱིར་རོ། །བྱང་ཆུབ་ཏུ་ཡང་དག་པར་བསྔོས་པའི་དགེ་རྩ་ནི་ནམ་དུ་ཡང་ཟད་པར་མི་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་མཆིལ་


DNG026_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཐིགས་པ་གཅིག་ཕྱེ་མའི་སྟེང་དུ་བོར་ན་དེ་ཉིད་སྐམ་པར་འགྱུར་ལ། དེ་ཉིད་རྒྱ་མཚོ་ཆེན་པོར་བོར་ན་ཇི་སྲིད་རྒྱ་མཚོ་ཆེན་པོ་དེ་ཟད་ཅིང་བསྐམས་པར་མི་འགྱུར་བ་དེ་སྲིད་དུ་མཆིལ་མའི་ཐིགས་པ་དེ་ཡང་མི་བསྐམ་མོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་པའི་དགེ་བའི་རྩ་བ་ནི་ཟད་ཅིང་འཕེལ་བར་མི་འགྱུར་ལ། གང་བྱང་ཆུབ་ཏུ་ཡོངས་སུ་བསྔོས་བའི་དགེ་རྩ་དེ་ནི་མི་ཟད་ཅིང་འཕེལ་བར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །གལ་ཏེ་འཇིག་རྟེན་གྱི་ལམ་ལས་འདས་པར་བཞུགས་པའི་འཕཊ་པ་རྣམས་ཀྱི་དགེ་བའི་རྩ་བ་ཡང་ཡོངས་སུ་བྱང་ཆུབ་ཏུ་མ་བསྔོས་ན་ཆུད་འཛའ་བར་འགྱུར་རམ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཉིད་ལས། བློ་གྲོས་རྒྱ་མཚོ་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྔོན་གྱི་ཤུགས་ཀྱིས་བྱ་བ་བྱེད་དེ། དེ་དག་གང་གི་ཚེ་མཉམ་པར་མ་བཞག་པར་གནས་པ་དེའི་ཚེ་ན་ཡང་སྔོན་འཕངས་པའི་ཡོངས་སུ་བསྔོ་བ་འདི་བརྒྱ་ལམ་ན་ཡང་ཆུད་ཟ་བར་མི་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེའི་ཕྱིར་སྐྱེས་བུ་མཁས་པ་ཁ་ཅིག་དཔེ་བསྟན་པས་བཤད་པའི་དོན་ཤེས་པར་འགྱུར་བས་ཁྱོད་ལ་དཔེ་བྱའོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་བུ་རམ་ཤིང་གི་ཞིང་ངམ། འབྲས་སཱ་ལུའི་ཤིང་ངམ། རྒུན་འབྲུམ་གྱི་ཞིང་རྣང་རྒལ་བྱས་པར་གྱུར་པ་དེ་ལ་མི་ཞིག་གིས་རྣང་ཐམས་ཅད་ལ་ཡུར་བ་ཅི་རིགས་པར་བཏོད་ནས། རྐ་ནས་ཆུ་ཕབ་སྟེ་ཡལ་བར་བོར་ནས་ཉལ་བ་དང་། དེ་ནས་མི་དེ་ཉལ་ཡང་ཡུར་བ་ཇི་ལྟ་བཏོད་པ་བཞིན་དུ་ཆུ་འབབ་སྟེ། དེ་ལ་མི་དེ་བརྩོན་པར་བྱ་མི་དགོས་ཤིང་བསྒྲིམ་མི་དགོས་པར་རྣང་ཐམས་ཅད་ཆུས་གང་བར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཉམ་པར་མ་བཞག་ཀྱང་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་ལ་ཡོངས་སུ་སྔོ་བར་བྱེད་དེ་ཐབས་ཀྱིས་དངོས་པོ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོའོ། །དེ་བསམ་པ་ཤིན་ཏུ་ཡོངས་སུ་དག་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་


DNG026_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུངས་པའི་ཕྱིར་མཉམ་པར་གཞག་པར་གནས་ཀྱང་། དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོ་ཞིང་། སྔོན་གྱི་སྨོན་ལམ་ལེགས་པར་བཏབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་རླན་པར་བྱེད་དོ། །བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་ལས་ལངས་ཀྱང་རུང་སྟེ། དགེ་བའི་རྩ་བ་རྣམས་སྔོན་ཤིན་ཏུ་འཕངས་པ་དང་། སེམས་ལས་སུ་རུང་བ་དང་། དྲན་པ་མི་གཡེང་བ་དང་། ཐེག་པ་དམན་པ་དང་བྲལ་བ་དང་། ཐེག་པ་ཆེན་པོར་སྨོན་ལམ་བཏབ་པའི་ཕྱིར་དགེ་བའི་རྩ་བ་རྣམས་བརྒྱ་ལམ་ན་ཡང་ཐམས་ཅད་མཁྱེན་པར་ཡོངས་སུ་མི་བསྔོ་མི་སྲིད་པར་འདི་ལྟར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།། གསུམ་པ་ཇི་ལྟར་བསྔོ་བའི་ཚུལ་ལ། བསྔོ་རྒྱུའི་དགེ་རྩ་ངོས་བཟུང་བ་དང་། དེ་བསྔོ་བའི་ཐབས་དངོས་བཤད་པའོ། །དང་པོ་ནི། ཕལ་པོ་ཆེའི་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་རྣམས། །ཞེས་གསུངས་པ་ལྟར་དང་། རྒྱལ་བའི་ཡུམ་ལས་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་དཔག་ཏུ་མེད་པ་དག་གི། འཇིག་རྟེན་གྱི་ཁམས་རེ་རེར་ཡང་། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་ཚད་མེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་ཐུགས་དང་པོ་བསྐྱེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་དམ་པའི་ཆོས་མ་ནུབ་ཀྱི་བར་དུ། དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་གང་ཇི་སྙེད་ཅིག་ཡོད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དེ་དག་གིས། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་


DNG026_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དངོས་པོ་དང་། སློབ་པ་དེ་དག་གི་དགེ་བའི་རྩ་བ་ཟག་པ་མེད་པ་དག་དང་། མི་སློབ་པ་དེ་དག་གི་དགེ་བའི་རྩ་བ་ཟག་པ་མེད་པ་དག་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། ཕན་པར་བཞེད་པ་དང་། ཐུགས་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དང་། ཆོས་བསྟན་པ་དེ་ལ་བསླབས་ཤིང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་དང་། དགྲ་བཅོམ་པ་ཉིད་ཐོབ་པ་དང་། རང་བྱང་ཆུབ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་གི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། གང་གིས་དེ་བཞིན་གཤེགས་པ་དེ་དག་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། དེ་དག་ལ་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་བསྐྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྗེས་སུ་ཡི་རང་བའི་མཆོག །གཙོ་བོ་དམ་པ་རབ། ཕུལ་གྱ་ནོམ་པ་བླ་ན་མེད་པ། གོང་ན་མེད་པ། མཉམ་པ་མེད་པ། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་སྟེ། དེ་ལྟར་རྗེས་སུ་ཡི་རང་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། ཞེས་དུས་གསུམ་ལ་སྦྱར་བའི་ཚུལ་གྱིས་གསུངས་པ་ལྟར་ལེགས་བྱས་རྒྱ་ཆེན་པོ་འདི་ཉིད་ཀྱིས་མཚོན་པའི་བདག་གཞན་འཕགས་དང་སོ་སྐྱེས་དུས་གསུམ་དུ་བསགས་པའི་དགེ་རྩ་མ་ལུས་པ་རྣམས་བསྔོ་བར་བྱ་བ་ཉིད་དོ།། གཉིས་པ་བསྔོ་བའི་ཐབས་ནི། གོང་དུ་སྨོས་པའི་འཁོར་གསུམ་དམིགས་བྲལ་གྱི་བསྔོ་བ་སྒྲ་ཇི་བཞིན་པ་ནི་འཕགས་པ་ཁོ་ནའི་སྤྱོད་ཡུལ་ཏེ་ལས་


DNG026_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་པའི་གང་ཟག་གིས། འཁོར་གསུམ་ཐ་དད་དུ་འཛིན་པའི་རྣམ་པར་རྟོག་པ་ལ་མི་གནས་པའི་བློས་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཇི་ལྟར་ཡོངས་སུ་བསྔོས་པ་དེ་བཞིན་དུ་ཡོངས་སུ་བསྔོ་བའི་འདུན་པས། ཕྱོགས་བཅུ་དུས་གསུམ་གྱི་བདེ་གཤེགས་སྲས་དང་སློབ་མར་བཅས་པ་བསྔོ་བའི་དབང་པོར་གསོལ་ཏེ་ནམ་མཁའི་མཐས་གཏུཊ་པའི་སེམས་ཅན་གྱི་ཁམས་རྒྱ་མཚོར་ཀུན་ལ་ཁྱབ་པའི་སྙིང་རྗེ་བལྟས་ཏེ། དེ་དག་རྣམས་བླ་ན་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པར་བྱ་བའི་ཕྱིར་རང་ཉིད་ཀྱིས་བསོད་ནམས་མངོན་པར་འདུ་བྱས་པ་དང་། བྱེད་བཞིན་པ་དང་། བྱ་བར་འགྱུར་བ་དག་གིས་མཚོན་ནས་བསྔོ་བར་འོས་པའི་ལེགས་བྱས་སུ་གྱུར་ཏོ་ཅོག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་རྗེས་སུ་ཡི་རང་བ་རྒྱ་ཆེན་པོ་དང་བཅས་པས་བླ་ན་མེད་པ་བྱང་ཆུབ་མཆོག་གི་གོ་འཕང་རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་གནས་སུ་དམིགས་པ་མེད་པའི་ཚུལ་གྱིས་སྒྱུ་མ་ལྟ་བུའི་བློས་ཡོངས་སུ་བསྔོ་བར་བྱ་བ་སྟེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་པ་ལྟ་བུའི་བསྔོ་བས་འཁོར་གསུམ་ཡོངས་དག་དང་རྗེས་མཐུན་དུ་འགྱུར་བ་ཡིན་ཏེ། སྡུད་པ་རིན་པོ་ཆེ་ཚིགས་སུ་བཅད་པ་ལས་ཀྱང་། འདས་དུས་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་། །ཞིང་མང་མཐའ་ཡས་བྱེ་སྟོང་དག་ན་གང་བཞུགས་དང་། །གང་ཡང་མྱ་ངན་འདས་པའི་འཇིག་རྟེན་མགོན་པོ་རྣམས། །སྡུག་བསྔལ་ཟད་པར་བྱ་ཕྱིར་རིན་ཆེན་ཆོས་སྟོན་པ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྐྱེད་པ་ནས། །རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །དེ་བར་རྒྱལ་བ་དེ་དག་བསོད་ནམས་གང་ཡིན་པ། །ཕ་རོལ་ཕྱིན་དང་ལྡན་དང་སངས་རྒྱས་ཆོས་གང་དང་། །གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་དང་། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་དཔའ་


DNG026_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡི་རང་ཞིང་། །འགྲོ་བའི་དོན་རྒྱུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་པ་སོགས་རྒྱ་ཆེར་གསུངས་པ་ལྟར་རོ།། གསུམ་པ་བསྔོ་སྨོན་དངོས་ཚིགས་སུ་བཅད་པ་ཅུང་ཟད་ཅིག་བརྗོད་པ་འདི་ལྟར་རོ། །མངྒ་ལཱ་ནི་སུ་ཤྲེ་ཡཱཾ་སི་ནི་མིཏྟཱ་ནི་པྲ་ཀཱ་སཾབྷ་བནྟུ་སརྦྦ་ཐཱ། གང་ཞིག་ཆོས་རྣམས་ཡོང་ཡེ་མ་བཟུང་ངོ་བོ་ཉིད་ཀྱིས་རབ་གཟིགས་པས། །ཆོས་རྣམས་ཀུན་ལ་མཐའ་གཉིས་རབ་བཅོམ་ངེས་པ་ལྔ་ལྡན་རྒྱལ་སྲིད་ཀྱིས། །རྣམ་པ་མང་པོའི་ཀུན་རྟོག་རྗེས་སོན་བཀོད་མར་ཟླ་བའི་སྐྱེ་མཆེད་བཞིན། །ཡོན་ཏན་རྒྱ་མཚོ་ཕ་མཐའ་མེད་པའི་ཕ་རོལ་ཉིད་དུ་གཤེགས་གྱུར་པ། ༡ །ཤིན་ཏུ་དག་པའི་སྒྲིབ་བྲལ་ཆོས་དབྱིངས་མཐའ་བྲལ་རྒྱས་པར་བལྟམས་གྱུར་པའི། །རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་ལས་འདས་ཞིང་མང་དག་ན་རབ་མཛེས་པའི། །བྱང་ཆུབ་སྙིང་པོར་འཇིགས་པ་སྤངས་པས་བདུད་ཀྱི་དཔུང་རྣམས་ཕམ་བྱས་ཤིང་། །ཐེག་གསུམ་ཆར་གྱིས་འགྲོ་ཁམས་ཡོངས་གཟུང་སངས་རྒྱས་རྒྱ་མཚོའི་སྤྲིན་ཇི་སྙེད། ༢ །དེ་དག་དྲུང་དུ་དམན་པའི་བློ་ནི་སྨོན་ལམ་སྟོབས་ཀྱིས་རྣམ་སྦྱངས་པས། །བསོད་ནམས་འབྲས་བུ་མཚན་བཟང་ཡིད་འོང་གཟུངས་དང་སྤོབས་པ་མཐའ་ཡས་ཤིང་། །རང་གི་དོན་ལ་དགྲ་ལྟར་རབ་སྨོད་གཞན་དོན་བརྟུན་པའི་གོ་བགོས་པས། །འགྲོ་ལ་མི་འཇིགས་སྦྱིན་པའི་དཔའ་ཆེན་ཁྱུ་མཆོག་རྒྱལ་བའི་སྲས་དེ་སྙེད། ༣ །ས་བླའི་ལམ་ཀུན་ཡོངས་སུ་གཏམས་པའི་ཆོ་འཕྲུལ་རོལ་མོ་རྣམ་བཀོད་པ། །བསམ་མི་ཁྱབ་བཅས་མོས་བློའི་དབྱིངས་སུ་གཤེགས་དང་བཞུགས་པའི་རེས་འཇོག་གི། །མཚན་མ་ལས་འདས་ལྷུན་གྲུབ་ཐུགས་རྗེ་སྒྲ་རྟོག་ཡུལ་ལས་རབ་བརྒལ་བར། །མཉམ་པར་རབ་འཇུག་སྲིད་ཞིའི་ཁམས་སུ་ཡེ་ཤེས་གཟིགས་པས་རྟག་ཏུ་དགོངས། ༤ །སྲིད་པ་གསུམ་ན་གང་གི་རྣམ་ཐར་བརྗོད་ལྟ་མ་མཆིས་ཚད་མེད་པས། །བློ་གྲོས་བསམ་ཡས་རྨད་བྱུང་རྣམས་ཀྱང་བསྔགས་པའི་ཁུར་ལེན་མི་སྤྲོ་ན། །དཔག་ཡས་ཡོན་ཏན་ཚུལ་ལ་ཡིད་རབ་དང་བའི་ཆུ་སྐྱེས་ཁ་བྱེ་བས། །རབ་འབྱམས་རྒྱ་


DNG026_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཞིང་རྡུལ་ཇི་སྙེད་དེ་སྙེད་ལུས་ཀྱི་སྤྱི་བོས་འདུད། ༥ །གང་ཡང་འཇིག་རྟེན་འཇིག་རྟེན་འདས་པའི་ཞིང་རྣམས་སྒྱུ་མའི་ཏིང་འཛིན་གྱིས། །རྣམ་པར་སྦྱངས་ལས་ཀུན་ཏུ་བཟང་པོའི་སྨོན་ལམ་མཐུ་ཡིས་རྣམ་བཀོད་པར། །དགའ་བའི་རེ་ཁཱ་མ་ཚང་མེད་རྫོགས་ཀུན་ཏུ་མཆོད་པའི་སྤྲིན་རྒྱ་མཚོས། །དེ་དག་རྗེད་བྱེད་ནམ་མཁའི་མེ་ཏོག་རྨི་ལམ་སྐྱེས་བུས་འཐོར་བ་བཞིན། ༦ །རང་བཞིན་ཉིད་ཀྱིས་ཆོས་ཀུན་ཡོངས་དག་བདེ་གཤེགས་སྙིང་པོ་རིན་ཆེན་ཁམས། །གཉིས་སྣང་བློ་ཡིས་དྲི་མ་རབ་བསཊ་སྦུན་པ་ལྟར་གྱུར་འཁོར་བའི་ཆོས། །དམིགས་པའི་མཚན་མར་ཀུན་ཏུ་བརྟགས་ཕྱིར་སྒྲིབ་པ་ལས་ཆེའི་སྒྲིབ་གྱུར་པའི། །ཉེས་པའི་ཆོས་ཀུན་བརྟགས་པས་མི་རྙེད་ཡོངས་གྲུབ་མཁའ་བཞིན་རྣམ་པར་དག ༧ །གང་དག་ཕྱོགས་བཅུའི་ཞིང་མང་དག་ཏུ་བྱོན་དང་འབྱོན་འགྱུར་རྒྱལ་རྣམས་དང་། །རྒྱལ་བའི་མྱུ་གུ་གཞོན་ནུའི་ཚུལ་འཛིན་དེ་བཞིན་སློབ་དང་མི་སློབ་ཀྱི། །མཐའ་ཡས་མངོན་པར་རྟོགས་པའི་ཕུང་པོ་ཆུ་གཏེར་ཆེན་པོའི་ངང་ཚུལ་དང་། །སྐྱེ་སོགས་སྡུག་བསྔལ་རྣམ་བཞིའི་ཆུ་བོ་ཀུན་འབྱུང་འོབས་ཀྱིས་བསྐོར་བ་ལ། ༨ །གང་ལ་བརྟེན་ནས་རྣམ་པར་བརྒལ་བས་ལེགས་པ་ཉིད་ནས་ལེགས་པའི་སར། །སྐྱེ་དགུ་རབ་སྒྲོལ་བདུད་རྩིའི་གྲུ་ཆེན་གཟིངས་དང་འབབ་སྟེགས་ཟམ་པ་ཡིས། །བྱིས་པའི་བློ་ཡིས་དམན་པའི་ལམ་ཞུགས་འཇིགས་རུང་གནས་ལས་དབུགས་དབྱུང་སྟེ། །ཐམས་ཅད་མཁྱེན་པའི་གནས་སུ་བཞག་ཕྱིར་ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། ༩ །དེ་བཞིན་འཇིག་རྟེན་དགེ་བའི་ཚུལ་གྱིས་ཉེ་བར་བསྐྲུན་པའི་ལེགས་སྤྱད་དངོས། །སྡིག་པ་རྣམ་སྦྱངས་previous hit གཙང next hit་ཞིང་དག་པས་ཡོན་ཏན་གཟུགས་མང་འཛིན་བྱེད་པ། །དུས་གསུམ་ཀུན་ཏུ་བསགས་དང་གསོག་འགྱུར་རྣམ་གསུམ་སྲིད་པ་འདིར་གནས་པ། །དེ་རྣམས་ཀུན་ལ་རྙོགས་པ་དང་བྲལ་ཡིད་རབ་དང་བས་རྗེས་སུ་རང་། ༡༠ །མི་ཡི་འཇིག་རྟེན་ཇི་སྙེད་དག་ཏུ་རྣམ་འདྲེན་སྒྲོན་མ་གང་བཞུགས་པ། །དེ་དག་རིམ་པར་འཚང་རྒྱར་གྱུར་ནས་དུས་རིང་བཏང་སྙོམས་མི་བཞུགས་པར། །སྐྱེ་བོ་དམུས་ལོང་རྣམས་ཀྱི་དམིགས་བུ་མྱང་


DNG026_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལམ་གྱི་འཆེལ་བ་དང་། །ཆུ་བོ་བཞི་ལས་ཡང་དག་བསྒྲལ་ཕྱིར་ཆོས་ཀྱི་གྲུ་ཆེན་སྦྱར་བར་གསོལ། ༡༡ །མེ་ཏོག་མདའ་ཅན་དཔུང་དང་བཅས་པའི་སྙིང་ལ་ཀུན་ཏུ་འཇིགས་སྟེར་པའི། །བརྣག་པར་མི་ནུས་གདུང་བའི་མེ་ཡིས་སྲེག་པའི་ཚོར་བ་ཐོབ་བྱེད་པ། །རྡོ་རྗེའི་རང་བཞིན་མི་ཤིགས་སྐུ་ནི་བྱིས་བློའི་ངོར་ཡང་མི་སྦེད་པར། །ཐར་མཆོག་འདོད་འཇོའི་དཔག་བསམ་ཆེན་པོ་བསྐལ་པའི་སྲིད་དུ་རྟག་པར་གསོལ། ༡༢ །སྲིད་པའི་འཇིགས་འཕྲོགས་རྡུལ་དང་རབ་བྲལ་ཆོས་ལ་དཔྱོད་པའི་རིག་པ་ཡིས། །ཆོས་ཀྱི་སྦྱིན་པ་ཟད་མི་ཤེས་པར་འབྱམས་ཀླས་བསོད་ནམས་ཀླུང་ཆེན་འདིས། །འཕགས་དང་སྐྱེ་བོའི་ཟག་བཅས་ཟག་མེད་ལེགས་བྱས་ཆུ་རྒྱུན་ཕྱོགས་མཚོན་ཏེ། །རྙོག་བྲལ་ཞི་བའི་རྒྱ་མཚོ་ཆེན་པོར་ཆུད་མི་ཟ་བར་འཇུག་གྱུར་ཅིག ༡༣ །གང་གི་མཐུ་ཡིས་ཆོས་ཀྱི་དབྱངས་རབ་ཡོངས་སུ་འགེངས་པའི་འཇིག་རྟེན་དུ། །རྒ་ན་འཆི་སོགས་མི་བཟོད་སྡུག་བསྔལ་ལྕགས་ཀྱི་འཁྲུལ་འཁོར་རབ་གཡོ་བའི། །ཉེར་ལེན་ཀུན་འབྱུང་དྲི་ཡི་བཞོན་པ་སྐད་ཅིག་བག་ལ་ཞ་གྱུར་ནས། །བརྒྱ་ལམ་རྙེད་དཀའི་བྱང་ཆུབ་གཏེར་མཆོག་དེ་རིང་འགྲོ་འདིས་ཐོབ་གྱུར་ཅིག ༡༤ །གནས་སྐབས་གཞན་དུ་མནར་སེམས་ཀྱིས་འཕངས་ལྕགས་སྲེག་ཐང་དང་རབ་ཚའི་མེ། །ཤལ་མ་ལི་དང་ཐལ་ཚན་ཆུ་བོ་དེ་བཞིན་རོ་མྱགས་ཕྱི་སའི་ཐང་། །བསོད་ནམས་འདི་མཐུས་མོད་ལ་རབ་ཞི་བསིལ་བའི་ཆུ་previous hit གཙང next hit་སྐྱེད་མོས་ཚལ། །སྨན་གྱི་ལྗོན་པ་པདྨའི་རྫིང་བུ་བསུང་ཞིམ་དགའ་དགའ་ལྟར་གྱུར་ཅིག ༡༥ །གཏོང་ལ་མི་དགའ་ནོར་རྣམས་དངུལ་ཆུ་སེར་སྣའི་ཁུ་ཚུར་གྱིས་བསྡམས་པས། །གཤིན་རྗེའི་འཇིག་རྟེན་ལྟོ་ཆེན་ཉམ་ཐག་ཡུལ་ཀུན་དུཿཁའི་ཚེར་བ་ཅན། །ཁ་སྣའི་ལམ་ནས་འཇིགས་རུང་མེ་འཕྲོ་མཐོང་ན་མི་སྡུག་གཟུགས་འཆང་རྣམས། །ཆོས་ཀྱི་བདུད་རྩི་བགོ་བཤར་འགྱེད་པས་བཀྲེན་པའི་ཚོར་བ་མི་འབྱུང་ཤོག ༡༦ །གང་དག་བླང་དོར་གནས་ལ་ལྟ་བྱེད་རྨོངས་པའི་རབ་རིབ་ཀྱིས་བསྒྲིབས་པས། །མཐའ་བྲལ་མི་ཤེས་སྟུག་པོའི་གཉིད་


DNG026_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མུན་པ་ཆེན་པོར་འཐོམས་པའི་འགྲོ། །མཐའ་དག་ཆོས་ཀྱི་རྔ་སྒྲས་སད་ལས་མི་ཟད་གནས་རྣམས་ཡོངས་བཏང་ནས། །ཆོས་རབ་འབྱེད་པའི་སྣང་བ་ཆེན་པོས་རབ་རིབ་འཇོམས་ལ་མཁས་གྱུར་ཅིག ༡༧ །ཁྲོ་ཞིང་འཁྲུག་པའི་གདོན་གྱིས་བརླམས་ལས་དམོད་པའི་མཚོན་ཆར་སྤྲོ་བ་ཡིས། །བྱིས་པ་རྣམས་ནི་རང་ཉིད་བདེ་བའི་སྲོག་འཕྲོག་བྱེད་ལ་ཆེས་དཔའ་བ། །གང་ཞིག་གཞན་གྱི་དཔལ་འབྱོར་འདོད་པས་འཚོ་བའི་མེ་ཏོག་འཆི་བདག་ཁར། །དུས་མིན་སྟོབ་བྱེད་སྦྱིན་སྐྱེས་བུ་ཡི་མི་ཁོམ་གནས་ཀུན་སྟོངས་གྱུར་ཅིག ༡༨ །འདོད་པས་རབ་མྱོས་སྲེད་པའི་མཆིལ་བས་གང་གི་གླང་ཆེན་མྱོས་འདྲའི་སེམས། །དགའ་བའི་རོ་ལ་རྟག་ཏུ་འཛིན་བྱེད་མེ་ཏོག་མདེའུས་སྙིང་རྨས་པས། །ལྷ་རྣམས་འཚོ་བའི་མཐའ་མར་གདུང་བར་འགྱུར་ཏེ་འདི་ལའང་ངོ་མཚར་མེད། །གསོག་དང་གསོབ་ཀྱི་ངང་ཚུལ་མཐོང་བས་སྙིང་གི་དགའ་བ་ཉམས་གྱུར་ཅིག ༡༩ །ལས་ཀྱི་རིག་སྔགས་མཐུ་ཡིས་རྨོངས་པས་སྐྱེ་སོཊ་སྲིན་མོའི་འཇོ་སྒེག་ལ། །ཆགས་པའི་བྱིས་རྣམས་ཚོར་བ་འགྱུར་བས་འདུ་བྱས་ཤ་ཟའི་མཚངས་བརྟོལ་ནས། །ངེས་པར་འབྱུང་དང་བྱང་ཆུབ་སེམས་ཀྱི་མྱུར་བདེའི་ཐེག་པ་ལ་ཞོན་ཏེ། །རྣམ་གསུམ་སྲིད་པའི་རྒྱ་མཚོ་བརྒལ་ཏེ་ཀུན་མཁྱེན་ཐར་གླིང་ཕྱིན་གྱུར་ཅིག ༢༠ །འཇིག་རྟེན་གང་དུ་ཐུབ་པའི་ཆོས་ཚུལ་ཉི་མ་བརྒྱ་ཡི་སྣང་བྱས་གཟིས། །སྲིད་པ་དག་ཏུ་བདུད་ཀྱི་སྡེ་ཚོགས་ཁྲག་ཁྲིག་མུན་པ་ཟིལ་མནན་ཏེ། །བདེ་མཉམ་འབྱོར་པ་མ་སྟེས་མེད་པའི་རྫོགས་ལྡན་དང་པོའི་ལང་ཚོ་དང་། །འགྲོགས་པའི་སྐལ་བཟང་ཉམས་སུ་བསྟར་ལ་ནམ་ཡང་གཡོ་བར་མ་གྱུར་ཅིག ༢༡ །གང་ཞིག་སེམས་ནི་སྡིག་པའི་རྗེས་སོང་ཆོས་ཀྱི་ཚུལ་གྱིས་མི་སློན་ཅིང་། །བྱང་ཆུབ་ཕྱོགས་སུ་མཛའ་བ་མ་ཡིན་མི་ཟད་ལས་ཀྱི་འཁོར་ལོ་ཡིས། །རབ་སྐྱེས་རྣམས་ཡིད་རྣལ་དུ་མི་གནས་ཐེ་ཙོམ་ཁྱོག་ལ་སྐོར་བྱེད་


DNG026_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ས་བདག་གདུག་པའི་བསམ་སྦྱོར་ལ་གནས་གང་གི་མདུན་མ་ཉམས་གྱུར་ཅིག ༢༢ །སྐྱེ་བོ་རྣམས་ཀྱང་རྨོངས་པའི་གདོན་གྱིས་སྡང་དང་སེར་སྣ་ཆགས་སོགས་ཀྱིས། །མི་ཟད་ཉམས་ཉེས་འགྱུར་བའི་ལས་ཀུན་དེ་འབྲས་མཐོང་བས་རབ་བཏང་སྟེ། །སྡོམ་དང་བག་ཡོད་བསམ་སྦྱོར་དགེ་བས་ཐུབ་པའི་ཆོས་ཀྱི་རྗེས་བསླབ་ནས། །དེ་དག་རིམ་གྱིས་བྱང་ཆུབ་སྤྱོད་མཆོག་རབ་ཏུ་ཞི་བ་བརྟེན་གྱུར་ཅིག ༢༣ །དཔལ་འབྱོར་སྨིག་རྒྱུ་གཡོ་བའི་རྗེས་སུ་ཤིན་ཏུ་སྲེད་ལྡན་བྱིས་པ་རྣམས། །མིག་དམར་སྨིན་མའི་འཁྲི་ཤིང་སྒྱུར་བཞིན་ལག་ལྡན་ལ་སོགས་ཡན་ལག་བཞིས། །རལ་གྲིའི་འཁྲུལ་འཁོར་དང་ལྡན་མཚོན་གྱིས་གསོད་གཅོད་རྡེག་གཞུང་འཆིང་བྱེད་པའི། །བརླང་པོར་སྤྱོད་པའི་དུཿཁ་མ་ལུས་མིང་གི་ལྷག་མ་ཉིད་གྱུར་ཅིག ༢༤ །རོ་འཛིན་རལ་གྲི་ལྟ་བུར་འཁྱུག་ཅིང་མཆེ་བ་རབ་རྣོ་མིག་གསུམ་པ། །ཀ་ཧ་ཀ་ཧ་དགོད་པའི་སྒྲ་སྒྲོགས་ས་གཞི་འགེམས་པའི་གར་བྱེད་ཅིང་། །ཁྲག་གིས་གོས་པའི་སྤར་མོ་གདེངས་པས་གཞན་སྲོག་འཕྲོག་བྱེད་གདོན་ཚོགས་ཀྱང་། །སྙིང་རྗེའི་ཆུ་ཡིས་སེམས་རབ་བརླན་བྱས་སྐྱེ་དགུའི་མ་བཞིན་སྐྱོང་གྱུར་ཅིག ༢༥ །ལག་འགྲོ་རྣམས་ཀྱང་གདུག་པའི་སེམས་སྤངས་དགའ་བའི་དྲན་པ་མངོན་བཞག་སྟེ། །དུས་དང་དུས་སུ་ཨ་ཀ་རུ་ཡི་དོག་པ་ལྟར་སྔོ་ཆུ་འཛིན་ཕྲེང་། །ས་བླའི་ལམ་ཀུན་རྒྱས་པར་དྲེས་ལས་བདུད་རྩིའི་ཆར་རྒྱུན་སྤྲོས་པ་ཡིས། །སྐྱེ་དགུའི་ལོངས་སུ་སྤྱོད་འོས་མཐའ་དག་རྩ་བ་འབྲས་བཅས་རྒྱས་གྱུར་ཅིག ༢༦ །རླུང་མཁྲིས་བད་ཀན་འཕེལ་ཟད་འཁྲུགས་པ་ཀུན་འབྱུང་མུན་པས་ཕྱོགས་བསླད་པར། །བདེ་སྡུག་གློག་གི་རྩེད་འཇོ་ལ་ཞུགས་སྐད་ཅིག་མི་བརྟན་གཡོ་བ་ཅན། །བཟོད་དཀའི་ཚ་གྲང་ཟུག་རྔུའི་ལྕེ་འབབ་


DNG026_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་འཚོ་བའི་རྒྱུན་གཅོད་པ། །དྲང་སྲོང་ཆེན་པོའི་བདེན་གསུང་ཆུ་འདིས་རྨེག་མེད་ཉིད་དུ་བཤིག་གྱུར་ཅིག ༢༧ །ཆུ་གཏེར་བཞི་ཡི་འོག་པག་བཅིངས་པའི་ཞགས་ལྡན་དགའ་མའི་དབང་ཕྱུག་རྣམས། །རང་རང་སྡེ་དང་མངའ་རིས་ཆོག་ཤེས་འགྱེད་དང་རྩོད་ལ་མི་སྤྲོ་བར། །ཆོས་སྲིད་གཉིས་ཀྱི་གདུགས་དཀར་ཐོགས་པའི་ཕན་བདེ་སྣུམ་པོའི་གྲིབ་བསིལ་དུ། །བསྡི་བའི་འབངས་རྣམས་ངལ་བ་ཀུན་སངས་རྫོགས་ལྡན་དགའ་བ་མྱོང་གྱུར་ཅིག ༢༨ །བློ་ལྡན་ལ་ལས་ལེགས་གསུངས་རྒྱ་མཚོ་ཐོས་བསམ་ཧུབ་ཀྱིས་རབ་བཏུང་བས། །ཚུལ་བཞིན་ཀློག་པའི་གཟུངས་དང་སྤོབས་པ་རིག་པའི་ལང་ཚོ་མཆོག་བརྟས་ཤིང་། །འགའ་ཞིག་དོན་ལ་མཉམ་པར་གཞག་པ་སྤང་བ་ཟབ་མོའི་རྣལ་འབྱོར་ལ། །གཡོ་བ་མེད་པས་ཐུབ་མཆོག་བསྟན་པ་འཇིག་རྟེན་ཀུན་ཏུ་གསལ་གྱུར་ཅིག ༢༩ །བྱ་རྩོལ་ལས་འདས་ཐེག་པའི་རྒྱལ་པོ་ལྷུན་གྲུབ་སྣང་བཞིའི་ལྟེ་བ་མཐོ། །རང་བཞིན་སྤྲོས་བྲལ་གྲོལ་ལུགས་བརྒྱད་ཀྱི་ཀ་དག་རྩིབས་སྟོང་རྣམ་བཀྲ་བར། །ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་ཀུན་ནས་མུ་ཁྱུད་བཟང་འཁྲིལ་བའི། །རྡོ་རྗེ་སྙིང་པོ་གསེར་གྱི་འཁོར་ལོས་ཐུབ་བསྟན་གླིང་བཞིར་དབང་སྒྱུར་ཤོག ༣༠ །ངེས་དོན་བསྟན་མཆོག་ཟླ་རིས་མཛེས་པ་གང་དུ་སྣང་གྱུར་གྲུབ་མཐའ་ཡི། །ཆུ་གཏེར་ཆེན་པོ་རྟོག་གེའི་ཐལ་འགྱུར་དུ་མས་དཀྲུཊ་པའི་རྙོགས་པ་ཡང་། །ཟབ་མོའི་བློ་གྲོས་སྨོན་ལམ་མཐུ་བརྟས་རྟོན་པ་བཞི་ཡི་ཀཻ་ཏ་ཀས། །ཤིན་ཏུ་བགྲུངས་བྱས་ངེས་དོན་མཐར་ཐུག་གཟུགས་བརྙན་ཚད་མར་འཛིན་གྱུར་ཅིག ༣༡ །རྙེད་དང་བཀུར་སྡིའི་ཕྱོགས་སུ་མ་ལྷུངས་གཞན་དོན་ལ་ཞུགས་སྲིད་པ་འདིར། །སྐྱེ་དགུའི་ལེགས་བྱས་གསེར་གྱི་མཆོད་སྡོང་previous hit གཙང next hit་ཞིང་དག་པའི་ཕུལ་གྱུར་པའི། །ཐུན་


DNG026_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མདངས་འཕྲོག་བླ་གོས་ཀྱིས་འཁྱུད་བསླབ་གསུམ་ནོར་བུ་བྱེ་བའི་སྒྲོམ། །རིག་གྲོལ་གཉིས་ལྡན་ཆོས་ཀྱི་འདུ་བས་ས་སྟེང་དོག་པོར་བྱེད་གྱུར་ཅིག ༣༢ །སངས་རྒྱས་ཡེ་ཤེས་བསམ་གྱིས་མི་ཁྱབ་དུས་མཐར་བཤེས་གཉེན་ཚུལ་བཟུང་ནས། །སེམས་ཅན་དྲང་ཕྱིར་ཁྱུ་མཆོག་དེ་ཡི་རྒྱུ་བ་བདུད་ཀྱིས་ཡོངས་མི་ཤེས། །སྙིགས་མའི་སྐྱོན་གྱིས་སྙིགས་མར་གྱུར་པའི་གདུལ་བྱ་ཇི་ལྟར་དམུ་རྒོད་ཀྱང་། །སྐྱོ་དུབ་མི་མངའ་རྟག་པ་དམ་པར་འཚོ་གཞེས་ཆོས་ཀྱང་སྟོན་གྱུར་ཅིག ༣༣ །ཕ་མཐའ་མི་མངོན་འཁོར་བའི་ཆུ་གཏེར་རྒ་ན་འཆི་སོཊ་ན་ཀྲ་ཡིས། །ཡོངས་སུ་གཏམས་པར་ཉེས་བརྒྱའི་རྦ་རླབ་འཇིགས་རུང་དུ་མས་དཀྲུགས་གྱུར་པས། །གཏན་བདེའི་ཉེར་འཚོ་ཡ་མ་བརླར་གྱུར་སེམས་ཅན་ཁམས་རྣམས་བདེ་གཤེགས་ཀྱི། །དམ་ཆོས་བདུད་རྩིའི་སྣོད་དུ་གྱུར་ནས་འཇིགས་པ་མེད་པའི་གནས་ཐོབ་ཤོག ༣༤ །སྙིང་པོའི་བསྟན་མཆོག་འབྱུང་པོ་འཛིན་མ་རྩོད་དུས་རྒུད་པའི་ཆུ་གཏེར་དུ། །བྱིངས་པར་ཕྱོགས་ཚེ་གཞིག་པར་རབ་དཀའི་སྙིང་སྟོབས་རུས་སྦལ་འཇུག་པ་ཡིས། །བླ་ན་འདེགས་པའི་སྦྱོར་བ་རྩོམ་བྱེད་ས་སྐྱོང་དབང་མོ་སྲས་ལྕམ་དང་། །བློན་འབངས་བཅས་པའི་རེ་བའི་ཡོལ་གོ་འདོད་དོན་འབྲས་བུས་གང་གྱུར་ཅིག ༣༥ །ཐོག་མེད་དུས་ནས་ཀུན་རྨོངས་སྒྲིབ་གཉིས་ལྟ་ངན་ཆོ་གའི་སྦྱོར་བ་ཡིས། །མི་ཟད་སྡུག་བསྔལ་བྱེ་བའི་ལྕགས་བཅུག་འཁོར་བའི་བཙོན་རར་ཡོངས་བཅིངས་པའི། །རྣམ་ཤེས་ཨ་ཛའི་བུད་ཤིང་སྲེག་བྱེད་བརྣག་དཀའ་སྡིག་པ་མེའི་ཚང་ཚིང་། །བསོད་ནམས་སྤྲིན་གྱི་མྱུ་གུ་གསར་པས་ལྷག་མ་མེད་པར་ཞི་གྱུར་ཅིག ༣༦ །གནས་སྐབས་སུ་ཡང་གྲགས་པའི་ཨུཏྤལ་ཕྱོགས་བྲལ་ཀུན་བཟོད་རྣ་ལུང་དུ། །རྣམ་པར་དར་བའི་དགེ་མཚན་


DNG026_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་སྣང་བ་ཁྲག་ཁྲིག་ཟིལ་གནོན་ཅིང་། །མི་དགེའི་རེ་ཁཱ་མཐའ་དག་ཟུམ་བྱེད་ཆོས་ཀྱི་ཟླ་རིས་ཡོངས་རྫོགས་པས། །རྒུད་པའི་ར་རི་ནམ་ཡང་མི་འཛིན་བསོད་ནམས་མཁའ་ལ་རྟག་གྱུར་ཅིག ༣༧ །ཟབ་མོའི་སྤྱོད་མཆོག་གསེར་གྱི་སྒོ་ང་ལེཊ་བྱས་དྲོད་ཀྱིས་སྨིན་པ་ལས། །སྡེ་བཞིའི་གདོང་པ་གསར་པ་ངོམ་པས་དགེ་ལེགས་རྣམ་བཀོད་མེས་པོའི་སྤུན། །མངོན་མཐོའི་སྤྱོད་ཚུལ་རྩ་བ་རབ་བརྟན་དམ་པའི་གྲིབ་བསིལ་ཕྱོགས་རྫོགས་པའི། །རྒྱལ་རིགས་ས་བརྟོལ་གཞོན་ནུའི་ཕྲེང་བ་བར་མེད་ཚར་དུ་དངར་གྱུར་ཅིག ༣༨ །ཆོས་ཀྱི་བདུད་རྩི་ལེགས་པར་བཏུང་བས་བཏུང་བའི་བཅུད་དུ་རབ་ལོན་པས། །མངོན་མཐོའི་ཉེར་འཚོ་དུས་མིན་པར་ཡང་འཕྲོག་བྱེད་ཧ་ལ་ཧ་ལའི་རོ། །མིང་མཐར་བརྟུལ་ཞིང་ཚེ་འོད་ཡེ་ཤེས་དཔག་མེད་ཀྱིས་ཀྱང་བྱིན་རླབས་གཟིས། །འཆི་བདག་མུན་པའི་བརྟན་པ་ཀུན་བཅོམ་གཞོམ་བྲལ་ལང་ཚོ་ཐོབ་གྱུར་ཅིག ༣༩ །ཕྱོགས་སུ་མ་ལྷུངས་གཟུ་བོའི་མཁའ་ལ་ཁྲིམས་གཉིས་གསེར་འཁོར་ལེགས་འཕགས་པས། །ལས་ཤུགས་བཙན་པོའི་ཁ་ལོའི་རྗེས་སུ་ཀུན་བཟོད་མ་ལུས་འབྲད་བྱེད་ཅིང་། །མཐའ་དག་སྐྱེ་བོ་དགེ་བཅུའི་ར་བར་འདའ་བ་མེད་པར་ཟླུམ་པ་ལ། །རྫོཊ་ལྡན་དང་པོའི་འབྱོར་པ་དར་བས་འཇིག་རྟེན་ཀུན་དགར་བྱེད་གྱུར་ཅིག ༤༠ །མ་སྨད་ཡིད་འོངས་ཐུབ་མཆོག་བསྟན་པ་རིན་ཆེན་འབྱུང་གནས་སྙིགས་མ་ཡི། །སྤྱོད་ཚུལ་ཐན་པས་བསྐམ་ལ་ཕྱོགས་ཚེ་ཐུགས་བསྐྱེད་ཆ་ཤས་ཡོངས་རྫོགས་པས། །ཕྱི་མཐའི་དུས་སུ་སླར་ཡང་འཕེལ་བྱེད་རྒྱལ་སྲིད་དགེ་བའི་འོད་དཀར་ཅན། །ཁེངས་ལྡན་རྣམས་ཀྱི་རལ་པའི་རྩེ་མོར་ནུབ་མེད་མངོན་པར་གསལ་གྱུར་ཅིག ༤༡ །གང་བློ་སྙིང་རྗེའི་ཆུ་ཡིས་རབ་བརླན་སྦྱིན་པའི་དཔག་བསམ་བརྟན་ལྡན་པར། །སེར་སྣ་དང་བྲལ་གཏོང་བའི་འབྲས་བུས་སློང་རྣམས་རེ་


DNG026_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤིང་རྟ་ཀུན། །ཕྱུར་བུར་བཀང་བས་ཕོངས་པ་མཐར་འབྱིན་ལྟ་དང་སྤྲོས་ལ་མི་གནས་པར། །གཡོ་བ་མེད་པའི་བྱང་ཆུབ་སེམས་ཀྱིས་སྦྱིན་པའི་ཕ་རོལ་གྱུར་ཅིག ༤༢ །ལུས་ངག་ཡིད་ལ་གདུང་བ་བྲལ་བས་དབང་པོ་རབ་ཞི་སྡིག་མེད་ཀྱི། །ཁྲིམས་གནས་འཆིང་བ་མ་ལུས་རབ་བཅད་ཁྱུ་མཆོག་དུལ་བའི་ཚོགས་རྣམས་དང་། །ལྷན་ཅིག་ཞི་བའི་ནཊ་སུ་དགྱེས་ལས་རྡུལ་བྲལ་ཡོན་ཏན་མཛོད་གྱུར་པའི། །སྲིད་ཉོན་མཐར་བྱེད་ཚུལ་ཁྲིམས་མེ་ཏོག་མི་རྙིང་ཕ་མཐར་ཕྱིན་གྱུར་ཅིག ༤༣ །མཁའ་ལྟར་ཡིད་ཀྱིས་འདིར་སྐྱེས་དངོས་རྣམས་སྒྱུ་མ་ལྟ་བུར་ཡོངས་མཐོང་བས། །གང་གི་ལུས་ནི་དུམ་བུར་བཅད་ཀྱང་ཞི་བའི་རྒྱ་མཚོ་འཁྲུགས་མི་འགྱུར། །སེམས་ཅན་ཀུན་དོན་འཕྲག་པར་འཁྱེར་བའི་བརྟུལ་ཞུགས་གཞན་གྱིས་མི་སློན་པར། །བྱ་དཀའ་སྤྱོད་པའི་གནས་ལ་མི་མཇེད་བཟོད་པའི་ཕ་རོལ་ཕྱིན་གྱུར་ཅིག ༤༤ །ཆོས་རྣམས་ཆུ་ཟླ་ལྟ་བུར་མཉམ་ཞིང་སྒྱུ་མ་སྨིག་རྒྱུ་འདྲར་རྟོགས་ནས། །གང་ཟག་མ་མཐོང་བྱང་ཆུབ་ཉིད་དང་སེམས་ཅན་ཚོགས་གཞན་མི་དམིགས་པའི། །མྱ་ངན་འདས་དབྱིངས་འགྲོ་ཁམས་རབ་སྒྲོལ་དམ་བཅའི་འབྲས་བུ་རབ་བརྟན་པར། །ཞུམ་དང་སྐྲག་པའི་སེམས་སྤངས་བརྩོན་པས་བརྩོན་འགྲུས་ཕ་རོལ་ཕྱིན་གྱུར་ཅིག ༤༥ །གང་གི་སེམས་ནི་ཡུལ་ལ་མི་ཆགས་མཚན་མའི་རྡུལ་གྱིས་རྣམ་དབེན་ཞིང་། །རྣམ་པར་རྟོག་པའི་རླབས་ཀྱིས་མི་འཁྲུགས་ཏིང་འཛིན་མཚོ་ཆེན་ཞི་བ་ཡི། །རྟོགས་པའི་ཡེ་ཤེས་རོ་ཡི་གཏེར་གྱུར་ཆོས་ཀུན་དེ་ཁོ་ན་ཉིད་ཀྱི། །ཕྱག་རྒྱས་བཏབ་པས་གཉིས་སུ་མི་ཕྱེད་བསམ་གཏན་ཕ་རོལ་ཕྱིན་གྱུར་ཅིག ༤༦ །དངོས་པོར་འཛིན་པའི་ཚང་ཚིང་ཀུན་འདྲལ་ཆོས་ཉིད་སྒྲིབ་མེད་གཅེར་མཐོང་བས། །སྒྲོ་འདོགས་སྐུར་འདེབས་མཐའ་གཉིས་ལས་


DNG026_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་འཇིག་རྟེན་གསུམ་ན་དཔའ་གཅིག་པུའི། །གཟུངས་དང་སྤོབས་པ་རྒྱུན་ཆད་མེད་པས་སངས་རྒྱས་ཆོས་མཛོད་མཆོག་བཟུང་ནས། །མི་སྣང་རྣམས་ལ་སྒྲོན་མེ་སྤོར་བྱེད་ཤེས་རབ་ཕ་རོལ་ཕྱིན་གྱུར་ཅིག ༤༧ །ཇི་སྙེད་སེམས་ཀྱི་འཇུག་པ་དེ་སྙེད་སྐད་ཅིག་རེར་ཡངས་འབྱམས་ཀླས་པའི། །རེ་བའི་ལག་པ་འབྲས་བུས་ལྕི་བྱེད་དག་པའི་ཤེལ་ལ་ཚོན་ཚོགས་བཞིན། །གང་བློས་མི་གཏོང་བྱང་ཆུབ་མཆོག་ཏུ་ངེས་པར་འགྱུར་བ་དེ་ལྟ་བུའི། །བདུད་རྩིའི་བགོ་སྐལ་རིམ་པར་སྦྱིན་པའི་ཐབས་མཁས་ཕ་རོལ་ཕྱིན་གྱུར་ཅིག ༤༨ །གང་གི་སྙིང་སྟོབས་གཞིག་པར་རབ་དཀའ་རྣམ་པར་རྒྱལ་བའི་མཚན་མ་ཡིས། །ཡིད་སྲུབས་ལོངས་སྤྱོད་སྟོངས་པའི་གནས་བཀོད་མཐའ་དག་མྱང་འདས་ལམ་གཟུད་པར། །གཞན་འཕྲུལ་བདག་པོས་རྩེ་གཅིག་བསྒྲིམས་པའི་དཔུང་དང་མཚོན་ཆའི་སྦྱོར་བ་ཡིས། །བརྫི་བར་མི་ནུས་སངས་རྒྱས་ཆོས་ཀུན་སྟོབས་ཀྱི་ཕ་རོལ་ཕྱིན་གྱུར་ཅིག ༤༩ །ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས་དྲུང་ནམ་མཁའི་མཐས་གཏུཊ་སེམས་ཅན་རྣམས། །མ་ལུས་སྒྲོལ་ཕྱིར་སྙིང་སྟོབས་གོ་ཆ་ཞུམ་པ་མེད་པར་རབ་བགོས་ཤིང་། །ཟབ་ཅིང་རྒྱ་ཆེའི་འཕང་རྩལ་ལ་གོམས་བྱང་ཆུབ་མཆོག་གི་སྒྱུ་ཐབས་ཆེ། །སྨོན་ལམ་རྒྱ་མཚོའི་ཕ་རོལ་ཕྱིན་པས་སེམས་ཅན་ཁམས་རྣམས་སྦྱོང་གྱུར་ཅིག ༥༠ །ཆོས་རྣམས་ཀུན་ལ་རྣམ་པར་མི་རྟོག་རྟོག་བྲལ་ནམ་མཁའི་མཚན་ཉིད་ཅན། །བརྟག་པར་མི་ནུས་ཤེས་བྱ་ཀུན་ལ་རོ་མཉམ་ཡུལ་དང་ཡུལ་ཅན་དང་། །གཅིག་དང་དུ་མར་རྣམ་པར་མི་རྟོག་དྲི་མེད་ཡང་དག་དོན་དུ་མཐོང་། །སོ་སོ་རང་གིས་རིག་བྱ་འོད་གསལ་ཡེ་ཤེས་ཕ་རོལ་ཕྱིན་བརྙེས་ཤོག ༥༡ །སྐྱེ་ནས་སྐྱེ་བར་ལེགས་པའི་ཕྱོགས་སུ་གེགས་རྣམས་གནས་པར་མ་གྱུར་པས། །བདེ་བ་ཅན་སོགས་དག་པའི་ཞིང་དུ་རྒྱལ་བའི་མྱུ་གུ་གཞོན་ནུའི་ཚུལ། །རྒྱལ་བ་རྣམས་དྲུང་གུས་པས་རབ་བསྙེན་སངས་རྒྱས་ཞིང་སྦྱངས་སེམས་ཅན་གྱི། །


DNG026_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རྣམས་རྒྱ་མཚོ་རབ་ཏུ་སྒྲོལ་བའི་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག ༥༢ །ལ་ལར་གསེར་གྱི་འཁོར་ལོ་མདུན་འགྲོ་བརྒྱ་བྱིན་ཐེག་པའི་ནོར་བུ་སོགས། །རིན་ཆེན་བདུན་གྱིས་མདུན་དུ་བདར་བས་རྒྱ་མཚོའི་མཐར་ཐུག་ས་ཆེན་པོ། །མཚོན་དང་གཡུལ་གྱིས་བདའ་བ་མེད་ཅིང་སྔོ་བ་མེད་པར་རབ་ཕབས་ནས། །ཆོས་ལྡན་རྒྱལ་པོའི་ཆོས་ཀྱི་སྲིད་ཀྱིས་བསམ་ཀུན་རྫོགས་པར་བྱེད་གྱུར་ཅིག ༥༣ །ལ་ལར་ནགས་སུ་རྩ་ཡི་སྤྱིལ་བུར་ཀུ་ཤའི་གདན་དང་འབྲས་བུའི་ཟས། །ཆུ་previous hit གཙང ་བཏུང་བ་ཤིན་ཤུན་གོས་གྱོན་རྣལ་འབྱོར་འབའ་ཞིག་ལ་གནས་དང་། །ལ་ལར་ཁེངས་བྲལ་སློང་མོས་འཚོ་ཞིང་ཕྱག་དར་ཁྲོད་པའི་གོས་ཀྱིས་མཛེས། །སེམས་ནི་རབ་གྲོལ་ཞི་བའི་གཟུགས་ཀྱིས་སྐྱེ་དགུའི་འདོད་པ་འཇོ་གྱུར་ཅིག ༥༤ །རང་བཞིན་གནས་རིགས་དེ་བཞིན་ཉིད་དབྱིངས་ངོ་བོས་སྤང་བ་མཁའ་ལྟ་བུར། །གློ་བུར་མེད་སྣང་སྒྲིབ་གཉིས་སྤྲིན་ཚོགས་མྱུར་བདེའི་ལམ་གྱིས་ཡོངས་སྦྱངས་ཏེ། །བྲལ་སྨིན་ཡོན་ཏན་བྱེ་བའི་འོད་འབར་སྐུ་བཞིའི་བདག་ཉིད་ཉིན་མོར་བྱེད། །དཀའ་བ་མེད་པར་མངོན་དུ་བྱེད་ལས་རྣམ་རོལ་ཟེར་བརྒྱ་སྤྲོ་གྱུར་ཅིག ༥༥ །མཐོ་རིས་ནས་འཕོས་གཟིགས་པ་ལྔས་གཟིགས་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། །དགའ་བའི་ཚལ་བལྟམས་གཞོན་ནུའི་རོལ་རྩེད་ངེས་པར་འབྱུང་དང་དཀའ་ཐུབ་དང་། །བྱང་ཆུབ་སྙིང་པོར་མངོན་སངས་རྒྱས་དང་རིམ་གསུམ་ཆོས་འཁོར་བསྐོར་ལ་སོགས། །རྨད་བྱུང་མཛད་པས་སྲིད་མཚོར་བྱིངས་པའི་སེམས་ཅན་མ་ལུས་སྒྲོལ་གྱུར་ཅིག ༥༦ །གྲགས་པའི་མཚན་མ་ཡིད་འོང་གྱུར་པ་མུ་ཏིག་ཕྲེང་བ་ལྟར་དཀར་བས། །ཕྱོགས་ཀྱི་འཁོར་ལོ་ངེས་པར་བརྒལ་བའི་གསུང་རབ་གླེགས་བམ་རྒྱས་པའི་མ། །རིན་ཐང་བྲལ་བའི་རིན་ཆེན་གྱིས་གཏམས་ནོར་བུའི་ཤིང་རྟ་བཀྲམ་འདྲ་བ། །ས་གསུམ་སྐྱེ་དགུའི་མཆོད་སྡོང་གཅིག་པུར་དུས་ཀྱི་མཐར་ཡང་ཉམས་མེད་ཤོག ༥༧ །གང་གི་མཐུ་ཡིས་འཇིག་རྟེན་ཀུན་ཏུ་


DNG026_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་སྣང་བ་འབྱམས་ཀླས་པའི། །རྣམ་གྲོལ་མཆོག་གི་འཛུམ་རླབ་བྱེ་བས་འཁོར་མུན་ཕ་མཐར་སྙིལ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་གཟུགས་བརྙན་བརྒྱ་ཡི་འབྲས་བུས་བདག་ཉིད་འབྱོར་གྱུར་པའི། །ཡོན་ཏན་མཐའ་ཡས་མི་ཟད་འཇོ་བྱེད་ཀོ་བི་ད་ར་ལྟར་གྱུར་ཅིག ༥༨ །བསོད་ནམས་གནས་འདི་འབད་པས་བསྒྲུབས་ལ་ལུས་ངག་ཡིད་ཀྱི་རྩོལ་བ་ཡིས། །དངོས་བརྒྱུད་འདྲེལ་བའི་སྐྱེ་དགུ་མ་ལུས་སྡུག་བསྔལ་རྒྱུ་བཅས་མཐར་གྱུར་ནས། །ཞི་བདེའི་གནས་སུ་རྒྱལ་སྲས་རྣམས་དང་ལྷན་ཅིག་བྱང་ཆུབ་སྤྱོད་མཆོག་གི། །རོལ་རྩེད་དུ་མས་རྣམ་མཁྱེན་གྲོང་དུ་ཕྱིར་མི་ལྡོག་པར་འགྲོ་གྱུར་ཅིག ༥༩ །བདག་འདྲ་དམན་པའང་ལེགས་པར་གསུང་བ་ཐོས་པའི་བདུད་རྩིས་རབ་ངོམས་ཤིང་། །བསམ་པས་རོ་གཞིབ་བསྒོམ་པའི་བཅུད་ཀྱིས་བྱང་ཆུབ་ལང་ཚོ་རབ་སྨིན་པས། །ལུས་ཅན་ཡོངས་ཀྱི་ཉེར་འཚོའི་གཞིར་གྱུར་ཐབས་ཚུལ་དུ་མས་སྨན་བགྱིད་ཅིང་། །རྒྱལ་བསྟན་རྫོགས་པའི་ཤིང་རྟར་གྱུར་ནས་བསྟན་ལ་བྱ་བ་བྱེད་གྱུར་ཅིག ༦༠ །ལྷག་བསམ་དག་པའི་ས་གཞིར་ལེགས་སྨིན་སྨོན་ལམ་གསེར་གྱི་སྙེ་མའི་ཚལ། །ཤིན་ཏུ་སྡུག་པ་དྲི་མའི་ཚོགས་ཀྱིས་གཞན་ཡང་ནོག་པར་མ་གྱུར་པ། །སྒྲིབ་མེད་གཟིགས་པའི་འཕགས་ཆེན་རྣམས་ཀྱི་སྨོན་ལམ་རྒྱ་ཆེའི་ཕྱོགས་བསླན་ཏེ། །དེ་དག་བཞེད་པའི་ལྷག་མ་མ་ལུས་དེ་རིང་བདག་གིས་སྐོང་ནུས་ཤོག ༦༡ །སྣ་ཚོགས་ཆོས་ཀུན་གཉིས་སུ་མ་བརྟགས་ཆོས་ཀྱི་དབྱིངས་སུ་རོ་མཉམ་ཉིད་དུ་བདེན་པར་གྱུར་པའི་བདེན་པ་དང་། །གང་ཞིག་རྟོགས་དང་གང་གིས་རྟོགས་བྱེད་ཟག་བྲལ་ལམ་བདེན་འདུས་མ་བྱས་ཆོས་ལེགས་པར་གསུངས་པའི་བདེན་པ་དང་། །བདེན་པས་མཐར་བྱས་སྲིད་ལས་རྣམ་གྲོལ་འགོག་པ་ལ་གནས་རྡུལ་བྲལ་ཞི་གྱུར་འཕགས་པ་རྣམས་ཀྱི་བདེན་མཆོག་གིས། །འདི་ན་དེ་རིང་ཇི་ལྟར་སྨོན་པའི་དོན་རྣམས་མ་ལུས་ཡོངས་སུ་རྫོགས་པའི་དགེ་ལེགས་ཆེན་པོ་འབྱུང་གྱུར་ཅིག ༦༢ །བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་སྙིང་པོ་རིག་པ་འཛིན་པའི་སྡེ་སྣོད། རྡོ་རྗེ་ཐེག་པ་ལས་སྔ་འགྱུར་རྒྱུད་སྡེ་རིན་པོ་ཆེའི་རྟོགས་པ་བརྗོད་པ་


DNG026_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ལས་ལེགས་བྱས་རྒྱ་ཆེན་པོ་བསྐྲུན་པའི་ཕན་ཡོན་བསྔོ་སྨོན་དང་བཅས་ལེགས་པར་བཤད་པའི་སྐབས་ཏེ་ལྔ་པའོ།། །། དེ་ལྟར་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེ་ཐེག་པ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དེང་སང་གངས་རིའི་ལྗོངས་འདིར་ཇི་ཙམ་སྙེད་པ་གླེགས་བམ་ཟད་མི་ཤེས་པའི་ཕྱི་མོར་བསྒྲུབ་པའི་ཚུལ་དང་བཅས་པ་ལེགས་པར་བཤད་པ་སྐབས་ལྔའི་བདག་ཉིད་ཅན་འདི་ནི་བསོད་ནམས་མངོན་པར་འདུ་བྱེད་པའི་བདག་ཉིད་མི་ཡི་དབང་མོ་ས་སྐྱོང་བ་ཉིད་ཀྱི་བཀའ་སྩལ་པ་ལྷུར་བླངས་ཏེ། ཆོས་ཀྱི་རྗེ་ཀཿཐོག་པའི་འབངས་ཀྱི་ཐ་ཤལ་དུ་གྱུར་པ་ཤཱཀྱའི་བཙུན་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་དཔལ་བཟང་པོ་ཞེས་བགྱི་བས། བདག་ཅག་གི་སྟོན་པ་ཀུན་མཁྱེན་ཉི་མའི་གཉེན་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ནས། བགྲང་བྱ་ཉིས་སྟོང་དྲུག་བརྒྱ་བདུན་ཅུ་དོན་བརྒྱད་པ་མེ་སྦྲུལ་གྱི་ལོ་དབྱུག་གུ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་བཟང་པོར། ཆོས་དང་སྲིད་ཀྱི་དཔལ་འབྱོར་མངོན་པར་མཐོ་བའི་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོ་ཉིད་དུ་སྦྱར་བ་འཇིག་རྟེན་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག། །།སརྦ་དཱ་ཤུ་བྷ་མ་སྟུ་ཏྲྀ་ལོ་ཀེ་ཥུ།། །།


previousདེ་ལྟར་བསྒྲུབས་པའི་ཕན་ཡོན་དང་བསྔོ་སྨོན་གྱི་རིམ་པ།no next