Nitartha Digital Library
Tibetan
སྡེ་གཞུང་རིན་པོ་ཆེའི་གསུང་འབུམ།

38 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


19  collapse section
  
  
  
  
  
ལམ་གཉིས་པའི་རྣམ་པར་གཞག་པ།
  
 
13   
 
 
19  expand section
  


38 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousལམ་གཉིས་པའི་རྣམ་པར་གཞག་པ།next

ལམ་གཉིས་པའི་རྣམ་པར་གཞག་པ།

གཉིས་པ་བཞི་མི་སྤོང་བའི་ཐབས་ནི་གཉིས་ཏེ། བསྐྱེད་པའི་རིམ་པའི་ཐབས་ལ་མཁས་པ་དང་། རྫོགས་པའི་རིམ་པའི་ཐབས་ལ་མཁས་པའོ། །དང་པོ་ལ་གཉིས་ཏེ། རང་གི་ལྷག་པའི་ལྷའི་ཐབས་ལ་མཁས་པ་དང་། ལྷ་སོ་སོའི་ཐབས་ལ་མཁས་པའོ། །དང་པོ་ནི་ཅི་དང་ཅི་སྣང་བའི་ཡུལ་དང་ཡུལ་ཅན་རྣམས་རང་གི་ལྷ་གཅིག་ཉིད་དུ་ཤེས་ནས་ལོངས་སྤྱོད་པ་སྟེ། དཔལ་གསང་བ་འདུས་པ་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པས་བསྟེན་བྱ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །རང་ཉིད་ལྷག་པའི་ལྷའི་རྣམ་པར་བྱས་ཏེ་གཟུགས་ལ་སོགས་པའི་ཡུལ་ཅི་སྣང་བ་ཐམས་ཅད་ཀྱང་རང་གི་ལྷག་པའི་ལྷར་བྱས་ནས། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་པར་བྱེད་དོ། །དེ་ཡང་གང་ཟག་ལས་དང་པོ་པས་ང་རྒྱལ་ཙམ་བྱས་ལ། སེམས་བརྟན་པ་ཐོབ་ན་རྣམ་པ་གསལ་བ་ཙམ་བྱ་བ་སྟེ། ཞེས་སོ། །དེ་བཞིན་དུ་གཞན་ལས་ཀྱང་གསུངས་སོ། །དེ་ནི་ཉུང་ངུ་ལ་མོས་པ་རྣམས་ཀྱི་ཐ་མལ་གྱི་རྣམ་པར་རྟོག་པ་ཟློག་པར་བྱེད་དོ། །གཉིས་པ་ལྷ་སོ་སོའི་ཐབས་ལ་མཁས་པ་ནི་ཡུལ་དང་ཡུལ་ཅན་གྱི་རབ་ཏུ་དབྱེ་བ་མཐའ་ཡས་པར་༼ཤེ༷ས་པ༷ར་༽བྱས་ལ། དེ་དག་རེ་རེ་ལ་ཡང་ལྷ་སོ་སོར་ཤེས་པར་བྱེད་པ་སྟེ། དཔལ་གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །རྡོ་རྗེ་སྐྱེ་མཆེད་འདི་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་བྱ་བ་དང་། དཔལ་ཀྱེའི་རྡོ་རྗེ་ལས་ཀྱང་། །གཟུགས་ལ་གཽ་རཱིར་རབ་ཏུ་གྲགས། །སྒྲ་ཡི་ཆ་ལ་ཙཽ་རཱི་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྒྱ་ཆེན་པོ་ལ་དགའ་བ་རྣམས་ལ་ཐ་མལ་པར་འཛིན་པ་དང་། །རིལ་པོར་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་བཤིག་པ་ཡིན་ནོ། །དེ་ལྟར་ན་འཆིང་བའི་རྒྱུ་ནི་ཐ་མལ་གྱི་རྣམ་པར་རྟོག་པ་ཡིན་ལ། དེ་ལྷའི་རྣམ་པར་ཤེས་ན་ཐ་མལ་པ་འགགས་པས་ཐམས་ཅད་རིམ་གྱིས་སྤང་བར་འགྱུར་རོ། །གཉིས་པ་རྫོགས་པའི་རིམ་པའི་ཐབས་ལ་མཁས་པ་ནི། ཐབས་གང་ཡང་རུང་བ་ལ་བརྟེན་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་པ་དང་། དེས་ཡུལ་རྣམས་ཁ་དོག་བསྒྱུར་ཏེ་ལོངས་སྤྱོད་པར་བྱེད་དོ། །དེ་ལྟར་ཡང་། འདུས་པའི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་ལས་བྱུང་བའི། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་གཟུགས་ཐམས་ཅད་ལ། །སྔགས་པས་རྫོགས་རིམ་གྱི་ཡེ་ཤེས་དེ་ཡིས་རྒྱས་འདེབས་པའི་སྦྱོར་བ་པར་ངེས་བྱས་ལ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་འཆིང་བའི་རྒྱུ་རྣམ་པར་རྟོག་པ་ཡིན་ལ། རྟོག་མེད་ཀྱི་ཏིང་ངེ་འཛིན་གྱི་རྣམ་རྟོག་བསལ་བས་ན། འཆིང་བ་ཐམས་ཅད་རིམ་གྱིས་གྲོལ་བར་འགྱུར་རོ། །གསུམ་པ་དེ་ལས་ྈགྲུབ་ྈ༼གྲོལ༷་༽བའི་ཚུལ་ནི། དེ་ལྟར་སྤྱིར་ནི་འཆིང་བའི་རྒྱུ་ནི་རྣམ་པར་རྟོག་པ་ཙམ་དང་། བྱེ་བྲག་ཏུ་ཐ་མལ་གྱི་རྣམ་པར་རྟོག་པ་ཡིན་ཏེ། དེ་ལ་བརྟེན་ནས་ཉོན་མོངས་པ་ལ་སོགས་པ་རིམ་གྱིས་སྐྱེ་བའི་ཕྱིར་རོ། །དེ་བས་ན་ཐབས་གཉིས་པོས་རྒྱུ་རང་གི་ངོ་བོ་དེ་བསལ་ན་ཡུལ་རྣམས་ཁ་དོག་འགྱུར་བས་སླར་གཉེན་པོའི་གྲོགས་བྱེད་པར་འགྱུར་བས་ཡུལ་རྣམས་ྈབརྟེན་ྈ༼བསྟེ༷ན་༽ཏེ་སྔར་གྱི་དཔེ་བཞིན་ནོ། །དེ་ལྟར་བརྟག་པ་གཉིས་པ་ལས་ཀྱང་། དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པ་ཉིད། །ཅེས་སོ། །དེའང་དང་པོ་གཉེན་པོ་སྟོབས་ཆུང་སྟེ་ཡུལ་གྱིས་གནོད་དེ་སྣང་བ་དགྲ་བོར་འཆར་བའི་དུས་ཞེས་བྱའོ། །དེ་བཞིན་དུ་བསྟེན་པས་བར་དུ་སྟོབས་མཉམ་པ་ན་རེས་གནོད་རེས་ཕན་པ་འབྱུང་སྟེ་སྣང་བ་ཁྲ་བོར་འཆར་བའི་དུས་ཞེས་ཀྱང་བྱའོ། །དེ་གཉིས་ལ་མཉམ་གཞག་ཅེས་མིང་ཐོབ་བོ། །མཐར་གཉེན་པོ་སྟོབས་ཆེ་བ་ན་ཡུལ་རྣམས་ཀྱིས་རྟོགས་པའི་གྲོགས་བྱེད་དེ། དེ་ཙམ་ན་སྣང་བ་དགེ་བའི་བཤེས་གཉེན་དུ་འཆར་བའི་དུས་ཞེས་བྱ། དུག་ལྔ་སྨན་དུ་འགྱུར་བ་ཞེས་བྱ་སྟེ། དེ་ནི་ཏིང་ངེ་འཛིན་རྒྱུན་དུ་སྐྱེ་བས་ན་ཤིན་ཏུ་མཉམ་གཞག་ཅེས་བྱ་སྟེ། དཔལ་ཁ་སྦྱོར་ལས། དབང་པོ་གང་དང་གང་གི་ལམ་སྟེ་ཡུལ་དུ་གྱུར་པ་གཟུགས་སོགས་ཉིད། །དེ་ནི་ཡེ་ཤེས་དེ་ཡི་ངོ་བོར་འགྱུར་བར་ཤེས་ན། །མཉམ་པར་མ་གཞག་རྣལ་འབྱོར་གྱིས། །རྟག་པར་ཤིན་ཏུ་མཉམ་གཞག་ཉིད། །ཅེས་བྱ་བ་དང་། གཟུགས་རྣམས་སྣ་ཚོགས་ལྟ་བ་དང་། །ཞེས་བྱ་བ་ལ་སོགས་པ་རྒྱུན་གྱི་རྣལ་འབྱོར་གསུངས་སོ། །དོན་གཉིས་པ་ནི། དེ་ལྟ་བུའི་གཞི་མི་སྤོང་བའི་ཐབས་དེ་ཉིད་ལ་གསང་སྔགས་ཀྱི་སྤྱོད་པ་ཞེས་བྱའོ། །ཇི་ལྟར་ན་གསང་སྔགས་ཀྱི་སྤྱོད་པ་ཡིན་ཞེ་ན། སྔགས་ཀྱི་དོན་གང་ཡིན་པ་དང་། དེའི་སྤྱོད་པ་གང་ཡིན་པའོ། །དང་པོ་ལ་ལྔ། སྤྱིར་ཆོས་ཐམས་ཅད་གདུལ་བྱའི་དབང་གིས་འབྱུང་བས་སྔགས་འབྱུང་བའི་རྒྱུ་གང་ཡིན་པ་མི་རིགས་བཞིན་དང་དུས་ཚད་བཞི་དང་ཉོན་མོངས་བཞི་འདུལ་བའི་ཆེད་དང་། སྔགས་ཀྱི་རྒྱུན་རྣམས་ཀྱི་བརྗོད་བྱའི་ཚིག་གང་ཡིན་པ་དང་། སྔགས་ཀྱི་བརྗོད་བྱའི་དོན་དང་། སྔགས་ཀྱི་དབྱེ་བ་གསང་སྔགས་དང་རིགས་སྔགས་གསུམ་མོ། །ཕྱིའི་སྔགས་རྩ་སྔགས་སྙིང་པོ་ཉེ་སྙིང་སོགས། ནང་གི་སྔགས་སྟེ་བའི་ཨ་ཤད། དོན་གྱི་སྔགས་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་དང་། སྔགས་ཀྱི་ངེས་ཚིག་གམ། སྒྲའི་དོན་ནི་མན་ཡིད། ཏྲ་ཡ་སྐྱོབ་པ་ལ་འཇུག་པས་མཚན་རྟོག་ལས་ཡིད་སྐྱོབ་པ་ཞེས་བྱ་བའི་རྣམ་པར་གཞག་པ་རྒྱས་པ་ནི་གཞན་ཉིད་དུ་ཤེས་པར་བྱའོ། །༼གཉི༷ས་པ༷་ནི༷། ༽འདིར་རེ་ཞིག་དོན་དམ་པའི་སྔགས་ཀྱི་དོན་ནི་མཚན་མ་དང་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པས་སྔགས་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ནི་སྔགས་ཀྱི་སྤྱོད་པ་སྟེ། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་ལས་གང་གང་བྱུང་བ་ཡི། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་་སྤྱོད་ཐ་མལ་པའི་ལུས་ངག་ཡིད་གསུམ་དུ་འཛིན་པ་ལས་རྣམ་པར་གྲོལ་བར། །སྔགས་ཀྱི་རྒྱུད་གང་ལས་བཤད་པ་ལྷ་སྔགས་ཡེ་ཤེས་སུ་འཛིན་པ་དམ་ཚིག་སྡོམ་པ་སྟེ། །དེ་ལྟར་རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་དང་། དབང་ཡོན་ཏན་རིམ་པ་ལས་ནི། སྔགས་ཀྱི་སྒྲའི་དོན་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ལ་བཤད་དེ། སྟོང་པ་དང་ནི་སྙིང་རྗེ་ཉིད། །གཉིས་སུ་མེད་དང་གཉིས་ཀྱི་ཚུལ། །གསང་སྔགས་ཞེས་ནི་དེ་ལ་བཤད། །ཅེས་གསུངས་སོ། །གཞན་རྡོ་རྗེ་རྩེ་མོ་ལས་གསུངས་པ་ལ་སོགས་པ་ཐམས་ཅད་གཞན་དུ་ཤེས་པར་བྱའོ། །གསུམ་པ་དེ་ཉིད་ལ་རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། འདི་ལྟར་རྡོ་རྗེ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའོ། །ཐེག་པ་ནི་འདིས་འདོང་བས་ན་ལམ་དང་། འདིར་འདོང་བས་ན་འབྲས་བུ་ལ་བྱའོ། །དེ་ལ་ལམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འདིས་འདོང་བས་ན་ཐེག་པ་སྟེ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བར་བྱས་ལ། དེ་ནས་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བ་བྱས་པའི་དུས་སུ་སློབ་དཔོན་གྱིས་སློབ་མའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་རློབ་པར་བྱེད་དོ། །དེ་ནས་དེ་དང་མ་བྲལ་བཞིན་དུ་ལམ་རིམ་པ་གཉིས་བསྒོམ་པའི་དུས་སུའང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བྱས་ཤིང་སྤྱོད་དོ། །དེ་ནས་ལུས་ངག་ཡིད་གསུམ་དང་ཉོན་མོངས་པ་ཐམས་ཅད་རྡོ་རྗེའི་ངོ་བོ་ཡིན་པ་ལ་རྡོ་རྗེར་ཤེས་པར་བྱས་པ་འདིས་རིམ་གྱིས་ཇེ་གསལ་ཇེ་གསལ་གྱུར་པ་འདི་ནི་ལམ་ཡིན་ནོ། །དེ་ལས་འབྲས་བུ་ས་བཅུ་གསུམ་པ་གྲུབ་པའི་ཚེ་སྐུ་གསུང་ཐུགས་རྡོ་རྗེར་མངོན་སུམ་དུ་བྱས་པ་འདི་ནི་འདིར་འདོང་བས་ན་ཐེག་པའོ། །ཡང་གསང་བ་འདུས་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཡེ་ཤེས་སུ་ངོ་ཤེས་པས་རྡོ་རྗེ་ཐེག་པའི་ལམ་ལ་དགའ་བས་རྟག་པར་གནས་པ། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་བཤད་དོ། །ཞེས་གསུངས་པ་ལྟ་བུའོ། །བཞི་པ་དེས་འབྲས་བུ་འགྲུབ་པའི་དུས་བསྟན་པའི་ཞར་ལ་འབྲས་བུའི་ཐེག་པར་རྣམ་པར་གཞག་པ་ནི། དེ་ལྟ་བུའི་རྡོ་རྗེ་ཐེག་པ་འདི་དུས་ནམ་གྱི་ཚེ་འགྲུབ་ཅེ་ན། གང་ཟག་རབ་ཀྱིས་ཚེ་འདི་ཉིད་ལ་འགྲུབ་ལ། འབྲིང་གིས་བར་མ་དོར་འགྲུབ་ཅིང་། ཐ་མས་སྐྱེ་བ་བདུན་ན། ཤིན་ཏུ་ཐ་མས་ཀྱང་སྐྱེ་བ་བཅུ་དྲུག་ན་འགྲུབ་བོ། །དང་པོའང་གསང་བ་འདུས་པ་ལས། བསྐྱེད་རིམ་བསྒོམ་པ་འདི་ཡིས་ཆོས་རྣམས་ཀྱི་བདག་ཉིད་ཆེན་པོ། །སྐུ་གསུམ་དབྱེར་མི་ཕྱེད་པ་ལས་བྱུང་བ། །རྡོ་རྗེ་འཆང་ཆེན་པོ་དེ་རྫོགས་རིམ་གྱི་ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་སོ། །བར་དོར་འགྲུབ་པ་བླ་མའི་གསུང་སྟེ། འདི་ཡང་ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་ནི་སྤངས་མ་ཐག །བརྩོན་པར་མི་ལྡན་པས་ཀྱང་འགྲུབ། །ཅེས་གསུངས་པས་ལུས་སྤངས་མ་ཐག་བར་དོར་འགྲུབ་པས་སོ། །སྐྱེ་བ་བདུན་ན་འགྲུབ་པའང་། གསང་བའི་མཛོད་ལས། བང་བསྐུར་ཡང་དག་སྦྱིན་ལྡན་ན་སྟེ་ཡང་ཡང་ཐོབ་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་སོ། །བཅུ་དྲུག་ན་འགྲུབ་པའང་། མ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་སོ། །དེ་ལྟར་གྲུབ་པ་དེ་དག་གང་ཟག་མཆོག་ལ་དགོངས་པ་ཡིན་ནམ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་འགྲུབ་བམ་སྙམ་ན་འགྲུབ་སྟེ་རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ལམ་གྱིས་ངེས་པར་འབྱུང་བས་ནི། །བསྐལ་པ་གྲངས་མེད་མི་འཐོབ་པ། །གལ་ཏེ་རྣལ་འབྱོར་པ་དེ་སྔགས་ལ་བརྩོན་ན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་དཀྱིལ་འཁོར་མཐོང་བ་སྟེ་དབང་ཐོབ་པ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །དེ་ཡང་སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་འཕགས་པའི་དབང་དུ་བྱས་པ་མིན། །ཞེས་གསུངས་པས་སོ། །དེ་བས་ན་འབྲས་བུ་ཚེགས་མེད་པ་ཉིད་ཀྱིས་འགྲུབ་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། ཡང་ན་ད་ལྟ་ནས་འབྲས་བུའི་རྣམ་པ་བསྒོམས་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། གཞི་ལམ་འབྲས་གསུམ་སྦྲགས་ནས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྒོམ་པ་ནི། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན་ཏེ་ཐོབ་བྱེད་ཡིན་པས་དེས་ན་དགེ་ཞེས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །དེ་བས་ན་གསང་སྔགས་ཀྱི་ལུགས་ཀྱིས་འབྲས་བུ་ལམ་དང་བཅས་པ་དེ། ད་ལྟ་ཉིད་ཀྱིས་མངོན་པར་རྟོགས་པ་ཚར་གཅིག་ལ་ཚང་བར་བྱེད་དོ། །དེ་བས་ན་འབྲས་བུ་དང་འདྲ་བས་འབྲས་བུའི་ཐེག་པ་སྟེ། པེར་ན་སྐྱེས་བུ་ཤིན་ཏུ་མཛེས་པ་ལ་ལྷ་ཞེས་བརྗོད་པ་བཞིན་ནོ། །ལམ་ཐུན་མོང་མ་ཡིན་པའོ། །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ལས་ལམ་སོ་སོའི་མཚན་ཉིད་གཏན་ལ་དབབ་པའི་སྐབས་ཏེ་བཞི་པའོ། །


previousལམ་གཉིས་པའི་རྣམ་པར་གཞག་པ།next