Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

1 occurrence of རྟོག་པའི་ཡུལ་བ་
[Clear Hits]


  
  
  
  
  
  
ཕུལ་བྱུང་ལེགས་བཤད་མའི་འགྲེལ་པ།
  
  
  
  
  
  
  
  
 
  
  
  
  
  
  
  
  


1 occurrence of རྟོག་པའི་ཡུལ་བ་
[Clear Hits]

 
previousཕུལ་བྱུང་ལེགས་བཤད་མའི་འགྲེལ་པ།next

ཕུལ་བྱུང་ལེགས་བཤད་མའི་འགྲེལ་པ།


GTD005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་ལེགས་བཤད་མའི་འགྲེལ་པ་མཁས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །


GTD005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མའི་སྟོན་པ་མཆོག་དང་དེས་གསུངས་པའི། །དམ་ཆོས་དེ་འཛིན་བྱེད་པ་དགེ་འདུན་ཏེ། །མཆོག་གསུམ་ཞིང་ལ་ཤེས་ནས་དང་བ་ཡིས། །འདུད་དོ་དོན་གཉིས་ཕུན་སུམ་ཚོགས་པར་མཛོད། །དེའང༌། ཕུལ་བྱུང་ལེགས་བཤད་ཟབ་མོའི་སྒྲ་དབྱངས་ཀྱིས། །ས་གསུམ་དཀྱིལ་འཁོར་ཀུན་ཁྱབ་བག་ཡོད་པའི། །སྤྱོད་ཚུལ་མ་སྨད་གཡས་སུ་འཁྱིལ་བའི་དུང༌། །དགེ་ལེགས་ཆུ་གཏེར་སྙིང་པོ་རྒྱལ་གྱུར་ཅིག །ཅེས་བྱ་བ་ལ་སོགས་པ་ནི་བཤད་པར་བྱ་བ་སྟེ་ཤོ་ལོ་ཀ་དང་པོ་འདིས་མདོར་བསྟན་ཏོ། །དེའང་མདོ་སྔགས་རིག་གནས་ཀྱིས་བསྡུས་པ་ས་གསུམ་གྱི་གདུལ་བྱ་མཐའ་དག་ལ་གང་ཉེ་བར་མཁོ་བའི་ལེགས་བཤད་ཀྱི་དགའ་སྟོན་མ་ཚང་བ་མེད་པའི་སྒྲ་དབྱངས་ཀྱིས་ཡོངས་སུ་ཁྱབ་པ་མཁས་པའི་ཡོན་ཏན་དང༌། དེའང་ཚིག་སྤྱིའི་བཤད་པ་ཙམ་མ་ཡིན་པར་ལག་ཏུ་བླངས་ཏེ་སྒོ་གསུམ་བག་ཡོད་པའི་སྤྱོད་ཚུལ་རྒྱལ་བའི་དགོངས་པའི་རྗེས་སུ་མཐུན་པར་གཡས་སུ་འཁྱིལ་བ་བཙུན་པའི་ཡོན་ཏན་དངོས་སུ་བསྟན་ལ། རང་གིས་ཇི་ལྟར་ཉམས་སུ་བླངས་པ་བཞིན་འདོམས་པ་དོན་མཐུན་ཞིང་དོན་སྤྱོད་པ་ནི་ལྷག་པའི་བསམ་པའི་མཐུ་ཁོ་ན་ལས་འབྱུང་བས་བཟང་པོའི་ཡོན་ཏན་ཤུགས་ཀྱིས་བསྡུས་ཤིང༌། ཡང་ན་གནས་སྐབས་དང་མཐར་ཐུག་ཏུ་


GTD005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཞིང་ལེགས་པའི་ལྷག་པའི་བསམ་པ་རྣམ་པར་དག་པའི་ཆུ་གཏེར་གྱི་ཁོངས་ལས་བྱུང་བ་བཟང་པོའི་ཡོན་ཏན་ཏེ། འདིས་ནི་སྟོན་པའི་དམ་ཆོས་རྣམ་པ་གཉིས་ཇི་ལྟར་འཛིན་པའི་ཐབས་མ་ཚང་བ་མེད་པས་བསྟན་འཛིན་གྱི་སྐྱེས་བུར་སྟོན་པ་སྟེ། དབྱངས་ཅན་ངག་གི་རོལ་མཚོར་བཤད་པ་བཞིན་ཡང་སྲིད་རྣམ་པ་དུ་མར་སྐྱེ་བ་དང་སྤྲུལ་སྐུའི་མིང་ཙམ་ལས། ལེགས་པར་བཤད་པའི་སྒྲ་དབྱངས་ཀྱིས་རྨོངས་པའི་རིམས་ནད་འཕྲོག་པར་མི་ནུས་ན་དགོས་ནུས་ཅིའང་མེད་པས། འདིར་དེ་ལས་བཟློག་སྟེ་སྲིད་ཞིའི་རྒུད་པ་མཐའ་དག་ལས་རྒྱལ་བར་ནུས་པའི་དོན་བཞིན་དུ་ཤིས་པ་བརྗོད་ཅིང་དངོས་པོ་ངེས་པར་བསྟན་པའོ། །དེ་ཉིད་རྒྱས་པར་བཤད་པ་ལ། མདོའི་བསྟན་པ་འཛིན་ཚུལ། སྔགས་ཀྱི་བསྟན་པ་འཛིན་ཚུལ། དོན་བསྡུ་བ་སྟེ་གསུམ། དང་པོ་ལ། རང་གིས་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་དབབ་ཚུལ། གཞན་ལ་འཆད་རྩོད་རྩོམ་གསུམ་གྱིས་སྤེལ་ཚུལ་གཉིས། དང་པོ་ནི། བྱིན་རླབས་ཉི་མའི་གདེངས་ཀ་མཐོ། །མན་ངག་རྒྱ་མཚོའི་འཇིངས་ལ་གནས། །ལྷག་བསམ་གསེར་གྱི་རང་བཞིན་ཅན། །བཤེས་གཉེན་ལྷུན་པོའི་དྲུང་ན་མཛེས། །ཞེས་གང་ལས་ཐོས་པ་བྱ་བའི་ཡུལ་ལེགས་ཚོགས་མ་ལུས་པའི་རྩ་བ་བཤེས་གཉེན་མཚན་


GTD005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་པའི་ཚུལ་ཏེ། དེའང་གདུལ་བྱ་སྨིན་པར་བྱེད་པའི་བྱིན་རླབས་ཀྱི་མཐུ་དང་ལྡན་ཞིང༌། ཐར་པར་འཁྲིད་པའི་མན་ངག་གི་གནད་མཐའ་དག་ལ་དབང་འབྱོར་བ། ལྷག་པའི་བསམ་པ་རྨད་དུ་བྱུང་བ་དགོས་ཤིང༌། སློབ་མའང་དེ་དང་རྗེས་སུ་མཐུན་པ་དགོས་པའི་དཔེའི་ཁྱད་པར་གསུམ་ནི་གཙོ་ཕལ་གྱི་ཚུལ་དུ་གཉི་ག་དང་འབྲེལ་ལོ། །དེ་ལས་ཐོས་པ་བྱས་པའི་ཚུལ་དངོས་ནི། ཆེར་རློམ་རི་བོའི་འཕྲེང་བ་ཡིས། །མ་བཟུང་མང་དུ་ཐོས་པའི་ཆབ། །འདུན་ལྡན་ཐུགས་ཀྱི་གཤོང་བུ་རུ། །ལུང་རིགས་ལྦུ་བ་འཛུམ་ཞིང་འཁྱིལ། །ཞེས་བྱ་སྟེ། དེང་དུས་བླ་མ་ཆེ་ཆེ་མོའི་སྐྱེ་བ། སངས་རྒྱས་བྱང་སེམས་ཤིག་གི་རྣམ་འཕྲུལ། སྐྱེས་ཆེན་གྱི་གདན་ས་དང་ལུང་ལས་ཀ་སོགས་སྒྲོ་བཏགས་ཀྱི་མིང་དང་གྲགས་སྐམ་རེའི་མངོན་རློམ་གྱིས་མཐོ་བས། བླ་མ་བསྟེན་པ་དང་ཆོས་ཉན་པ་སོགས་ལ་ངོ་ཚར་བརྩི་བ་རྣམས་ཀྱི་རྣམ་པར་ཐར་པ་ནི་འཕྱོན་མའི་ཟློས་གར་བཞིན་དུ་གཟིགས་ཏེ་རིང་དུ་དོར། དང་པོར་རྒྱ་ཆེན་ཐོས་པ་མང་དུ་ཚོལ་བའི་སྔོན་བྱོན་དམ་པའི་རྣམ་པར་ཐར་པས་ཐུགས་ཡོངས་སུ་དྲངས་ཏེ། ཁེངས་དྲེགས་དང་ཕྱོགས་ལྷུང་ལོག་པས་མ་བསླད་པ། གཟུར་གནས་བློ་ལྡན་དོན་གཉེར་བ། །ཞེས་བྱ་བའི་མཚན་ཉིད་ཅན་གྱི་ཐུགས་ཀྱི་གཤོང་བུར་ཡོན་ཏན་གྱི་ཆུ་བོ་ཡོངས་སུ་འཁྱིལ་ཏེ་བཀའ་གདམས་གོང་མ་རྣམས། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབབ་པས་སྐ་མགོ་སྨོད་གསུང་བ་བཞིན་ནོ། །དེའང་སྡོམ་པ་གསུམ་ལྡན་དུ་སྒྲུབ་ཅིང་མདོ་སྔགས་ཟབ་རྒྱས་ཀྱི་


GTD005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པའི་བདུད་རྩིས་ཐུགས་རྒྱུད་གཏམས་པར་མཛད་པ་མཚུངས་ཟླ་མེད་པའི་རིགས་ཀྱི་བདག་པོ་ནི་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཉིད་ཡིན་ལ། གཞན་ཡང་སྡེ་སྣོད་རྒྱ་མཚོའི་མངའ་བདག་ཁྲི་བསོད་ནམས་དབང་རྒྱལ། རྣལ་འབྱོར་གྱི་དབང་ཕྱུག་ཁྲི་བསོད་ནམས་གྲགས་པ་སོགས་གདན་ས་རང་གི་བླ་མ་གདན་ཟུར་ཐེག་པ་མཆོག་གི་ཡོངས་འཛིན་དུ་མ་དང༌། གཞན་ནས་ཀྱང་མན་ངག་གི་གཏེར་མཛོད་བྲག་དཀར་དཀའ་བཅུ་ངག་དབང་གྲགས་པ་སོགས་བཤེས་གཉེན་དམ་པ་འགའ་ཞིག །དབུས་གཙང་དུ་བསྟན་པའི་རྩ་ལག་ཁྲི་རིན་པོ་ཆེ་བློ་བཟང་བཀྲ་ཤིས་པ་སོགས་སྐྱེས་ཆེན་དམ་པ་དུ་མ་སྟེ་མདོར་ན་ཆོས་ཚོལ་བ་ལ་མི་ངོམས་པ་གཞོན་ནུ་ནོར་བཟང་དང་ནག་ཚོ་ལོ་ཙཱ་བ་སོགས་ཀྱི་རྣམ་ཐར་བཞིན་བླ་མ་དམ་པ་སུམ་ཅུ་ལྷག་པ་ཙམ་གྱི་ཞབས་པད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན། ཤིན་ཏུ་ན་ཚོད་ཕྲ་མོའི་དུས་ཀྱི་དགེ་རྒན་ལའང་ཐ་མལ་པའི་ཁུ་ཚན་གྱི་འགྲོགས་ལུགས་མ་ཡིན་པར་བླ་མར་བཟུང་ནས་དག་སྣང་སྦྱངས་ཤིང་དེའི་ཞལ་ཏ་རྣམས་མ་བརྗེད་པར་ཐུགས་ལ་བཅང་བས་ཕྱིས་སུའང་བསྐྱར་རྒྱུ་འདུག་པ་ནི་དཔྱོད་ཤེས་པ་ཞིག་གིས་བལྟས་ན་ཡ་མཚན་ཆེ་བར་སྣང༌། འོག་ཏུ། དཔལ་འབྱོར་ཁུར་གྱིས་དུབ་རྣམས་ཀྱིས། །རིང་དུ་དོར་བྱའི་དབང་ཁྲིད་ལུང༌། །ནོར་བུའི་དོ་ཤལ་མ་ལུས་པ། །ཁྱོད་ཀྱི་མགྲིན་པར་ལྷན་ཅིག་འདྲིལ། །ཞེས་འབྱུང་བ་ལྟར། རྡོར་ཕྲེང་མི་ཏྲ། རིན་འབྱུང༌། བརྒྱ་རྒྱམ་གཉིས། སྣར་ཐང་བརྒྱ་རྩ། གསེར་


GTD005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། ལྷོ་བྲག་སྙན་བརྒྱུད་སོགས་སྤྱི་བཀའ་དང་ཟུར་བཀའི་དབང་རྗེས་གནང་ད་ལྟ་རི་བོ་དགེ་ལྡན་པ་ལ་རྒྱུན་ཡོད་ཚད་མ་ཚང་བ་མེད་པར་གསན། མདོ་སྔགས་ཀྱི་ལམ་རིམ་གཉིས། འགྲེལ་པ་བཞི་སྦྲགས་དང༌། རིམ་ལྔ་གསལ་སྒྲོན། སྦས་དོན་ཀུན་གསལ་སོགས་གཞུང་ཆེན་མོའི་བཤད་ལུང་གི་རིགས། ཁྲིད་ཆེན་བརྒྱད་ནས་བཟུང་འཁྲུལ་འཁོར། ལྕགས་མཁར། གཏོར་སྒྲུབ། རབ་གནས། སྦྱིན་སྲེག་སོགས་ཁྲིད་ཆེ་ཆུང་གི་རིགས་ཁུངས་དག་གི་རྒྱུན་བཞུགས་ཚད་མི་མངའ་བ་མེད། རྒྱལ་བའི་བཀའ་འགྱུར་རོ་ཅོག །རྒྱ་གཞུང་མང་པོ། རྗེ་ཡབ་སྲས་གསུམ། འདུལ་འཛིན། རྒྱལ་བ་སྐུ་འཕྲེང་གསུམ་དང༌། པཎ་ཆེན་སྐུ་འཕྲེང་གསུམ། ལྕང་སྐྱ་སྔ་ཕྱི། ཀུན་མཁྱེན་བླ་མ་རྣམས་ཀྱི་གསུང་འབུམ་གྱིས་མཚོན་ལུང་རྒྱུན་བསམ་གྱིས་མི་ཁྱབ་པའི་མཛོད་ལྟ་བུར་ཡོད། གསན་པ་རྣམས་ཀྱང་ཐོབ་ལོ་ཙམ་མ་ཡིན་པར། བརྒྱུད་ཁུངས། ཕྱག་ལེན། ཚིག་དོན་གྱི་ཆ་མཐའ་དག་ཞིབ་ཏིག་ཏུ་བསྟར་ཞིང་བསྙེལ་བ་མེད་པར་གསན་པ་དོན་ལྡན་དུ་འགྱུར་ངེས་པ་མཛད་དོ། །ཕལ་མོ་ཆེ་འཛིན་སྐྱོར་བྱེད་ན་པོ་ཏི་གཅིག་གི་ལུང་ཡང་ཉན་མི་ཁོམ་པ་དང༌། ཆོས་ཉན་བྱེད་ན་འཛིན་སྐྱོར་སོགས་ཙམ་གྱིས་འཇོག་དགོས་པ་སྲང་མདའི་མགོ་མཇུག་བཞིན་འགྲོ་བ་དང༌། དམ་པ་འདིས་ནི་གསན་པ་རྒྱ་ཆེན་དེའི་ངང་ནས་བཀའ་པོད་ཆེན་པོ་ཀུན་གྱི་རྩ་བ། མཐའ་དཔྱོད་ཀྱི་ཐལ་འཕྲེང་ཟུར་བཀོལ་ཐམས་ཅད་ཐུགས་འཛིན་ངོས་དཔྱད་པ་དང་སྦྲགས་པའི་སྐྱོར་སྦྱང་རྡོ་རུས་ཐུག་པ་གནང༌། ཁྱད་པར་དུ་ཀུན་མཁྱེན་བླ་མའི་ལེགས་བཤད་ཀྱི་རྒྱལ་པོ་གྲུབ་མཐའི་རྣམ་གཞག་ཀུན་བཟང་ཞིང་གི་


GTD005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ཐུགས་ལ་བྱང་བར་བཟུང་སྟེ་ཚོགས་རྒྱུགས་ཕུལ་བ་སོགས་སྟབས་གཅིག་ཏུ་གྲུབ་པ་ནི་དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་རྣམ་པར་ཐར་པ་སྟེ། རྣམ་ཐར་གྱི་མགོ་འདི་ལྟ་བུ་ཞིག་ནས་ཚུགས་དགོས་ཀྱི། ད་ལྟ་ཡོན་མཆོད་ཐམས་ཅད་ཀྱིས་འདང་བརྒྱག་སྟེ་བཙན་ཕྱུག་གོ་ས་སོགས་གང་ཐད་ནས་འོས་པ་ཞིག་ཏུ་སྐྱེ་བ་བཞེས། ཕས་བླ་ཆེན་ཞིག་ཕེབས་པ་དང༌། མས་དུང་དཀར་ཞིག་རྙེད་པ་རྨིས། ཨེ་ཡིན་བྱས་ན་ཡིན་དང༌། ཨེ་ཤེས་བྱས་ན་ཤེས་སོགས་འཇིག་རྟེན་ཕྱོགས་ཀྱི་སྔོན་གནས་རྗེས་སུ་དྲན་པའི་གསུང་བྱོན་ཚུལ་སོགས་འདོན་སྒྲིག་མ་དེ་འགོད་མི་དགོས་སོ། །དེ་ལྟར་ཐོས་པ་བྱས་པ་དེ་ཉིད་བསམ་པས་གཏན་ལ་ཕབ་ཚུལ་ནི། ཚུལ་བཞིན་དཔྱོད་པའི་རལ་གྲི་ཡིས། །ཐེ་ཚོམ་དྲ་བ་མ་ལུས་པ། །ཅིག་ཅར་བཅད་པའི་རྣོ་རྒྱུན་གྱིས། །སྲིད་པའི་བཙོན་ར་ཤིག་ཤིག་འདར། །ཞེས་བྱ་བ་སྟེ། ཐོས་པའི་སྒྲ་སྤྱི་ཙམ་ལས་བསམ་པས་སྒྲོ་འདོགས་མ་བཅད་ན་འདམ་ལ་ཕུར་བ་བཏབ་པ་བཞིན་ངེས་པ་གཏིང་མི་ཚུགས་པ་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་བཞིན་ཡིན་པས། རྗེས་སུ་དཔྱོད་པ་དང༌། རྣམ་པར་དཔྱོད་པ་དང༌། ངེས་པ་འཛིན་པའི་སེམས་ཀྱི་རིགས་པ་བཞིས་ཚུལ་བཞིན་དུ་དཔྱད་དེ་ར་རིའི་ལོག་རྟོག་གི་དྲ་བ་མ་ལུས་པར་བཅད་པས། གསུང་རབ་ཀུན་ཀྱང་གང་ལ་གཞོལ་བ་དེ་ལྟར་རིགས་ལམ་རྣམ་པར་དག་པ་རྣམས་གནས་ལུགས་ཀྱི་དོན་ལ་འབབ་པར་འགྱུར་ཞིང༌། དེའི་ངེས་པ་ལྟ་ཅི་ཐེ་ཚོམ་གྱིས་ཀྱང་སྲིད་པ་ཧྲུལ་པོར་བྱེད་དོ། །དེའང་རྒྱལ་བའི་


GTD005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་ཐམས་ཅད་འགྲོ་བ་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཆེད་ཁོ་ན་ཡིན་པས། དེའི་དོན་བཞིན་སྒྲོ་འདོགས་ཕྲ་རགས་གང་བཅད་ཀྱང་སྲིད་པའི་སྡུག་བསྔལ་གྱི་ཆ་རེ་གནོད་བྱེད་དུ་མི་འགྲོ་བ་མི་སྲིད་ནའང༌། རེ་ཞིག་རྩ་བ་ནས་གཅོད་མི་ནུས་པ་རྣམས་རིམ་གྱིས་དེ་ཕྱོགས་སུ་ཁ་འདྲེན་པའི་ཐབས་མཛད་པའི་མདོ་རྣམས་ལ་དྲང་བའི་དོན་དང་འགྱུར་ལ་ལར་དཀྲི་བའི་དོན་ཞེས་གསུངས། ཆོས་ཀྱི་གནས་ལུགས་མཐར་ཐུག་དང་སྲིད་རྩ་གཅོད་བྱེད་ཀྱི་ཐབས་མཐར་ཐུག་དེ་ལས་ཕར་འགྲོ་བ་མེད་པར་དེ་ཁོ་ནར་ངེས་པ་དེ་ལ་ངེས་པའི་དོན་ཞེས་བློ་གྲོས་མི་ཟད་སོགས་སུ་གསུངས་ཏེ། དཔལ་མགོན་ཀླུ་སྒྲུབ་ལུགས་ཀྱི་དྲང་ངེས་སུ་འཇོག་ཚུལ་མཐར་ཐུག་པའོ། །དེ་ལྟར་ན་འཁོར་བའི་ཕུན་ཚོགས་བདེ་བའི་རང་བཞིན་དུ་བལྟ་བ་དང༌། བདག་རྟག་གཅིག་རང་དབང་ཅན་དུ་འཛིན་པ་ཡན་ཆད་ཀྱི་ལོག་རྟོག་དང་ཐེ་ཚོམ་གྱི་དྲ་བ་རིམ་པར་བཅད་པའི་རྣོ་རྒྱུན་གྱིས་མཐར་གཏུག་སྟེ་རང་གཞན་སྣོད་བཅུད་བདེ་སྡུག་གི་སྣང་བ་འདི་ཐམས་ཅད་ཡུལ་སྟེང་ནས་ཚུར་གྲུབ་པར་ལྟ་བའི་མཚན་འཛིན་གྱི་འཆིང་བ་དམ་པོ་བཅད་དེ་སྲིད་པའི་སྐྱོན་མཚང་རིག་པས་ཞེན་པ་ཧྲུལ་པོར་བྱེད་པའི་ཕྱིར། བཞི་བརྒྱ་པ་ལས། ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང༌། །སྲིད་པ་ཧྲུལ་བོར་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཞི་ལྷན་སྐྱེས་ཀྱི་ཐོག་ཏུ་མཐའ་གཅིག་དང་གྲུབ་མཐས་ཀུན་བཏགས་པའི་ལྷད་མང་པོ་བརྒྱབ་སྟེ་ཇེ་མཁྲེགས་སུ་བཏང་བ་ཡིན་པས། མཐོང་སྤང་གི་ཆ་ཟད་ནས་ལྷན་སྐྱེས་གཅིག་པུར་གཏུགས་པ་གོས་ཀྱི་རྒྱུ་ཟད་ནས་སྤུན་


GTD005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏུགས་པ་ལྟ་བུ་ཡིན་པས། སྒོམ་སྤང་དེ་ལ་རྒྱུད་བླ་མར། གོས་ཧྲུལ་དྲི་མ་དག་དང་མཚུངས། །ཞེས་གསུངས་པ་ཡིན་ཏེ། འདིའང་དེ་དང་ཕྱོགས་འདྲའོ། །ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཉིད་རྒྱུད་དང་འདྲེས་ནས་གོམས་པའི་ཤུགས་ཀྱིས་སྒོ་གསུམ་མཐའ་དག་དེའི་ངང་དུ་འགྲོ་བ་ནི་སྒྲུབ་པའི་ཡོན་ཏན་ནམ་བཙུན་པའི་ཡོན་ཏན་ཡིན་ལ། ཉམས་ལེན་ཡང་དེ་ལས་ལྷག་པ་མེད་པས་སྒོམ་བྱེད་ཚུལ་གྱི་མཆོག་ཀྱང་དེ་ཡིན་པའི་ཕྱིར། ཚུལ་དེ་ཉིད་སྟོན་པ་ནི། ལས་འབྲས་མ་འཆོལ་གོམས་སྟབས་ཅན། །ངེས་འབྱུང་ཤུགས་ཀྱིས་བགྲོད་བྱེད་ཅིང༌། །རྒྱལ་སྲས་སྤྱོད་པའི་ཁུར་འཛིན་པའི། །གླང་པོ་ལམ་གྱིས་རིམ་པར་འགྲོ། །ཞེས་པ་སྟེ་འདི་སྣང་གི་ཕུན་ཚོགས་གློག་འགྱུ་བ་ལྟ་བུ་ལ་ཡིད་བརྟན་མེད་ཅིང༌། ལུས་དང་གྲིབ་མ་བཞིན་རྗེས་སུ་འབྲང་བ་ལས་དཀར་ནག་ལས་མ་འདས་པའི་ཚུལ་ལ་ངེས་པ་རྙེད་པས་བླང་དོར་ཅུང་ཟད་ཀྱང་མ་འཆོལ་བར་བྱེད་པ་སྐྱེས་བུ་ཆུང་ངུའི་ལམ་དང༌། མངོན་མཐོའི་རྟེན་རེ་གཉིས་བརྒྱུད་པས་མི་ཆོག་གི །འཁོར་བ་འདི་ལས་གཏན་དུ་ཐར་པ་ཞིག་མ་བྱས་པར་བདེ་བའི་གོ་སྐབས་ནམ་ཡང་མེད་པར་གཟིགས་ནས་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ་ཚ་བས་གདུངས་པའི་གླང་ཆེན་མཚོ་ནང་དུ་འཇུག་པ་ལྟ་བུའི་འབྲིང་གི་ལམ་རང་གཅིག་པུ་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་མ་ཚང་བ་མེད་པའི་ཁུར་འཛིན་པ་སྐྱེས་བུ་ཆེན་པོའི་ལམ་སྟེ་འོག་མ་འོག་མ་བརྟན་ནས་གོང་མར་སློབ་པ་ལས་


GTD005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་སྙེགས་དང་ཐོད་རྒལ་དུ་བྱེད་པ་མ་ཡིན་པ། རྒྱལ་བའི་བསྟན་པ་ལ་རྒྱལ་བའི་དགོངས་པ་བཞིན་གོ་རིམ་མ་ལོག་པར་སློབ་པ་སྟེ། དཔེ་གླང་པོ་ཆེ་གོམ་པ་མི་འཆོལ་བར་ཆ་མཉམ་པོར་འགྲོ་བས་གླང་ཆེན་སྟབས་གཤེགས་ཞེས་པ་ཡིན་ལ། སྟོབས་ཆེ་བས་བཟློག་དཀའ་ཞིང་ཁུར་ཆེན་པོ་བཀུར་ནས་དལ་འགྲོས་ཀྱིས་འགྲོ་བའི་ཁྱད་པར་སོ་སོ་དང་སྦྱར་བ་ཡིན་ནོ། །དེ་ལྟར་ལག་ལེན་དུ་འཁྱེར་བ་དེ་ཆོས་ཤེས་པར་འཇོག་པ་མ་གཏོགས། གཡག་སྡེ་པཎ་ཆེན་གྱིས། སྡེ་སྣོད་དོན་ལ་མཁས་པའི་ང་རྒྱལ་ཅན། །བླང་དོར་གནས་ལ་ལོང་བའི་བརྟུལ་ཞུགས་འཛིན། །ཞེས་དང་། བཀའ་གདམས་གོང་མའི་གསུང་སྒྲོས་ལྕེ་སྒོམ་གྱིས་བསྡེབས་པ་ལས། པཎྚི་ཏ་ལས་རྒྱུ་འབྲས་ལ་མི་འཛེམ་པ་འདིའང་མི་རིགས་ཞེས་གསུངས་པ་བཞིན་ཁ་བཤད་བྲག་ཐོག་ནས་ཆུ་འཕྱོ་བ་བཞིན་བྱེད་ཀྱང༌། ལས་འབྲས་རྒྱབ་ཏུ་བསྐྱུར་ཏེ་གཞན་མགོ་སྐོར་ཅི་ཐུབ་བྱེད་པ་ནི། སྔོན་ནེ་ཙོ་ཞིག་གིས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཟེར་བཞིན་དུ་འབུ་འཐུ་བའི་དཔེ་ལྟར་ཆོས་མ་ཤེས་པ་མིན་པས་མདོ་སྡེ་རྒྱན་ལས། ཐོས་པས་ཆོས་པར་འཛིན་སྤོང་བ། །དེ་ནི་ཆོས་ཤེས་པ་ཞེས་བརྗོད། །ཅེས་གསུངས་པ་བཞིན་ནོ། །ངེས་པར་ཤེས་པ་ཡིན་ན་བློ་དེར་ཞུགས་འགྲོ་བ་ཡིན་ལ། སེམས་ཞུགས་ན་ལུས་ངག་གཉིས་སེམས་ཀྱི་བྲན་ཡིན་པས་དེའི་རྗེས་སུ་མི་འབྲང་བའི་དབང་མེད་ཅིང༌། དེའི་ནང་དུ་སྒོམ་ཡང་ཚང་ཡོད་པ་ཡིན་ཏེ། འཇིག་རྟེན་ནའང་བྱ་བ་གང་ལ་ངང་གིས་ཞུགས་འགྲོ་བ་དེར་གོམས་པ་ཆེ་བར་འཇོག་


GTD005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། ཆོས་ཀྱི་དོན་ལག་ཏུ་ལེན་པ་ལ་ངང་གིས་ཞུགས་འགྲོ་བ་དེ་སྒོམ་ཡིན་གྱི། བྲག་ཕུགས་སུ་ལུས་གནད་ལྟ་སྟངས་བྱས་ནས་བསྡད་པ་ཙམ་གྱིས་སྒོམ་དུ་མི་འགྲོ་སྟེ། རྒྱན་ལས། ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོགས་གོམས་པའི་ལམ། །ཞེས་གསུངས་པའི་ཕྱིར། གཉིས་པ་གཞན་ལ་འཆད་རྩོད་རྩོམ་གསུམ་གྱིས་སྤེལ་ཚུལ་ལ། སྤྱིར་བཤད་པ་དང༌། ཁྱད་པར་དུ་འཆད་ཉན་གྱི་རྒྱལ་མཚན་བསྒྲེང་ཚུལ་གཉིས། དང་པོ་ནི། དོན་དང་མ་འབྲེལ་འབྱམས་བཤད་དང༌། །གཞུང་དང་མ་འབྲེལ་སྙན་ཚིག་ཀུན། །བརྒལ་བརྟག་མེ་ལྷའི་ཞལ་ཟས་སུ། །སྟོབ་པས་བློ་གྲོས་རྣམ་པར་དག །ཅེས་ལྟར་སྣང་ཙམ་མ་ཡིན་པའི་འཆད་རྩོད་རྩོམ་གསུམ་རྣམ་དག་མཛད་ཚུལ་བསྟན་པ་ཡིན་ཏེ། འཆད་ཉན་དང་རྩོད་པ་སོགས་བསྟན་པའི་བྱ་བར་འགྲོ་མི་འགྲོའི་དབྱེ་བ་འབྱེད་པ་འདི་ཤིན་ཏུ་གལ་ཆེ་བས། བུ་སྟོན་ཐམས་ཅད་མཁྱེན་པས། འཆད་ཉན་བསྟན་པ་འཛིན་ཞེས་གསུངས་པ་ཡང༌། །ངེས་འབྱུང་རྣམ་དག་ཁྲིམས་ལ་བརྟེན་བཅས་ནས། །ཉན་པོ་གཟུར་གནས་བློ་ལྡན་དོན་གཉེར་ལ། །མཁས་པས་སྡེ་སྣོད་འཆད་ལ་དགོངས་པ་ཡིན། །ཚེ་འདི་རྙེད་གྲགས་འདོད་པས་འཁོར་བསྡུས་ཏེ། །མ་དད་མི་འདོད་བཞིན་དུ་ཆོས་འཆད་ཅིང༌། །ཉམས་ལེན་མི་བྱེད་ཆགས་སྡང་སྐྱེ་བའི་རྒྱུ། །འཆད་ཉན་འདི་ཡང་འཁོར་བའི་ཞགས་པ་ཡིན། །རྩོད་པས་བསྟན་པ་འཛིན་པར་གསུངས་པ་ཡང༌། །རང་གཞན་གྲུབ་མཐའི་གཞུང་ལུགས་ཀུན་ཤེས་ནས། །ཕ་རོལ་ཡང་དག་ལམ་ལ་ཞུགས་


GTD005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །ལྟ་ངན་རིགས་པས་བཟློག་ལ་དགོངས་པ་ཡིན། །རང་ཉིད་གྲགས་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་སྤྱོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་བསྲེག །དེ་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་གསུངས་སོ། །རྩོམ་པའང་ཀུན་བྱང་བླང་དོར་གྱི་གནད་སྟོན་རྒྱུ་མེད་པར་མངོན་བརྗོད་ཀྱི་མིང་ཆེར་མ་གྲགས་པ་མང་པོ་བསྒྲིགས་པས་གོ་མི་ཐུབ་པ་གཙོར་འདོན་གྱིས་མཁས་ཁྱད་འདོན་པ་ནི། རྗེ་ངག་དབང་བྱམས་པས་བསྟན་བཅོས་གཟེ་མ་ར་མགོར། སུ་ལ་མི་ཕན་མེད་པ་ཉིད་དང་མཚུངས། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། བསྟན་བཅོས་བརྩམས་པའི་དགོས་པ་གདུལ་བྱས་དོན་བདེ་བླག་ཏུ་རྟོགས་པ་ཡིན་གྱི། མ་རྟོགས་པར་རྨོངས་པ་སྐྱེད་པ་དགོས་དོན་དུ་མི་རུང་ངོ༌། །དེ་བཞིན་དུ་སྙན་ངག་གི་ཚིག་སྦྱོར་འགྲིག་ཀྱང་བརྗོད་དོན་མདོ་སྔགས་ཀྱི་གཞུང་དང་མི་འབྱོར་ན། མ་ནིང་རིན་ཆེན་རྒྱན་གྱིས་མཛེས་པ་ལྟར། །མཐོང་ན་མཚར་ཡང་འདོད་པའི་དོན་མི་འགྲུབ། །གསུངས་པ་དེ་ཡིན་པས། རྗེ་ངག་དབང་བློ་བཟང་ཆོས་ལྡན་གྱིས་ཀྱང་ཚིག་ལྷུག་ཏུ་སྦྱོར་རྒྱུའི་གཞུང་ཆེན་མོ་མེད་པར་ཚིགས་བཅད་དམ་དུམ་སྦྱོར་བ་སྙིང་པོ་མེད་པར་གསུངས་སོ། །དེས་ན་གསུང་རྩོམ་ཡང་སྔོན་ཆད་པོ་ཏི་གསུམ་བཞི་ཙམ་ཡོད་པ་གཞུང་དོན་འདུས་ཆེ་ལ་ཚིག་སྦྱོར་ལེགས་པ་མཁས་པའི་དགའ་སྟོན་ཁོ་ནར་ཡོད་དོ། །བསྟན་པའི་བྱ་བ་དང་འགྲོ་བའི་དོན་དུ་རློམ་ཚད་དེར་འགྲོ་བའི་ངེས་པ་མེད་པས་རང་སེམས་དཔང་པོར་བཞག་ནས་ཞུ་དག་བྱེད་དགོས་ཀྱི། ད་ལྟ་འགའ་ཞིག་སྐྱེས་བུ་དམ་པ་ངེས་འབྱུང་ས་


GTD005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བརྟན་ཡང༌། སྙིང་རྗེས་རླུང་ལྟར་གཡོ་བ་དག་ལ་འགྲན་བཙུགས་ཏེ། རང་རང་ལྟོག་ལ་མེ་ལྟར་འབར་ཞིང༌། རྒྱལ་ཁམས་ཆུ་བཞིན་མྱུལ་ཏེ་རྙེད་པ་བཙལ་བའང་འགྲོ་དོན་བྱས་པ་ཡིན་མདོག་བྱེད་མོད་ཀྱང༌། དངོས་སུ་གཞན་བསླུས་དོན་གྱིས་རང་བསླུས་ཏེ། །བདག་གཞན་བསླུ་བའི་གཞན་དོན་གཟུགས་བརྙན་ཡིན། །ཞེས་མཁས་གྲུབ་སྨྲ་བའི་ཉི་མས་གཟུགས་བརྙན་གསལ་བའི་མེ་ལོང་དུ་གསུངས་པ་དེ་ལས་མ་འདས་སོ། །ཕྱིའི་རྣམ་འགྱུར་འདྲའང་ནང་གི་བསམ་ཚུལ་མ་གཅིག་པས་ནོར་ས་འདི་འདྲ་ཡོད་པ་ནི། ཀརྨ་ཆགས་མེད་ཀྱིས། གདུལ་བྱ་དོན་སྤྱོད་ཅེས་བྱ་དང༌། །ལྟོ་ཕྱིར་གནམ་རྡིབ་གྲོང་ཆོག་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་ཡོད། །ཅེས་པ་ལྟར་རོ། །བསྟན་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་ནང་ནས་གཙོ་བོར་གྱུར་པའང༌། ཙནྡྲ་གཽ་མིས། མཁས་པའི་བྱ་བ་རྣམ་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་རྩོམ་པ་གཙོ་བོར་བཤད་ལུགས་གཅིག་ཀྱང་ཡོད་ནའང༌། འཆད་རྩོམ་གང་ལའང་མ་རྟོགས་ལོག་རྟོག་གི་དྲི་མས་མ་སྦགས་པའི་གསེར་སྦྱང་བཙོ་མ་ལྟ་བུ་ཞིག་འབྱུང་བ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཕུན་སུམ་ཚོགས་པའི་སྒོ་ནས་བརྒལ་བརྟག་བྱེད་པ་འདི་ལས་གལ་ཆེ་བ་མེད་པས། འདིར་ཡང་དེ་གཉི་ག་རྩོད་པའི་བརྒལ་བརྟག་གིས་སྦྱངས་ཏེ། དཔེར་ན་ཆོས་དབྱིངས་བསྟོད་པར། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མའི་དྲི་མ་ཅན། །ཇི་


GTD005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །གསུངས་པ་བཞིན་རྡོ་རྒྱུས་ཀྱི་གོས་མེར་བསྲེགས་པ་ལྟར་འཁྲུལ་བའི་སྐྱོན་ཐམས་ཅད་བསལ་ནས་རྒྱལ་བའི་དགོངས་པ་རྨ་མེད་པ་ཞིག་འབྱུང་བ་ཡིན་ནོ། །ཁ་ཅིག་འཇིག་རྟེན་འདིའི་ལྟོ་གོས་གཏམ་གསུམ་གྱི་སྟེང་ནས་སོར་གང་གི་མཐོ་དམན་ཡང་མི་བཟོད་པར་ཆགས་སྡང་གི་ཕོ་རུས་འདོན་ཡང༌། ཆོས་ཕྱོགས་ལ་བླང་དོར་རོ་སྙོམས་ཀྱིས་དག་སྣང་སྦྱོང་ཁུལ་བླུན་པོ་ཐམས་ཅད་དང་མཐུན་འཇུག་གིས་བཟང་རྫུ་བྱེད་པ་ནི་གཡོ་ཅན་སྙན་པར་སྨྲ་བའི་རང་བཞིན་ཡིན་གྱི་དམ་པའི་རྣམ་ཐར་ག་ལ་ཡིན༌། དྲི་བ་ལྷག་བསམ་རབ་དཀར་ལས། དགག་བཞག་བྱེད་ཀྱང་ཤེས། བྱས་ན་འགྲོ་དོན་ཡང་འོང་བ་རིག་བཞིན་དུ་འགལ་འདུ་ལུང་རིགས་ཀྱི་གནོད་པ་འབབ་པ་དེ་རྣམས་ལ་ཐམས་ཅད་ཕུན་སུམ་ཚོགས་ཟེར་ན་ནི་བསྟན་པ་ལ་གཅེས་སྤྲས་མེད་པ་དང༌། སྙིང་རྗེ་ཆུང་བར་ཡང་མི་འགྱུར་རམ། ཞེས་དང༌། ཐུབ་བསྟན་བྱི་དོར་ལས། རང་ཉིད་སྐྱེ་བོ་ཕལ་བ་བླུན་པོ་འགའ་ཞིག་གི་བློ་ཡུལ་དུ་གྲུབ་པར་བྱ་བའི་ཕྱིར་དང༌། རྙེད་བཀུར་ཅུང་ཟད་འདུ་བའི་སྒོ་མི་ཉམས་ཤིང་གོང་དུ་འཕེལ་བའི་ཕྱིར་ཙམ་དུ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པར་བྱེད་པ་ནི། ཞེས་པ་ནས། རང་གཞན་བསླུ་ཞིང་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཆོས་མིན་གྱི་སྐྱོན་མཐོང་བཞིན་དུ་ཆོས་སུ་སྨྲ་བ་ནི་དད་པ་བྱེད་པ་མིན་གྱི། ཆོས་སྤོང་གིས་སྡིག་པ་བསགས་པ་ཡིན་པར་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་གསུངས་སོ། །ལྟ་སྒོམ་སྤྱོད་


GTD005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་གནད་ཇི་ལྟ་བ་བཞིན་དུ་ལུང་རིགས་ཀྱིས་གཏན་ལ་ཕབ་པའི་ཚེ། གཞན་གྱི་གྲུབ་མཐའ་ནོར་བ་རྣམས་རྟ་རྒྱུགས་པའི་ཞོར་ལ་མེ་ཏོག་གཅོད་པ་བཞིན་སུན་ཕྱུང་ཡང་ཉེས་པར་འགྱུར་བའི་གནས་མེད་དེ། བཞི་བརྒྱ་པ་ལས། ཆོས་འདི་རྫོགས་སངས་རྒྱས་རྣམས་ཀྱིས། །རྩོད་པའི་ཕྱིར་ནི་མ་གསུངས་ཏེ། །འོན་ཀྱང་མེ་ཡིས་བུད་ཤིང་བཞིན། །གཞན་སྲེག་འགྱུར་ན་ཉེས་པ་མེད། །ཅེས་དང༌། དཔལ་ལྡན་ཟླ་བས་ཀྱང༌། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་དཔྱད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གསུངས་སོ། །དེར་མ་ཟད་གཞན་ལྟ་སྤྱོད་ནོར་བ་ཤེས་ཤིང་བཅོས་སུ་ཡོད་བཞིན་དུ་ཡལ་བར་དོར་ནས་དེ་ངན་འགྲོར་ལྷུང་ན་ལྷག་པར་བྱང་སེམས་ཀྱི་བསླབ་བྱ་དང་མི་མཐུན་པའི་ཉེས་པར་འགྱུར་ཏེ། བཞི་བརྒྱ་པ་ལས། བྱང་ཆུབ་སེམས་པའི་ཡུལ་དུ་ནི། །གལ་ཏེ་འགའ་ཞིག་མ་བསྐུལ་བས། །ངན་སོང་འགྲོ་བར་འགྱུར་ན་དེ། །བློ་ལྡན་གཞན་གྱི་སྨད་བྱར་འགྱུར། །ཞེས་གསུངས་པའི་ཕྱིར། ཁ་ཅིག་གྲུབ་མཐའི་དགག་གཞག་མང་པོ་གནང་བས་ཕྱོགས་རིས་ཆེ་ཞེས་ཟེར་ཏེ། བཅོམ་ལྡན་འདས་ཀྱིས་མུ་སྟེགས་པའི་གཞུང་ཀློག་པ་ཙམ་ཡང་བཀག །བྱམས་པས་ཕྱིར་རྒོལ་ཚར་གཅོད་པའི་ཕྱིར་སྒྲ་ཚད་གཉིས་ལ་སློབ་དགོས་པར་གསུངས། དཔལ་ལྡན་ཟླ་བས། གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་དགའ་བློ་དོར་


GTD005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །གསུངས། བེའུ་བུམ་སྔོན་མོ་རྩ་འགྲེལ་དུའང༌། དེ་ལྟར་ཐག་བཅད་ལམ་དེར་འཇུག་བྱ། །སྒུ་རུ་རུ་རུ་གཞན་དུ་མི་འཚལ། །ཞེས་དང༌། སྒུ་རུ་རུ་རུ་བྱས་ནས་གཞན་དུ་རྩ་དང་ཐིག་ལེ་འཁོར་ལོ་ལ་སོགས་པའི་མན་ངག་མི་འཚོལ་གསུངས་པས། སངས་རྒྱས་བྱང་སེམས་དེ་ཐམས་ཅད་ཕྱོགས་རིས་ཆེ་བ་ཡིན་ཟེར་རམ། དེས་ན་ལྷ་ལས་ཕུལ་བྱུང་གི་བསྟོད་པར། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །སྨྲ་བ་དེ་ནི་སྟོན་པར་འཛིན། །ཞེས་དཔྱོད་ལྡན་གཟུ་བོར་གནས་པའི་རང་རྟགས་ཡིན་ནོ། །འོན་ཀྱང་དེང་དུས་ཕན་ཚུན་གང་ལའང་ཕ་ཤུལ་བུས་ཟིན་ནས་རང་རང་གི་གྲུབ་མཐའ་ངོ་ཤེས་མཁན་དཀོན་པར་སྣང་བས། ལྟ་སྤྱོད་ནོར་བ་རྣམས་བཀག་ཀྱང་དཔལ་མགོན་ཀླུ་སྒྲུབ་ཀྱིས། ངན་པ་རྣམས་ལ་གདམས་པ་ཡང༌། །ཚིག་པ་ཟ་འགྱུར་ཞི་མི་འགྱུར། །གསུངས་པ་བཞིན་འཁོན་གྱི་རྒྱུ་ལས་མེད་པས། ངེས་པ་རྙེད་པའི་ལམ་མ་ནོར་བ་དེ་རང་གི་སྙིང་ལ་བཅངས་ནས་བག་ཆགས་ཅི་ཐེབས་བྱས་ན་ཆོག་པར་མཐོང་སྟེ་ཁོ་བོས་ནི་དགག་གཞག་སོགས་ཀྱི་སྤྲོས་པ་བསྐྱུང་བ་ལགས་སོ། །ཡང་བཀའ་ཆོས་སོགས་ཀྱི་དུས་སློབ་མའི་སྐྱོན་ལ་རྗེན་པར་བཙུགས་པས་བླུན་པོ་ལ་ལ་མི་དགའ་ཞིང༌། འཇིག་རྟེན་པ་འགའ་ཞིག་གིས་ཐབས་མི་མཁས་ཟེར་མོད་ཀྱང༌། བཀའ་གདམས་པའི་གསུང་སྒྲོས་ལས། བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན། མན་ངག་གི་མཆོག་མཚང་ཐོག་ཏུ་བབ་པ་ཡིན། ཞེས་དང༌། མཚང་ནས་བྲུས་


GTD005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མ་བཤད་ན། །བླུན་པོ་ཁྱོད་ལ་གོ་བ་མེད། །གསུངས་པ་དེ་ཡིན་ཞིང༌། གཞན་ཡང་དཔལ་འཕྲེང་གི་མདོ་ལས། ཚར་གཅོད་པའི་སྒོ་ནས་བསྟན་པ་འཛིན་ཚུལ་དང༌། བྱང་སར་ཚར་གཅོད་པའི་ཚུལ་ཁྲིམས། འདུལ་བར་ནན་ཏུར་ལྔ་སོགས་གསུངས་པ་གང་ཡང་མ་མཐོང་བར་བྱང་སེམས་བྱ་བ་འཇམ་འཇམ་ཁོ་ན་ཞིག་ཏུ་གོ་བའི་རྨོངས་ཡུས་ཡིན་ནོ། །གཉིས་པ་ཁྱད་པར་དུ་འཆད་ཉན་གྱི་རྒྱལ་མཚན་བསྒྲེང་ཚུལ་ནི། དཔལ་འབྱོར་ཁུར་གྱིས་དུབ་རྣམས་ཀྱིས། །རིང་དུ་དོར་བྱའི་དབང་ཁྲིད་ལུང༌། །ནོར་བུའི་དོ་ཤལ་མ་ལུས་པ། །ཁྱོད་ཀྱི་མགྲིན་པར་ལྷན་ཅིག་འདྲིལ། །དབྱངས་ཅན་ངག་གི་ལོངས་སྤྱོད་ལ། །དབང་མཛད་དེ་ཡི་ཞལ་གྱི་སྒོར། །བློ་གསལ་ཚོགས་ཀྱི་རེ་བའི་མིག །བུ་ལོན་ཆགས་པ་བཞིན་དུ་གཏོད། །ཅེས་པ་སྟེ། ཤོ་ལོ་ཀ་སྔ་མ་ནི་ཆེད་དུ་བརྗོད་པའི་ཚོམས་ལས། དང་པོར་བདག་ཉིད་རིག་པར་གནས་བྱས་ནས། །ཕྱི་ནས་བདག་བཞིན་གཞན་དག་གདུལ་བར་བྱ། །ཞེས་དང༌། རྣམ་འགྲེལ་ལས། རང་ཉིད་ངེས་ཤིང་གཞན་དག་ལ། །ངེས་པ་སྐྱེད་པར་འདོད་པ་ཡིས། །ཞེས་པ་ལྟར་གཞན་ལ་སྟོན་པ་ལ་རང་གིས་སྔར་ཐོས་ཤིང་གཏན་ལ་དབབ་པ་ནི་མེད་མི་རུང་གི་རྩ་བ་ཡིན་པས་བཤད་པའི་རིམ་པས་འདིར་བཀོད་ཀྱང༌། དོན་གྱི་རིམ་པ་བཤེས་གཉེན་བསྟེན་པའི་སྐབས་དང་འབྲེལ་བས་སྔར་བཤད་ཟིན་པ་ལྟར་རོ། །དེ་ལྟར་ཆོས་ཀྱི་མཛོད་དུ་གྱུར་པས་ཕྱོགས་རིས་མེད་ནས་ཆོས་དོན་དུ་གཉེར་བའི་སློབ་མ་པདྨའི་མཚོ་ལ་བུང་བ་བཞིན་འདུས་པར་དབང་རྗེས་


GTD005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ལུང་ཁྲིད་ཀྱི་ཆར་ཕབ་ཅིང༌། ཁྱད་པར་དུ་ཁྲིད་ཀྱི་སྐོར་ཞལ་ཤེས་མན་ངག་དང་བཅས་པའི་བཀའ་བབ་ལྟ་བུར་ཡོད། ཞུ་བ་པོ་མཐོ་དམན་མང་ཉུང་འབྱོར་པ་སོགས་ལ་ལྟོས་པ་མེད་པར་གང་འདོད་དུ་སྩལ་བས་ཕལ་ཆེར་གྱིས་ཕོད་བཙོང་སྟེ་ནམ་འདོད་དུ་ཞུས་ནས་བུ་ལོན་ཅན་གྱི་སྒོ་བསྲུང་སྟེ་བསྙགས་པ་བཞིན་བྱེད་པ་ནི་སྐྱེས་རབས་ལས། སྦྱིན་ནམ་མི་སྦྱིན་སྙམ་པའི་རྣམ་རྟོག་པ། །ཡིད་ལ་སེམས་པ་ཕོངས་པ་རྣམས་ལ་མེད། །ཅེས་གསུངས་པའི་དཔེ་བཞིན་མི་གནང་དོགས་པ་མེད་པའི་དབང་གིས་ཡིན་ལ། དེ་ལྟར་བྱས་ཀྱང་ཐུགས་སུན་པ་དང་ཁྲོ་བ་མེད་པ་ནི་སྐྱོ་བ་སྤངས་པའི་རྣམ་ཐར་རོ། །མདོ་སྨད་ལྷོ་རྒྱུད་ཀྱི་ལྗོངས་ཕལ་ཆེར་དུ་ཆོས་བཀའ་གནང་ཞིང་སློབ་མའི་ཚོགས་རྒྱ་ཆེ་ལ། ས་པཎྚི་ཏས། མཁས་པ་རང་གི་ཡུལ་བས་ཀྱང༌། །ཡུལ་ཁམས་གཞན་དུ་མཆོད་པ་ཐོབ། །ཅེས་དང༌། རྒྱལ་པོ་རང་ཡུལ་ཙམ་ན་ཆེ། །དམ་པ་གང་དུ་ཕྱིན་ཀྱང་བཀུར། །མེ་ཏོག་ཕལ་ཆེར་ཉིན་རེའི་རྒྱན། །གཙུག་གི་ནོར་བུ་གང་དུའང་མཆོད། །གསུངས་པ་བཞིན་སྐྱབས་མགོན་མཆོག་གི་སྤྲུལ་སྐུ་ཐག་གཅོད་རྒྱུའི་དོན་དུ་ཕེབས་པའི་ཚེ། པཎ་ཆེན་ཐམས་ཅད་མཁྱེན་པའི་ཡོངས་འཛིན་རྣམ་གཉིས་སོགས་བསྟན་པའི་རྩ་ལག་ཆེན་པོ་དུ་མ་དང༌། གྲྭ་ས་གསུམ་གྱི་དགེ་བཤེས་མང་པོས་ཀྱང་ཆོས་ཀྱི་གཏེར་དུ་ཤེས་ནས་ཤིན་ཏུ་དཀོན་པའི་ཟབ་རྒྱས་ཀྱི་གདམས་པ་མང་དུ་ཞུས་པ་དབུས་གཙང་གི་ལྗོངས་སུའང་ཆོས་རྒྱུན་ཉག་ཕྲ་བ་དུ་མའི་ཆད་མཐུད་ལ་ཤིན་ཏུ་ཕན་པ་བྱུང་སྟེ་དམ་ཆོས་འཛིན་པའི་


GTD005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གྲུབ་པའི་རྣམ་ཐར་རོ། །གཉིས་པ་སྔགས་ཀྱི་བསྟན་པ་བཟུང་ཚུལ་ནི། གསང་ཆེན་ཆོས་ཀྱི་ཆུ་ཀླུང་བརྒྱ། །འདུས་པ་འདུས་པའི་རྒྱ་མཚོ་ཆེར། །དམ་ཚིག་སྐྱ་བ་འཛིན་མཁས་དེར། །རིམ་གཉིས་ནོར་བུ་ལག་རྩེར་གནས། །ཞེས་པ་སྟེ། སྤྱིར་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཡིན་ཀྱང་འདིར་དམིགས་ཀྱིས་བཀར་ཏེ་དཔལ་ལྡན་འདུས་པ་དང་སྦྱར་བ་ནི་འདུས་བའི་རྒྱུད་ཤེས་ཤིང་ཉམས་སུ་བླངས་ན་རྒྱུད་སྡེ་གཞན་ཐམས་ཅད་ཀྱི་གནད་དེར་འདུ་བའི་རྒྱུ་མཚན་གྱིས་ཡིན་ལ། གཞན་མཐའ་དག་དེར་འདུ་བ་ནི་སྒྲོན་གསལ་ལས། ཐུབ་པ་ཆེན་པོ་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་ཚེ། །ཞེས་དང་། ནག་པོ་སྤྱོད་པས་ཀྱང་། དཔལ་ལྡན་འདུས་པ་ལྷག་ཡིད་འོང་། །རྒྱུད་རྣམས་ཀུན་སོན་གཙོ་བོ་ཡིན། །ཞེས་མདོ་སྔགས་ཀྱི་གསུང་རབ་མ་ལུས་པ་ལ་འདིས་རྒྱས་བཏབ་སྟེ་ཐམས་ཅད་ཀྱི་དགོངས་དོན་འདི་ལས་འདར་མེད་པས་རྒྱུད་སྡེ་ཀུན་གྱི་རྒྱལ་པོ་དང་མདོ་སྡེ་ཀུན་གྱི་ཟ་མ་ཏོག་ཏུ་གསུངས་ཏེ། གཤེད་དམར་དང་དགྲ་ནག་སོགས་རྒྱུད་གཞན་དང་གཞན་ལས་ཀྱང༌། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོགས་ཀྱིས་བསྔགས་བརྗོད་མཛད་པ་མང་ལ། དེ་གང་གི་ལམ་ཉམས་སུ་ལེན་པའི་ཚེའང་མན་ངག་གི་གནད་འདི་ནས་བཙལ་དགོས་པ་ཤིན་ཏུ་མང་ངོ༌། །དཔེར་ན་རི་མཐོན་པོའི་རྩེ་མོར་ཕྱིན་ན་རི་ཕྲན་ཐམས་ཅད་སྟབས་


GTD005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་མཐོང་ནུས་པ་བཞིན། འདིའི་དགོངས་དོན་ལེགས་པར་ཁོང་དུ་ཆུད་ན་རྒྱུད་གཞན་ཐམས་ཅད་བདེ་བླག་ཏུ་རྟོགས་པར་འགྱུར་ཏེ། དེའི་རྒྱུ་མཚན་མཐར་གཏུགས་ན་སྒྲོན་གསལ་དུ། ཇི་སྲིད་ཡ་ར་ལ་ཧའི་བར། །ཞེས་པ་ནས། དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་གསུངས་ཏེ། སྔ་མ་རྣམས་ཡི་གེ་ས་མ་ཛ་གསུམ་ལ་བྱས་ནས་འདུས་པ་ཀུན་གྱི་རྩ་བ་ཡིན་པའི་དོན་དུ་བཤད་ཀྱང༌། དཔལ་ནཱ་རོ་པས་འབྲུ་གསུམ་ལ་བཤད་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དོན་ཡིན་པས་དགོངས་པ་ཤིན་ཏུ་ཟབ་སྟེ། མདོ་རྒྱུད་ཐམས་ཅད་ཀྱི་བསྒྲུབ་བྱ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མམ་སྐུ་གསུམ་ལས་མ་འདས་ཤིང་། དེ་སྒྲུབ་པའི་གནད་ཐམས་ཅད་འདིར་ཚང་བས་རྒྱུད་ཀྱི་མཚན་ལའང་འདུས་པ་ཞེས་བཏགས་པར་རྒྱུད་ཕྱི་མ་ལས་གསུངས་པ་བཞིན་ནོ། །དེ་ལྟར་ན་རྐང་པ་དང་པོ་གཉིས་ཀྱིས་གང་ལ་ཐོས་པ་བྱ་བའི་ཡུལ་འདུས་པའི་རྒྱུད་དང་རྒྱུད་འགྲེལ་ཟབ་ཅིང་བརླིང་ལ་རྒྱ་ཆེ་བའི་རྒྱ་མཚོ་ལྟ་བུ་རྣམས་བསྟན། གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་ཚུལ་ནི་བྱིས་པ་ཀློག་སློབ་པ་བཞིན་ཚིག་ཙམ་བསླབ་པས་མི་ཆོག་པར། འཇུག་སྒོ་སྨིན་བྱེད་ཀྱི་དབང་རྣམ་པར་དག་པ་མནོས། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བའི་སྟེང་ནས་རྒྱུད་ཉན་པ་དང་བཤད་པ་ལ་སོགས་པ་བྱས་ན་རྡོ་རྗེ་ཐེག་པའི་ཉམས་ལེན་དུ་འགྲོ་བས། དེ་ནི། དམ་ཚིག་སྐྱ་བ་འཛིན་མཁས་དེ། །ཞེས་རྐང་པ་གསུམ་པས་བསྟན། དེ་ལྟར་བྱས་ན་རིམ་གཉིས་ཀྱི་རྟོགས་པ་བདེ་བླག་ཏུ་སྐྱེས་པས་འབྲས་བུ་མངོན་དུ་བྱེད་ཚུལ་ནི་རྐང་པ་བཞི་པ།


GTD005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གཉིས་ནོར་བུ་ལག་རྩེར་གནས། །ཞེས་པས་བསྟན་ཏོ། །འདིར་གཙོ་བོར་རང་གིས་ཉམས་སུ་བླངས་ཚུལ་ལ་སྦྱར་ཡང༌། སྔར་རང་གིས་ངེས་ནས་གཞན་རྗེས་སུ་བཟུང་ཚུལ་བཤད་པ་དེ་མདོ་སྔགས་གཉིས་ལ་སྦྱོར་དགོས་ཤིང༌། འདི་ལ་ཁྱད་པར་དུ་རྒྱུད་ཀྱི་དགོངས་པ་མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་པ་རྣམས་བཤད་རྒྱུད་ཆེན་པོ་དྲུག་དང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་མན་ངག་ལ་བརྟེན་ནས་ལེགས་བཤད་ཀྱི་ནོར་བུ་ཐང་མར་བརྡལ་ཏེ་རྒྱུད་གྲྭ་གཉིས་སོགས་སུ་འཆད་ཉན་མཛད་ཚུལ་གྱི་ལོ་རྒྱུས་མང་དུ་ཡོད་ཀྱང་ཡིག་ཚོགས་ཆེ་བས་མ་སྤྲོས་སོ། །གསུམ་པ་དོན་བསྡུ་བ་ནི། ཇི་ལྟར་བསྟན་པ་འཛིན་བྱེད་པའི། །ཡན་ལག་ཀུན་རྫོགས་ཁྱོད་ལྟ་བུ། །གང་ལས་འབྱུང་སྟེ་དབུས་འགྱུར་དུ། །མཚོན་བྱེད་གྲགས་པའི་མཚན་མ་ཡིན། །ཞེས་བྱ་སྟེ། ད་ལྟ་ཧ་ཅང་སྙིགས་མའི་མཐར་སོང་བས་སྐྱེ་བོ་ཐམས་ཅད་བློ་དམན་ཞིང་ཅོལ་ཆུང༌། མ་རབས་ཀྱི་སྤྱོད་པའི་རྗེས་སུ་བློ་ཁ་ཕྱོགས་སླ་བས་རྒྱལ་བའི་བསྟན་པ་ཉིན་རེ་བཞིན་ཉག་ཇེ་ཕྲར་འགྲོ་བའི་དུས་འདིར་སྙིང་སྟོབས་བསྐྱེད་དེ་བསྟན་པའི་ཆ་རེ་རེ་ཙམ་འཛིན་སྐྱོང་བྱེད་པའང་ཡ་མཚན་དང་བསོད་ནམས་ཆེ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གཡུལ་ཆེན་པོའི་ནང་ན་གང་སྐྱེ་བོ་མང་པོ་བསྲུང་བའི་ཕྱིར་དམག་གི་མདུན་ན་འདུག་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཉུང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་གང་དཔའ་བ་འོས་པར་འགྱུར་བར་བྱས་པ་གཡུལ་ལས་རྣམ་པར་རྒྱལ་བ་དེ་དག་དེ་ན་གཡུལ་མི་བཟད་པ་ཆེན་


GTD005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དུས་ན་སྐྱེ་བོ་མང་པོའི་ཕྱིར་དམག་གི་མདུན་ན་འདུག་པ་དེ་བཞིན་དུ། ཤཱ་རིའི་བུ་དེའི་ཚེ་དམ་པའི་ཆོས་རབ་ཏུ་འཇིག་པ་ཉེ་བར་གནས་པ་ན་གང་ལྷག་པའི་བསམ་པ་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པ། དཔའ་བ་བརྩོན་འགྲུས་བརྟན་པ། གོ་ཆ་སྲ་བ་བགོས་པ་དེ་དག་བརྩོན་འགྲུས་ཆེན་པོའི་སྟོབས་བསྐྱེད་དེ་བདུད་ཀྱི་དམག་ལས་རྒྱལ་ཞིང་འདི་ལྟ་བུའི་ཆོས་དཀོན་མཆོག་འདི་ལས་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །ཞེས་གསུངས་པ། དཔེ་ཆོས་སུའང་ཤྭ་འོད་ཆེན་པོ་བྱུང་བའི་ཚེ་ཕ་བོང་རེ་རེ་ལ་ས་ཆགས་རྡོ་ཆགས་ཀྱིས་འོལ་ཁ་བསྒྱུར་བ་བཞིན། སྙིགས་མའི་བརླང་སྤྱོད་རྡོལ་བའི་དུས་སུའང་སྐྱེས་བུ་དམ་པ་རེ་རེའི་ཐུགས་རྗེ་ལ་བརྟེན་ནས་བསྟན་པའི་སྲོལ་ཅུང་ཟད་རེར་གནས་ཐུབ་པར་གསུངས་པ་ལྟ་བུ་ཡིན་ཞིང༌། བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་བ་མཐའ་དག་ལ་དབང་འབྱོར་བའི་སྐྱེས་བུ་དམ་པ་གང་ལས་འབྱུང་བའི་ཡུལ་དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པས། མཁས་པ་གར་བསྡད་བསྟན་པའི་འོད་སྟོང་དང༌། །བསྟན་འགྲོའི་ཕན་བདེའི་པད་ཚལ་ཅིག་ཅར་དུ། །བཞད་པ་ཉིན་བྱེད་དབྱར་གྱི་གླིང་བཞི་བཞིན། །སྔོན་དུས་དམ་པ་ཀུན་དང་སངས་རྒྱས་ཀྱིས། །ཆོས་འཁོར་བསྐོར་ཀྱང་དམ་པའི་བཤེས་བྲལ་བའི། །ཡུལ་དེ་བཟང་ཡང་མུན་པའི་རང་བཞིན་ཏེ། །ཉིན་མིན་སྟོན་གྱིས་བཏང་བའི་ཡུལ་དུས་བཞིན། །ཡུལ་དུས་གང་ན་ཆོས་སྒྲོན་འདུལ་བའི་ལས། །བཤད་སྒྲུབ་འོད་སྟོང་འབར་བའི་ཡུལ་ཕྱོགས་ཏེ། །མཆོད་རྟེན་མཆོག་དང་ཡུལ་གྱི་ལྟེ་བ་དང༌། །དབུས་དང་ཐིག་ལེ་སོགས་སུ་སངས་


GTD005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གསུངས། །ཞེས་པ་ལྟར་བསྟན་པའི་གནས་ཚུལ་གྱི་སྒོ་ནས་འཇོག་པ་ལས། ཡུལ་གཅིག་ལ་དབུས་འགྱུར་གྱི་མིང་དོན་རྟག་བརྟན་ཐེར་ཟུག་ཏུ་གནས་པ་མིན་པས། ཆེད་དུ་བརྗོད་པའི་ཚོམས་ལས། གང་ན་དམ་པ་བཞུགས་པ་ཡི། །ས་དེ་ཡིད་དུ་འོང་བ་ཡིན། །ཞེས་གསུངས་ལ། མངོན་རྟོགས་རྒྱན་ལས་ཀྱང༌། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་གསུངས་སོ། །དོན་མདོར་བསྡུ་ན་བསྟན་འཛིན་གྱི་སྐྱེས་བུ་ཡིན་མིན་སངས་རྒྱས་ཀྱི་བསྟན་པ་འཛིན་མི་འཛིན་གྱི་སྒོ་ནས་འཇོག་དགོས་ལ། བསྟན་པ་འཛིན་ཚུལ་མཁས་མཆོག་དབྱིག་གཉེན་གྱིས། དེ་འཛིན་བྱེད་དང་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །གསུངས་པ་ལྟར། ལུང་གི་བསྟན་པ་བཤད་པའི་སྒོ་ནས་འཛིན་པ་དང་། རྟོགས་པའི་བསྟན་པ་སྒྲུབ་པའི་སྒོ་ནས་འཛིན་པ་གཉིས་ལས་མ་འདས་ལ། ཁྱད་པར་དེ་གཉི་ག་ལེགས་པར་ཚང་བའི་ཚུལ་སྒྲོ་སྐུར་དང་ཕྱོགས་ལྷུང་གིས་མ་བསླད་པར་རྣམ་པར་ཐར་པའི་རང་བཞིན་གསོང་པོར་སྨྲ་བ་འདི་ནི་བསྟོད་པའི་དོན་གྱི་སྙིང་པོ་ཡིན་ནོ། །དེ་ལྟར་ན་འགྲོ་བའི་བདེ་སྐྱིད་མ་ལུས་པ་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་ཤིང༌། བསྟན་པའི་འཕེལ་རྒྱས་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་པས། ཞབས་པད་བརྟན་ཅིང་རྒྱ་མཚོ་དང་ཀླུ་དབང་གི་དཔེ་བཞིན་གང་གི་འཕྲིན་ལས་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཉིས་སྲོག་གཅིག་ཏུ་གྱུར་ཏེ་རྒྱས་པར་སྨོན་པ་ནི། དེ་སླད་སྨྲ་བའི་སེང་གེ་ཁྱོད། །ཐར་འདོད་མགོན་དུ་རྟག་བརྟན་ཞིང༌། །རྒྱལ་བའི་བསྟན་དང་


GTD005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཆབས་ཅིག་པར། །བཟང་པོའི་འཕྲིན་ལས་རྒྱས་གྱུར་ཅིག །ཅེས་པའོ། །སྦྱར་བྱང་ནི། ཞེས་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་སློབ་ཟུར་དཀོན་མཆོག་རྒྱལ་མཚན་པ་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་དཀོན་མཆོག་མཁྱེན་རབ་ཀྱིས་བསྐུལ་བར་བརྟེན། དེང་དུས་ཆེ་མཐོའི་རིགས་ལ་འུད་ཀྱིས་བསྟོད་པ་ལྟ་བུ་མ་ཡིན་པར། མཁས་པའི་ཡོན་ཏན་མཐོང་སྟེ་རང་བཞིན་བརྗོད་པའི་ཚིག་གིས་གཟེངས་བསྟོད་པ་སྔོན་བྱོན་དམ་པའི་ལུགས་སྲོལ་བཞིན་དུ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་འདིའང་བློ་དང་ལྡན་པ་རྣམས་ཆོས་ཀྱི་རྗེས་སུ་འབྲང་བའི་རྒྱུར་གྱུར་ཅིག །ཅེས་པ་སྟེ་འདིའང་དགོས་དོན་དང་བཅས་དྲང་པོ་ཟང་ཐལ་དུ་སྨྲས་པ་ཡིན་ནོ། །ཉ་ཡིས་མ་བཏོན་བསྟོད་དབྱངས་རིག་བྱེད་འདི། །ཡོན་ཏན་ས་ཆེན་འདེགས་པའི་རུས་སྦལ་དང༌། །འཇིག་རྟེན་ཁེངས་དྲེགས་འཇོམས་པའི་ཕག་རྒོད་དེ། །སྨྲ་ངན་དགྲ་འཇོམས་མི་ཡི་སེང་གེ་ཡིན། །ཕྱོགས་ལྷུང་སྒྲོ་བཏགས་སྤུན་པས་མ་བསླད་པར། །དྲང་གཏམ་གཙང་མའི་ནས་འབྲུ་སིལ་མ་འདི། །བློ་ལྡན་ཡིད་ཀྱི་ཞིང་སར་སྨིན་པ་ལས། །དད་བརྩོན་དགེ་བའི་ལོ་ཏོག་རྒྱས་གྱུར་ཅིག །ཅེས་པ་འདི་ནི་ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་གི་ཁྲི་བ་མཁས་བཙུན་བཟང་པོའི་རྒྱན་ལྡན་དཀོན་མཆོག་དཔལ་འཛིན་གྱིས་སྔར་ནས་བསྟོད་པ་འདི་ལ་


GTD005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བ་དང༌། མཛོ་དགེ་སྨད་དགའ་ལྡན་རབ་རྒྱས་གླིང་ནས་དད་བརྩོན་ལྡན་པ་འཚོ་བྱེད་དཀོན་མཆོག་ཕུན་ཚོགས་ཀྱིས་རྣམ་ཐར་ཞིག་དགོས་ཞེས་ནན་གྱིས་བསྐུལ་བས། རྣམ་ཐར་བྱེད་ན་བསྟན་པའི་བྱ་བ་མཛད་ཚུལ་འདི་འདྲ་ཞིག་དགོས་པར་མཐོང་སྟེ་བསྟོད་པའི་ཚིག་ཊཱིཀ་ཙམ་མ་ཡིན་པར་མཐུན་སྒྲུབ་ཀྱི་རྣམ་ཐར་རགས་རིམ་ཙམ་དང་སྦྱར་ནས་གཉིས་འཐུས་སུ་བྱས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousཕུལ་བྱུང་ལེགས་བཤད་མའི་འགྲེལ་པ།next