Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

4 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་བསྐུར་གྲངས་གསོག་བྱ་ཚུལ།
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of ཁྲོལ་བུ་
[Clear Hits]

 
previousཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་བསྐུར་གྲངས་གསོག་བྱ་ཚུལ།next

ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་བསྐུར་གྲངས་གསོག་བྱ་ཚུལ།


JKT013_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་བསྐུར་གྲངས་གསོག་བྱ་ཚུལ་བཞུགས། །


JKT013_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་བསྐུར་བརྒྱ་རྩ་སོགས་གྲངས་གསོག་བགྱིད་པའི་ཕྱག་ལེན་ནི། ཚེ་འགུགས་ཡན་རྒྱས་པ་ཚར་གཅིག་གི་རྗེས། སླར་ཡང་དབང་གཉིས་པའི་དོན་དུ་མཎྜལ་ཕུལ་ཅེས་པ་ལྟ་བུས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ། བླ་མ་པདྨ་ཚེ་དཔག་མེད། །ཞི་ཁྲོ་རིག་འཛིན་མཁའ་འགྲོ་དགོངས། །བདག་ཅག་ལས་འཕྲོ་སྐལ་བར་ལྡན། །སྨིན་གྲོལ་ཡེ་ཤེས་ཚེ་དབང་སྩོལ། ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་པདྨ་ཚེ་དཔག་མེད་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ་བཞིན་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་


JKT013_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙ་ན་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཞེས་བྱིན་དབབ། ཛྙཱ་ན་བཛྲ་ཏིཥྛས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་རྣམས་རིམ་པ་བཞིན་དུ་སྩལ་བའི་མོས་པ་མཛོད་ཅེས་བརྡ་སྦྱར་ལ། བུམ་པ་ཐོགས་ཏེ། ཧྲཱིཿ བཀྲ་ཤིས་འོད་གསལ་བུམ་པའི་གཞལ་ཡས་ཁང་། །པདྨ་ཚེ་ཡི་ལྷ་ཚོགས་བཞུགས་པའི་གནས། །གཉིས་མེད་འོད་ཟེར་ཀུན་ཏུ་འབར་བའི་བཅུད། །བུམ་པའི་དབང་བསྐུར་ཡེ་ཤེས་ལྔ་རྫོགས་ཤོག །རྩ་སྔགས་མཇུག་ཏུ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། པདྨ་


JKT013_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་སཱ། ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། ཞེས་བུམ་པ་དཔྲལ་བ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་བཞག་ཅིང་བུམ་ཆུ་སྦྱིན། ཚེ་རིལ་ཐོགས་ལ། ཧྲཱིཿ སྨན་གྱི་སྙིང་པོ་བཅུད་ལེན་རིལ་བུ་འདི། །བྱིན་པས་ཚེ་དང་སྟོབས་བཀྲག་རྒྱས་པར་ཤོག །རྩ་སྔགས་མཇུག་ཏུ། ཨོ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་བརྗོད་ཅིང་ལག་གཡས་སུ་སྦྱིན། བདུད་རྩི་ཐོགས་ལ། ཧྲཱིཿ སངས་རྒྱས་ཀུན་དང་རྟག་ཏུ་མཉམ་སྦྱོར་ཞིང་། །ཡེ་ཤེས་བདུད་རྩི་ལྔ་ཡིས་ནད་རྣམས་སེལ། །རྩ་ཁམས་མ་ལུས་ཡོངས་སུ་གང་བྱས་ནས། །བདེ་ཆེན་གསང་བའི་དབང་བསྐུར་ཐོབ་པར་ཤོག །རྩ་སྔགས་མཇུག་ཏུ། མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ཅིང་ལག་གཡོན་དུ་སྦྱིན། རིག་ཙཀ་གམ་དྲིལ་བུ་གཏད་ལ། ཧྲཱིཿ རྡོ་རྗེ་པདྨ་མཉམ་སྦྱོར་བདེ་བ་ཆེ། །བཅུ་དྲུག་དགའ་བཞིའི་བདེ་སྟོང་ཡེ་ཤེས་ཀྱིས། །དབུ་མར་རླུང་སེམས་འདུས་ནས་འཕོ་མེད་སྐུ། །འཆི་མེད་ཚེ་ཡི་དབང་བསྐུར་ཐོབ་པར་ཤོག །རྩ་སྔགས་གཤམ་དུ། མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཤེལ་དང་མེ་ལོང་རྨ་བྱའི་མདོངས་སྒྲོ་རྣམས་བསྟན་ལ། ཧྲཱིཿ ཤེལ་གྱི་འཇའ་དང་མེ་ལོང་ནང་གི་གཟུགས། །མདོངས་ཀྱི་ཚོན་རིས་གཞན་གྱིས་བྱས་པ་མིན། །མེད་བཞིན་སྣང་བ་རིག་པའི་རང་རྩལ་དུ། །ཤེས་པར་གྱིས་ལ་ཀ་དག་ཀློང་དུ་ལྟོས། །ཨ་ཨ་ཨ། མཐར་མདའ་


JKT013_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དར་གཡོབ་ཅིང་། ཧཱུྃ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད་སོགས་ཚེ་འགུགས་བྱ། བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་ཅིང་གྲངས་གཟུང་། གྲངས་རྫོགས་པ་ན་རྒྱལ་སྲིད་སྣ་བདུན་སྦྱིན་པ་མན་ཆད་དབང་ཆོག་གི་དཀྱུས་བཞིན་བྱའོ། །ཞེས་པའང་མཁྱེན་བརྩེའི་དབང་པོས་བླ་མ་རྣམས་ཀྱི་ཕྱག་གཞེས་ལྟར་བྲིས་པ་དགེ། །།


previousཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་བསྐུར་གྲངས་གསོག་བྱ་ཚུལ།next