Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

1 occurrence of གཡར་ཁང་
[Clear Hits]


  
collapse section
  
 collapse section
  
  
དེ་ཉིད་རིག་འཛིན་ནུས་ལྡན་རྣམས་ཀྱིས་བསྒྲལ་འདྲེན་ཇི་ལྟར་མཛད་ཚུལ་བཤད་པ།
  
 
  


1 occurrence of གཡར་ཁང་
[Clear Hits]

 
previousདེ་ཉིད་རིག་འཛིན་ནུས་ལྡན་རྣམས་ཀྱིས་བསྒྲལ་འདྲེན་ཇི་ལྟར་མཛད་ཚུལ་བཤད་པ།next

དེ་ཉིད་རིག་འཛིན་ནུས་ལྡན་རྣམས་ཀྱིས་བསྒྲལ་འདྲེན་ཇི་ལྟར་མཛད་ཚུལ་བཤད་པ།


JSD005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དེ་ཉིད་རིག་འཛིན་ནུས་ལྡན་རྣམས་ཀྱིས་བསྒྲལ་འདྲེན་ཇི་ལྟར་མཛད་པའི་ཚུལ་བརྗོད་པ་ནི། གོང་དུ་བཤད་པ་བཞིན་གྲགས་རྒྱན་ལས་རྐྱེན་ངན་པའི་དབང་གིས་རྒྱལ་འགོང་གདུག་པ་ཅན་དུ་སྐྱེས་ནས་ཀྱང་། སྔ་མའི་བག་ཆགས་ངན་པའི་འཕྲོ་སད་ནས། རུ་ཏྲ་ཐར་བ་ནག་པོའི་བརྟུལ་ཞུགས་བཟུང་སྟེ་རང་གི་རྩ་བའི་བླ་མ་རྒྱལ་མཆོག་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་སྐུ་དགྲ་དང་། དམ་ལྡན་རྣལ་འབྱོར་མང་པོའི་སྒོས་དགྲ། དགེ་འདུན་གྱི་སྡེ་དང་སྐྱེ་འགྲོ་ཉེས་མེད་རྣམས་ལ་གནོད་ཅིང་འཚེ་བར་བྱེད་༉ པ་སོགས་བསྒྲལ་བའི་ཞིང་བཅུ་ཚང་བའི་ལས་ངན་གྱི་ནུས་པ་སྟོབས་སུ་གྱུར་པ་དང་། དུས་དེར་རྣམ་རྒྱལ་གྲྭ་ཚང་ཡོངས་ནས་ཀྱང་། རྒྱལ་བའི་དབང་པོར་


JSD005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་གསོལ་བ་བཏབ་པའི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་འཚོགས་པ་ན། རྒྱལ་དབང་ཉིད་དང་ལྷོ་རྒྱུད་རིག་འཛིན་རྣམ་གཉིས་བཅས་བགྲོ་བ་མཛད་དེ། སྲི་དོལ་རྒྱལ་མ་བཏུལ་ན་བོད་ཁམས་བསྟན་འགྲོའི་བདེ་སྐྱིད་ལ་ཤིན་ཏུ་གནོད་ཅིང་། དེའང་ཞི་བས་འདུལ་དུ་མི་འཚལ་ཏེ། རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་པ་ལྟར། མངོན་སྤྱོད་དྲག་པོའི་རོལ་པས་ཚར་གཅོད་པ་ལ་གཅིག་ཏུ་ཕྱོགས་ཏེ། དམ་སྲི་དོལ་རྒྱལ་བླ་མ་ས་སྐྱ་པ་ཆེན་པོས་དམ་བཞག་མཛད་ནས་བགྲང་བྱ་བཅུ་གཉིས་འདས་པ་ཆུ་མོ་གླང་གི་ལོར་རྩེ་པོ་ཏཱ་ལའི་གྲྭ་ཚང་དུ་རྡོ་རྗེ་གྲོ་ལོད་ཀྱི་རྡོ་རྗེ་སློབ་དཔོན་དགའ་གདོང་སྔགས་རམ་པ་དོན་གྲུབ་རྒྱ་མཚོ་དང་། ཡང་གསང་ཀརྨ་དྲག་པོའི་རྡོ་རྗེ་སློབ་དཔོན་རྒྱལ་མཆོག་ཉིད་


JSD005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གནང་བྱུང་སྔགས་འཆང་བློ་བཟང་མཁྱེན་བརྩེས་གནང་བའི་དགེ་འདུན་གྲངས་བཅད་ཀྱི་སྒྲུབ་ཁག་གཉིས། རྡོ་རྗེ་བྲག་རིག་འཛིན་སྤྲུལ་སྐུ་པདྨ་ཕྲིན་ལས། སྨིན་གྲོལ་གླིང་རིག་འཛིན་གཏེར་བདག་གླིང་པ། ཆོས་རྗེ་འུག་བྱ་ལུང་པ། ཀ་ཚལ་ཟུར་པ་མངའ་རིས་སྔགས་འཆང་དཀོན་མཆོག་ལྷུན་གྲུབ། འཕྱོང་རྒྱས་དཔལ་རི་སྤྲུལ་སྐུ་རྣམས་ཀྱིས། བླ་མ་དྲག་པོ། གཤིན་རྗེ་ཚེ་བདག །ཕུར་པ། ལོཀྟྲི་སོགས་སྒྲུབ་ཁག་བདུན་གྱིས་པོ་སྦ་ཏཱ་ལའི་བདེ་ཡངས་ཤར་དུ་སྦྱིན་སྲེག་གནང་ཞིང་། ལས་སྦྱོར་གནང་རྒྱུའི་སྔ་དྲོ་དེར་ལྕགས་པོ་རིར་དགེ་སློང་བྱང་ཆུབ་སེམས་དཔའ་ཟེར་བའི་མིག་མཐོང་མཁན་ཞིག་ཡོད་འདུག་པ་དེའི་མཐོང་སྣང་དུ། ཞོགས་པ་སྔ་མོར་པོ་ཏཱ་ལའི་ཕྱོགས་ནས་ཁྲོ་ཆུང་མང་པོ་ཉི་ཟེར་གྱི་རྡུལ་ཕྲན་ལྟ་བུ་འཕྲོས་ནས་འབྲས་སྤུངས་


JSD005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་སོང་ཞིང་། ཚ་རྟིང་མ་སྔ་ཕྱོགས་ཙམ་ལ་དོལ་རྒྱལ་དཔོན་གཡོག་པོ་ཏཱ་ལའི་ཕྱོགས་སུ་འགྲོ་བ་མཐོང་འདུག །དུས་དེར་དོལ་རྒྱལ་ཇི་ལྟར་བསྒྲལ་སྟོབ་མཛད་པ་ཡིན་ཞེ་ན་འདི་ལྟ་སྟེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ནང་གི་རྟོགས་པ་བརྗོད་པ་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་མོ་ཞེས་བྱ་བ་ལས། སླར་ཡང་ཟླ་བ་བཞི་པའི་འགོར། གོང་ནས་སྤྱན་འདྲེན་འབྱོར་བ་བཞིན་རྡོ་རྗེ་བྲག་བརྒྱུད་ཕོ་བྲང་རྩེར་ཕེབས། དེར་རྒྱལ་མཆོག་དམ་པ་ཅུང་ཟད་བསྙུན་པའི་སྐུ་རིམ་དུ། གྲྭ་ཚང་ཆེན་མོའི་གྲྭ་པ་བསྙེན་སོང་རྣམས་ཀྱིས། འབྱུང་པོ་མཐར་བྱེད་ཀྱི་ཆོ་ག་མཛད་པའི་སློབ་དཔོན་དུ་ཞབས་བསྐྱོད་ཅིང་། དེའི་སང་ཉིན་ཕོ་བྲང་རྩེར། བརྒྱགས་བརྔན་དང་རྗེས་འབྲེལ་དུ་ཨོ་རྒྱན་སྣང་སྲིད་ཟིལ་གནོན་གྱི་སྐུའི་ཕྱི་བྱད་དུ་ཞུགས་ཏེ། ལྷ་སྲིན་རྣམས་ལ་བཀའ་བསྒོ་དམ་བསྒྲག་མཛད་


JSD005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། སྡེ་བརྒྱད་དྲེགས་པ་མ་ལུས་པ་རང་རང་གི་དཔུང་དང་བཅས་འདུས་ནས་གུས་པས་བཀའ་ནོད་ཅིང་ལས་སྒྲུབ་པར་དམ་བཅས་པའི་རྣམ་འགྱུར་གསལ་བ་གཟིགས་པ་དང་། ཡང་གོང་མའི་ལུང་གིས་བསྐུལ་ཏེ། སྟོང་ཉིད་རང་གདངས་སྙིང་རྗེ་ཆེན་པོའི་རྩལ་སྣང་། བླ་མ་དྲག་པོ་གཏུམ་དྲག་འབར་བའི་སྐུར་བཞེངས་ནས་ཧོམ་མེའི་ལས་སྦྱོར་མཛད་པས། ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་མཚན་རྒྱུའི་འབྱུང་པོ་མི་བསྲུན་པའི་རྐེ་ཞགས་པས་བཅིངས་ཏེ། དབང་མེད་དུ་འཁྲིད་ནས་བསྒྲལ་བཅོམ་ཞལ་དུ་སྟོབ་པ་མངོན་སུམ་དུ་གཟིགས་ཤིང་། དེ་དུས་སྨྲེ་སྔགས་འོ་དོད་ཀྱི་སྒྲ་དང་བསྲེགས་པའི་དྲི་མི་སྡུག་པ་སོགས་དེར་འཁོད་ཀུན་གྱིས་ཚོར་བ་བྱུང་། གཞན་ཡང་དྲག་པོའི་ཟོར་ལས་བྱད་གདོན་འགྲོལ་བ་སོགས་སྐུ་རིམ་མཛད་པ་རྣམས་ལ་མཚན་ལྟས་


JSD005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་བྱུང་བ་ལྟར་གོང་གི་སྐུའང་གཞི་མེད་དུ་དྭངས། ཞེས་གསུངས། དེ་ལྟར་དུས་སྐབས་དེར་སྐུ་དངོས་སུ་བཞུགས་པའི་འཕགས་ཆེན་དམ་པའི་ས་ལ་བཞུགས་ཤིང་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་དྷརྨ་ཤྲཱིས་གསལ་པོར་བཀོད་པའི་ལོ་རྒྱུས་ཁུངས་ཡང་དག་དང་ལྡན་པའི་སྒྲུབ་བྱེད་བདེན་དཔང་ཡོད་བཞིན། ཁུངས་མེད་ལོ་རྒྱུས་སྨྲ་བའི་གང་ཟག་གི་རྗེས་འབྲངས་ཁ་ཅིག་རྫུན་རྒྱབ་རྫུན་གྱིས་བྱེད་པའི། གོང་ས་མཆོག་དང་། རིག་འཛིན་པད་ཕྲིན་སོགས་ཀྱིས་དོལ་རྒྱལ་དགང་གཟར་ཁར་བཀུགས་པ་གསང་ཕུའི་སྲུང་མ་བསེ་ཁྲབ་པའི་རྫུ་འཕྲུལ་གྱིས་ཐུགས་ཡེངས་ནས་ཤོར་ཟེར་བ་ནི་འཕགས་ཆེན་ཁྱད་པར་ཅན་དེ་རྣམས་ལ་སྐུར་འདེབས་ཀྱི་ལས་ཚབས་པོ་ཆེར་འགྱུར་ཏེ། དོལ་རྒྱལ་གཏེར་ཆེན་རིན་པོ་ཆེས་གནས་སྤར་མཛད་ཟིན་པའི་རྟིང་ལ་བླ་མ་གཞན་དག་ལ་དོལ་རྒྱལ་


JSD005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་རྒྱུ་དང་ཤོར་རྒྱུ་ཞིག་ག་ལ་ཡོད། དེ་ལྟར་སྨྲ་བ་ནི་དཔེར་ན་མོ་གཤམ་བུ་བཀུགས་ནས་བཀྱིག་ཚེ་ཐག་པ་བཙན་གྱིས་བཅད ནས་བྲོས་ཤོར་ཟེར་བ་དང་ཅིས་མི་མཚུངས། དུས་དེར་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཆེ་བ་འདོན་བྱེད་དང་འདུལ་སྐལ་དུ་བབས་ཏེ་ཁོང་ཉིད་ཀྱིས་བསྒྲལ་བའི་ཚུལ་ཙམ་བསྟན་པ་མ་གཏོགས། བླ་སྤྲུལ་སྐྱེས་ཆེན་གཞན་རྣམས་ཀྱང་རྟོགས་པས་བདག་བསྒྲལ། ཐུགས་རྗེས་གཞན་སྒྲོལ་བའི་མཐུ་ནུས་མངའ་བ་ཤ་སྟག་ཡིན་སྟབས་དེ་དག་གིས་འདུལ་མ་ཐུབ་པ་ལྟ་བུར་ནམ་ཡང་བསམ་པར་མི་བྱའོ། །གོང་ས་ལྔ་པ་ཆེན་པོའི་རང་རྣམ་དང་། རྡོ་རྗེ་བྲག་རིག་འཛིན་པདྨ་ཕྲིན་ལས་༜སོགས་ཀྱི་རྣམ་ཐར་ཡི་གེ་ན་ཟུར་ཙམ་ཡང་བཤད་པའི་དོལ་རྒྱལ་ཤོར་ཟེར་བའི་ངག་རྒྱུན་དེ་མ་དག་རྫུན་དང་གཡོ་ཁྲམ་གྱི་སྐད་ཆ་ཡིན་པའི་མཚང་གསལ་པོ་


JSD005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བརྡོལ་བ་འདི་ལ་རང་གཞན་བློ་དང་ལྡན་པ་ཀུན་གྱིས་དཔྱོད་དང་ཤེས་པར་འགྱུར་རོ། །འདི་ལ་དོགས་སེལ་ཅུང་ཟད་བརྗོད་པར་བྱ་སྟེ། གོང་དུ་བཤད་པ་ལྟར ཤུགས་ལྡན་ངེས་པར་དུ་གནས་སྤར་ཟིན་ན། དུས་དེ་ནས་བཟུང་སྟེ་ད་ཐུག་བར། རྒྱལ་ཆེན་ཞེས་བསྟེན་མཆོད་བྱས་ན་མགོན་སྐྱོབ་སྡོང་གྲོགས་བྱེད་པ་དང་། འགའ་རེ་ལ་དངོས་གཟུགས་སྟོན་པ་དང་། མིའི་ཁོག་ཏུ་ཞུགས་ནས་ལུང་སྟོན་པ་སོགས་ཡོད་ཕྱིར་ཇི་ལྟར་འགོག་ཅེ་ན། དེ་རྣམས་ནི་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ་ཞེས་བྱ་བ། གྲགས་རྒྱན་རང་ཉིད་འཆི་ཁར་སྲོག་དབུགས་ལེན་པ་པོ་ནག་ཕྱོགས་བདུད་རིགས་དྲི་ཟ་ཀུན་ཏུ་ཁྱབ་དང་། གནོད་སྦྱིན་རྟོགས་འདོད་དང་། འབྱུང་པོ་བ་ར་ཧི་ལ་སོགས་གསོན་བདུད་གཤིན་ལྕགས་རྣམས་གྲགས་རྒྱན་དུ་བརྫུས་པ་ཡིན་ཏེ། མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱིས། གཞན་


JSD005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དྲི་ཟ་ཀུན་ཏུ་ཁྱབ་བྱེད་དང་། །གནོད་སྦྱིན་རྟོགས་འདོད་འབྱུང་པོ་བ་ར་ཧི། །དེ་སོགས་ནག་ཕྱོགས་བདུད་རིགས་མང་པོ་ཡིས། །འཆི་ཁར་དབུགས་ལེན་ཕུང་པོ་བདག་ཏུ་འཛིན། །ཚེ་འདས་གཟུགས་བཟུང་གསོན་པོ་རྣམས་ལ་གནོད། །ཚེ་འདས་ལ་བསྔོས་ཟས་སྐོམ་བར་ནས་འཇོམས། །ཚེ་འདས་ཡིན་པར་བརྫུས་ནས་ཆ་འཕྲིན་བསྐུར། །དེ་འདྲ་དཔག་ཏུ་མེད་པ་ཡོད་པའི་ཚུལ། །ཚེ་འཕོ་ཇི་ལྟར་འགྱུར་བའི་མདོ་ལས་གསུངས། །དེ་དག་རྣམས་དང་ཕྱེ་བར་མ་བྱས་ན། །གསོན་པོ་རྣམས་ལ་གནོད་པས་གསོན་བདུད་ཟེར། །གཤིན་པོ་ཡར་འགྲོ་མི་བཅུག་བཅགས་པའི་ཕྱིར། །དེ་ལ་གསོན་༈ བདུད་གཤིན་ལྕགས་ཞེས་བྱའོ། །ཞེས་གསུངས་པ་ལྟར་དང་། གཞན་དུ་དོལ་རྒྱལ་གྱིས་ལོ་མང་རིང་སྡེ་པ་སོགས་གཞན་གྱི་སྲོག་དབུགས་འཕྲོགས་ནས་


JSD005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་བསྡུས་པའི་གསར་སྐྱེས་ཡི་དྭགས་མཁའ་ལ་རྒྱུ་བའི་གདོན་བགེགས་འབྱུང་པོའི་སྡེ་ཚན་དུ་གཏོགས་པ་རྣམས་ཡིན་པ་ལས་ཤུགས་ལྡན་དངོས་མིན་པ་ལོ་རྒྱུས་ཁུངས་ལྡན་གྱི་ཐོག་ནས་ར་འཕྲོད་དེ། དེ་ཡང་གཏེར་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཡུན་རིང་བསྟེན་པའི་རྡོ་རྗེ་འཛིན་པ་ཆེན་པོ་དགེ་སློང་བློ་གསལ་རྒྱ་མཚོའི་རྣམ་པར་ཐར་པ་ལས་འཕྲོས་པའི་བྱུང་བ་བརྗོད་པ་གདུང་བའི་མུན་སེལ་ཞེས་པ། སླེ་ལུང་བཞད་པའི་རྡོ་རྗེ་བློ་གསལ་རྒྱ་མཚོའི་གསུང་སྒྲོས་འཐོར་བུ་རྣམས་མ་བཅོས་ལྷུག་པར་ཡི་གེར་འགོད་གནང་མཛད་པ་དེ་ཉིད་ལས། གཏེར་སྟོན་རིན་པོ་ཆེའི་བཀའ་ལས། དོལ་རྒྱལ་ཟེར་བ་འདི་གཟིམས་ཁང་གོང་གི་སྤྲུལ་སྐུ་རང་མིན་པ་འདྲ། ཡར་སྟོད་དུ་སྐྱེས་པའི་ཀརྨ་པའི་གྲྭ་པ་དམ་ལོག་གཞུང་རང་ལ་ཆེད་དུ་བསམ་ནས་སྨོན་ལམ་ལོག་པར་བཏབ་པ་ཞིག་ཡིན་པ་འདྲ།


JSD005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ཡང་། ཤ་འུག་གཏེར་བྱོན་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལུང་བྱང་ལས། འཕུང་བྱེད་འགོང་པོ་སྐྱབས་སུ་བསྟེན༔ ཞེས། དུས་ཕྱིས་དོལ་རྒྱལ་ལ་སྐྱབས་གནས་ཀྱི་མཐར་ཐུག་ཡིན་པའི་གནད་མ་རྟོགས་ཀྱང་། འཕྲལ་སྒང་ཞེད་དྲགས་ནས་བསྟན་སྲུང གི་གཙོ་བོར་བསྟེན་མཁན་མང་པོ་བྱུང་བ་དེ་ལ་དགོངས་པར་སྣང་ཞིང་། འགོང་པོའི་རྣམ་པར་བསྟན་པར་སོང་གཤིས་བསྟེན་ན་ཡང་ཕན་ཐོགས་མི་ཡོང་བའི་སྟེང་དུ་གནོད་རིགས་ཡིན་འདུག །ཅེས་དང་། ཡང་། ཆེད་གཏད་གདུག་རྩུབ་ཆེ་བའི་སྒོ་ནས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ལ་གནོད་པ་བྱེད་མཁན་གྱི་རྣམ་པར་བསྟན་པ་ཡིན། ཞེས་དང་། ཡང་། ཀུན་མཁྱེན་ཆེན་པོ་དེ་ལྟ་བུས་བསྒྲལ་མི་ཐུབ་པ་ཡང་མི་སྲིད། བསྒྲལ་ཕྱིན་ཆད་རྣམ་ཤེས་དང་པོའི་སངས་རྒྱས་


JSD005_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་དུ་འཕང་བ་མ་གཏོགས། རང་གར་སྐྱེ་བོ་གཅིག་གིས་གཅིག་བསད་པ་ལྟ་བུ་བྱས་ནས་སྔ་མའི་སྲོག་དང་ཕྲལ་ཡང་། སླར་སྨོན་ལམ་བཏབ་ནས་གནོད་པ་བྱེད་མཁན་དུ་སྐྱེ་བ་ལེན་པ་དེ་འདྲ་ཅི་ལ་སྲིད་དེ་ཡང་དག་པའི་གནད་འགག་མ་རྟོགས་པའི་ལབ་ལབ་འབའ་ཞིག་གོ །ཞེས་དེ་དུས་ཀྱི་མཁས་གྲུབ་འགྲན་ཟླ་དང་བྲལ་བ་རྩོད་མེད་ཡོངས་གྲགས་དེ་དག་གིས་གསུངས་པའི་ལོ་རྒྱུས་འཁྲུལ་པའི་དྲི་མ་དང་བྲལ་བས་ཁ་ཚོན་ཡང་ནས་ཡང་དུ་བཅད་པ་འདིས་ཐེ་ཚོམ་གྱི་དཔྱངས་ཐག་ལ་རོ་འཇུ་བྱེད་དགོས་དོན་མ་མཆིས་ནའང་། ད་དུང་འདི་ལ་སྔོན་བྱུང་ལོ་རྒྱུས་བཤད་པའི་སྒོ་ནས་ངོ་སྤྲོད་གསལ་པོར་བགྱིད་ན། སྔོན་ཆད་བསམ་ཡས་སུ་མཁན་སློབ་ཆོས་གསུམ་དང་ལོ་པཎ་མང་པོ་ཞལ་བཞུགས་པའི་སྐབས་སུ་བློན་པོ་རྟ་ར་ཀླུ་གོང་ཤི་བ་ལ། དབུ་རྩེར་མཁན་སློབ་ལོ་པཎ་རྣམས་


JSD005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཞི་བ་རྡོར་དབྱིངས་རྣམ་སྣང་མངོན་བྱང་སོགས་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་མང་པོ་ཞལ་ཕྱེས་ཏེ་རིགས་དྲུག་གནས་འདྲེན་སོགས་སྒྲིབ་སྦྱོང་གི་ཆོ་ག་མཛད་པ་ལ་རྒྱལ་པོ་ཐུགས་མཉེས། ཨཱརྱ་པ་ལོའི་གླིང་དུ་བོན་པོ་རྣམས་འཚོགས་ནས་གཡག་ལུག་ཤ་བ་སོགས་དངོས་སུ་བཤམས་པའི་བོན་གྱི་ཆོ་ག་བྱེད་པའི་སར་རྒྱལ་པོ་ཕེབས་ཚེ། རྟ་ར་ཀླུ་གོང་བང་སོའི་ནང་ནས་གསོན་པོར་ལངས་བྱུང་ནས་ཟས་ཟ་ཞིང་གཉེན་བཤེས་ ོ རྣམས་དང་གཏམ་སྨྲ་བར་བྱེད་པ་སོགས་བྱུང་བས། རྒྱལ་པོ་ཤིན་ཏུ་ཡ་མཚན་སྐྱེས་ནས། གུ་རུ་པདྨའི་དྲུང་དུ་ལོ་རྒྱུས་རྣམས་ཞུས་པ་ལ། གུ་རུའི་ཞལ་ནས། བཙད་པོ་ལེགས་པར་གསོན་ཅིག གཤིན་པོ་རྟ་ར་ཀླུ་གོང་ནི་ད་ལྟ་བྱོལ་སོང་གི་གནས་སུ་སྐྱེས་ཡོད། བོན་པོས་བཀུགས་པ་དེ་ནི་རྟ་ར་ཀླུ་གོང་གི་དབུགས་


JSD005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་མཁན་སྒོ་རྒོད་གདོང་བཙན་བྱ་བ་དེ་ཡིན། གལ་ཏེ་ཡིད་མ་ཆེས་ན། སྔར་དབུ་རྩེའི་བར་ཁང་དུ་རྒྱལ་པོ་རྗེ་འབངས་རྣམས་ལ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་པདྨ་འབྱུང་གནས་ང་ཡིས་དབང་བསྐུར་ནས་རང་རང་སོ་སོ་ལ་གསང་བའི་མཚན་རེ་བཏགས་སྐབས། བློན་པོ་ཀླུ་གོང་ཁོ་པ་ཡང་དབང་གྲལ་དུ་ཡོད། པདྨ་ང་ཡི་ཤེལ་ཕྲེང་བརྒྱ་རྩ་འདི་ལྷ་སྲས་བཙན་པོའི་ཕྱག་ཏུ་བསྣམས་ནས་ཨཱརྱ་པ་ལོར་ཀླུ་གོང་གི་རྐེར་བསྐོན་ལ། པདྨས་བཏགས་པའི་གསང་་མཚན་དྲིས་ཤིག་དང་གསལ་བར་འགྱུར་རོ་ཞེས་བཀའ་སྩལ་པ་བཞིན་རྒྱལ་པོ་བོན་པོའི་མདུན་དུ་ཕེབས་ནས། བློན་པོ་ཀླུ་གོང་ལ་ཕྱག་ཕྲེང་བསྐོན་ནས་གསང་མཚན་ཇི་ཡིན་དྲིས་ཚེ། གཤིན་པོ་ན་རེ་སྔར་དབུ་རྩེའི་བར་ཁང་དུ་སློབ་དཔོན་ཆེན་པོས་རྡོ་རྗེ་དབྱིངས་ཀྱི་དབང་བསྐུར་མཛད་ཚེ། ངེད་རྣམས་རྒྱ་མཚོའི་ཕ་


JSD005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བསྐྲད་ནས་དབང་གྲལ་དུ་མེད་པས། གསང་མཚན་བཤད་རྒྱུ་ག་ནས་ཡོང་ཟེར། རྗེ་རྒྱལ་པོས། འོ་ན་ང་ཡི་བློན་པོ་གར སོང་ཞེས་དྲིས་པས། དེ་ན་རེ། ང་ནི་གཤིན་བོན་རྩ་རུ་འོངས་པ། དཔེར་ན་ཤན་པས་ལུག་ཤ་ཟ་བ་ལས་སེམས་ཅན་རྣམ་ཤེས་གར་སོང་ཤོད་རྒྱུ་མེད་པ་བཞིན། ཁྱེད་ཀྱི་བློན་པོའི་དབུགས་ཕྲོགས་པ་ལས། ཀླུ་གོང་གར་སོང་ང་ལ་བཤད་རྒྱུ་མེད། འདིར་ཀླུ་གོང་གི་དགེ་རྩར་བསྔོས་པའི་ཟས་སྐལ་འཕྲོག་པ་ལ་ ི འོངས་པ་བདག་ནི། བྱང་གི་སྒྲོ་རྒོད་གདོང་བཙན་བྱ་བ་དེ་ཡིན་ནོ་ཞེས་ཟེར་མ་ཐག །ཕུང་པོ་རུལ་དྲི་ང་བ་མནམ་པ་ཞིག་ཏུ་གྱུར་སོང་བས། རྒྱལ་པོ་ཐུགས་༉ ཆེས་ནས་གུ་རུའི་དྲུང་དུ་ཕེབས་ཏེ། རྒྱལ་བའི་སྲས་ཀྱི་བཀའ་བཞིན་བདེན་པ་བྱུང་ངོ་ཞེས་གསོལ་ཏོ། །དེ་ལ། ལོ་པཎ་ཐམས་ཅད་མགྲིན་དང་དབྱངས་
གཅིག་ཏུ། ཤཱཀྱ་སེང་གེ་བོད་དུ་མ་ཕེབས་ན༔ བོན་ལུགས་འདི་ཡིས་སེམས་ཅན་འཁོར་བར་འཁྲིད༔ གཤེད་འདྲེ་བོས་ནས་གཤིན་པོ་ཡིན་ཟེར་སྨྲ ཁྲི་སྲོང་ལྡེའུ་བཙན་ཆོས་ལ་ཡིད་ཆེས་ཤིང༔ བོན་ལ་ཐེ་ཚོམ་སྐྱེས་ནས་བསྡུར་དགོས་དགོངས༔ ཞེས་པའི་ལོ་རྒྱུས་འདི་ནི་ལྷོ་གཏེར་ཆེན་པོ་རིག་འཛིན་པདྨ་གླིང་པའི་གཏེར་བྱོན་ཨོ་རྒྱན་སྐྱེས་རབས་ཆོས་འབྱུང་མུན་སེལ་སྒྲོན་མེ་ལས་རྡོ་རྗེའི་ཚིག་གིས་བསྟན་པའི་དོན་ཡིན་པས་མི་ནག་པའི་ངག་རྒྱུན་རྫུན་གཤོབ་དང་མཚུངས་པའི་གནས་མེད་པ་ཡང་ཤེས་པར་བྱ་བ་གལ་ཆེའོ། །


previousདེ་ཉིད་རིག་འཛིན་ནུས་ལྡན་རྣམས་ཀྱིས་བསྒྲལ་འདྲེན་ཇི་ལྟར་མཛད་ཚུལ་བཤད་པ།next