Nitartha Digital Library
Tibetan
 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


KMC013_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྟེ་སྙིང་རྗེས་འགྲོ་བ་ལ་གནོད་པའི་ཅ་ཅོ་མི་བྱ་བའོ། །ངེས་དོན་ནི། ཀྲི་པི་ཊཾ་རྡོ་རྗེ་རྒྱས་པ་སྟེ་ཐབས་དང་། ཀཱ་རུ་ཎ་ཞུ་བ་སྟེ་ཤེས་རབ་དང་། ན་རོ་ལཱ་སྤྲོད་པ་སྟེ་དབྱེར་མེད་དུ་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་འཇིག་རྟེན་གསུམ་གྱི་གཟུགས་འཛིན་པ་ཅན་ནོ། །ཏ་ཧིཾ་ནི་དུས་དར་རམ་དེ་རུ་ཞེས་སོ། །བཱ་ལ་ནི་སྟོབས་སྐྱེད་པའི་ཕྱིར་ཏེ་ཤའོ། །ཁཛྫ་ཨི་ནི་མང་དུ་བཟའ་བའམ་འབད་པས་བཟའ་བ་སྟེ། ངེས་དོན་ནི་ཕུང་པོ་ལྔ་རང་བཞིན་མེད་པར་སྤྱོད་པའོ། །གཱ་ཌེཾ་ནི་བཙིར་བའམ་མནན་པ་ཡིན་ལ། མ་ད་ནཱ་མྱོས་བྱེད་དེ་བཙིར་བ་ལས་བྱུང་བའི་ཆང་ངོ་། །པིཛྫི་ཨ་ཨི་ནི་བཏུང་བར་བྱ་བ་སྟེ། ངེས་དོན་ནི་ཐབས་ཤེས་བཙིར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞུ་བ་ཡེ་ཤེས་ལྔའི་རོ་དང་ལྡན་པར་བཏུང་བའོ། །ཧ་ལེ་ནི་གྲོགས་པོ་ཞེས་སམ་ཀྱེ་ཞེས་ཏེ་བོད་པ་དང་། ཀ་ལིཉྫ་ར་ནི་སྐལ་ལྡན་ཏེ་པ་ནི་ཨ་ཨི་ཞེས་འོད་དུ་གཞུག་པའོ། །དུ་ངྷུ་རཾ་སྐལ་མེད་དེ་བཛྫ་ཨ་ཨི་ཞེས་འོད་དུ་མི་གཞུག་པའོ། །ངེས་དོན་དུ་བྱང་ཆུབ་ཀྱི་སེམས་པདྨའི་ཟེའུ་འབྲུ་བཞུགས་པ་ནི་སྐལ་ལྡན་དང་། ཕྱིར་འཕོ་བ་ནི་སྐལ་མེད་དེ། བཀག་ནས་རང་བཞིན་མེད་


KMC013_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པའོ། །ཙ་ཏུར་ས་མ་ཞེས་པ་ཟུར་ཆགས་པའི་ཙ་ཨུ་ས་མཾ་ནི་མངར་སྐྱུར་ཁ་བསྐ་སྟེ་རོ་བཞི་མཉམ་པའི་ཁམས་བཞི་མཉམ་པར་བྱེད་པའི་ཕྱིར་བཞི་མཉམ་སྟེ་རྣམ་པར་སྣང་མཛད་དོ། །ཀསྠུ་རི་ཟུར་ཆགས་པའི་ཀཙྪ་རི་ཞེས་པ་དུག་འཇོམས་པའི་ཕྱིར་གླ་རྩི་སྟེ་མི་བསྐྱོད་པའོ། །སིཧླ་ནི་སྣང་བར་བྱེད་པའི་ཕྱིར་ཉི་མ་སྟེ་བྱང་ཆུབ་ཀྱི་སེམས་དམར་བའི་དངོས་པོའོ། །ཀསུ་ར་ནི་ག་པུར་ཏེ་གསིལ་བར་བྱེད་པའི་ཕྱིར་ཟླ་བའོ། །ཨཱ་ཨི་ཨཱ་ཨི་ནི་བྱུག་པ་སྟེ། ངེས་དོན་དུ་རྙིགས་མའི་ཁམས་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་དངས་མ་བཅོམ་ལྡན་འདས་ཀྱི་སྐུར་གཟུང་བའོ། །མ་ལ་ཨིནྡྟ་ན་ནི་ཚོད་མ་དང་། ས་ལཱི་ཛ་ནི་སཱ་ལུ་ལས་སྐྱེས་པ་སྟེ་ཤ་ཆེན་ནོ། །ཏ་ཧིཾ་བྷ་རུ་ཁ་ནི་དེར་མང་དུ་བཟའ་བ་སྟེ། ངེས་དོན་དུ་ཕུང་པོ་ལྔ་པོ་རྣམས་རྒྱལ་བ་ལྔའི་ངོ་བོར་རྟག་ཏུ་བདག་གིར་བྱེད་པའོ། །ཕྲེཾ་ཁ་ཎ་འོང་བ། ཁེ་ཊ་འགྲོ་བ། ཀ་རེནྟེ་དེ་དག་མི་འགོག་པའོ། །ཤུདྡྷ་དག་པ། ཨ་ཤུདྡྷ་མ་དག་པ། ཎྞ་མ་ཎི་མི་བསམ་པའམ་མི་ལྟ་བ་སྟེ། ངེས་དོན་དུ་སྐྱེ་འགག་ཏུ་མི་རྟོག་ཞིང་མཚན་མར་མི་བསམ་པས་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་འཇུག་པའོ། །ནི་རཾ་སུ་ནི་མི་


KMC013_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཀྱི་རྒྱན་དང་། ཨཾ་ག་ཡན་ལག་གམ་ལུས། ཙ་ཌ་ཝཱི་གདགས་པ་སྟེ་རུས་རྒྱན་གདགས་པ་དང་། ས་རཱ་ཝ་སྐྱེས་པའི་རོ་སྟེ་དེ་རུ་དབུགས་བྲལ་གཞུག་པའམ་དབུལ་བའོ། །ངེས་དོན་ནི་ལུས་ནི་པདྨའི་སྣ་རྩེ། རུས་རྒྱན་ནི་ཡེ་ཤེས་ལྔའམ་རིགས་དྲུག་གི་བདག་ཉིད་བྱང་ཆུབ་ཀྱི་སེམས། གདགས་པ་ནི་རང་བཞིན་གྱིས་གནས་པའམ་རྐྱེན་གྱིས་འཕེལ་བ། རོ་ནི་བདག་མེད་པ་སྟེ་བདག་མེད་པའི་བྱང་ཆུབ་ཀྱི་སེམས་པདྨའི་སྣ་རྩེར་རྣམ་པར་འཆིང་བའོ། །མ་ལ་ཨ་ཛཾ་ཞེས་སམ་མ་ལ་ཨ་ཛ་ནི་འདུ་བ་སྟེ་ཚོགས་ཀྱི་འཁོར་ལོ་ཀུནྡྷུ་རུ་ནི་སྙོམས་པར་འཇུག་པ་ཌིཎྜི་མ་ནི་རེག་མིན་ཏེ་གཡུང་མོ་སོགས་ཏེ་འདུ་བའི་ཚེ་རེག་མིན་མི་སྤང་བར་བསྟེན་པའོ། །ངེས་དོན་དུ་ནང་གི་སྐྱེ་མཆེད་རྣམས་ཡུལ་ལ་འཇུག་པ་ནི་འདུས་པ་ཡིན་ལ། དེའི་ཚེ་ཡུལ་སྟོང་པ་དང་ཡུལ་ཅན་འོད་གསལ་བ་དབྱེར་མེད་པའི་ཡེ་ཤེས་ནི་གཉིས་ཀྱིས་གཉིས་སྦྱོར་བ་དང་ཡེ་ཤེས་ཀྱང་དམིགས་སུ་མེད་པ་ནི་རེག་མིན་ཏེ་ཆོས་ཐམས་ཅད་སྟོང་པ་གཉིས་སུ་མེད་པ་དེར་འཇུག་པའི་དོན་ཏོ། །གླུའི་ངེས་དོན་རྣམས་ནི་ནཱ་རོ་འགྲེལ་ཆེན་གྱི་དགོངས་པ་གོ་སླ་བར་བཤད་པ་ཡིན་ནོ། །དེ་


KMC013_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གར་ཡང་དཔལ་རྡོ་རྗེའི་གུར་དུ་གསུངས་པའི་ཕྲིན་ལས་ཀྱི་ཁྲོ་བོ་མི་གཡོ་བས་བཞད་གད་མཁན་ལྟ་བུར་བྱས་ནས་རིགས་ལྔ་དང་ཡུམ་བཞི་འགྲོ་བ་གདུལ་བའི་ཕྲིན་ལས་ལ་གནང་ནས་བསྐུལ་བའི་གར་གྱི་རོལ་པ་དང་། སྤྱིར་རྣལ་འབྱོར་དང་བླ་མེད་ཐུན་མོང་དུ་བགེགས་ལ་ཚམ་དམ་བྱ་བ་དང་ས་བཟུང་བ་དང་མཆོད་པའི་གར་ལ་སོགས་པ་གསུངས་པ་ནི་རང་རང་གི་སྐབས་བཞིན་རྣལ་འབྱོར་པ་རྣམས་ཀྱིས་དབེན་པར་བྱ་ཡི། དེང་སང་བོད་ཡུལ་ན་ལྟད་མོའི་དོན་དུ་སྐྱེ་བོ་རྣམས་བསགས་ནས་སྔགས་ཀྱི་གར་འཕྱམས་བྱེད་པ་འདི་ནི་གསང་སྔགས་འཆོལ་པ་ཡིན་པས་དངོས་གྲུབ་མི་འབྱུང་གི་སྟེང་དུ་སྔགས་སྲུང་ཐམས་ཅད་ཆེད་འཁྲུགས་པས་ནད་དང་མུ་གེ་སོགས་འབྱུང་ཞིང་བྱེད་པ་པོ་ལ་ཡང་དབང་བསྐུར་གྱི་དམ་ཚིག་ཡོད་ན་གསང་སྒྲོགས་ཀྱི་ལྟུང་བ་འབྱིན་པ་ཁོ་ནར་ཟད་དེ། དཔལ་ས་སྐྱ་པའི་གདུང་རབས་ཀྱི་ཡིག་ཚངས་སུ་ཁོན་དཀོན་མཆོག་རྒྱལ་པོའི་གཅེན་པོ་ཁོན་ཤེས་རབ་ཚུལ་ཁྲིམས་ཅེས་བྱ་བ་སྔགས་རྙིང་མའི་གྲུབ་ཐོབ་ཅིག་ཡོད་པ་རྟག་ཏུ་མཚམས་མཛད་པས་ལན་ཅིག་ཞི་ཁྲོའི་གསོན་བཤིང་ཆེན་པོའི་གྲལ་བུ་ལ་གཅུང་གིས་བྱོན་


KMC013_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཁོར་བའི་ཚེ་ལྟད་མོ་མང་པོ་འདུག་ཞིང་ཁྱད་པར་སྔགས་པ་མང་པོས་དབང་ཕྱུག་མ་ཉེར་བརྒྱད་ཀྱི་མགོ་བརྙན་དང་ཕྱག་མཚན་སོ་སོ་བྱས་མ་མོ་རལ་པ་ཅན་གྱི་རྔ་སྟབས་དང་བསྟུན་ཏེ་འཕྱམས་པས་ལྟད་མོའི་ཐོག་ཆོད་སོང་ཞུས་པས་གཅེན་གྱི་ཞལ་ནས་བུ་ད་དེ་གསང་སྔགས་འཆོལ་བའི་དུས་བྱ་བ་དེ་བྱུང་བ་ཡིན་མ་བཟང་ད་དེ་གསང་སྔགས་རྙིང་མ་ལ་གྲུབ་ཐོབ་མི་འོང་། གཞན་ཉན་དུ་མི་འདོད་ང་རང་ལ་གང་ཡོང་ཨ་ཕོ་རྒད་པོ་རང་དབང་ཆེ་བ་ཡིན་པས་གཏེར་དུ་སྦེད་གསུང་ནས་ཡབ་མེས་ཀྱི་ཕྱག་དཔེ་དང་ཐུགས་དམ་གྱི་རྟེན་བྱིན་རླབས་ཅན་ཐམས་ཅད་གཏེར་དུ་སྦས། ཁྱོད་རང་འབྲོག་མི་ལོ་ཙཱ་ལ་སྔགས་གསར་འགྱུར་ཟབ་མོ་ཡོད་འདུག་པ་ཞུས་ཤོག་གསུང་། ཕྱིས་ཆོས་སྐྱོང་གི་འཁུ་ལྡོག་བྱུང་ནས་ཅུང་ཟད་ཅིག་བཏོན་ནས་གཅུང་ལ་གནང་ནས་ཕུར་པའི་ཆོ་ག་དང་དུས་གཏོར་ཙམ་མཛད་དོ་ཅེས་སྣང་བ་ཉིད་ཐུགས་བདེན་པ་ཡིན་ནོ། །སྐབས་འདིར་ནི་སྤྱོད་པའི་རྣལ་འབྱོར་པས་ནི་གླུ་གར་དེ་དག་བྱ་བར་མ་དག་སྟེ་འཇིག་རྟེན་པའི་ཐ་སྙད་ཀྱི་གླུ་གར་ཐམས་ཅད་ཀྱང་རྣམ་པར་རྟོག་པ་མེད་པས་བྱ་ཞིང་སྔོན་མ་གྲགས་པའི་


KMC013_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་གར་གྱི་ཚོགས་ཀྱང་བྱེད་པ་སྟེ། རྡོ་རྗེ་བདུད་རྩིའི་རྒྱུད་ལས། སྙན་པའི་སྒྲ་ཡིས་གླུ་བླང་བྱ། །སྔགས་དང་ཏ་ལོ་ཀ་ལ་ལི། །དྲུག་སྐྱེས་ལ་སོགས་གྲོང་དང་ནི། །ཐུན་མོང་བ་ཡི་ངག་ཉིད་ཀྱིས། །དགའ་དང་བདེ་བར་བྱེད་པ་ཡིས། །འདི་རྣམས་བླང་བར་བྱ་བ་ཉིད། །ཅེས་དང་། གླུའི་ཕན་ཡོན་ཡང་། གླུ་ནི་རྣལ་འབྱོར་མ་རྣམས་ཉིད། །མཉེས་བྱེད་ཤེས་རབ་སྨད་མི་བྱ། །ཞེས་དང་། གུར་ལས། ཆོས་འབྱུང་མདུན་དུ་གར་གྱི་གཞི། །རྡོ་རྗེའི་དམ་ཚིག་གླུ་བླང་ཞིང་། །རྡོ་རྗེའི་རྐང་པས་བྲོ་དང་ནི། །མུ་རྫ་ཁྱད་པར་སྒེག་མོ་སོགས། །ཞེས་དང་། དང་པོའི་སངས་རྒྱས་ལས། དགའ་བདེ་དེ་བཞིན་སྤྲོ་བ་ཡིས། །གླུ་དང་རོལ་མོ་རྣམ་པར་རོལ། །དྲི་དང་ཕྲེང་བ་བྱུག་པ་ཡིས། །རིག་སྔགས་རྒྱལ་པོ་རབ་བསྒྲུབ་བྱ། །ཇི་ལྟར་བདེ་བའི་བདེ་བ་བཟུང་། །ཇི་ལྟར་འདོད་བཞིན་སྤྱད་པར་བྱ། །ཇི་ལྟར་བཟའ་དང་སྤྱོད་པས་ཀྱང་། །མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། །ཞེས་དང་། ས་ར་ཧས། གླུ་གར་གླིང་བུ་རྩེད་འཇོ་རོལ་མོའི་ཚོགས་སུ་འཇུག །ཧེ་རུ་ཀ་ཡི་གར་དང་དྲུག་ལས་སྐྱེས་སོགས་གླུས། །སེམས་ལ་གཟེངས་བསྟོད་ཅུང་ཟད་སྐྱོ་བར་མི་བྱའོ། །ཞེས་


KMC013_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར། འཇིག་རྟེན་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལས་གླུ་གར་དུ་གཏོགས་པ་དགུ་བྱ་བའོ། །དེ་ལྟ་མོད་ཀྱི་དྲུག་ལྡན་ནི་གཅིག་གིས་གར་བྱེད། གཅིག་གིས་གླུ་ལེན། གཅིག་གིས་ཏིང་ཏིང་ཤག་དང་། གཅིག་གིས་རྒྱུད་མངས་སྒྲེང་བ་སོགས་དྲུག་གིས་ཅིག་ཆར་དུ་བྱེད་པར་སྣང་བ་དེ་དག་བོད་ན་མེད་ཀྱང་རང་རང་གི་ཡུལ་དུས་ཀྱི་གླུ་བྲོ་ལ་སོགས་པས་གཟེངས་བསྟོད་པ་ཡིན་ལ། གླུ་ཡང་མ་ངེས་པ་སྟེ་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱི་དོ་ཧ་ཕལ་ཆེར་ཡང་སྤྱོད་པའི་དུས་སུ་གླུར་གར་བླངས་པ་ཡིན་པའི་ཕྱིར་རོ། །མདོར་ན་རྣམ་པར་མི་རྟོག་པ་དེ་ཁོ་ན་ཉིད་ཀྱི་དྲན་པ་རྩེ་གཅིག་པས་འདོད་ཆགས་བདེ་ཆེན་དུ་འཆིང་བའི་ཕྱིར་རྣལ་འབྱོར་པས་འོད་དཔག་མེད་ཀྱི་ང་རྒྱལ་གྱིས་གླུ་བླང་ཞིང་ཧེ་རུ་ཀའི་ང་རྒྱལ་གྱིས་གར་བྱ་ལ། རྣལ་འབྱོར་མས་ནི་གོས་དཀར་མོའི་ང་རྒྱལ་གྱིས་གླུ་བླང་ཞིང་རྡོ་རྗེ་ཕག་མོའི་ང་རྒྱལ་གྱིས་གར་བྱ་བ་སྟེ། འདིས་ནི་བདག་དང་གནས་དང་རྣལ་འབྱོར་སྲུང་བ་དང་ལྷ་དབང་དུ་བྱེད་པའི་མཆོག་ཡིན་ཏེ། དྲན་པ་མི་འཕྲོགས་རྣལ་འབྱོར་པས། །ཧེ་རུ་ཀ་ཡི་གཟུགས་ཀྱི་གང་། །ཆགས་བྲལ་མིན་གོམས་སེམས་ཀྱིས་ནི། །


KMC013_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་སེམས་ཀྱིས་སྒོམ་པ་ཉིད། །རྡོ་རྗེ་ཆོས་དང་སངས་རྒྱས་དང་། །རྣལ་འབྱོར་མ་དང་མ་མོ་ཡིས། །གླུ་དང་གར་ནི་འདི་དག་གིས། །ལེགས་པར་གླུ་བླང་གང་ཡང་བྱ། །འདི་ཉིད་ཀྱིས་ནི་ཚོགས་སྲུང་ཞིང་། །དེ་བཞིན་བདག་ཡང་སྲུང་བ་ཉིད། །འདིས་ནི་འཇིག་རྟེན་དབང་དུ་བྱེད། །ཅེས་སོ། །མདོར་ན་རྣལ་འབྱོར་པ་དེ་ལ་ནི་ངག་གི་བརྗོད་པ་ཐམས་ཅད་བཟླས་པ་དང་རྡོ་རྗེའི་གླུ། རྐང་པ་གང་དུ་བཀོད་པ་ནི་དཀྱིལ་འཁོར། ཡན་ལག་སྐྱོད་པ་དང་སོར་མོ་བསྒྱུར་བ་ཐམས་ཅད་ནི་ཕྱག་རྒྱ་དང་གར། གང་སེམས་པ་ནི་བསམ་གཏན་ཡིན་ཏེ། བརྟག་པ་དང་པོའི་དེ་ཁོ་ན་ཉིད་ཀྱི་ལེའུར། ཨཱ་ལྀ་ཀཱ་ལྀ་རབ་བརྟགས་པས། །བརྗོད་པ་བཟླས་པར་ཡང་དག་བཤད། །རྐང་པའི་རྗེས་ནི་དཀྱིལ་འཁོར་ཉིད། །ཉིད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་ཉེད་པའང་དེ་བཞིན་ནོ། །གང་ཕྱིར་རྣམ་སེམས་བསམ་གཏན་ཡིན། །གང་བསམས་དེ་ནི་བསམ་གཏན་ནོ། །ཞེས་དང་། བརྡ་དང་གནས་ཀྱི་ལེའུ་ལས། མི་བྱ་ཅུང་ཟད་ཡོད་མ་ཡིན། །རྟག་ཏུ་མི་བཟའ་ཡོད་མ་ཡིན། །འདི་ལ་མི་བསམ་ཡོད་མ་ཡིན། །


KMC013_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་མི་སྨྲ་གང་ཡང་མེད། །ཇི་ལྟར་བདག་ཉིད་དེ་ལྟར་གཞན། །དེ་བཞིན་བདག་ནི་ང་མཆོག་ཉིད། །འདི་ལྟར་སེམ་པས་རྣལ་འབྱོར་དག །བཟའ་དང་བཏུང་བ་ལ་སོགས་སྤྱད། །ཡན་ལག་ཇི་སྙེད་བསྒྱུར་བ་དང་། །ཆག་རྣམས་རབ་ཏུ་རྒྱས་པ་ཉིད། །ཧེ་རུ་ཀ་དཔལ་གནས་ཞུགས་པས། །དེ་སྙེད་སྔགས་དང་ཕྱག་རྒྱ་ཡིན། །ཞེས་གསུངས་ཅིང་། རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བའི་རྣམ་པར་རྟོག་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་པའི་དོན་ཤེས་པས་འཇུག་པའི་ཕྱིར་རོ། །ངེས་པའི་དོན་ནི། དུས་ཀྱི་འཁོར་ལོར་གཡོན་རྐྱང་མའི་རླུང་དག་པས་གཡོན་བརྐྱང་ནས་སའི་དཀྱིལ་འཁོར་གྱི་རྒྱུ་བ་དག་པས་རྡོ་རྗེའི་གདན་གྱི་བར་དུ་འདུག་སྟངས་རྣམས་སུ་བཤད་ཅིང་། གླུ་ནི་རྣམ་དག་སྔགས་སུ་གནས། །གར་ནི་བསྒོམ་པར་བྱ་བ་ཉིད། །ཅེས་པས་རླུང་དང་སྒྲ་ཚོགས་རྡོ་རྗེའི་སྔགས་སུ་གྲུབ་པ་ཉིད་གླུ་དང་བཟླས་པ་ཡིན་ལ། ཐབས་ཤེས་དབྱེར་མེད་པའི་བདེ་སྟོང་གི་སྒོམ་པ་རྒྱུན་མི་འཆད་པ་ཉིད་གར་ཡིན་ཏེ། གསང་རྒྱན་རྣམ་པར་བཀོད་པའི་རྒྱུད་ལས། ལྷ་མོ་བཞི་དང་ཡང་དག་སྦྱོར། །སྦྱོར་བའི་བདེ་བ་ཡང་


KMC013_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དག་གནས། །བཅོམ་ལྡན་འདོད་ཅན་གར་མཛད་དེ། །རྡོ་རྗེ་འགྱིང་བ་སོགས་ཉིད་ལས། །འདིར་བཞུགས་ཀུན་གྱི་བདག་ཉིད་ནི། །གསང་བའི་སྙིང་པོ་ཐུབ་པ་ཆེ། །རྡོ་རྗེ་ལྷ་མོ་མཉམ་སྦྱོར་བས། །གར་མཁན་གར་ནི་མ་ལུས་བྱེད། །ཅེས་དང་། དང་པོའི་སངས་རྒྱས་ལས། མེ་ཏོག་ཙནྡན་ཆུ་སྐྱེས་སོགས། །ཇི་ལྟར་མཐོང་བས་བདེ་གྱུར་པ། །དེ་ནི་དགའ་བར་ཡང་དག་བཤད། །སེམས་ཅན་ཀུན་ལ་ཡང་དག་གནས། །རྡོ་རྗེ་ཆུ་སྐྱེས་མཉམ་པར་སྦྱོར། །གང་ཞིག་སེམས་ནི་རྣམ་པར་གནས། །སེམས་ཀྱི་མཚན་ཉིད་གང་ཞིག་ནི། །དགའ་བ་ཆེན་པོ་འདི་ལ་བརྗོད། །ཅེས་དང་། མཉམ་སྦྱོར་ལས། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང་། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་སོ། །སྤྲོས་བཅས་ཀྱི་རིག་སྤྱོད་འདི་ཡུན་ཇི་སྲིད་དུ་བྱ་ཞེ་ན། གསང་བ་འདུས་པའི་རྒྱུད་ཕྱིར། གལ་ཏེ་ཟླ་བ་དྲུག་གིས་ནི། །ཞེས་ཟླ་དྲུག་ཏུ་སྤྱོད་པར་གསུངས་ལ། བདེ་དགྱེས་ལ་ཡང་རྗེ་མར་རྔོག་གི་ཡིག་ཆར་ཟླ་བ་གསུམ་མམ་དྲུག་གམ་བདུན་དུ་སྤྱོད་ཅིང་། དེས་མ་གྲུབ་ན་སྤྱོད་པ་བཞག་ནས་དྲག་ཤུལ་གྱི་ཚོགས་


KMC013_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་གསུངས་སོ། །དེ་དག་ནི་སྤྲོས་བཅས་ཀྱི་སྤྱོད་པའི་མཚན་ཉིད་སྤྱིར་བཤད་པ་ཡིན་གྱི་བྱེ་བྲག་ཏུ་ཕྱེ་ན་ཕྱིའི་ཆ་བྱད་དང་གྲོགས་ལ་མ་ལྟོས་པར་སྤྲོས་བཅས་ཀྱི་རིག་སྤྱོད་བྱེད་པའང་ཡོད་དེ། རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོས་གནས་བརྟན་གྱི་སྲིང་མོའི་བུར་མཛད་པའི་ཚེ་དགེ་སློང་གི་ཆ་བྱད་ཁོ་ནས་སྤྱོད་པ་མཛད་པ་དང་། ཞང་གཡུ་བྲག་པས་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པ་མཛད་ནས་བོགས་དབྱུང་བའི་ཕྱིར་བརྟུལ་ཞུགས་ཀྱི་སྤྱོོད་པ་ཟླ་བ་དྲུག་མཛད་དེ་ལམ་ཁའི་འགྲུལ་པ་ལ་རྒྱག་པ་དང་ཞིང་སྨོར་བའི་གཤོལ་ཕྲོགས་ཏེ་རྨོད་པ་དང་རྨོད་ཅོལ་འདི་མི་མཛད་བྱ་བ་མེད་པ་མཛད་ཐུགས་ཀྱི་སྒོ་ནས་རྗེ་བཙུན་མའི་འཁྱེར་སོ་གསུམ་དང་མ་བྲལ་བས་ཀུ་ཅོ་འཕྱོང་རྒྱུག་མཐའ་ཡས་པར་མཛད། ཁྱད་པར་དགེ་བཤེས་ཉང་བྲན་ཆོས་ཡེས་ཆོས་གྲ་བདོ་བའི་སར་བྱོན་ནས་སྤྱོད་པ་སྣ་ཚོགས་མཛད་པས། ཁོང་ན་རེ་བླ་མ་ཆེན་པོ་འདི་སྤྱོད་པ་འདི་ལྟ་བུ་མཛད་པ་ལ་དགོས་པ་གཅིག་ཡོད་དེ། འོད་ཟེར་གཅེན་པོ་ཞང་སྒེག་པོ་ན་རེ་ཐུགས་དམ་གྱི་རྩལ་སྦྱོང་ཞིག་ཡིན་ཐག་ཆོད་པའི་སློབ་དཔོན་སྨྱོ་བ་མི་སྲིད་ཟེར་གཞན་ཐམས་ཅད་ཀྱིས་སྨྱོ་བར་ཐག་


KMC013_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་སྐད། དེའི་ཚེ་སྣང་སེམས་དབྱེར་མེད་དུ་རོ་སྙོམས་ཏེ་ལྷ་ལུང་ནགས་ཀྱི་སྤྱིལ་པོ་ནས་རྡོ་རྗེའི་མགུར་གསུངས་པ་སྤོས་ཁར་ཡེར་པ་བས་གསན་ཞེས་བཤད་པ་དང་གྲུབ་ཆེན་ཨོ་རྒྱན་པ་སོགས་ཀྱིས་ཀྱང་ཆ་བྱད་དང་གྲོགས་ལ་མ་བརྟེན་པའི་རིག་སྤྱོད་མཛད་པའི་ཕྱིར་རོ། །སྐབས་དོན་ནི་བཅོམ་ལྡན་འདས་མའི་སྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་སྔགས་ཀྱི་མཐུ་དང་ལྡན་ཞིང་རྫོགས་རིམ་ལ་དྲོད་ཆེན་པོ་ཐོབ་པ་དེས་སྤྱོད་པ་འདི་བྱ་བར་སྤྲོ་ན་རྡོ་རྗེའི་སློབ་དཔོན་ལ་བཀས་གནང་བ་ཞུས་ཏེ་སྔོན་མ་ཐོབ་ན་སྐབས་དེར་སྤྱོད་པའི་བརྟུལ་ཞུགས་བླངས་ནས་ཧེ་རུ་ཀའི་ཆ་བྱད་དུ་བྱས་ཏེ་ལུང་བསྟན་པའི་གྲོགས་དང་བཅས་པས་གནས་མ་ངེས་པར་གཟུང་འཛིན་གྱི་ཞེན་པ་ཐད་ཀར་བཅད་དེ་སེང་གེ་ལྟར་བག་ཚ་བ་མེད་པ་དང་གླང་པོ་ཆེ་སྨྱོན་པ་ལྟར་བཟའ་གཏད་དང་བྲལ་བས་རྐྱེན་སྣང་ཐམས་ཅད་ལ་བསྲེ་ཞིང་ནམ་ཆོས་ཉིད་ཀྱི་རང་ས་མ་བཅོས་པར་མ་ཟིན་གྱི་བར་དུ་སྤྱོད་པ་ཡིན་ལ། འདིའི་རྗེས་ཐོབ་ནི་སྐྱེད་རིམ་ལྷའི་རྣམ་པ་གཙོ་ཆེ་ཞིང་དེ་ཁོ་ན་ཉིད་ཤེས་པའི་ངར་གྱིས་རྒྱས་བཏབ་སྟེ་དབྱེར་མེད་དུ་སྤྱོད་པ་ཡིན་ནོ། །ཕྱི་རབས་པ་ཁ་ཅིག་སྐྲ་དབང་ཐོབ་མ་


KMC013_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཅེས་སྒྲོག་པར་སྣང་ཡང་སྤྱོད་པའི་བརྟུལ་ཞུགས་ལས་གཞན་ཚད་ལྡན་ལས་གསུངས་པ་མ་མཐོང་ལ། སྤྱོད་པའི་བརྟུལ་ཞུགས་ལ་ཡང་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་དང་ཧེ་རུ་ཀའི་རྟུལ་ཞུགས་གཉིས་བཤད་པའི་སྔ་མ་ནི་བླ་མེད་ཀྱི་སྤྱི་འགྲོ་ཡིན་ལ། ཕྱི་མ་ནི་མ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ཏེ་ཉན་ཐོས་ཀྱི་དགེ་སློང་ལེན་པ་ན་ཆོས་གོས་དང་ལྷུང་བཟེད་སོགས་མཁན་པོས་བྱིན་གྱིས་བརླབས་ཏེ་སྟེར་བ་ལྟར་ཧེ་རུ་ཀའི་རྒྱན་དང་ཕྱག་མཚན་སོགས་ས་བོན་དང་ཕྱག་མཚན་ལས་བསྐྱེད་ཅིང་བྱིན་གྱིས་བརླབས་ཏེ་བྱིན་ནས་ངེས་པའི་དོན་བཤད་དེ་ཆ་བྱད་ཀྱི་དེ་ཁོ་ན་ཉིད་ཤེས་པ་ལ་འགོད་པ་ཡིན་ལ། དེ་ཉིད་ལ་སྐྲ་དབང་གི་མིང་དུ་འདོགས་ན་ནི་མིང་ཐམས་ཅད་གློོ་བུར་བ་ཡིན་པའི་ཕྱིར་འགལ་བ་མེད་དོ། །ཁ་ཅིག་རིག་དབང་ལྔའི་ཅོད་པན་གྱི་དབང་གི་སྐབས་ཀྱི། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའི། །རིན་ཆེན་དབུ་རྒྱན་དམ་པ་དང་། །ཞེས་པའི་ཚིག་ལ་བརྟེན་པའི་བཅོས་མའི་དབང་བྱས་ནས་དེ་ཕྱིན་སྐྲ་བྲེག་ཏུ་མི་རུང་བའི་དམ་ཚིག་འབོགས་སྐད་ཀྱང་བླུན་པོ་མང་དུ་བྱེད་དུ་ཟད་དེ། རིག་དབང་ལྔ་ནི་རྣལ་འབྱོར་རྒྱུད་


KMC013_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡང་ཐུན་མོང་ཡིན་པའི་ཕྱིར་དང་། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའི། །ཞེས་སོགས་ཀྱི་ཚིག་ཡང་བདེ་མཆོག་ལོ་ནག་གི་ཅོད་པན་གྱི་དབང་འབོགས་ཚིག་སྤྱི་ཁྱབ་ཉིད་ཡིན་པའི་ཕྱིར་དང་། ཅོད་པན་གྱི་དབང་ཐོབ་ནས་སྐྲ་བྲེག་ཏུ་མི་རུང་ན་རབ་བྱུང་གིས་རིག་དབང་ལྔ་ལེན་མི་སྲིད་པའམ། ཡང་ན་ནི་ཆུ་དབང་ཐོབ་ནས་མགོ་ཆུ་དང་མ་བྲལ་བ་དང་ཕྱི་མ་གཉིས་ཐོབ་ནས་ལག་པ་རྡོར་དྲིལ་དང་མ་བྲལ་དགོས་པར་ཡང་མཚུངས་པའི་ཕྱིར་རོ། །དེས་ན་ཅོད་པན་གྱི་དབང་ཐོབ་ནས་ཚོར་བའི་རང་བཞིན་རིན་འབྱུང་དུ་ཤེས་པས་ཚོར་བ་ལ་ཆགས་སྡང་རྨོངས་གསུམ་མི་བྱེད་པ་དང་། རྡོ་རྗེ་སློབ་དཔོན་ཅོད་པན་དུ་མི་འབྲལ་བར་བཀུར་བ་ཉིད་ཤེས་དགོས་པ་ཡིན་གྱི་དེ་ཕྱིན་ཕྱིའི་དབུ་རྒྱན་དང་དར་དཔྱངས་རྟག་ཏུ་འབུད་མི་ཉན་པའི་དོན་མིན་པ་ལྟར་སྐྲ་ཚབ་ཀྱི་ཐོར་ཚུགས་དང་བཅས་པའི་ཅོད་པན་སྟེར་བ་ན་ཡང་དེ་ཁོ་ན་སྟེ་སྐྲ་བྲེག་མི་རུང་བའི་དོན་མིན་ལ། སྤྱིར་སྐྲ་བྲེག་པ་དང་མི་བྲེག་པ་སོགས་ཀྱི་ལུས་ཀྱི་ཕྱི་བྱད་ཕྱོགས་རེ་ལ་དམ་ཚིག་ཏུ་མངོན་པར་ཞེན་པའི་རིག་སྤྱོད་པ་ནི་ཆེས་ངོ་མཚར་ཏེ་དེ་ལ་ནི། བསླབ་དང་དབང་ལས་རྣམ་པར་གྲོལ། །ཞེས་


KMC013_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཇི་ལྟར་འབྱུང་། དེས་ན་མུ་སྟེགས་དབང་ཕྱུག་པའི་དབང་བསྐུར་ལ་དཔེ་བྱས་ནས་རྡོ་རྗེ་ཐེག་པའི་བསྟན་པ་མི་བཤིག་པ་གལ་ཆེའོ། །དེ་བཞིན་དུ་རང་གི་བླ་མའམ་བླ་མའི་བླ་མ་སོགས་རིག་སྤྱོད་གྲུབ་པའམ་གྲུབ་པར་གྲགས་པ་ཅིག་བྱུང་བ་རྒྱུ་མཚན་དུ་བྱས་ནས་བྲམ་ཟེ་རྣམས་རིགས་ཀྱི་ཆ་བྱད་བྱེད་པ་ལྟར་འདི་ནི་བདག་ཅག་གི་རིགས་ཀྱི་ཆོས་ལུགས་སོ་ཞེས་ཧེ་རུ་ཀའི་ཆ་བྱད་ལྟར་འཆོས་པ་དང་། རྒྱན་དེ་ཡང་བལ་གླང་གི་རུས་པ་དང་དུང་དཀར་གྱི་རུས་པ་སོགས་ལས་བྱས་པ་དཀའ་ཚེགས་ཆེན་པོས་ཉོས་ཏེ་ཉིན་གོན་ཞིང་མཚན་མོ་འབུད་ལ་སྐྱེ་བོ་རྣམས་ཀྱི་གཡུ་དང་བྱུ་རུ་ལ་སོགས་པའི་རྒྱན་ལྟར་ལྟ་བས་བྱི་དོར་དང་འབད་དེ་སྲུང་བས་དུས་འདའ་ཞིང་ཡུལ་གྲུ་སོ་སོའི་ཚོང་ཁེ་སྤོགས་དང་འདུ་འཛི་ལྷུར་བྱེད་པ་རིག་སྤྱོད་པར་ཁས་འཆེ་བ་དུ་མ་སྣང་བའི་ཕྱིར་ད་ནི་རིག་སྤྱོད་ཀྱང་འཆོལ་བའི་དུས་ཡིན་པར་གོའོ། །མདོར་ན་ཌོམྦི་ཧེ་རུ་ཀ་དང་ས་ར་ཧ་དང་སིནྡྷ་པ་དང་ཀུ་མ་པཱུ་ཙ་དང་གླིང་བུ་པ་ལ་སོགས་པ་ཧེ་རུ་ཀའི་ཆ་བྱད་དང་སྤྱོད་པ་འདིས་མཆོག་གི་དངོས་གྲུབ་ཐོབ་པ་རྒྱ་གར་དུ་ནི་བགྲང་བ་ལས་འདས་པ་བྱུང་བ་ཡིན་ནོ། །སྤྱོད་


KMC013_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལ་གནས་པ་དེ་ནི་སྐྱེད་རྫོགས་ཀྱི་སྐུའི་དཀྱིལ་འཁོར་དུ་ཞུགས་པ་ཡིན་ལ། སོ་སོར་སྡུད་པ་དང་བསམ་གཏན་གྱི་རྣལ་འབྱོར་མཐར་ཕྱིན་པ་སྟེ་ལུས་དག་པ་དང་རྩ་བྱང་བ་དང་ལམ་དུས་ཀྱི་སྐུ་རྡོ་རྗེ་མངོན་དུ་བྱས་པ་ཅེས་བྱ་སྟེ། ནང་དོན་ལས། དེ་ཚེ་བརྟུལ་ཞུགས་སྤྱོད་པ་ཡིས། །སྦྱོར་ལམ་བགྲོད་ནས་མཐོང་བར་སྦྱོར། །འདི་ནི་སོ་སོར་སྡུད་པ་དང་། །བསམ་གཏན་བཞི་ལྡན་ལམ་ཡིན་ཏེ། །རྩ་ནི་སྦྱང་བ་ཞེས་ཀྱང་བཤད། །བསམ་གཏན་ཡན་ལག་བཅས་པ་ཡིས། །མངོན་པར་ཤེས་པ་ལྔ་ཐོབ་གསུངས། །སྐུ་ཡི་དཀྱིལ་འཁོར་དུ་ཞུགས་པའོ། །ཞེས་སོ། །དེ་ལྟར་སྤྱད་པས་དབང་པོ་རྣོན་པོས་ཞག་བདུན་ནམ་ཟླ་བ་གསུམ་མམ། འབྲིང་གིས་ཟླ་བ་དྲུག་གམ། ཐ་མས་ལོ་ལ་སོགས་པས་སྲོག་རྩོལ་དབུ་མར་བརྟན་ཞིང་འཛིན་པ་གྲུབ་སྟེ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མངོན་སུམ་དུ་མཐོང་བའི་ལམ་རྙེད་པར་འགྱུར་ལ། དེ་ནི་གསུང་གི་དཀྱིལ་འཁོར་དུ་ཞུགས་པ་དང་ངག་དག་པ་དང་རླུང་བྱང་བ་ཞེས་བྱ་སྟེ། ནང་དོན་ལས། དེ་ནས་སྲོག་རྩོལ་སྦྱོར་ལྡན་པས། །མཐོང་ལམ་ལ་ནི་སྦྱོར་བར་བྱེད། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་


KMC013_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཡང་དག་འགྲུབ། །རླུང་གི་རྣལ་འབྱོར་ཞེས་བྱའོ། །ཞེས་སོ། །མདོར་ན་ལམ་དུས་ཀྱི་གསུང་རྡོ་རྗེ་དང་སྤྲོས་བྲལ་གྱི་རྣལ་འབྱོར་གྲུབ་པ་ཡིན་ནོ། །གལ་ཏེ་མཆོག་མ་ཐོབ་ན་ནི་སླར་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་བོགས་དབྱུང་བར་བྱའོ། །ཇི་སྲིད་འཚོའི་བར་དུ་སྤྱོད་པ་འདི་ལ་གནས་པར་བྱ་བ་ནི་མ་ཡིན་ནོ། །སྒྲུབ་ཐབས་འདི་ནི་གཙོ་བོར་བདེ་མཆོག་གི་ཕྱོགས་ཡིན་མོད་ཀྱང་རྒྱུད་དེ་དག་ཏུ་སྤྱོད་པའི་གཞུང་མང་བའི་ཕྱིར་ཡི་གེས་འཇིགས་པ་དང་། འཕགས་པ་ལྷས་གསང་བ་འདུས་པའི་སྤྱོད་བསྡུས་སུ་ཡང་སྤྲོས་བཅས་ཀྱི་སྤྱོད་པ་མཉམ་སྦྱོར་ནས་ཁ་བཀང་ནས་གསུངས་ཅིང་རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་གསུངས་པའི་ཕྱིར། འདིར་དགྱེས་རྡོར་གྱིས་ཁ་བཀང་ནས་བཤད་པ་ཡིན་ནོ། །ད་ནི་གཉིས་པ་སྤྲོས་མེད་ཀྱི་སྤྱོད་པ་བཤད་པར་བྱ། སྤྱོད་བསྡུས་སྒྲོན་མེ་ལས་ནི་འདུས་པའི་རྒྱུད་ཀྱི། རི་བོ་ཤིན་ཏུ་དབེན་པ་དང་། །དགོན་པ་ཆེན་པོའི་ས་ཕྱོགས་ནི། །འབྲས་བུ་མེ་ཏོག་རྣམས་ཀྱིས་བརྒྱན། །འདིར་ནི་བསམ་གཏན་བསྡུས་པའོ། །ཞེས་སོགས་ཀྱི་རིམ་པས་ཁང་པ་དབེན་པར་དཀྱིལ་འཁོར་མངོན་པར་


KMC013_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དེ་ལྷ་མོ་དགུའམ་མེད་ན་རེག་བྱ་རྡོ་རྗེ་མ་ཁོ་ན་དང་ལྡན་པས་བདག་བྱིན་རླབས་ཀྱི་རིམ་པས་མི་བསྐྱོད་པ་ཕྱུང་ནས་སླར་བཅུག་ནས་བདག་ཉིད་དཀྱིལ་འཁོར་གྱི་བདག་པོར་བྱས་ནས་འཁོར་གཞན་རྣམས་ཀྱང་ཕྱུང་སྟེ་བཀོད་ནས་མཉེས་པར་བྱས་ཏེ་ཕྱག་རྒྱ་དང་ལྷན་ཅིག་རིལ་འཛིན་དང་རྗེས་གཞིག་གིས་དོན་དམ་པའིི་བདེན་པར་འཇུག་གོ། །སླར་སྤྱན་སོགས་ཀྱིས་བསྐུལ་བས་བདག་བྱིན་གྱིས་རླབ་པ་སྒྱུ་མ་ལྟ་བུའི་ཚུལ་གྱིས་སྐད་ཅིག་གིས་ལངས་ཏེ་ཉམས་རྣམ་པ་དགུ་ལ་རོལ་ཞིང་མི་ཞུམ་པས་འདོད་པའི་ཡོན་ཏན་བཞི་པོ་རེ་རེ་ཞིང་རྣམ་པ་གསུམ་ལ་རྗེས་སུ་སྤྱོད་ཅིང་དེ་ནས་འདོད་ཆགས་ཀྱི་ཚུལ་རྒྱས་པས་རེག་བྱའི་སྦྱོར་བ་སྒོམ་པས་ཟླ་དྲུག་ཏུ་སྤྱོད་པར་གསུངས་ཏེ་བསླབ་དང་དབང་ལས་གྲོལ་ཚུལ་སོགས་ནི་སྔར་སྤྲོས་བཅས་ཀྱི་སྐབས་སུ་བཤད་པ་དང་མཚུངས་པ་སྟེ། སྤྱོད་བསྡུས་ཉིད་ལས། བདག་ཉིད་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའི་ཕྱིར་འཇིག་རྟེན་པས་སྣང་བའི་དམ་ཚིག་རྣམས་གང་ཡིན་པ་ལ་སྦྱར་བ་ལ་སོགས་པའི་རིམ་གྱིས་མངོན་པར་འདུས་བྱས་ལ། འཇིག་རྟེན་པའི་མཚན་མ་ལ་དམིགས་པ་སྤངས་ཏེ་རབ་ཏུ་


KMC013_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་གནས་སུ་འདུག་སྟེ་ལོངས་སྤྱོད་པར་བྱའོ། །དེ་བཞིན་དུ་ལག་པའི་ཕྱག་རྒྱ་མི་བཅིང་བ་དང་དཀྱིལ་འཁོར་མེད་པ་དང་ཐབ་ཁུང་མེད་པ་དང་མཆོད་རྟེན་གྱི་ལས་མི་བྱ་བ་དང་གླེགས་བམ་མི་བགླག་པ་དང་ལུས་ཀྱི་ངལ་དུབ་སྤང་བ་དང་རས་རིས་དང་ཤིང་དང་རྡོའི་གཟུགས་བརྙན་ལ་ཕྱག་མི་བྱ་བ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་སྐྱབས་སུ་མི་འགྲོ་བ་དང་ཆོས་གྲངས་མེད་པ་དང་ཐང་ཅིག་དང་སྐར་མའི་དུས་ལ་ལྟོས་པ་མི་བྱེད་དེ། འདི་དག་ཐམས་ཅད་ནི་ནང་གི་བདག་ཉིད་ཁོ་ནས་རྫོགས་པར་བྱེད་དོ། །ཅེས་གསུངས་ཏེ། གསང་བའི་ཚུལ་གྱིིས་དངོས་རིག་དང་བཅས་ཏེ་སྐྱེད་རྫོགས་དབྱེར་མེད་དུ་སྒོམ་པར་གསུངས་ལ། བདེ་དགྱེས་ཀྱི་ཕྱོགས་ལས་ནི་སྤྲོས་མེད་ཀྱི་ཕྱོགས་འདི་ལ་ཚད་ངེས་པར་མ་གསུངས་ཏེ། རྣལ་འབྱོར་པའི་ཚུལ་མཐའ་ཡས་པས་འཇུག་པའི་ཕྱིར་རོ། །དེས་ན་སྐབས་འདིར་ནི་རྣལ་འབྱོར་པ་སྤྲོས་བཅས་ཀྱི་སྤྱོད་པས་མཐོང་ལམ་ཐོབ་པས་ནི་ཐུགས་རྡོ་རྗེའི་རྣལ་འབྱོར་སྤྱོད་པའི་ཕྱིར་སྒྲུབ་པ་ཡིན་ལ། སྤྲོས་བཅས་ཀྱི་སྤྱོད་པ་ལ་མི་འཇུག་པས་ནི་ཀུན་བཟང་གི་སྤྱོད་པའམ་གནས་གྲོགས་ཆ་བྱད་


KMC013_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སྐོམ་ནི་རང་གིས་ཇི་ལྟར་འདོད་པ་བསྟན་པས་རྩེ་གཅིག་ཏུ་ནང་གི་རྣལ་འབྱོར་སྒྲུབ་པའི་ཕྱིར་སྤྲོས་མེད་ཀྱི་སྤྱོད་པ་ཅེས་བྱའོ། །དེས་ན་སྔར་སྤྲོས་བཅས་ཀྱི་སྤྱོད་པའི་སྐབས་སུ་བཤད་པའི་ཆ་བྱད་གནས་གྲོགས་བཟའ་བཏུང་སྤྱོད་པ་དངོས་གླུ་གར་ཏེ་རྣམ་པ་དེ་ཐམས་ཅད་ཀྱི་ཕྱིའི་མཚན་མ་རྣམས་བཏང་སྙོམས་སུ་བྱས་ཏེ་དེ་དག་གི་ངེས་པའི་དོན་ཁོ་ན་རྣམ་པར་མི་རྟོག་པའི་སེམས་ཀྱིས་མར་མེའི་རྩེ་མོ་དང་ཆུ་བོའི་རྒྱུན་ལྟར་སྤྱོད་པ་ནི་སྤྲོས་པ་མེད་པའི་སྤྱོད་པ་སྟེ་རྡོ་རྗེའི་སློབ་དཔོན་དམིགས་མེད་ཀྱི་མོས་པ་དྲག་པོས་སྤྱི་བོར་བཀུར་ཞིང་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་བསམ་གཏན་ལ་གནས་ལ། འདི་ནི་སྤྱི་བོའི་འཁོར་ལོ་དངོས་ཡིན་གྱི་འདི་དང་མི་ལྡན་ན་མི་རུས་ཀྱི་འཁོར་ལོ་འབུམ་གྱིས་སྤྱི་བོ་བཀབ་ཀྱང་ཆ་བྱད་ཙམ་ལས་གཞན་ཅིར་ཡང་མི་འགྱུར་རོ། །དེ་བཞིན་དུ་ཕྱི་ནང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་དབྱེར་མེད་དུ་མི་འབྲལ་བར་ཤེས་པ་ཉིད་རྒྱན་དྲུག་གི་དམ་པ་ཡིན་ལ། ཉོན་མོངས་པ་བཅོམ་པ་ནི་སྨད་གཡོགས། འབྱུང་བ་ལྔ་དག་པ་ནི་ཅོད་པན། ཤེས་རབ་སྟོང་ཉིད་ནི་ཁ་ཊཱཾ་གཐབས་སྙིང་རྗེ་ཆེན་པོ་ནི་ཌ་མ་རུ། བདེ་ཆེན་རྟག་ཏུ་སྐྱོང་བ་


KMC013_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐོད་པ་སྟེ། ཆ་བྱད་ཕྱག་མཚན་དང་བཅས་པའི་མཆོག་ནི་དེ་ལྟ་བུ་ཡིན་པའི་ཕྱིར་ཆ་བྱད་ཀྱི་སྐབས་དོན་ནི་དེས་གྲུབ་ལ། རྒྱན་གྱི་དེ་ཁོ་ན་ཉིད་རྒྱུད་ལ་མ་འདྲེས་པའི་ཆ་བྱད་ཙམ་ལ་ནི་སྙིང་པོ་ཅི་ཡང་མེད་དོ། །ཉོན་མོངས་པ་ལྔ་བཅོམ་ཞིང་ཡུལ་ལྔ་ལ་རྣམ་པར་མི་རྟོག་པའི་ཕྱིར་ཤ་ལྔ་དང་བདུད་རྩི་ལྔ་སྟེ་བཟའ་བ་དང་བཟའ་བ་མ་ཡིན་པ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་མཚན་མ་མེད་པར་གཟོད་མ་ནས་དག་པར་ཤེས་པ་ནི་བཟའ་བའི་དམ་ཚིག་རྣམས་ཀྱི་མཆོག་སྟེ་བཤང་གཅི་སོགས་ཆེད་དུ་སྒྲུབ་དགོས་པ་ཡང་མ་ཡིན་ནོ། །དམ་ཚིག་གི་ཕྱག་རྒྱ་ཙཎྜ་ལི་འབར་ཞིང་ཡུལ་སྣང་རང་བཞིན་གྱིས་དག་པར་ཤེས་པས་སྣང་བ་ཐམས་ཅད་མི་དགག་པར་བསྟེན་པ་ཆོས་ཀྱི་ཕྱག་རྒྱ་དང་རང་བྱུང་གི་ཡེ་ཤེས་བཅོས་མིན་གཉུག་མ་ལྷན་ཅིག་སྐྱེས་པ་དང་འདུ་འབྲལ་མེད་པ་ཕྱག་རྒྱ་ཆེན་པོ་སྟེ་དེ་དག་དང་མི་འབྲལ་བ་ནི་གྲོགས་ལས་ཀྱི་ཕྱག་རྒྱའི་མཆོག་ཡིན་པའི་ཕྱིར་རོ། །དྷཱུ་ཏཱི་དང་གཉུག་མའི་ཤིང་གཅིག་དང་དབང་པོའི་སྒོའི་དུར་ཁྲོད་དང་ནང་གི་མ་མོའི་ཁྱིམ་དང་རྣམ་རྟོག་ནུབ་པའི་མཚན་མོ་དང་འཁོར་ལོའི་བས་མཐའ་རྣམས་སུ་རྣམ་པར་མི་


KMC013_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཡེ་ཤེས་འཆིང་བའི་ཕྱིར་ཕྱི་རོལ་གྱི་གནས་ལ་ལྟོས་པ་མ་ཡིན་ནོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཟོད་མ་ནས་དབྱེར་མེད་པའི་དེ་ཁོ་ན་ཉིད་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟག་པར་སྤྱོད་པ་ནི་རྡོ་རྗེ་ཐོད་པའི་སྦྱོར་བ་སྟེ་དེ་དང་མི་འབྲལ་བས་ཆོས་ཐམས་ཅད་ཀྱི་སྣང་ཆ་སྐྱེད་རིམ་ངོ་བོ་རང་བཞིན་གྱིས་དག་པ་རྫོགས་རིམ་སྒྲ་ཚོགས་ཐམས་ཅད་སྔགས་ཀྱི་བཟླས་པ་ཀུན་ནས་རྟོག་པ་ཐམས་ཅད་ཆོས་ཉིད་དུ་ཤེས་པས་ཆོས་བརྒྱད་ཀྱི་བླང་དོར་རང་སར་གྲོལ་ཞིང་བསམ་གཏན་གྱི་སྒྲིབ་པའི་རྟོག་པ་ཐམས་ཅད་ཞི་ལ། ཀུན་ནས་བཏགས་པའི་སྡོམ་པ་དང་དམ་ཚིག་གི་འཆིང་བ་ལས་གྲོལ་བའི་ཕྱིར་ཁྲུས་དང་གཙང་སྦྲ་དང་གྲོང་གི་ཆོས་དང་བཟའ་བྱ་བཟའ་མིན་བགྲོད་བྱ་བགྲོད་མིན་སོགས་དང་སྦྱིན་སྲེག་དང་མཆོད་སྦྱིན་དང་དཀའ་ཐུབ་དང་སྔགས་དང་བསམ་གཏན་ལ་སོགས་པ་འཁོར་གསུམ་གྱི་རྟོག་པས་འདུ་བྱས་པའི་གནས་པ་ཐམས་ཅད་ཉེ་བར་ཞིག་ཞིང་ཕྱི་རོལ་དང་ནང་གི་ལྷ་ལ་བྱང་ཆུབ་རེ་བ་མེད་པ། གཉིད་སྟུག་འོད་གསལ་དང་རྨི་ལམ་སྒྱུ་ལུས་སུ་བྱིན་གྱིས་བརླབས་པས་གཏི་


KMC013_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མུག་གིས་རྫི་བ་མེད་པ་ཆོས་ཐམས་ཅད་བདེ་སྟོང་ལྷན་ཅིག་སྐྱེས་པའི་རིགས་གཅིག་ཏུ་སྤྱོད་པའི་ཕྱིར་སྔར་ཇི་ལྟར་བསྟན་པའིི་སྤྱོད་པ་དེ་ཐམས་ཅད་ཀྱི་ཆུ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱ་མཚོར་གཅིག་ཏུ་གྱུར་པ་ཡིན་ལ། འབད་རྩོལ་ལ་མ་ལྟོས་པའི་རྡོ་རྗེའི་གླུ་གར་རྒྱུན་མི་འཆད་པ་སྟེ་ཡང་དག་པའི་གནས་དེ་ལྟ་བུ་ཤེས་པས་ཀུན་རྫོབ་དྲང་དོན་གྱི་ཆ་བྱད་དང་ལྡན་པའི་སྤྱོད་པ་སོགས་ལ་རྗེས་སུ་སྒྲུབ་པར་ཡང་མི་བྱེད་ཅིང་འགོག་པར་ཡང་མི་བྱེད་དེ་མཉམ་ཉིད་དུ་གནས་པས་སྤྱོད་པའོ། །འདིའི་རྗེས་ཐོབ་ནི་སྒྱུ་མ་ལྟ་བུ་སྟེ་སྒྱུ་མ་གསུམ་དབྱེར་མེད་དུ་བསྲེ་བའི་ཕྱིར་རོ། །སྤྱོད་པ་འདི་ལ་ནི་གནས་སྐབས་གདུལ་བྱ་ལ་སོགས་པའི་དབང་གིས་ཕྱིའི་ཆ་བྱད་ཅིར་ཡང་སྣང་བ་ཡོད་དེ། དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་མཆེད། ཕྱོགས་གླང་། ཆོས་གྲགས་དང་། ཇོ་བོ་རྗེ་ལ་སོགས་པ་རྒྱ་གར་གྱི་མཁས་གྲུབ་མཐའ་ཡས་པ་དང་། བོད་ཡུལ་དུའང་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་། རྗེ་སྒམ་པོ་པ་ནས་བཟུང་སྟེ་སྒྲུབ་རྒྱུད་འདིའི་དམ་པ་ཕལ་ཆེ་བ་རྣམས། ཕྱི་རུ་ཉན་ཐོས་སྤྱོད་པ་


KMC013_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་། །ནང་དུ་འདུས་པའི་ཚོགས་ལ་དགའ། །ཞེས་པའི་ཚུལ་གྱིས་ངུར་སྨིག་འཛིན་པའི་དགེ་སློང་གི་བརྟུལ་ཞུགས་ལ་གནས་པས་སྤྱོད་པ་འདིས་ལམ་ཡོངས་སུ་རྫོགས་པར་མཛད་པ་ཡིན་ལ། དེ་བཞིན་དུ་བི་ན་ས་ལ་སོགས་པ་ཆང་ཚོང་གི་ཚུལ་དང་། སུ་ཁ་དྷཱ་རི་ལ་སོགས་པ་གཟུགས་ཚོང་གི་ཚུལ་དང་། མཆོག་སྲེད་ལ་སོགས་པ་བྲམ་ཟེའི་ཚུལ་དང་། གཞན་ཡང་རྒྱལ་པོ་དང་བློན་པོ་དང་བཙུན་མོ་དང་ཚོང་དཔོན་དང་ཁྱིམ་བདག་དང་འབངས་ཕལ་པ་དང་དཀའ་ཐུབ་པ་དང་ཟད་བྱེད་པ་དང་རལ་པ་ཅན་ལ་སོགས་ཕྱི་རོལ་པའི་བརྟུལ་ཞུགས་དང་། གདོལ་པ་དང་རྔོན་པ་ལ་སོགས་པའི་གཟུགས་དང་མུ་ཏོ་བ་ལྟ་བུའི་བར་དུ་ཇི་ལྟར་འདོད་པའི་བརྟུལ་ཞུགས་དང་། ཆ་བྱད་ལ་གནས་པས་ནང་གི་རྣལ་འབྱོར་འདི་ཁོ་ན་མར་མེའི་རྩེ་མོ་དང་ཆུ་བོའི་རྒྱུན་ལྟར་སྒྲུབ་པ་བགྲང་བ་ལས་འདས་པ་འཕགས་ཡུལ་དུ་བྱུང་ཞིང་། བོད་ཡུལ་འདིར་ཡང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་རྗེ་བཙུན་གྲགས་པ་སྐུ་མཆེད་སོགས་ཚངས་སྤྱོད་ཀྱི་དགེ་བསྙེན་ལ་གནས་པ་དང་། རྗེ་བཙུན་མར་རྔོག་སོགས་ཁྱིམ་པའི་ཚུལ་འཛིན་པ་དང་། རྗེ་མི་ལ་སོགས་དཀའ་ཐུབ་པའི་


KMC013_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཅན་དང་། གྲུབ་ཆེན་གླིང་རས་སོགས་ཆ་བྱད་མ་ངེས་པའི་རྣལ་འབྱོར་པ་དང་། གཞན་ཡང་སྦས་པའི་ཚུལ་གྱིས་སྤྱོད་པ་མཐའ་ཡས་པར་བྱོན་པ་ཡིན་ནོ། །ཅུང་ཟད་ཞིབ་པར་ཕྱེ་ན་དམ་པ་དེ་དག་གི་རྣམ་པར་ཐར་པ་ཡང་རྟོགས་པ་མཐར་མ་ཕྱིན་གྱི་བར་དུ་སྤྲོས་མེད་ཀྱི་སྤྱོད་པ་དང་མཐར་ཕྱིན་ནས་རང་ཉིད་ཀྱི་རླབས་ཆེན་གྱི་མཛད་པ་རྣམས་ཕྱོགས་ལས་རྣམ་རྒྱལ་གདུལ་བྱ་འདུལ་བའི་ཆ་རྣམས་ཚོགས་སྤྱོད་ཆེན་པོ་ཡིན་མོད་ཀྱང་དེ་ཐམས་ཅད་སྐྱེ་བོའི་སྣང་ངོར་ཡུལ་དུས་དེའི་ཐ་སྙད་ཉིད་ཀྱིས་སྦས་ཚུལ་དུ་སྤྱོད་པའི་ཕྱིར་སྤྲོས་མེད་ཀྱི་སྤྱོད་པར་བཞག་པ་ལ་འགལ་བ་མེད་པ་ཡིན་ནོ། །དེས་ན་ནང་སྤྲོས་མེད་ཀྱི་སྤྱོད་པ་ཕྱི་ཉན་ཐོས་ཀྱི་བརྟུལ་ཞུགས་ལ་གནས་པས་བྱས་ན་བསྟན་པའི་ཕྱི་རྒྱ་སྲུང་སླ་ཞིང་ལམ་གྱི་བར་ཆད་ཉུང་བ་ལ་དགོངས་ནས། རྗེ་འབྲི་ཁུང་པས་ཀྱང་། རིག་སྤྱོད་ཁྱད་པར་དུ་འཕགས་པ་ཚུལ་ཁྲིམས་རིན་པོ་ཆེ་ཡིན། ཞེས་དང་། རྩ་རླུང་གི་གནད་འདུལ་བ་ལྷག་པར་ཟབ། ཅེས་གསུངས་པ་ཡིན་ནོ། །མདོར་ན་སྤྲོས་མེད་ཀྱི་སྤྱོད་པ་འདི་ལྟ་བུ་ལ་ནི་སྔོན་དུ་སྤྲོས་བཅས་ཀྱི་རིག་སྤྱོད་ཆེད་དུ་འགྲོ་དགོས་པ་མ་ཡིན་ཏེ་ཟླ་བ་


KMC013_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལ་སོགས་པའི་དུས་ཀྱི་ངེས་པའང་མེད་ལ། འདི་ཁོ་ནའི་སྒོ་ནས་ཀུན་བཟང་དང་གསང་སྤྱོད་དང་ཤིན་ཏུ་སྤྲོས་མེད་དང་ཚོགས་སྤྱོད་དང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའི་བར་དུ་གྲུབ་པ་ཤིན་ཏུ་མང་ཞིང་གསང་སྔགས་གསང་སྔགས་ཉིད་དུ་སྤྱོད་པ་ཡིན་པས་འདི་ནི་སྔགས་སྤྱོད་ཀྱི་མཆོག་ཏུ་གནས་པ་ཡིན་ནོ། །སྤྱིར་ནི་སྤྱོད་པ་འདིའི་དུས་རྫོགས་རིམ་མཚན་བཅས་དང་མཚན་མེད་བསྲེ་བས་མཚན་མེད་སྒྲུབ་ཏུ་མེད་ཅིང་མཚན་བཅས་སྤང་དུ་མེད་པའི་ཚུལ་གྱིས་རྩེ་གཅིག་ཏུ་སྒྲུབ་པ་ཡིན་ལ། ཁྱད་པར་སྐབས་འདིར། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་བྱ་བ་ལ་སོགས་པའི་རིམ་པས་བདེ་ཆེན་འཛག་མེད་དུ་འཆིང་བ་ཉིད་གཙོ་བོར་བྱེད་དེ་རྗེས་དྲན་བདེ་སྟོང་གི་སྒོམ་པ་ཉིད་ལྷུར་བྱེད་པ་ཡིན་ནོ། །དེ་དག་ཇི་ལྟར་སྒྲུབ་པ་ནི་ས་བོན་ཙམ་ཞལ་གདམས་སུ་ཡང་གསལ་ཞིང་སྤྱིར་བླ་མ་དམ་པའི་མན་ངག་སྨར་ཁྲིད་དུ་རྒྱུད་ལ་འདྲེས་པ་དགོས་པས་འདིར་མི་སྤྲོའོ། །སྤྲོས་བཅས་ཀྱི་རིག་སྤྱོད་དངོས་ལ་ནི་དྲོད་ཆེན་པོའི་སྒོ་ནས་ཚར་གཅོད་དང་རྗེས་འཛིན་གཉིས་ཀ་མི་ནུས་ན་སྐྱེ་བོའི་བཞད་གད་ཀྱི་གནས་སུ་འགྱུར་ཏེ། སློབ་དཔོན་ཛཱ་ལནྡྷ་ར་པས་


KMC013_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་སྤྱོད་པ་ལ་གའུ་ཞིག་བསྐུར་ནས་འདི་ཁ་མ་ཕྱེ་བར་ཁྱེར་ལ་ཨོ་རྒྱན་དུ་སོང་དང་དུར་ཁྲོད་ཅིག་ན་བུད་མེད་མང་པོ་གྲལ་བྱས་པའི་མཇུག་ན་བུད་མེད་ངམས་ནག་པ་བོངས་ཐུང་བ་ཁུར་ཚོས་གཡོན་གྱི་སྟེང་ན་སྨེ་བ་སུམ་བརྩེགས་ཡོད་པ་ཅིག་ཡོད་ཀྱི་དེ་ལ་ཕུལ་ལ་བྱིན་རླབས་ཞུས་ཅིག་གསུང་པས། དེ་ཁྱེར་ཏེ་བྱིན་རླབས་ཞུས་པས་དེས་གའུའི་སྟེང་དུ་མེ་ཏོག་གཅིག་བཞག་ནས་ངས་བྱིན་གྱིས་བརླབས་ཡོད་ཀྱི་སླར་ཁ་མ་ཕྱེ་བར་སློབ་དཔོན་ལ་ཕུལ་ཞིགལམ་དུ་འཇིགས་པ་བྱུང་ན་ལྟ་སྟངས་གྱིས་དང་ཟློག་པར་འགྱུར་རོ་ཟེར་ཏེ། ལམ་དུ་སྟག་བྱུང་བ་ལ་ལྟ་སྟངས་བྱས་པས་རེངས་པ་དང་རློམ་པ་སྐྱེས་ཏེ་གའུ་ཁ་ཕྱེ་བས་རུས་རྒྱན་ཞིག་འདུག་ནས་དེ་ལུས་ལ་བཏགས་ཏེ་བླ་མའི་དྲུང་དུ་ཕྱིན་ནས་བདག་སྤྱོད་པ་བགྱིད་པར་ཞུས་པས། བླ་མས་སྤྱོད་པ་མ་རན་གྱི་མ་བྱེད་གསུངས་ཀྱང་མ་ཉན་པར་འཁོར་རྣལ་འབྱོར་པ་ཕོ་མོ་ལྔ་བརྒྱ་ཁྲིད་དེ་སྤྱོད་པ་ལ་བྱོན་ཏེ་ཆུ་བོ་གངྒ་ཁ་ཊྭཱཾ་གས་བཟློག་སྟེ་བར་བཅད་ནས་བྱོན། མྱ་ངམ་གྱི་ཐང་ཞིག་ཏུ་སླེབ་པ་དང་ཆུ་མ་རྙེད་ནས་ཐམས་ཅད་སྐོམ་པའི་ཚེ་མི་གཅིག་ཀ་ར་ཝ་ཏི་སྟོང་པ་ཅིག་ཁྱེར་ཐོང་པ་ཁུར་


KMC013_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གླང་གཉིས་དེད་དེ་བྱུང་བ་ལ་ཆུ་དྲིས་པས་ཆུ་ཡོད་དེ་ངའི་གླང་སྟག་གིས་ཟར་འོང་ཟེར། བདག་གིས་སྲུང་ངོ་བྱས་པས་ཆུ་ཚོལ་དུ་སོང་བའི་ཤུལ་དུ་སྟག་བྱུང་བ་ལ་འཁོར་བཅས་ཐམས་ཅད་ཀྱིས་སྲུང་མ་ཐུབ་ལྟ་སྟངས་བྱས་པས་ཀྱང་མ་ཐུབ་སྟེ་གླང་གཉིས་པོ་ཟོས། དེ་ནས་མི་དེ་བྱུང་སྟེ་གླང་གཉིས་སྟག་གིས་ཟོས་བྱས་པས་མི་དེ་སློབ་དཔོན་ཛཱ་ལནྡྷ་ར་པར་གྱུར་ཏེ་དེའི་ཕྱིར་སྤྱོད་པ་མ་རན་གྱིས་མ་བྱེད་གསུང་། ཡང་མ་ཉན་པར་བྱོན་པས་འཁོར་བཅས་ཤིན་ཏུ་ལྟོགས་ཏེ་ཉམ་ཐག་པ་ན་ཆུ་འགྲམ་ཞིག་ན་མི་རོ་ཞིག་འདུག་པ་ཟ་བར་བརྩམས་པ་ལ་གྲི་མེད་ནས་མི་གཉིས་བྱུང་བ་ལ་གྲི་གཡར་བས་ཅི་བྱེད་ཟེར། འདི་ཟའོ་བྱས་པས། སྤྱོད་པ་བྱེད་ན་འདི་ལྟར་གྱིས་ཟེར་ནས་བྱ་རོག་གཉིས་སུ་བྱས་ཏེ་རོ་དེ་ཟོས་ནས་ཡང་མིར་བྱས། སླར་སློབ་དཔོན་དུ་གྱུར་ནས་སྔར་བཞིན་གསུང་། ཡང་མ་ཉན་པར་བྱོན་པས་ཆུ་བོ་ཆེན་པོ་ཅིག་གི་འགྲམ་ན་འཛེ་མོ་ཉམ་ཐག་པ་ཅིག་འདུག་པ་ན་རེ་ངས་ཆུ་འདི་ལ་འགྲོ་བར་མ་ནུས་ཀྱིས་སྤྱོད་པ་འཁོར་བཅས་ཀྱིས་ང་ཁུར་ལ་སྒྲོལ་བར་ཞུ་ཟེར་བ་ལ་ཐམས་ཅད་སྐྱུག་བྲོ་ནས་སྣ་བཀབ་སྟེ་ཕྱིན། འཁོར་གྱི་ཐ་མ་བསོད་སྙོམས་པ་


KMC013_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེ་བ་ཞིག་ཡོད་པ་དེས་སྙིང་རྗེ་སྐྱེས་ཏེ་ཁུར་བས་ཆུའི་དབུས་སུ་སླེབ་པ་ན་བུད་མེད་དེ་རྡོ་རྗེ་རྣལ་འབྱོར་མར་གྱུར་ནས་སྤྱོད་པ་མ་རན་གྱིས་སྤྱོད་པ་མ་བྱེད་ཟེར་ཏེ་བསོད་སྙོམས་པ་དེ་སྐད་ཅིག་གིས་གྲོལ་བར་བྱས་ཏེ་ཙ་བུ་པ་ཅེས་བྱ་བའི་གྲུབ་ཐོབ་ཏུ་གྱུར། གལ་ཏེ་དེ་སློབ་དཔོན་གྱིས་ཁུར་ན་ལྔ་བརྒྱ་པོ་སྐད་ཅིག་གིས་གྲོལ་བར་འགྱུར་སྐད། ཡང་བྱོན་པས་རྒྱལ་པོ་ཕྱི་རོལ་པ་ཅིག་ལ་བློན་པོ་གསང་སྔགས་ལ་མོས་པ་གཅིག་ཡོད་ནས་དེས་སློབ་དཔོན་ལ་བདེ་མཆོག་གི་སྒྲུབ་ཐབས་ཞུས་ཏེ་བྲིས་སྐུ་བཞེངས། ཚོགས་འཁོར་ཞུས་པ་ན་མི་ནག་པོ་ཐོར་ཚུགས་ཅན་ཞིག་བྱུང་ནས་ཚོགས་ཀྱི་སློབ་དཔོན་ཁྱོད་ཀྱིས་མི་འོང་ངས་བྱའོ་ཟེར་བ་ལ་མ་བཅོལ་བར་སློབ་དཔོན་ཉིད་ཀྱིས་མཛད། ཚོགས་ཐོན་ཁར་དེ་བདེ་མཆོག་ཏུ་གྱུར་ནས་བླ་མའི་བཀའ་བཅག་པས་ཚེ་འདིར་སྤྱོད་པ་མཐར་མི་ཕྱིན་སྒྲིབ་པ་སྦྱོང་བའི་ཕྱིར་བསྟན་བཅོས་དུ་མ་བརྩོམས་ཅིགསྲིད་པ་བར་མ་དོར་རྗེས་སུ་འཛིན་ནོ་གསུངས་ནས་མི་སྣང་བར་གྱུར་ཏེ། དེ་ལ་ཚོགས་དཔོན་ཞུས་ན་འཁོར་ཚོམ་བུ་དང་བཅས་པ་དེ་ཉིད་དུ་གྲོལ་བར་འགྱུར་སྐད། བྲིས་སྐུ་དེ་གཞན་གྱིས་མཐོང་


KMC013_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་པོ་ལ་བསྙད་པས་བློན་པོ་ཡང་ཆད་པས་འཇིགས་ཏེ་སྨྱུག་དོང་དུ་བཅུག་ནས་ཡུལ་གཞན་དུ་བསྐུར་བ་སྒོ་བས་ཟིན་ཏེ་རྒྱལ་པོས་མཐོང་བས་དབང་ཕྱུག་དང་ཨུ་མ་ཞབས་འོག་ཏུ་མནན་པ་དེ་ལ་བློན་པོ་ལ་ཆད་པ་བྱེད་པར་བརྩམས། བློན་པོས་སློབ་དཔོན་ལ་ཞུས་པ་ཡིན་ནོ་བྱས་པས་སློབ་དཔོན་བཀུག་སྟེ་ལྷ་གཉིས་སྟེང་འོག་བསྒྱུར་དུ་བཅུགདེ་ནས་ཡུལ་གཞན་ཞིག་ཏུ་རྒྱལ་པོ་ཞིག་གིས་བདེ་མཆོག་གི་སྐུ་ཞིག་བྱས་ཏེ་སློབ་དཔོན་ལ་རབ་གནས་ཞུས་པས་སློབ་དཔོན་གྱིས་གོ་ལ་གསོལ་འཕྲོ་ཞིག་ཞལ་ནས་བཏོན་ནས་ལྷའི་ཞལ་དུ་བཅུག་ཉིད་ཕྱིར་བྱོན་པས་ལྷ་རྗེས་ལ་འབྲེངས་ཏེ་བྱུང་། བསྟན་པ་གནས་ཀྱི་བར་དུ་འདིར་བཞུགས་གསུངས་པས་བཞུགས་ཏེ་བྱིན་རླབས་ཅན་དུ་གྲགས། དེའི་ཚོགས་འཁོར་གྱི་གཏོར་མ་སྐྱེལ་ཚེ་གཏོར་སྟེགས་ཁར་མི་ནག་པོ་ཅིག་བྱུང་བ་སློབ་དཔོན་ལ་ཞུས་ནས་ནང་དུ་བཀུག་པས་ཛཱ་ལནྡྷཱ་ར་པར་གྱུར་ཏེ་བླ་མ་དང་ཡི་དམ་དང་མཁའ་འགྲོའི་བཀའ་བཅག་པས་ཚེ་འདིར་སྤྱོད་པ་མི་འགྲུབ་ཀྱིས་ཡི་དམ་གྱིས་ལུང་བསྟན་པ་ལྟར་བསྟན་བཅོས་རྩོམས་ཅིག་གསུང་སྟེ་མི་སྣང་བར་གྱུར། དེ་ནས་བདེ་མཆོག་གི་མངོན་


KMC013_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་དང་དཔྱིད་ཐིག་ལ་སོགས་པ་དུ་མ་མཛད་དེ་སྲིད་པ་བར་དོར་མཆོག་ཐོབ་བོ་ཅེས་བདེ་མཆོག་ནག་པོ་པའི་ལོ་རྒྱུས་ལས་བཤད་ཅིང་། སློབ་དཔོན་འབར་བའི་གཙོ་བོ་ཡང་བླ་མས་མ་གནང་བར་སྤྱོད་པ་ལ་བྱོན་པས་མུ་སྟེགས་ཀྱི་རྣལ་འབྱོར་མ་མ་སྨད་གཉིས་ལ་ཤིང་སྡོང་གི་རྩ་བ་ན་ཏིང་ངེ་འཛིན་བྱེད། བུ་མོ་ཤིང་ཐོག་སྲུང་གི་གདའ་བ་ལ་བུ་མོ་ལ་ཤིང་ཐོག་སློངས་པས་མ་ལ་སློངས་ཟེར། མ་ལ་སློངས་པས་ཁྱོད་སྤྱོད་པ་བྱེད་པ་ཅིག་མིན་ནམ་ནུས་པས་ཕོབ་ཟེར། དེར་འབེབས་པའི་ལྟ་སྟངས་བྱས་པས་ཤིང་ཐོག་རྣམས་ས་ལ་ཤབ་ཀྱིས་བོ་བྱུང་བ་དང་རྣལ་འབྱོར་མ་དེས་གོ་ཟློག་པའི་ལྟ་སྟངས་བྱས་པས་སླར་གྱེན་དུ་ལོག་སྟེ་སོ་སོར་འབྱར་སོང་། ནུས་པ་ཡོད་ན་ད་ཕོབ་ཟེར་བས་འབེབས་པར་མ་ནུས། དེར་ཕྲ་མེན་མས་རྒྱས་བཏབ་སྟེ་ཞག་བདུན་ན་གྲོངས། འགྲོངས་ཀར་འཁོར་རྣམས་ལ་ངའི་རོ་ལ་མ་རེག་པར་ཞག་བདུན་དུ་ཞོག་ཞིག སྲིད་པ་བར་དོར་མཆོག་བསྒྲུབས་ནས་སླར་གྲོང་འཇུག་བྱས་ཏེ་ཕྲ་མེན་རྣམས་འདུལ་ལོ་གསུངས་པས་ཕྲ་མེན་མས་ཤེས་ནས་འདི་ན་རྣལ་འབྱོར་པའི་རོ་གཅིག་ཡོད་པས་ད་ལྟ་མ་སྲེགས་ན་ཞག་


KMC013_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ན་རོ་ལངས་སུ་གྱུར་ནས་འཇིག་རྟེན་ཕུང་བར་བྱེད་དོ་ཅེས་བསྒྲགས་པས་རྒྱལ་པོས་བཙལ་ཏེ་བསྲེགས་པས་ཕྲ་མེན་མ་འདུལ་མ་ནུས་པར་མཻ་ཏྲྀ་པར་སྐུ་འཁྲུངས་པར་གྲགས་སོ། །དེས་ན་སྤྲོས་བཅས་ཀྱི་རིག་སྤྱོད་ལ་ནི་དཀའ་བའི་གནས་དེ་ལྟ་བུ་ཡོད་ལ། སྤྲོས་མེད་ཀྱི་རིག་སྤྱོད་འདི་ནི་སྤྱོད་པ་ཐམས་ཅད་དང་མི་འགལ་བར་སྒྲུབ་ནུས་པའི་ཕྱིར་འདི་ཉིད་ཀྱིས་བསྒྲུབ་པར་བྱའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། བདག་ཉིད་ཆེན་པོ་འཕགས་པ་ལྷའི་ཞབས་ཀྱི་སྤྱོད་པ་བསྡུས་པའི་སྒྲོན་མེར་ཇི་སྐད་གསུངས་པ་ཁོ་ན་ཡིན་ཏེ། དེ་ཉིད་ལས། ངོ་བོ་ཤིན་ཏུ་དབེན་པའམ། །ཆུ་ངོགས་འབབ་ཆུའི་གནས་རྣམས་སམ། །དུར་ཁྲོད་ལ་སོགས་གནས་རྣམས་སུ། །བསམ་གཏན་བསྡུས་པ་འདི་བྱའོ། །ཞེས་འདུས་པའི་རྒྱུད་ལས་གསུངས་པའི་ཡིད་དང་མཐུན་པའི་ཕྱོགས་སུ་ཁ་ཟས་ཀྱི་སྦྱོར་བའི་ཕྱིར་གནོད་སྦྱིན་མོ་མངག་གཞུག་མ་ལ་སོགས་པའི་བསྒྲུབ་པ་བྱའོ། །ཡང་ན་སྒྲུབ་པའི་གྲོགས་མཆོག་གམ་ཚེགས་ཆེན་པོས་ཁ་ཟས་ཙམ་བསྒྲུབས་ནས་རིམ་པ་འདིས་ཤིན་ཏུ་སྤྲོས་པ་མེད་པ་ལ་འཇུག་པར་བྱའོ་ཞེས་པས་དབེན་པའི་གནས་རྣམས་སམ་


KMC013_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ལ་སོགས་པར་བྱ་ལ་གྲོང་དང་གྲོང་ཁྱེར་ལ་སོགས་པར་ཡང་མི་རུང་བ་ནི་མ་ཡིན་ཏེ་སློབ་དཔོན་ལཱ་ཝ་པས་ནུབ་ཕྱོགས་ཨོ་རྒྱན་གྱི་གྲོང་ཁྱེར་ཆེན་པོར་མཛད་པ་དང་། དཔལ་ཞི་བ་ལྷས་དགེ་འདུན་གྱི་ནང་དུ་མཛད་པའི་ཕྱིར་རོ། །འཚོ་བའི་ཡོ་བྱད་ནི་རྒྱུད་སྡེ་གོང་འོག་ལས་གསུངས་པའི་ཚོགས་ཚངས་མ་ལ་སོགས་པའི་གནོད་སྦྱིན་མོ་རྣམས་མའམ་སྲིང་མོའམ་ཆུང་མའམ་བྲན་མོར་བསྒྲུབས་ཏེ་སྦྱོར་དུ་འཛུད་པའམ། ཛམྦྷ་ལ་དང་ནོར་རྒྱུན་མ་ལ་སོགས་པ་སྦྱིན་བདག་ཏུ་བསྒྲུབས་ཏེ་སྦྱོར་དུ་འཛུད་པའམ། ཡང་ན་སློངས་མོའམ་དཀའ་ཐུབ་པའི་ཟས་དང་འབྲེལ་བའི་གྱི་ན་ཙམ་གྱིས་འཚོ་བ་སྟེ་ལཱ་བ་པས་བསོད་སྙོམས་སྒོ་ངེས་སུ་སྤྱོད་པ་དང་། ཞི་བ་ལྷས་དགེ་འདུན་ལས་འཚོ་བ་སྒྲུབ་པ་དང་། ལོ་ཧི་པས་ཉ་པས་བོར་བའི་ཉའི་རྒྱུ་ལྟོས་འཚོ་བ་དང་། རྗེ་མི་ལས་ཟྭའི་དཀའ་ཐུབ་དང་། རྨོག་ཅོག་པས་ཉུང་ལོའི་ཚོད་མ་ཙམ་ལ་བརྟེན་ནས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བསྒྲུབས་པའི་ཕྱིར་རོ། །དེར་ཇི་ལྟར་སྤྱོད་པ་ནི། དེ་ཉིད་ལས། དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་དང་པོ་ཁོ་ནར་སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་


KMC013_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པར་བྱས་ལ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་བར་བྱ་བའི་ཕྱིར་ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལའང་སྡུག་བསྔལ་གྱི་འདུ་ཤེས་སྒོམ་པར་བྱའོ། །གཉིས་པར་ན་ཏིལ་འབྲུ་ཙམ་ཡང་དངོས་པོར་ཡོངས་སུ་འཛིན་པའི་བློ་སྤང་བར་བྱའོ། །གསུམ་པ་དོན་དམ་པའི་བདེན་པ་ལ་དད་པས་ལུས་དང་སྲོག་ལའང་ལྟོས་པ་མེད་པར་བྱའོ། །ཇི་སྐད་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། རིགས་ཀྱི་བུ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས་ལུས་དང་སྲོག་ལ་ལྟོས་པ་མེད་པར་བྱའོ། །ཞེས་གསུངས་སོ། །དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་དང་གྲུབ་པ་ཆེན་པོ་བརྒྱད་དོན་དུ་གཉེར་བར་མི་བྱ་སྟེ། རྣམ་པར་གཡེངས་པར་འགྱུར་བ་དང་ཕྱིར་ལྡོག་པར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ་ཐུན་མོང་མ་ཡིན་པ་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། དེ་ལས་གཞན་ཡང་ཐམས་ཅད་མཁྱེན་པའི་དངོས་གྲུབ་འདོད་པའི་ཕྱིར་དངོས་གྲུབ་གང་ཅི་ཡང་རུང་བ་


KMC013_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ་བར་མི་བྱེད་དོ། །ཞེས་པ་ནས། རྣམ་པར་མི་རྟོག་པའི་དངོས་གྲུབ་འབའ་ཞིག་ལ་སེམས་རྩེ་གཅིག་པར་གྱུར་པར་བྱའོ། །དེ་སྐད་དུ་གསང་བ་གྲུབ་པ་ལས་ཀྱང་། སྦྱོར་བ་ལ་སོགས་འབད་པ་ནི། །དེ་ཉིད་རིག་པས་སྤང་བར་བྱ། །རྡོ་རྗེ་སེམས་དཔའ་ངེས་འདུག་པ། །སྤངས་ནས་གཞན་དུ་མི་བྱའོ། །དག་པའི་དེ་ཉིད་ལ་གནས་པས། །སྦྱོར་བ་རྣམས་ཀྱང་མི་བྱ་སྟེ། །བདག་མེད་གནས་པའི་སྦྱོར་བ་ཡིས། །ཇི་སྲིད་བར་དུ་སོ་སོར་བརྟག །དངོས་མེད་གོ་འཕང་ལ་གནས་དང་། །ཐབས་བཟང་ངག་དང་ལྡན་པ་ཡིས། །རྟོག་པས་གང་ཅིའང་རུང་བ་རྣམས། །མ་བརྟགས་པར་ནི་གྲུབ་པར་འགྱུར། །སྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི། །དངོས་གྲུབ་མཚན་ཉིད་གང་ཅིའང་རུང་། །དེ་ཀུན་སྐད་ཅིག་ཙམ་ལ་ནི། །རང་ཉིད་གནས་པར་འགྱུར་བ་ཡིན། །དེ་བས་ན་ཕྱི་རོལ་གྱི་བུད་མེད་རྣམ་པར་སྤངས་ནས་སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་འཇུག་པས་ཤིན་ཏུ་མྱུར་བར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རྫོགས་པར་བྱའོ་ཞེས་ལྷན་ཅིག་ཏུ་དམིགས་ཏེ་གཅིག་པུ་ཁོ་ནར་འོག་ནས་འཆད་པའི་རིམ་པ་བཞིན་


KMC013_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསམ་པར་བྱའོ་ཞེས་གསུངས་པ་ཉིད་དེ། སྲིད་པའི་བདེ་བ་དང་ལུས་སྲོག་དང་རང་དོན་ལྷུར་བྱེད་པ་དང་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་ལ་ལྟོས་པ་རྡུལ་ཙམ་ཡང་མེད་པར་བྱས་ཏེ་དེ་ཁོ་ན་ཉིད་ཀྱི་མན་ངག་ཕྱིན་ཅི་མ་ལོག་པ་བླ་མ་དམ་པ་ལས་དངོས་སུ་བརྙེད་ཅིང་རྒྱུད་ལ་འདྲིས་པ་དེས་གནས་དང་ཡོ་བྱད་གྱི་ན་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ་ཐོས་བསམ་ལ་སོགས་པ་ཀློག་པའི་བྱ་བ་དང་། འཆད་རྩོད་རྩོམ་གསུམ་སོགས་གཞན་དོན་གྱི་བྱ་བ་དང་། དབང་རབ་གནས་སྦྱིན་སྲེག་བསྙེན་སྒྲུབ་སོགས་སྐྱེད་རིམ་གྱི་བྱ་བ་དང་ལས་ཀྱི་རྩ་རླུང་ཐིག་ལེ་སྒོམ་པ་དང་ཕྱག་རྒྱ་ལས་ཐིག་ལེ་བཞུ་བཏུལ་སོགས་མཚན་མའི་རྫོགས་རིམ་གྱི་བྱ་བ་ཐམས་ཅད་ཀྱང་དོར་ནས་སེམས་ཅན་ཐམས་ཅད་མྱུར་དུ་སྐྱབ་པའི་སླད་དུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བདེ་བླག་ཏུ་སྒྲུབ་པའི་ཕྱིར་སྤྲོས་མཚན་གྱི་རྟོག་པ་གཅིག་གིས་ཀྱང་བར་མ་ཆོད་པར་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཚིག་ཆོད་དུ་བྱེད་པ་ཉིན་བར་ལམ་གྱི་འོད་གསལ་ཕྱག་རྒྱ་ཆེན་པོ་དང་ཉལ་བའི་ཚེ་སྣང་གསུམ་འོད་གསལ་དུ་བསྡུས་ནས་གཉིད་ཀྱི་རྟོགས་པའི་འོད་གསལ་དུ་འཇུག་ལ། དེ་ལས་


KMC013_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སད་ཀའི་ཚེ་སྒྱུ་ལུས་ཀྱི་རིམ་པས་ལངས་ནས་སླར་ལམ་གྱི་འོད་གསལ་དུ་འཇུག་པ་སོགས་ཁོ་ན་ཁོར་ཡུག་ཏུ་བྱེད་པ་སྟེ་ཚུལ་འདི་ལྟ་བུ་ཁོ་ན་ལ་མར་མེའི་རྩེ་མོ་དང་ཆུ་བོའི་རྒྱུན་ལྟར་རྩེ་གཅིག་ཏུ་ཁོར་མོར་སྤྱད་པས་ཉིན་མཚན་གྱི་འོད་གསལ་གཅིག་ཏུ་འདྲེས་ཏེ་ཐ་དད་པར་གདགས་སུ་མེད་པ་དང་རྨི་ལམ་དང་ཉིན་པར་གྱི་སྣང་བ་གཅིག་ཏུ་འདྲེས་ཏེ་ཐ་དད་པར་གདགས་སུ་མེད་པས་རྡོ་རྗེའི་འོད་གསལ་བ་ཁོ་ནའི་དབྱིངས་ཤར་བ་དང་ནུབ་པ་མེད་པར་གྱུར་པ་ནི་སྤྱོད་པ་དེ་བརྟན་པ་ཡིན་ཏེ། རྗེ་མི་ལས། རྨི་ལམ་དང་ཉིན་པར་ཁྱད་མེད་ན། །སྒོམ་པ་ཀློང་དུ་གྱུར་པ་ཡིན། །ཞེས་གསུངས་པ་ལྟར་རོ། །སྤྱོད་པ་འདི་ལ་ཡང་ཕྱིའི་ཚུལ་ནི་དུ་མ་ཡོད་དེ་ཆ་བྱད་ཀྱང་མ་ངེས་ཅིང་གཞན་དང་དྲི་ལན་སོགས་ཀྱི་སྨྲ་བའང་མི་བྱེད་ལ། སྨྲ་བཅད་ཀྱི་བརྟུལ་ཞུགས་ཀྱང་མ་ཡིན་པ་ལྐུགས་པ་ལྟར་སྤྱོད་པ་དང་། མཚན་མར་མི་འཛིན་པ་ཉིད་ཀྱིས་གང་བྱུང་དུ་གཏོང་བ་སྨྱོན་པ་ལྟར་སྤྱོད་པ་དང་། གང་དུ་ཡང་མི་འཛིན་པ་བྱིས་པ་ལྟ་བུའི་སྤྱོད་པ་དང་། ཟ་ཉལ་འཆག་པ་ཙམ་ལས་གཞན་ཅི་ཡང་མི་བྱེད་པ་བྷུ་སུ་ཀུའི་སྤྱོད་པའོ། །དང་པོ་གཉིས་ནི་རྗེ་མི་ལས་


KMC013_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་གསུམ་པར། སྤྱོད་པ་ལ་ཡང་གཉིས་སུ་འདོད། །སྤྱད་དུ་ཡོད་དང་མེད་པ་གཉིས། །སྤྱད་དུ་ཡོད་པའི་དུས་ཙམ་ན། །ལྐུགས་པ་སྨྱོན་པའི་ཚུལ་དུ་སྤྱད། །སྤྱད་དུ་མེད་པའི་དུས་ཙམ་ན། །དེ་ཉིད་སྤྱོད་པའི་མཆོག་ཡིན་ནོ། །ཞེས་གསུངས་ཅིང་། སྤྱོད་བསྡུས་སུ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྨྱོན་པའི་བརྟུལ་ཞུགས་བཤད་པའི་མདོའི་ལུང་དྲངས་པར་ཡང་། སྡིག་པ་མ་ལུས་ལྡན་པ་དང་། །གཏི་མུག་སྡིག་ལ་གནས་པ་ཡང་། །སྨྱོན་པའི་བརྟུལ་ཞུགས་སྤྱོད་པ་ཡིས། །ཟླ་བ་དྲུག་གིས་དོན་ཡོད་འགྲུབ། །ཅེས་སོ། །བྱིས་པ་ལྟ་བུའི་སྤྱོད་པ་ཡང་ལུང་དེ་ཉིད་ཀྱི་གོང་དུ། གང་ཚེ་བརྟན་པར་མི་རྟོག་པ། །གནས་ཅིང་འཇིག་རྟེན་པ་སྤངས་ཏེ། །སྤྱོད་པ་ཐམས་ཅད་བསྡུ་བྱས་ན། །དེ་ལ་དེ་ཚེ་སངས་རྒྱས་གཟིགས། །ཀུན་ཏུ་ཐེ་ཚོམ་ཆོད་པ་ཡི། །རིགས་པས་བྱིས་པ་བཞིན་དུ་སྤྱོད། །ཅེས་སོ། །བྷུ་སུ་ཀུའི་སྤྱོད་པ་ནི། བྷུཉྫ་ཟ་བ། སུ་སུ་མ་གཉིད། ཀུ་ཀུ་ར་བཤང་བ་འདོར་བ་སྟེ། དེ་དག་གི་དང་པོ་བསྡུས་པས་བྷུ་སུ་ཀུ་སྟེ་ཟ་ཉལ་འགྲོ་བའི་འདུ་ཤེས་ལས་གཞན་མི་ཤེས་པར་འོད་གསལ་དུ་གནས་པ་སྟེ། སྤྱོད་བསྡུས་ལས། རིམ་པ་འདིས་བྷུ་སུ་ཀུ་ཙམ་གྱི་སྤྱོད་


KMC013_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སྤྱོད་དོ། །དེའི་རིམ་པ་ནི་འདིའོ། །བྷུ་ཞེས་བྱ་བ་ནི་ཟས་ལ་སྤྱོད་པ་སྟེ་དེ་ཙམ་ཞིག་རྗེས་སུ་དྲན་པ་དང་འདུ་འཛི་སྤོང་བར་བྱེད་ཅིང་དཀའ་ཐུབ་དང་བརྟུལ་ཞུགས་ཞེས་གང་ལའང་བསམ་པར་མི་བྱའོ། །སུ་ཞེས་བྱ་བ་ནི་གཉིད་ལོག་པ་སྟེ་རྣམ་པར་ཤེས་པ་འདི་དག་མ་རིག་པས་ཉེ་བར་མཚོན་པས་མངོན་སུམ་དུ་བྱེད་དོ། །མ་རིག་པ་ལྕགས་ཀྱུ་ལྟ་བུ་དེ་ཉིད་ཀྱིས་རྣམ་པར་ཤེས་པ་གང་ལའང་འདྲེ་བར་མི་བྱེད་དེ་འོད་གསལ་བ་ཉིད་མངོན་སུམ་དུ་བྱེད་ཅིང་དྲི་མ་མེད་པའི་ངོ་བོ་ཉིད་དོ། །ཀུ་ཞེས་བྱ་བ་ནི་བཤང་བར་འགྲོ་བ་སྟེ་བཤང་བ་དང་གཅི་བ་འདོར་བའི་ཕྱིར་རོ། །དེ་ཙམ་ཞིག་རྗེས་སུ་དྲན་པར་བྱེད་ཅིང་འདུ་འཛི་སྤོང་བར་བྱེད་ལ། ལུས་དང་ཚོར་བ་དང་ཡུལ་དང་དབང་པོའི་ངོ་བོ་ཉིད་སེམས་པར་མི་བྱེད་དོ་ཅེས་བཤད་དོ། །སྤྱོད་པའི་མཆོག་འདི་ལ་ནི་ཕྱི་རོལ་གྱི་ཕྱག་རྒྱ་ཡང་མེད་དེ། དུས་ཀྱི་འཁོར་ལོ་ལས་ཀྱང་། ལས་ཀྱི་ཕྱག་རྒྱ་ཡོངས་སྤངས་ཅིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་དོར། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །ཅེས་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་ནི་ལས་ཀྱི་ཕྱག་རྒྱ་ལས་འདས་པར་གསུངས་པའི་ཕྱིར་དང་། སྤྱོད་


KMC013_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ལས། རིམ་པ་འདིས་ནི་ལུང་དང་རིགས་པ་དག་གིས་མངོན་པར་རྟོགས་པའི་ངོ་བོ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ངེས་པར་བྱས་ནས་ཡུམ་ལ་ཞེན་པ་དང་རོལ་པ་ཐམས་ཅད་སྤངས་ཏེ་རིམ་པ་འདིས་བྷུ་སུ་ཀུ་ཙམ་གྱི་སྤྱོད་པ་ལ་སྤྱོད་དོ། །ཅེས་སོ། །འདིར་དམ་ཚིག་ཅི་ཞིག་ཡོད་ཅེ་ན། རྗེ་མར་པས། དགེ་དང་མི་དགེའི་ལས་རྣམས་ལ། །འཇུག་པར་འགྱུར་བ་ལྟ་ཅི་སྨོས། །ཅེས་དང་། འགྲོ་འདུག་བསྐོར་བ་ལ་སོགས་པ། །ལུས་ངག་མཚན་མའི་ཆོས་སྤྱོད་ཀུན། །སྐད་ཅིག་ཙམ་ཞིག་དྲན་ན་ཡང་། །དམ་ཚིག་ཉམས་པར་འགྱུར་བ་ཡིན། །ཞེས་པས་དགེ་མི་དགེ་ལུང་མ་བསྟན་ཅི་ཡང་རུང་སྟེ་མཚན་མའི་རྟོག་པ་དང་དེས་ཀུན་ནས་བསླང་བའི་སྒོ་གསུམ་གྱི་ལས་མཐའ་དག་དོར་བར་བྱའོ། །ལྷུན་གྲུབ་ལྷུག་པ་ཆེན་པོ་འདི་ཉིད་ཞི་ལྷག་དང་འོད་གསལ་དུ་རྣམ་པར་བཞག་པ་ཡང་སྤྱོད་བསྡུས་སུ་དགོངས་པ་ལུང་སྟོན་གྱི་རྒྱུད་ལུང་དྲངས་པ། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བརྗོད་ལ། །མི་བསྐྱོད་ལ་སོགས་རང་བཞིན་དུ། །བརྟགས་པ་དག་ནི་ཞི་གནས་བྱ། །འདི་དག་དངོས་མེད་གྱུར་པ་ཡི། །དེ་བཞིན་ཉིད་ནི་


KMC013_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་བཤད། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པ་ཡིས་སངས་རྒྱས་གཞུག །ཞེས་སོ། །མདོར་ན་སྐབས་དོན་ནི་སྐྱེ་མེད་རླུང་སེམས་གཉིས་མེད་དང་རླུང་འོད་གསལ་དུ་གཞུག་པ་ཁོ་ན་ལ་རྩེ་གཅིག་ཏུ་འབད་པ་ཡིན་ལ། རྗེས་ཐོབ་ནི་ནམ་མཁའ་ལྟ་བུ་སྟེ་དེའི་ཕྱིར་མཉམ་རྗེས་དབྱེར་མེད་པ་ཅེས་ཀྱང་བྱའོ། །སྤྱོད་པ་འདིས་འབྲས་བུ་ཇི་ལྟར་འགྲུབ་པའང་སྤྱོད་བསྡུས་སུ་ལྷ་ཐམས་ཅད་ཡང་དག་པར་བསྡུས་པའི་རྒྱུད་དྲངས་པ། མྱ་ངན་འདས་པ་མི་བཟང་མེས། །ཐལ་བའང་ལུས་པར་མི་འགྱུར་རོ། །དེས་ན་དེ་ནི་དབང་དོན་དུ། །ཁམས་རྣམས་འདིར་ནི་ཡོད་མ་ཡིན། །ཞེས་དྲངས་ཅིང་། འདིར་རྗེ་མར་པས་གཞི་ལམ་གྱི་འོད་གསལ་དབྱེར་མེད་དུ་གྱུར་པ་ལ་སྦྱོར་རོ། །སྨྱོན་པའི་བརྟུལ་ཞུགས་ཀྱི་མདོ་དྲངས་པར་ཡང་། རང་ཉིད་སངས་རྒྱས་ཀུན་མཐོང་ཞིང་། །འདོད་པ་ཀུན་གྱིས་རབ་ཏུ་འགེངས། །ཟད་མེད་གཞོམ་དུ་མེད་པ་དང་། །དང་བའི་ཚེ་ལུས་འབྱུང་བར་འགྱུར། །ཞེས་དང་། སྤྱོད་བསྡུས་ཉིད་ལས། རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་བསད་པར་བྱ་ཞིང་


KMC013_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལ་གཞུག་པར་བྱས་ན་སྐལ་བ་བཟང་པོའི་དངོས་གྲུབ་འཐོབ་པར་འགྱུར་ཏེ། སྤྲོས་པ་དང་བཅས་པའི་སྤྱོད་པ་དང་སྤྲོས་པ་མེད་པའི་སྤྱོད་པ་ལ་ལྟོས་པ་མེད་པར་ཤིན་ཏུ་མྱུར་བར་འདིར་རང་གི་གཟུགས་ཡོངས་སུ་བརྗེ་བར་འགྱུར་རོ། །ཞེས་སོ། །འདི་ལ་དེ་བཞིན་གཤེགས་པའི་སྤྱོད་པ་ཅེས་ཀྱང་བཤད་དེ། རྗེ་ནཱ་རོས་འདུས་པ་རྒྱུད་ཕྱིའི་འགྲེལ་པར། དེ་བཞིན་གཤེགས་པའི་སྤྱོད་པ་ནི་སློབ་དཔོན་གང་དག་གིས་དེ་ཁོ་ན་ཉིད་འདོན་ཞིང་ཟློས་པའི་རིན་པོ་ཆེ་ལྟ་བུའི་སྔགས་པ་དེ་རྣམས་ཀྱི་སྤྱོད་པ་ནི་རྫོགས་པའི་གོ་རིམ་བརྟན་ནས་གང་དག་མཉམ་པར་མ་བཞག་པའི་སྦྱོར་བས་སྤྱོད་པ་དེ་ཉིད་ནི་ཚེ་དེ་ཉིད་ལ་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བ་ཡིན་པའི་ཕྱིར། ཞེས་སོ། །ཡུན་ཟླ་བ་དྲུག་ཏུ་སྤྱིར་བཏང་གིས་གསུངས་ཀྱང་མཐའ་གཅིག་ཏུ་མ་ངེས་པ་སྟེ། སྨྱོན་པའི་བརྟུལ་ཞུགས་ཀྱི་མདོ་ལུང་དེ་ཉིད་ཀྱི་མཇུག་ཏུ། དེ་ལྟར་དམ་ཚིག་ལྡན་གྱུར་ཅིང་། །རྣམ་པར་མི་རྟོག་སྔགས་པ་ཡིས། །དུས་ཀྱི་ངེས་པ་ཡོངས་སྤངས་ནས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །ཞེས་སོ། །མདོར་ན་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་འདི་ནི་སྐྱེས་བུ་དམ་པ་མང་ཞིག་གིས་


KMC013_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ། སློབ་དཔོན་ཞི་བའི་ལྷས་ནཱ་ལེནྡྲར་རྒྱལ་བའི་ལྷ་ལས་རབ་བྱུང་དང་བསྙེན་རྫོགས་ནོད་དེ་སྤྱོད་པ་འདི་མཛད་པས་དགེ་འདུན་རྣམས་ཀྱིས་བྷུ་སུ་ཀུ་པའམ་འདུ་ཤེས་གསུམ་པ་ཅེས་བསྒྲགས་ཅིང་། གནས་ནས་འབྱིན་པའི་ཕྱིར་མདོ་རེ་མོས་ཀྱིས་གཏོན་ནས་གང་གིས་མ་ཐོན་པ་གནས་ནས་དབྱུང་བའི་ཁྲིམས་བཅས་ཏེ། འདོན་པའི་རེས་སློབ་དཔོན་ལ་བབ་པ་ན་ངས་མི་ནུས་ཟེར་མཁན་པོ་ལ་ཞུས་པས། ཁྱེད་རང་གིས་བསྒོས་ཅིག་ཟེར་ཏེ་སླར་མཁན་པོས་གསུང་ངོ་ཞེས་བསྒོས་པས་ཁས་བླངས་ནས། དམའ་དབབ་པའི་ཕྱིར་ཁྲུ་བཅུ་གཉིས་པའི་ཁྲི་བཤམས། སྐྱེ་བོ་ཐམས་ཅད་བསྡུས་པས་ཁ་ཅིག་གིས་མཐོང་། ཁ་ཅིག་གིས་མ་མཐོང་བར་ཁྲི་ཁར་བྱོན་ཏེ། སྔོན་གྲགས་པ་ཅིག་འདོན་ནམ། མ་གྲགས་པ་ཅིག་འདོན་གསུང་བ་ན། མ་གྲགས་པ་འདོན་པར་ཞུས་པས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །ཅེས་སོགས་ཀྱིས་སྤྱོད་པ་ལ་འཇུག་པ་ཤར་གྱིས་གསུངས་ཏེ་ཤེར་ལེའི། གང་ཚེ་དངོས་དང་དངོས་མེད་དག །ཞེས་པའི་ཚེ་སྐུ་ཇེ་མཐོར་གྱུར་ནས་སྐུ་ལུས་མི་སྣང་ཞིང་གསུང་གྲག་པ་ཙམ་གྱིས་བཏོན་ཏེ་ལྷོ་ཕྱོགས་


KMC013_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་དཔལ་ཡོན་ཅན་དུ་གཤེགས་ཅིང་པཎྜི་ཏ་གཟུངས་ཐོབ་པ་རྣམས་ཀྱིས་བསྡུས་པས་སྤྱོད་འཇུག་ཚང་བ་སོགས་ངོ་མཚར་བའི་གཏམ་བདུན་གྱི་རྣམ་ཐར་མངའོ། །དེ་བཞིན་དུ་རྒྱལ་པོ་ཨིནྡྲ་བྷུ་ཏི་དུག་སྦྲུལ་གྱིས་ཟིན་པ་ན་ཆང་ཚོང་མ་བི་ན་ས་ལ་ཌོམྦི་ཧེ་རུ་ཀའི་གདམས་ངག་ཡོད་ཟེར་ནས་བོས་པས་ཆང་བུམ་པ་གང་ཁྱེར་ནས་རིགས་ཀྱི་རྟོག་པ་མ་མཛད་པར་འདི་གསོལ་ཟེར་ཏེ་གསོལ་བས་བསྙུན་དངས་ནས་ཆོས་ཞུས་པ་ན་རྣལ་འབྱོར་མས་རྒྱལ་པོ་འདི་རིགས་ཀྱིས་དྲེགས་པས་བདག་གིས་འདུལ་བར་མི་ནུས་ཀྱིས་བུ་ཞིག་བསྐྲུན་ལ་འདུལ་དུ་གཞུག་གོ་སྙམ་ནས་རྒྱལ་པོ་དང་འདུས་པས་བུ་བྱུང་སྟེ་སངས་རྒྱས་པའི་པཎྜི་ཏ་ཤིན་ཏུ་མཁས་པར་གྱུར་ཏེ་ཆོས་སྟོན་པའི་ཚེ་ཡུམ་གྱིས་ཟས་ཆང་མང་པོ་ཁྱེར་ནས་ཁྱོད་ཀྱི་བུ་སྨད་རྣམས་ལ་ཕྲད་དུ་འོངས་པ་ཡིན་ནོ་ཞེས་གསུངས་པས་པཎྜི་ཏ་ཚུལ་ཁྲིམས་ཀྱིས་ཡུས་ཏེ་བརྒྱལ། སངས་པ་ན་ཡུམ་གྱིས་བུ་སྨད་དུ་འཛིན་པ་དང་མ་བྲལ་བ་དེ་ཀ་བུ་སྨད་ཡིན་མོད་གསུངས་པས་ངེས་ཤེས་སྐྱེས་ཏེ་ཡུམ་ལ་གསང་སྔགས་ཀྱི་གདམས་པ་ཞུས་ནས་སྤྲང་པོའི་ཚུལ་དུ་བྱས་ནས་འཚོ་བ་སྒོོ་རེས་ཀྱིས་བསླངས་ཏེ་སྤྱོད་པ་


KMC013_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མཛད་པ་ལས་ནམ་ཞིག་གི་ཚེ་ཁྱིམ་བདག་གཅིག་གི་སྒོ་དྲུང་དུ་བསླངས་པས་ཅུང་ཞིག་འགོར་ནས་སློབ་དཔོན་གྱིས་འོད་གསལ་གྱི་རྣལ་དུ་ཞུགས། ཁྱིམ་བདག་མོ་དེས་ཀྱང་གཉེར་སད་པ་ན་ཟ་སྟེ་འོང་སྙམ་ནས་འབྲས་ཆེན་མདུན་དུ་བཞག་པས་སློབ་དཔོན་ལོ་བཅུ་གཉིས་འོད་གསལ་ལས་མ་བཞེངས། སྔོན་འབྲས་ཆན་བླང་ངོ་སྙམ་པའི་ཆ་ཡོད་པ་དེས་བྱིན་གྱིས་བརླབས་པར་སོང་ནས་འབྲས་ཆན་དེ་ཡང་ཆུད་མ་ཟོས་ཅིང་རྡུལ་གྱིས་མ་གོས་པར་སྔ་མ་ཇི་ལྟ་བར་འདུག་ལོ་བཅུ་གཉིས་ལོན་པའི་ཚེ་རྒྱལ་པོས་འདི་ངས་བུར་བཟུང་པཎྜི་ཏར་བཅུག་པས་སྤྲང་པོར་འཁྱམས་གྲོང་ཁྱེར་གྱི་སྲང་དུ་འདི་ལྟར་ཉལ་བ་ཞེས་སྨད་ཅིང་ཡོད་པའི་ཚེ་སློབ་དཔོན་བཞེངས་ཏེ་རྒྱལ་པོའི་སྟེང་གི་ནམ་མཁའ་ལ་བྱོན་ནས་རྒྱལ་པོ་ཁྱེད་ཀྱིས་དེ་སྲིད་མཆོད་སྦྱིན་བྱས་སྐྱེད་རྫོགས་བསྒོམས་པ་ལ་ནུས་པ་ཅི་ཡོད། ངས་དེ་སྲིད་གཉིད་ཉལ་བ་ལ་ནི་ནུས་པ་འདི་ཡོད་ཅེས་གསུངས་པས་རྒྱལ་པོ་དད་དེ་སློབ་དཔོན་གྱིས་རྗེས་སུ་བཟུང་སློབ་དཔོན་ཆུ་བོ་ཀོ་ཏམྦྷ་རིའི་ཕར་ཁར་བཞུགས་སུ་གསོལ་ཏེ་བཙུན་མོ་ལྔ་བཅུ་རྩ་གཅིག་པོ་རེ་མོས་ཀྱིས་འཚོ་བ་སྐྱེལ་དུ་བཅུག


KMC013_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་ཐ་མ་དེ་མ་གཏོགས་ཕྱི་པའི་རྣལ་འབྱོར་མ་ཡིན་པས་དེ་རྣམས་ཀྱིས་སྤྲང་པོ་འདིས་རྒྱལ་པོ་ནང་པར་བཅུག་གིས་འདི་བསད་པར་བྱའོ་ཟེར་ནས་ཨོ་རྒྱན་གྱི་མཁའ་འགྲོ་མ་ཕལ་ཆེར་བསྡུས་ཏེ་རྡོ་ཆེན་པོ་འཕངས་པ་རྣམས་སློབ་དཔོན་གྱིས་སྡིགས་མཛུབ་བསྟན་པས་ནམ་མཁར་ལུས་ཏེ་ལཱ་བ་པའི་རྡོ་བརྡུགས་ཅེས་གྲགས་པ་བྱུང་། སློབ་དཔོན་གྱིས་མཁའ་འགྲོ་མ་དེ་རྣམས་ལུག་ཏུ་བྱིན་གྱིས་བརླབས་ནས་བལ་བྲེགས་ཏེ་ལཱ་བའི་ན་བཟའ་མཛད་པས་ལཱ་བ་པར་གྲགས། སྐྱེས་པ་ཀུན་འདུས་ཏེ་བཙལ་བས་བུད་མེད་རྣམས་མ་རྙེད་ནས་རྒྱལ་པོ་ལ་ཞུས་པས་སློབ་དཔོན་ལ་ཞུས་གསུང་སྟེ་ཞུས་པས་ཆད་པ་ཁས་ལེན་ན་གཏོང་གསུང་ནས་ཁས་བླངས་པས་སྣ་ལ་སྣ་བཅུ་ཆུགམགོ་ལ་ལྷམ་གོན་སྦྲུལ་གྱི་ག་ཤ་གྱིས་གསུང་སྐད་དེ་དེ་རྣམས་བྱས་པས་ཡུལ་ཆོས་སུ་སོང་ནས་དེང་སང་ཡང་ཡོད་སྐད། དེས་ན་ཀ་དཔེ་ལས། སློབ་དཔོན་ཆེན་པོ་ལ་བ་པས། །ལོ་ནི་བཅུ་གཉིས་བར་དག་ཏུ། །འོད་གསལ་བ་ལ་གཉིད་ལོག་པས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །ཅེས་བཤད་པ་ཡིན་ནོ། །དེ་བཞིན་དུ་རྒྱ་གར་དུ་རྒྱལ་པོ་ཅིག་གི་བུ་འབྲིང་པོ་ལ་བྲམ་ཟེ་


KMC013_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མཁན་གྱིས་འདི་མ་སྤྱུགས་ན་རྒྱལ་སྲིད་ཉམས་སོ་ཟེར་ནས་ཕྲ་དོག་བྱས་པ་ལ་མཉན་ནས་རྒྱལ་པོས་སྤྱུགས། ཡུལ་གཞན་ཞིག་ན་རྒྱལ་པོ་ཆེན་པོ་ཅིག་གི་ཡི་གེའི་གྲ་ཆེན་པོ་འདུག་པའི་དཔོན་གྱི་བྲན་བྱས་པས་ཡི་གེ་མཁས་པར་ལོབས་ཏེ་རྒྱལ་པོ་དེའི་ཡིག་མཁན་དུ་གྱུར། ཡང་བཙུན་མོ་དང་དུམ་མོ་ཟེར་ནས་ཕྲ་མ་བྱུང་སྟེ་བསྐྲད་ནས་ལྷོ་ཕྱོགས་སུ་ཕྱིན་པས་ལུས་ངལ་ཏེ་ཤིང་སྡོང་ཞིག་གི་དྲུང་དུ་འདུག་ནས་རང་ལ་ཡི་མུག་སྟེ་སྡུག་བསྔལ་བའི་ཚེ་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་འབྲུག་སྒྲ་ལྟ་བུ་ཞིག་བྱུང་མ་ཐག་རྣལ་འབྱོར་པ་ཐིང་ནག་འཇའ་འོད་ཀྱི་ནང་ན་བཞུགས་པ་ཅིག་མདུན་གྱི་ནམ་མཁར་བྱུང་ན་སྤྱི་བོར་ཕྱག་བཞག་སྟེ་བྱིན་གྱིས་བརླབས་པ་ཙམ་གྱིས་རྟོགས་པ་ཁྱད་པར་ཅན་སྐྱེས་ཏེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་ལོ་བཅུ་གཉིས་ཀྱི་བར་དུ་འདི་སྐྱོངས་ཅིག་གསུང་སྟེ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་བུས་འཚོ་བ་ཇི་ལྟར་བྱ་སྙམ་པ་ན་ཆུ་བོ་ཆེན་པོ་ཅིག་གི་འགྲམ་ན་ཉ་པ་ལྔ་བརྒྱ་ཙམ་གྱིས་ཉིན་རེ་ཞིང་ཉ་དཔག་མེད་བསད་ནས་རྒྱུ་ལྟོ་རྣམས་ས་ལ་འདོར་བར་མཐོང་ནས་དེའི་རྒྱུ་ལྟོ་ལ་འཚོ་བ་བྱས། ཆུ་བོའི་འགྲམ་རི་བོ་ཆེན་པོ་


KMC013_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གི་སྣ་ན་གད་པའི་སྐྱིབས་འདུག་པར་ཕུག་པ་བྱས་ཏེ་ལོ་བཅུ་གཉིས་སུ་བསྒྲུབས་པས་མཆོག་ཐོབ་ཏུ་ཉེ་བའི་ཚེ་གནོད་སྦྱིན་རྣམས་ཀྱིས་བར་ཆད་བྱ་བའི་ཕྱིར་སེར་བ་ཆེན་པོ་ཞག་དུ་མར་ཕབ་ནས་རི་དེ་གངས་རི་ལྟ་བུར་བྱས་པ་ཞུ་བས་རི་སྣའི་གད་པ་ཆད་ནས་ཆུ་ནང་དུ་ལྷུང་བ་ན་སློབ་དཔོན་ཉ་ཆེན་པོ་ཅིག་གིས་མིད། དེར་ལོ་དུ་མ་སོང་བ་ན་ཉ་དེ་ཉ་པས་ཟིན་ཏེ་བཤས་པས་ནང་ནས་སློབ་དཔོན་བྱུང་། དེར་ཁོང་རྣམས་ཀྱིས་འདི་ནི་ཀླུའི་བུའོ་ཟེར་ནས་རོལ་མོ་མང་པོ་བསྒྲགས། དེའི་ཚེ་སློབ་དཔོན་ཏིང་ངེ་འཛིན་ལས་བཞེངས་ནས་སྔར་གྱི་ལོ་རྒྱུས་ཕན་ཚུན་དུ་བསྙད་པས་ཉའི་རྒྱུ་ལྟོ་གསོལ་བ་དང་ཉའི་ལྟོ་ནས་བྱུང་བ་གཉིས་ཀའི་རྒྱུ་མཚན་ལས་ལོ་ཧི་པ་ཞེས་སམ་བོད་སྐད་ལ་ཉ་ལྟོ་པ་ཅེས་གྲགས་པ་ཡིན་ནོ། །བོད་ཡུལ་དུའང་ཇོ་བོའི་སློབ་མ་རྣལ་འབྱོར་པ་ཕྱག་ཁྲི་མཆོག་ཁོ་བོ་མཚམས་ཆེན་པོ་ཅིག་བྱེད་པར་ཞུ་གསུང་ནས་ར་སྒྲེང་གི་ཤུགས་གསེབ་ཏུ་བྱོན་ཏེ་མདོ་ལོང་མདོ་ལོང་དུ་བཞུགས་ཅིང་རྔོག་ལེགས་ཤེས་སྔོན་ཤིན་ཏུ་ཐུགས་བཅུགས་པའི་དབང་གིས་ཆེད་དུ་གསང་ཕུ་ནས་བྱོན་པས་ཀྱང་ཁོ་བོ་ལ་མིའི་ཏིག་པོ་ཙམ་མི་བདོག་པས་ཐུགས་མི་བས་


KMC013_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུ་གསུང་སྟེ་ནགས་གསེབ་ཅིག་ལ་འཇུར་གྱིས་བཞུད་སྐད། དེ་ལྟ་བུ་ལོ་འགའ་ཞིག་མཛད་པའི་མཐར་འབྲོམ་གྱིས་བདུད་རྩི་ཐོད་པ་གང་སྤྱན་སྔ་བ་ལ་བསྐུར་ནས་འདི་རྣལ་འབྱོར་པ་ལ་དྲོངས་གསུང་སྐད། དེས་དེ་དྲངས་པས་ཁྲོག་གིས་གསོལ། སྤྱན་ནམ་མཁའ་ལ་ཧྲིག་བྱས་ནས་ཌཱ་མ་རུ་ཅིག་སྐུ་རྐེད་ནས་བཏོན་ཏེ་ཁྲོལ་གྱིས་དཀྲོལ་ཏེ་དེ་ཉིད་དུ་མཁའ་སྤྱོད་དུ་གཤེགས་སྐད། ལོཙྪ་བ་རིན་ཆེན་བཟང་པོ་ཡང་ཇོ་བོས། རིན་ཆེན་རིན་ཆེན་སྦས་ན་བཟང་། །བཟང་པོ་བཟང་པོ་སྦས་ན་བཟང་། །གསུང་བས་ཉེ་རྒྱུའི་སྒྲུབ་པ་མཛད་དེ་སྒོ་ཕྱི་མ་ལ་འདི་ཕྱིན་ཆད་དུ་ཆོས་མིན་གྱི་རྣམ་པར་རྟོག་པ་སྐྱེས་ན་མཁའ་འགྲོ་ཆོས་སྐྱོང་གིས་དེ་མ་ཐག་ཏུ་ཆད་པ་ཆོད་ཅིག་བྱ་བ་བྲིས། བར་པ་ལ་རང་དོན་ཡིད་བྱེད་ཀྱི་བློ་ཞེས་དང་། ནང་མ་ལ་ཐ་མལ་གྱི་རྟོག་པ་དང་མཚན་འཛིན་གྱི་རྟོག་པ་སྐྱེས་ན་ཞེས་སྔར་ལྟར་སྦྱར་བ་བྲིས་ཏེ་ལོ་དགུར་སྤྱོད་པ་འདི་མཛད་པས་སྐུ་ལུས་འདིས་མཁའ་སྤྱོད་དུ་བཤེགས་སོ། །རྗེ་མར་པའི་ཆིབས་ཁ་བ་བླ་མ་ལྷོ་པ་རྟ་སྒོམ་དང་། རྗེ་མི་ལའི་སློབ་མ་ཐུགས་སྲས་ཞི་བ་འོད་དང་། ཁྱི་ར་རས་པ་དང་། རས་ཆུང་མ། སལ་ལེ་


KMC013_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འོད། ལྕམ་པེ་ཏ། དཔལ་དར་སྐྱིད་དེ་རྣལ་འབྱོར་མ་བཞི་སྟེ་དྲུག་པོ་ཡང་སྤྱོད་པ་འདི་མཐར་ཕྱིན་པས་མངོན་སུམ་དུ་མཁའ་སྤྱོད་དུ་གཤེགས་སོ། །དེ་ལ་སོགས་པ་ཁྱད་པར་སྒྲུབ་རྒྱུད་འདི་ལ་སྦས་པའི་རྣལ་འབྱོར་པའི་ཚུལ་ཅན་སྤྱོད་པ་འདི་མཐར་ཕྱིན་པས་ཚེ་འདིའམ་འཆི་སྲིད་དུ་འོད་གསལ་ཆོས་སྐུར་སངས་རྒྱས་པ་ནི་བགྲང་བར་མི་ནུས་པ་ཅིག་བྱོན་པ་ཡིན་ནོ། །དབང་པོ་རབ་ནི་སྤྱོད་པ་འདི་ཁོ་ནས་འོད་གསལ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་དུ་འགྱུར་ལ། གལ་ཏེ་མཐུན་རྐྱེན་མ་ཚང་བའི་དབང་གིས་འོད་གསལ་ཆེན་པོ་དངོས་ཐོབ་པར་མ་ནུས་ན་ནི་སླར་གྲུབ་པའི་སྤྱོད་པ་ཕྱོགས་ལས་རྣམ་རྒྱལ་དང་ཚོགས་སྤྱོད་ཟུང་དུ་འཇུག་པས་སྤྱོད་པ་འདིའི་ཚར་ཕྱིན་པར་བྱས་ནས་འཆི་སྲིད་དམ་བར་སྲིད་དུ་འོད་གསལ་ཆེན་པོ་མངོན་དུ་བྱེད་པ་ཡིན་ནོ། །ཕྱི་མ་འདིའི་དབང་དུ་མཛད་ནས་དཔལ་རང་བྱུང་གིས། སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱིས། །རྗེས་དྲན་ཡན་ལག་སྦྱངས་བྱས་ནས། །ཏིང་འཛིན་ཡེ་ཤེས་སྦྱོར་བ་ནི། །ཕྱོགས་ལས་རྣམ་རྒྱལ་གྱིས་འགྲུབ་སྟེ། །གཞན་དོན་ཚོགས་ཀྱི་སྤྱོད་དང་བཅས། །ཅེས་གསུངས་པ་ཡིན་ལ། སྔ་མའི་དབང་དུ་མཛད་ནས་


KMC013_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལྔ་ལས་འོད་གསལ་གྱི་རིམ་པའི་སྐབས་སུ། དེ་ལྟར་གང་གནས་རྣལ་འབྱོར་པ། །ཟུང་འཇུག་རིམ་ལ་གནས་པ་སྟེ། །དེ་ནི་ཀུན་མཁྱེན་དེ་ཉིད་མཐོང་། །སྣ་ཚོགས་འཛིན་ཞེས་བརྗོད་པ་ཡིན། །སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །ཞེས་སོགས་དང་། རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡང་། །རྫོགས་པའི་རིམ་གནས་དེ་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །གཉིས་སུ་མེད་པར་དེ་བཤད་དོ། །ཅེས་དང་། གངྒའི་ཀླུང་གི་བྱེ་མ་དག །སངས་རྒྱས་རྣམས་ཀྱིས་འདི་ཉིད་དག །ཐུགས་ཆུད་ཡོད་མེད་ཕྱོགས་སྤངས་པ། །ཕྱག་རྒྱ་ཆེན་པོར་བདག་ཉིད་གྲུབ། །ཟུང་འཇུག་གོ་འཕང་ལ་གནས་པ། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་གོམས་གྱུར་པས། །སྤྱོད་པའང་དེ་ཉིད་གཉིས་སུ་མེད། །ཅེས་གསུངས་པ་སྟེ། དེས་ན་དཔལ་རང་བྱུང་ཞབས་ཀྱིས་ནི་སྤྱོད་པ་རིམ་ཅན་དུ་བྱེད་པ་ལ་དགོངས་པ་ཡིན་ནོ། །སྤྱོད་པ་འདི་ལ་ཡང་སྤྲོས་བཅས་དང་སྤྲོས་མེད་སྔོན་དུ་འགྲོ་དགོས་པར་ཡང་མ་ངེས་ཏེ། སྤྱོད་བསྡུས་ལས། སྤྲོས་བཅས་དང་སྤྲོས་མེད་ཀྱི་སྤྱོད་པ་ལ་མ་ལྟོས་པར། ཞེས་སོ། །དེ་ནས་


KMC013_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་ཚོགས་སྤྱོད་ཆེན་པོ་བཤད་པར་བྱའོ། །དེ་ཡང་སྤྲོས་བཅས་སམ་སྤྲོས་མེད་དམ་ཤིན་ཏུ་སྤྲོས་མེད་གསུམ་པོ་རིམ་ཅན་ནམ་གཉིས་སམ་གཅིག་ཁོ་ནས་ཀྱང་རུང་སྟེ། དེ་ལས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་དང་པོ་ཐོབ་ནས་སངས་མ་རྒྱས་ཀྱི་བར་དུ་སྤྱོད་པ་འདི་གཉིས་ཟུང་འབྲེལ་དུ་བྱ་སྟེ། དེ་ཡང་བཞི་པ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ནི། རང་དོན་མངོན་དུ་གྱུར་པའི་ཆ་ནས་གཙོ་བོར་བཞག་སྟེ་བདུད་བཞི་དང་ཐེག་དམན་གྱིས་མི་རྫི་བར་སྤྱོད་པ་ཡིན་ལ། ལྔ་པ་ཚོགས་སྤྱོད་ནི། གཞན་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཆ་ནས་གཙོ་བོར་བཞག་སྟེ་ཕྲིན་ལས་བཞིས་གདུལ་བྱ་སྨིན་གྲོལ་དུ་བྱེད་པའོ། །དེ་ཡང་བློའི་འཛིན་པ་ཟད་པས་ལྟ་བ་དང་གྲུབ་པའི་མཐའ་ཐམས་ཅད་མངོན་པར་ཞིག་པའི་ཕྱིར་ལྟ་བ་ལས་རྣམ་པར་རྒྱལ་བ་དང་། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་པ་ལྟར་ལས་དབང་གིས་སྐྱེ་རྒ་ན་འཆི་དང་བྲལ་བས་འཆི་བདག་བཅོམ་པ་དང་། ཉོན་


KMC013_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་དང་ཉེ་བའི་ཉོན་མོངས་པ་ཡོངས་སུ་དག་པའི་ཕྱིར་ཉོན་མོངས་ཀྱིས་མི་རྫི་བ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྡོ་རྗེའི་སྐུ་གསུང་ཐུགས་སུ་དག་པའི་ཕྱིར་མ་དག་པའི་ཕུང་པོ་དང་བྲལ་བ་དང་། ཡོན་ཏན་ལ་མཆོག་ཏུ་འཛིན་པ་མེད་པས་རློམ་སེམས་ཐམས་ཅད་ཟད་པའི་ཕྱིར་ལྷའི་བུའི་བདུད་ཀྱིས་མི་རྫི་བ་སྟེ་བདུད་བཞི་ལས་རྣམ་པར་རྒྱལ་བ་དང་། ཐེག་པ་ཐམས་ཅད་རྡོ་རྗེའི་ཚུལ་ཆེན་པོ་གཅིག་ཏུ་འདུ་བར་རྟོགས་པས་ཐེག་དམན་ལས་རྒྱལ་བ་སྟེ་རྣམ་པར་རྒྱལ་བ་གསུམ་དང་ལྡན་པའི་ཕྱིར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ལ་གནས་པ་ཅེས་བྱའོ། །དེའི་ཚེ་རྟགས་དང་ཡོན་ཏན་ཐམས་ཅད་རྫོགས་ཀྱང་རློམ་སེམས་ཟད་པ་དང་སེམས་ལ་དབང་ཐོབ་པའི་མཐུས་སངས་རྒྱས་རྣམས་ཚུར་འབྱོན་པ་དང་བདག་ཉིད་གར་འགྲོ་བར་བསྒོམ་པའི་ལམ་བགྲོད་དེ་མྱུར་དུ་འཚང་རྒྱ་བ་ནི་ཆོས་ཉིད་ཡིན་པར་དཔལ་རང་བྱུང་གིས་གསུངས་སོ། །ཁ་ཅིག་གིས་མ་རིག་པ་སངས་པས་གཉིད་ལས་རྒྱལ་བ་དང་། དུག་ཟོས་ཀྱང་བདུད་རྩིར་འགྱུར་བས་ཟས་ལས་རྒྱལ་བ་དང་། ཟག་བཅས་ཀྱི་རླུང་འགགས་པས་རླུང་ལས་རྒྱལ་བ་


KMC013_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཁོར་འདས་ཐམས་ཅད་ལ་ཕྱོགས་རིས་མེད་པས་ཕྱོགས་ལས་རྣམ་པར་རྒྱལ་བ་སྟེ་རྣམ་པར་རྒྱལ་བ་བཞི་འབྱུང་ངོ་ཞེས་ཟེར་བ་ལ། དཔལ་རང་འབྱུང་གིས། དེ་ནི་ཕྱི་རོལ་གྱི་དྲང་སྲོང་ཁ་ཅིག་ལ་ཟས་དང་གོས་དང་འདོད་པའི་ཁམས་ཀྱི་བདེ་བ་ཡང་སྤངས་པ་ཡོད་པར་ཡང་མངོན་ནོ། །དེས་ན་དེ་དག་ལ་རྣམ་པར་རྒྱལ་བའི་སྤྱོད་པར་མི་བསམ་མོ། །ཞེས་བཤད་དོ། །དེས་ན་གཉིད་དང་ལས་རླུང་གི་རྒྱུ་བ་དངོས་སུ་མེད་པ་ནི་ཁམས་གོང་མ་གཉིས་ཀ་ལ་ཡོད་ལ། དུག་བདུད་རྩིར་བསྒྱུར་ནུས་པ་ནི་ཕྱི་རོལ་པའི་སྔགས་གྲུབ་པ་དང་ནམ་མཁའ་ལྡིང་གྲུབ་པ་སོགས་ལ་ཡོད་ཅིང་། འཁོར་འདས་ཐམས་ཅད་ལ་ཕྱོགས་རིས་མེད་པས་ཅེས་པའི་ཚིག་ཙམ་པོ་བ་དེ་ནི་ཅི་ལྟ་བུ་ལ་བསམས་ཀྱང་མ་དཔྱད་ན་གོ་བར་མི་ནུས་པས་དེ་དག་གིས་ནི་སྤྱོད་པ་འདིའི་སྐབས་དོན་དུ་མི་འགྱུར་རོ། །སྤྱོད་པ་འདི་ལ་གནས་པས་གདུལ་བྱའི་ཁམས་དང་བསམ་པ་དང་མོས་པ་དང་དབང་པོ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་སྨིན་པ་དང་གྲོལ་བར་བྱེད་པའི་ཕྲིན་ལས་འབྱུང་བ་ནི་ཆོས་ཉིད་དེ་སྒྱུ་མའི་སྐྱེས་བུ་སྒྱུ་མའི་དམག་ཚོགས་ཀྱི་ནང་ན་སྤྱོད་པ་ལྟར་མངོན་པར་


KMC013_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞེན་ཞིང་རློམ་སེམས་ཟད་པའི་ཕྱིར་དེ་ནི་ཚོགས་སྤྱོད་ཆེན་པོ་ཅེས་དཔལ་རང་བྱུང་ཞབས་ཀྱི་བཞེད་པ་སྟེ། ཕྱོགས་ལས་རྣམ་རྒྱལ་གྱིས་འགྲུབ་སྟེ། །གཞན་དོན་ཚོགས་ཀྱི་སྤྱོད་པ་བཅས། །ཅེས་སོ། །འདི་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཅེས་ཀྱང་བཤད་དེ། འདུས་པ་རྒྱུད་ཕྱིའི་འགྲེལ་པར། སྤྱོད་པ་དེ་ལ་ཡང་གཉིས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་འཇིག་རྟེན་དང་འགལ་ན་ཡང་རུང་མི་འགལ་ན་ཡང་རུང་རྣམ་པ་གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་བའི་རྣམ་པ་དེ་དང་དེས་སྔགས་པ་རྣམས་ནི་ནུས་པར་རབ་ཏུ་འཇུག་པའོ། །ཞེས་སོ། །སྤྱིར་གསང་སྤྱོད་ཀྱི་མཇུག་ཐོགས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་ནུས་མི་ནུས་ཉམ་སད་པའི་ཕྱིར་ཁྲོམ་ཆེན་པོ་སོགས་དང་གཡེང་བ་ཆེན་པོའི་སར་ཕྱིན་ཏེ་རྐྱེན་གྱིས་གནོད་མི་གནོད་བརྟག་ཞིང་རྐྱེན་དང་བསྲེ་བ་ལ་ཚོགས་སྤྱོད་དུ་བཤད་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པའི་འོག་ཏུ་མ་ཆགས་པ། མི་ཁྲོ་བ། མི་ཞུམ་པ། མི་རྟོག་པ་སྟེེ་བཞི་དང་ལྡན་པས་གདོལ་པའམ་རིགས་ངན་ནམ་མུ་སྟེགས་ཀྱིས་མཆོད་སྦྱིན་གྱི་གནས་སམ་རྒྱལ་པོ་གདུག་པ་ཅན་གྱིས་མདུན་ལ་སོགས་


KMC013_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་ཚོམས་སུ་སྤྱད་པས་དེ་དག་གིས་རྒོལ་བ་དང་གཤེ་བ་དང་རྡེག་པ་སོགས་འབྱུང་བ་ལ་བསྲེས་ཏེ་སྤྱད་པས་ནགས་ཆེན་པོ་ལ་མེ་མཆེད་པ་ལྟར་ཏིང་འཛིན་གྱི་གྲོགས་སུ་འགྲོ་ན་འབྱོངས་པར་འཇོག་སྟེ་དེ་ལ་ཚོགས་སྤྱོད་དུ་བཤད་པའི་སྐབས་ཀྱང་ཡོད་ལ། དེའི་ཚེ་ནི་དེ་གཉིས་ལ་ཚོགས་སྤྱོད་ཆུང་འབྲིང་དང་། གཞན་དོན་མཐའ་ཡས་པར་གྲུབ་ཀྱང་རློམ་པ་མེད་ཅིང་ལོ་བྱེ་བར་གཞན་དོན་བྱས་པས་གང་ཟག་གཅིག་གིས་ཀྱང་ཆོས་མ་རྟོགས་ན་ཡང་ཞུམ་པ་ལ་སོགས་པའི་རློམ་སེམས་མེད་པ་འདི་ནི་ཚོགས་སྤྱོད་ཆེན་པོར་འཇོག་གོ། །ཡང་ཁ་ཅིག་གིས་ཀུན་བཟང་གི་སྤྱོད་པ་ཕྱོོགས་ལས་རྣམ་རྒྱལ་གྱི་སྤྱོད་པའི་མཐར་བཤད་ནས། ཕར་ཕྱིན་ཐེག་པར་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བསླབས་ནས་སླར་བྱང་སེམས་ཀྱི་སྤྱོད་པ་གཞན་བསླབ་ཏུ་མེད་པ་ལྟར་འདོད་པར་སྣང་ལ། དེའི་ཚེ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ནི་ཟས་ལས་རྒྱལ་བ་སོགས་བཞིར་བྱས་ནས། འདིར་བཤད་པའི་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའི་ཡོན་ཏན་རྣམས་ནི་ཀུན་བཟང་གི་སྤྱོད་པ་ལ་སྦྱོར་བར་གནང་མོད། དཔལ་རང་བྱུང་གི་བཞེད་པ་འདི་ཉིད་ཚད་མར་གྱུར་པའོ། །སྤྱིར་སྤྱོད་


KMC013_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོ་རིམ་འདི་ཁོ་ན་བྱེད་པར་ནི་མ་ངེས་ཏེ། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་རྣམས་ཀྱི་འཇུག་པ་ནི་ཚད་བཟུང་དུ་མེད་པའི་ཕྱིར་དང་། ལོ་ཧི་པ་དང་ལཱ་བ་པ་དང་ཞི་བའི་ལྷ་རྣམས་ཐོག་མ་ནས་ཤིན་ཏུ་སྤྲོས་མེད་ཁོ་ན་ལ་ཞུགས་ཏེ་དེའི་སྒོ་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་མཛད་པ་དང་། དཔལ་ས་ར་ཧ་ལྟ་བུ་སྤྲོས་བཅས་ཀྱི་སྤྱོད་པ་དང་ཚོགས་སྤྱོད་ཆེན་པོ་ལྷན་ཅིག་པར་གྲུབ་པ་དང་། བཱིཪྭ་པ་ལྟ་བུ་ས་དྲུག་པ་ཐོབ་ནས་བརྟུལ་ཞུགས་ཀྱི་སྒོ་ནས་ཚོགས་སྤྱོད་མཛད་པ་དང་། ཌོམྦཱི་ཧེ་རུ་ཀ་མཆོག་གི་དངོས་གྲུབ་ཐོབ་ནས་སླར་གདུལ་བྱའི་དབང་གིས་དུར་ཁྲོད་དུ་ཡུམ་དང་བཅས་པས་སྤྲོས་མེད་ཀྱི་སྤྱོད་པའི་ཚུལ་མཛད་ཅིང་། སླར་ཉན་ཐོས་རྣམས་ཀྱི་མཆོད་རྟེན་གོ་ཟློག་པ་དང་སྟག་ལ་ཆིབས་པ་སོགས་བརྟུལ་ཞུགས་དང་འབྲེལ་བས་ཚོགས་སྤྱོད་ཀྱི་ཚུལ་མཛད་པ་དང་། མགོན་པོ་ཀླུ་སྒྲུབ་མཆོག་གི་དངོས་གྲུབ་བརྙེས་ནས་སླར་གཞོན་ནུ་ནུས་ལྡན་ལ་དབུ་སྦྱིན་པར་གཏོང་བ་སོགས་མཚན་ཉིད་ཀྱི་བྱ་དཀའི་སྦྱིན་པ་ལ་ཞུགས་པ་དང་། ཌོམྦཱི་ཧེ་རུ་ཀ་ཆེན་པོ་དང་རྒྱལ་བུ་ས་ཀ་ར་སོགས་བླ་མ་དང་མཁའ་འགྲོས་བྱིན་གྱིས་བརླབས་པའི་མོད་ལ་


KMC013_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་པོ་གྲུབ་སྟེ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་གྱུར་པས་འཇིག་རྟེན་གྱི་ཐ་སྙད་དུ་སྤྱོད་པ་དེ་དག་གང་ཡང་མཛད་མ་དགོས་པ་སོགས་མཐའ་ཡས་པ་ཡིན་པས་ཕྱོགས་གཅིག་ཏུ་བསམ་པར་ནི་མི་བྱའོ། །ཁྱད་པར་སྒྲུབ་རྒྱུད་རིན་པོ་ཆེ་འདིའི་སྐྱེས་བུ་དམ་པ་ཕལ་ཆེར་ནི་ཐོག་མར་སྲིད་ཞིའི་དངོས་གྲུབ་གཞན་ཐམས་ཅད་ལ་རེ་བ་རྡུལ་ཙམ་ཡང་མེད་པས་ཕྱག་རྒྱ་ཆེན་པོ་གཉུག་མའི་རྣལ་འབྱོར་ཁོ་ན་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་བསྒྲུབས་ཏེ་སྤྲོས་བྲལ་གྱི་རྟོགས་པ་བརྟན་པར་གྱུར་པ་ན་སྣང་སེམས་རོ་གཅིག་ཏུ་བསྲེ་བའི་ཕྱིར་རྐྱེན་སྣང་ཐམས་ཅད་ལ་རོ་སྙོམ་པའི་བརྟུལ་ཞུགས་ཀྱི་སྤྱོད་པའང་ཆ་བྱད་དང་གྲོགས་ལ་མ་ལྟོས་པར་ཅུང་ཟད་མཛད་དེ་རོ་གཅིག་གི་རྟོགས་པ་མཐར་ཕྱིན་ཞིང་སྒོམ་མེད་ཀྱི་ཀླུངས་སུ་ཕེབས་པའི་ཚེ་ཕྱི་ལྟར་སྤྲོས་མེད་ཀྱི་སྤྱོད་པའི་ཚུལ་གྱིས་ཕྱོགས་ལས་རྣམ་པར་རྒྱལ་བ་ཚོགས་སྤྱོད་ཆེན་པོ་མཛད་པ་ཤ་སྟག་ཡིན་ཏེ། སོ་སོའི་མཛད་པའི་རྣམ་ཐར་དང་སྦྱར་ན་ཤིན་ཏུ་གསལ་ཞིང་ཡིད་ཆེས་པར་འགྱུར་མོད་ཀྱང་འདིར་ཡི་གེས་འཇིགས་སོ། །དེ་ལྟར་སྤྲོས་མེད་གཉིས་ཕྱོགས་ལས་རྣམ་པར་རྒྱལ་བ་ཚོགས་


KMC013_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཆེན་པོ་དང་བཅས་པ་འདིས་ནི་མདོ་སྔགས་ཐུན་མོང་དུ་རྫོགས་སྨིན་སྦྱང་གསུམ་དང་། ལམ་གྱི་རྣམ་པ་ཐམས་ཅད་ཚར་ཕྱིན་ཞིང་སྔགས་ཀྱི་ཡན་ལག་དྲུག་ལས་རྗེས་ཏིང་དང་། ཆོས་དྲུག་ལས་སྒྱུ་ལུས་དང་འོད་གསལ་གྱི་རྣལ་འབྱོར་དང་གཏུམ་མོའི་འདྲེས་མའི་རྣལ་འབྱོར་མཐར་ཕྱིན་པ་སྟེ། ཡིད་དང་ཐིག་ལེ་དང་ཆ་མཉམ་རག་པ་ལམ་དུས་ཀྱི་ཐུགས་རྡོ་རྗེ་དང་ཡེ་ཤེས་རྡོ་རྗེ་གྲུབ་པ་ཡིན་ལ། ཐུགས་ཀྱི་དཀྱིལ་འཁོར་དང་ཡེ་ཤེས་སམ་སྙིང་པོའམ་བདེ་ཆེན་གྱི་དཀྱིལ་འཁོར་དུ་ཞུགས་པ་ཡིན་ནོ། །སྤྱོད་པ་དེ་ཐམས་ཅད་ཀྱང་ས་མཚམས་ཀྱི་སྒོ་ནས་རིས་བསྡུས་ན་ཇི་སྲིད་སྔགས་ལ་ཞུགས་ནས་ཀུན་བཟང་གི་སྤྱོད་པ་ལ་མི་འཇུག་པ་དེ་སྲིད་ནི་ལས་དང་པོ་པ་ཅེས་བྱ་སྟེ། དྲང་བའི་དོན་ཅན་གྱི་དམ་ཚིག་རྣམས་ཡང་དག་པར་སྲུང་ཞིང་དེའི་མོས་པའི་དོན་རྣམས་ལ་མོས་པས་འཇུག་ལ། བཟའ་བ་དང་ཆ་བྱད་ཀྱི་དམ་ཚིག་རྣམས་ནི་ཡུལ་དུས་དང་རང་གི་རྟེན་ཇི་ལྟ་བའི་ཐ་སྙད་དང་མི་འགལ་བར་འཇུག་པ་སྟེ། དྲི་མེད་འོད་ལས། དེའི་ཕྱིར་ལས་དང་པོ་པས་ཡུལ་གྱི་ཐ་སྙད་ཀྱིས་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་དང་རིགས་དང་


KMC013_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མ་ཡིན་པ་ལ་མངོན་པར་བགྲོད་པ་ཡང་བྱ་སྟེ། ཡུལ་ལ་ལ་ན་ཐོད་པ་ཅན་གྱི་ཐོད་པའི་ཆུས་རྣམ་པར་དག་པར་འགྱུར་རོ། །ཞེས་སོགས་ནས། དེའི་ཕྱིར་ལས་དང་པོ་པ་སྔགས་དང་བསམ་གཏན་སྒྲུབ་པ་ལ་མངོན་པར་དགའ་བས་སྔགས་གྲུབ་པའམ་ཡེ་ཤེས་གྲུབ་པར་མ་གྱུར་གྱི་བར་དུ་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་ཐ་སྙད་བྱའོ། །ཞེས་སོ། །ཀུན་བཟང་དང་གསང་སྤྱོད་དང་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གནས་པ་ནི་རྣལ་འབྱོར་པ་སྟེ། དང་པོ་གཉིས་ཀྱི་ཚེ་བཟའ་སྲུང་གི་དམ་ཚིག་རྣམས་རབ་ཏུ་གསངས་ནས་བསྟེན་ཏེ། བརྟག་གཉིས་ལས། མ་གསངས་སྦྲུལ་དང་ཆོམ་རྐུན་དང་། །ས་སྤྱོད་མེ་ཡིས་སྡུག་བསྔལ་བྱེད། །ཅེས་སོ། །དྲི་མེད་འོད་དུ་ནི་འདི་གཉིས་ཀྱང་ལས་དང་པོ་པར་བསྡུས་པ་ཡིན་ནོ། །བརྟུལ་ཞུགས་ཀྱི་ཚེ་ནི་སྐྱེ་བོའི་སྣང་ངོར་དངོས་སུ་བསྟེན་ཞིང་ནུས་པས་མ་དད་པ་ལྡོག་པ་སྟེ། དྲི་མེད་འོད་ལས། དེ་ནས་རང་གི་འདོད་པས་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་དང་། བགྲོད་པར་བྱ་བ་དང་བགྲོད་པར་བྱ་བ་མ་ཡིན་པ་དང་། བཏུང་བར་བྱ་བ་དང་བཏུང་བར་བྱ་བ་མ་ཡིན་པ་བྱ་སྟེ། དེ་ལ་སུས་ཀྱང་གནོད་པ་བྱ་བར་མི་ནུས་


KMC013_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་ལས་དང་པོ་པ་ནི་སྔགས་གྲུབ་པ་ན་རྣལ་འབྱོར་པར་འགྱུར་རོ། །ཞེས་དང་། འདིར་རྣམ་པར་དག་པའི་སེམས་ཀྱིས་རྣལ་འབྱོར་པ་ནི་མེ་ལ་རབ་ཏུ་འཇུག་སྟེ། མེས་འཚིག་པར་མི་འགྱུར་རོ། །གླང་པོ་ཆེའི་དབང་པོ་མྱོས་པ་རེངས་པར་བྱེད་དེ། གླང་པོ་ཆེའི་དབང་པོ་མྱོས་པས་གསོད་པར་མི་འགྱུར་རོ། །སེང་གེ་དང་སྟག་ལ་སོགས་པ་ལ་ཞོན་པར་བྱེད་དེ། སེང་གེ་དང་སྟག་ལ་སོགས་པས་རྣམ་པར་འཇོམས་པར་མི་འགྱུར་རོ། །བྱ་རོག་གིས་བཏུང་བར་བྱ་བའི་ཀླུང་དུ་རབ་ཏུ་འཇུག་སྟེ། ཀླུང་གི་རྒྱུན་གྱིས་འཁྱེར་བར་མི་འགྱུར་རོ། །དུག་ཟ་བར་བྱེད་དེ། དུག་གིས་བརྒྱལ་བར་མི་འགྱུར་རོ། །རལ་གྲི་ལ་སོགས་པའི་མཚོན་ཆ་རྣམས་ཟ་བར་བྱེད་དེ། མཚོན་ཆ་རྣམས་ཀྱིས་ཁ་ལ་གཅོད་པར་མི་འགྱུར་རོ། །དེ་བཞིན་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་བྱེད་ཅིང་རང་དང་གཞན་གྱི་གཟུགས་ཡོངས་སུ་བསྒྱུར་བར་བྱེད་དོ། །རྣལ་འབྱོར་པའི་བྱ་བ་རྣམ་པ་དེ་ལྟ་བུ་རྣམས་ཏེ། ལས་དང་པོ་པས་བྱེད་པ་ནི་མ་ཡིན་ནོ། །ཞེས་སོ། །ཕྱོགས་ལས་རྣམ་རྒྱལ་དང་ཚོགས་སྤྱོད་ཆེན་པོ་ལ་གནས་པ་ནི། གྲུབ་པ་ཐོབ་པ་སྟེ་ས་


KMC013_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་ཅི་རིགས་པ་གྲུབ་ཅིང་སེམས་ལ་དབང་ཐོབ་པའི་ཕྱིར་ཏེ། དྲི་མེད་འོད་ལས། དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་དང་ནམ་མཁའ་ལ་འགྲོ་བའི་ཕྱིར་གྲུབ་པའོ། །ཞེས་སོ། །སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ནི་ཀུན་བཟང་གི་སྤྱོད་པ་ལ་གནས་པ་ནས་གྲུབ་པའི་བར་ཅི་རིགས་པས་སྤྱོད་པའི་ཕྱིར་འཕགས་པའི་སྤྱོད་པར་ཡང་མ་ངེས་ལ། སྐྱེ་བོའི་སྤྱོད་པར་ཡང་མ་ངེས་སོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་སྟེ། བདུད་འདུལ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་ཞིང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བའི་བར་སྟོན་པ་ནི་ཐམས་ཅད་མཁྱེན་པ་སྟེ། དྲི་མེད་འོད་ལས། བདུད་དང་ཉོན་མོངས་པ་དང་སྙོམས་པར་འཇུག་པ་དང་ཤེས་བྱའི་སྒྲིབ་པ་ཟད་པ་དང་། རྣམ་པ་ཐམས་ཅད་པ་སྤྲོ་བའི་རྫུ་འཕྲུལ་སྟོན་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཐམས་ཅད་མཁྱེན་པའི་གསུང་གིས་ཆོས་ཀྱི་ཕུང་པོའི་ཚོགས་མཐའ་དག་སྟོན་པར་བྱེད་པའི་དབང་གིས་ཐམས་ཅད་མཁྱེན་པར་འགྱུར་རོ། །ཞེས་སོ། །མདོར་ན་དེ་ཐམས་ཅད་ཀྱང་རང་ཉིད་སྤྱོད་པ་གང་ལ་གནས་པའི་


KMC013_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚོད་ཀྱི་སྤྱོད་པ་དེ་ཉིད་བྱའི་རློམ་སེམས་ཀྱིས་གོང་མའི་སྤྱོད་པ་ནི་མི་བྱ་སྟེ། དྲི་མེད་འོད་ལས། དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་པའི་སྤྱོད་པ་མི་བྱའོ། །རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་སོ། །སྤྱིར་རྣལ་འབྱོར་པའི་ཐ་སྙད་ནི་གྲུབ་པ་ལ་ཡང་གསུངས་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་བཞག་པ་རྣམ་པ་བཅུ་གསུངས་ཏེ། སེམས་དང་པོ་སྐྱེད་པའི་རྣལ་འབྱོར་པ་དང་། ཕྱི་ནས་བྱིས་པར་གྱུར་པ་དང་། གཞོན་ནུར་གྱུར་པ་དང་། ལས་དང་པོ་པ་དང་། རྣལ་འབྱོར་སྤྱོད་པའི་སྐྱེ་བར་སྐྱེས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། ཕྱིར་མི་ལྡོག་པ་དང་། དབང་བསྐུར་བ་ཐོབ་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའོ། །ཞེས་རྣལ་འབྱོར་པ་བཅུ་དང་། ཚེ་དང་། ལས་དང་། ཡོ་བྱད་དང་། མོས་པ་དང་། སྨོན་ལམ་དང་། ཆོས་དང་། སེམས་དང་། སྐྱེ་བ་དང་། རྫུ་འཕྲུལ་དང་། ཡེ་ཤེས་ལ་དབང་བ་སྟེ་དབང་བཅུ་དང་། རབ་ཏུ་དགའ་བ་སོགས་ས་བཅུ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་


KMC013_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་བཅུ་རྣམས་སྦྱར་ནས་དེ་ལྟར་རྣལ་འབྱོར་པ་བྱང་ཆུབ་སེམས་དཔའང་འགྱུར་རོ། །ཞེས་དང་། དེའི་ཕྱིར་རྣལ་འབྱོར་པ་སེམས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་མདོ་སྔགས་གནད་གཅིག་པར་བཤད་ནས། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་པ་ནས། ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་པའི་བར་གྱི་མཚན་བརྗོད་ཀྱི་ལུང་གིས་བསྒྲུབ་པར་མཛད་མོད་ཀྱང་། རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། །ཞེས་པའི་རྣལ་འབྱོར་པ་ནི་བཅུ་པོ་དེ་གང་ཡང་མ་ཡིན་ཏེ། རྣལ་འབྱོར་པ་བཅུ་པོ་དེ་ས་བཅུ་པོ་སོ་སོ་ལ་གནས་པ་དང་དོན་གཅིག་ལ། འདི་ནི་ས་མ་ཐོབ་པའི་རྣལ་འབྱོར་པ་ཡིན་པས་སོ། །དེ་བཞིན་དུ་རྣལ་འབྱོར་པ་བཅུའི་དང་པོ་སེམས་དང་པོ་བསྐྱེད་པ་དང་བཞི་པ་ལས་དང་པོ་ལ་ཡང་། ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ་ཞེས་པའི་ལས་དང་པོ་པར་འཁྲུལ་བར་མི་བྱའོ། །སྐབས་འདིར་གསུངས་པའི་གྲུབ་པ་ནི་ས་བཅུ་གང་རུང་ལ་གནས་པ་ཡིན་ལ། རྗེ་ས་པཎ་གྱིས། གྲུབ་པ་ཆེན་པོ་སངས་རྒྱས་ས། །ཞེས་གསུངས་པ་ལ་ནི་བརྟག་དགོས་ཏེ། གྲུབ་པས་ཐམས་ཅད་མཁྱེན་


KMC013_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱ་བ་མི་བྱ་བར་བཤད་པའི་ཕྱིར། སྤྱིར་གྲུབ་པའི་སྒྲ་ཆེད་དུ་སྦྱར་ན་རུང་སྲིད་ཀྱང་སངས་རྒྱས་ལ་གྲུབ་ཐོབ་ཀྱི་སྒྲར་བཤད་པ་ནི་ཉུང་བར་སྣང་ངོ་། །འཕགས་པ་མིན་ལ་གྲུབ་ཐོབ་མེད། །ཅེས་པའང་རྫོགས་རིམ་གྱི་གྲུབ་ཐོབ་ལ་ནི་བདེན་མོད་ཀྱང་སྐྱེད་རིམ་དང་འཇིག་རྟེན་པའི་གྲུབ་པ་དུ་མ་བཤད་པས་སྤྱིར་ནི་གྲུབ་པའི་སྒྲ་ཙམ་གྱིས་འཕགས་པར་ངེས་པ་མ་ཡིན་ནོ། །རྡོ་རྗེ་ཐེག་པའི་སྤྱོད་པ་རྒྱ་མཚོ་ཡི། །དེ་ཉིད་མི་ཤེས་དུས་ལ་མ་བབ་ཀྱང་། །འདོད་པའི་རོ་ལ་ཆགས་པའི་སྒྱུ་ཐབས་ཀྱིས། །སྔགས་སྤྱོད་སར་རློམ་བྱིས་པས་ས་སྟེང་གང་། །མང་ཞིག་རྟོག་གེའི་གསང་ཚིག་ལ་ཞེན་ཞིང་། །རིང་པོའི་ལམ་གྱི་ཇི་བཞིན་སྒྲར་ཆགས་པས། །རྡོ་རྗེ་ཐེག་པའི་རིག་པའི་བརྟུལ་ཞུགས་ཀྱི། །ཆ་བྱད་འཛིན་པ་ཙམ་ལའང་རབ་ཏུ་སྨོད། །གཉི་གའང་བདེ་འགྲོའི་གེགས་བྱེད་ཉིད་མཐོང་ནས། །བདག་གིས་རྒྱུད་དང་གྲུབ་པའི་མན་ངག་བཞིན། །རབ་ཟབ་སྤྱོད་པའི་རྒྱ་མཚོ་སྙིང་པོར་བསྡུས། །མྱུར་བདེ་འདོད་རྣམས་འདི་ནས་གེགས་མེད་སོང་། །སྤྱོད་པའི་སྐབས་བཤད་ཟིན་ནོ།། །།དམ་ཚིག་གི་རྣམ་བཤད་བཞུགས་སོ། ཐབས་


KMC013_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་གཉིས་མེད་པའི། །དམ་ཚིག་སྡོམ་པ་རབ་གྲུབ་པ། །ཨེ་ཝཾ་འཁོར་ལོ་སྡོམ་པའི་སྐུ། །བླ་མའི་ཞབས་ལ་ཕྱག་བྱས་ནས། །མི་ཤིགས་རྡོ་རྗེའི་ཐེག་མཆོག་གི། །ཚུལ་ཆེན་རྨད་དུ་བྱུང་བ་ཡི། །དངོས་གྲུབ་ཀུན་གྱི་རྩ་བ་གང་། །དམ་ཚིག་སྡོམ་པ་རབ་བཤད་བྱ། །གསུམ་པ་བསྲུང་བྱ་དམ་ཚིག་ལ་གཉིས་ཏེ། དམ་ཚིག་དངོས་བཤད་པ་དང་། ཉམས་པ་སྐོང་བའོ། དང་པོ་ནི། རིགས་ལྔའི་མཁའ་འགྲོ་མ་རྣམས་ཀྱི། །སོ་སོའི་དམ་ཚིག་བསྲུང་ཚུལ་ནི། །སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །བླ་མ་ལ་གུས་སྤྱི་བོར་བཀུར། །སེམས་ཅན་རྣམས་ལ་བྱམས་པ་སྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །ཤ་ལྔ་བདུད་རྩི་ལྔ་ལ་སྤྱད། །རྣམ་པར་མི་རྟོག་སྟོང་ཉིད་སྒོམ། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །ཚོགས་དང་གཏོར་མ་རྒྱ་ཆེན་བཤམ། །ཆགས་ཞེན་སྤངས་ལ་རི་ཁྲོད་འགྲིམ། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །ཕྱག་རྒྱ་བསྟེན་ཞིང་བདེ་བ་སྒོམ། །མེ་མཆོད་དབུལ་ཞིང་གླུ་གར་བྱ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ། །རྒྱུད་ལ་གང་སྐྱེས་ཤེས་པ་རྣམས། །མི་དགག་ཐད་ཀར་བཅད་པར་བྱ། །ཞེས་གསུངས་ཏེ། འདི་ཉམས་སུ་བླང་བ་ལ་


KMC013_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། སྤང་བླང་གི་དམ་ཚིག་སྤྱིར་བཤད་པ་དང་། བསྟེན་བྱའི་དམ་ཚིག་བྱེ་བྲག་ཏུ་ངོས་བཟུང་བའོ། །དང་པོ་ནི། དཔལ་རང་བྱུང་ཞབས་ཀྱི་དམ་ཚིག་རྒྱ་མཚོའི་དོན་བཞིན་མདོར་བསྡུས་པས་བརྗོད་པར་བྱ་སྟེ། འདི་ལ་གསུམ། ངོ་བོ། དབྱེ་བ། རྣམ་གཞག་དངོས་སོ། །དེ་ཡང་ངོ་བོ་ནི། གང་རྡོ་རྗེ་ཐེག་པའི་དབང་ངམ་བྱིན་རླབས་ལས་ཐོབ་ཅིང་དངོས་གྲུབ་འདོད་པས་དེ་ལས་འདར་མི་རུང་བའི་ཆོས་ནི་རྡོ་རྗེ་ཐེག་པའི་དམ་ཚིག་གོ། །དེ་ལ་དབང་ངམ་བྱིན་རླབས་ཅེས་སྨོས་པ་ནི་གང་ལས་ཐོབ་པའི་དུས་དང་རྒྱུའི་གཙོ་བོ་བརྗོད་པ་སྟེ། ཁས་བླངས་ཀྱིས་ཐོབ་པའི་དམ་ཚིག་རྣམས་ནི་དབང་དུས་དེར་ཁས་ལེན་པ་དང་སྤང་བླང་དུ་འབོགས་པའི་ཕྱིར་དུས་དེར་ཐོབ་པའི་ཐ་སྙད་དུ་བྱེད་ལ། ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་དམ་ཚིག་རྣམས་ནི་དབང་དུས་དེ་ཉིད་དུ་སྐྱེ་བའམ་ངེས་པར་སྐྱེ་རུང་གི་རྒྱུ་ཚོགས་གྲངས་ཚང་བར་བྱས་པའི་ཕྱིར་སྐྱེ་ངེས་ཀྱི་ཆ་ནས་ཀྱང་ཐོབ་པར་འཇོག་པ་ཡིན་ལ། ཏིང་ངེ་འཛིན་གཙོ་ཆེ་བས་དབང་བཞི་སྤྲོས་པ་ཉུང་ངུས་བསྐུར་བ་ལ་བྱིན་རླབས་སུ་གསུངས་པའི་ཕྱིར་སྤྲོས་པའི་བྱ་བ་མང་ཉུང་མ་གཏོགས་དབང་བཞིའི་


KMC013_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྒྱུད་ལ་སྐྱེད་པ་ལ་དེ་གཉིས་ཁྱད་པར་མེད་པས་བྱིན་བརླབས་ཉིད་དབང་རྣོན་གྱི་དབང་བསྐུར་ཡང་དག་པ་ཡིན་མོད་ཀྱང་། བོད་ཕྱི་རབས་པ་རྣམས་བྱིན་བརླབས་ཀྱིས་སྔགས་སྡོམ་འབོགས་བྱེད་ཀྱི་དབང་གི་གོ་མི་ཆོད་པར་འདོད་པ་བསལ་བའི་ཕྱིར་དབང་ངམ་བྱིན་རླབས་ལས་ཐོབ་པ་ཅེས་སྨོས་པ་ཡིན་ནོ། །དངོས་གྲུབ་འདོད་པས་དེ་ལས་འདར་མི་རུང་བ་ཞེས་བྱ་བ་ནི་དམ་ཚིག་གི་རང་བཞིན་དངོས་ཡིན་ཏེ། དམ་ཚིག་གི་སྐད་དོད་ས་མ་ཡ་ཞེས་པ་འདའ་བར་བྱ་བ་མ་ཡིན་པའི་དོན་དུ་བཤད་པའི་ཕྱིར། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ཅེས་གསུངས་པའི་ཕྱིར། མ་འདས་ན་དངོས་གྲུབ་ཐམས་ཅད་འགྲུབ་པ་དང་། འདས་ན་མཐོང་ཆོས་དང་ཕྱི་མ་ལ་འཇིགས་པ་སྐྱེད་པའི་ཕྱིར་འདར་མི་རུང་བའོ། །གལ་ཏེ་སྦྱོར་བ་ཡན་ལག་དྲུག་ལྟ་བུ་སོ་སོ་བསྒོམས་པ་ལས་སྐྱེས་པའི་དམ་ཚིག་གི་ཡེ་ཤེས་རྣམས་ལ་དབང་ངམ་བྱིན་རླབས་ལས་ཐོབ་ཅིང་ཞེས་པའི་ཟུར་འདིས་མ་ཁྱབ་པས་མཚན་ཉིད་ཁྱབ་ཆུངས་སོ་ཞེ་ན། དེ་ལྟ་མིན་ཏེ། སྤྱིར་ཡན་ལག་དྲུག་


KMC013_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱག་ཆེན་དུ་གསུངས་པས་དབང་བཞི་པའི་ལམ་གཙོ་བོ་ཡིན་མོད་ཀྱང་དབང་རེ་རེ་ཡང་དབང་བཞི་ལྡན་དུ་གནས་པའི་ཕྱིར། བྱེ་བྲག་ཏུ་ཕྱེ་ན་སོར་བསམ་ནི་བུམ་དབང་གི་ལམ་དང་། སྲོག་རྩོལ་གསང་དབང་གི་ལམ་འཛིན་པ་དང་། རྗེས་དྲན་དབང་གསུམ་པའི་ལམ། ཏིང་འཛིན་བཞི་པའི་ལམ་ཡིན་ལ། དེ་བཞིན་དུ་ཆོས་དྲུག་གི་ཚེ་རྟེན་སྐྱེད་རིམ་བུམ་དབང་གི་ལམ། སྒྱུ་མ་གསུམ་དང་རང་ལུས་ཐབས་ལྡན་གྱི་གཏུམ་མོ་གསང་དབང་གི་ལམ། གཞན་ལུས་ཐབས་ལྡན་དབང་གསུམ་པའི་ལམ་དང་། འོད་གསལ་བཞི་པའི་ལམ་ཡིན་ལ། འཕོ་བ་དང་གྲོང་འཇུག་དེ་ཐམས་ཅད་ཀྱི་ལམ་གྱི་ཡན་ལག་ཏུ་གནས་ཅིང་། བྱེ་བྲག་ཏུ་ཕྱེ་ན་གཏུམ་མོ་ཁོ་ན་ལ་ཡང་། རྩ་སྦྱང་བ་བུམ་དབང་གི་ལམ། རླུང་སྦྱང་བ་གསང་དབང་གི་ལམ། ཐིག་ལེ་སྦྱང་བ་གསུམ་པའི་ལམ། འབར་ཞུའི་རྣལ་འབྱོར་བཞི་པའི་ལམ་སོགས་མཐའ་ཡས་པར་གནས་ལ། དེ་བཞིན་དུ་ཕྱག་རྒྱ་བཞི་དང་རིམ་པ་ལྔ་ལ་སོགས་པ་རྫོགས་རིམ་གྱི་ཆིངས་ཐམས་ཅད་ཀྱང་དབང་བཞིའི་ལམ་ཁོ་ནར་འདུས་ལ། ལམ་དེ་དག་ཡང་རང་རང་གི་དབང་དུ་འདུ་བའི་ཕྱིར་དང་པོར་ཆོ་


KMC013_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གའི་སྒོ་ནས་དབང་སོ་སོའི་དཀྱིལ་འཁོར་དུ་གཞུག་ཞིང་བསྐུར་བར་བྱེད་པས་དབང་གི་ཐ་སྙད་དང་། ཕྱིས་དེ་ཉིད་རྒྱུད་ལ་རིམ་ཅན་དུ་ཚུལ་མཐའ་ཡས་པས་སྒོམ་པས་ལམ་གྱི་ཐ་སྙད་དུ་གསུངས་པ་ཙམ་ཁོ་ན་ཁྱད་པར་དུ་ཟད་པའི་ཕྱིར་རོ། །འདའ་བར་མི་རུང་བ་ཞེས་པ་ཡང་སྒྲུབ་བྱར་བསྟན་པ་རྣམས་སྒྲུབ་དགོས་དང་སྤང་བྱར་བཤད་པ་རྣམས་སྤང་དགོས་སུ་ངེས་པས་སྤང་བླང་དེ་ལས་མི་འདའ་བའི་དོན་ཡིན་ནོ། །ཁ་ཅིག་འདའ་བར་མི་བྱ་བ་དམ་ཚིག་གི་ངོ་བོར་འཆད་པ་ལ་ནི་ཁྱབ་ཆེས་པའི་སྐྱོན་ཡོད་དེ། ཐེག་དམན་གྱི་སྡོམ་པ་སོགས་ཀྱིས་མ་ངེས་པ་ལ་དམ་ཚིག་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཡིན་པས་དམན་པའི་སྡོམ་པ་ལ་དེ་སྐད་དུ་སྦྱར་མི་རུང་བའི་ཕྱིར་རོ། །དབྱེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཚིག་གཉིས་སམ། ཀུན་རྫོབ་དང་དོན་དམ་པའི་དམ་ཚིག་གཉིས་སམ། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་སོགས་རིགས་ཀྱིས་ཕྱེ་བའི་དམ་ཚིག་མཐའ་ཡས་པར་འགྱུར་ལ། བསྡུ་ན། ཐུན་མོང་བ་བྱ་སྤྱོད་རྣལ་འབྱོར་གསུམ་གྱི་དང་། ཐུན་མོང་མ་ཡིན་པ་བླ་མེད་ཀྱི་དམ་ཚིག་གཉིས་སོ། །དང་པོ་ནི། རྒྱུད་སྡེ་ཐམས་ཅད་


KMC013_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩ་བའི་ལྟུང་བ་བཅུ་བཞིར་མཚུངས་སོ་ཞེས་པའི་གྲགས་པའི་གཏན་ཚིགས་རྒྱུ་མཚན་དུ་བྱས་ནས་ཀུན་མཁྱེན་བུས་བསམ་གཏན་ཕྱི་མའི་ལུང་མང་པོ་དྲངས་ནས་འདི་དག་ཡིན་ནམ་བརྟག་པར་བྱའོ་ཞེས་གསུངས་ཅིང་། བུ་དོང་ཆོས་ཀྱི་རྒྱལ་པོས་དེ་རྣམས་ནི་ཕྲ་མོ་ཡིན་པ་དང་གྲངས་མ་ངེས་སོ་ཞེས་བཀག་སྟེ་ལྷ་མི་སྤོང་བ་དང་སྔགས་མི་སྤོང་བ་སོགས་བཅུ་བཞི་རང་སྟོབས་ཀྱིས་བཞག་སྟེ་རྒྱུད་སྣ་ཚོགས་པའི་ཚིག་ཟུར་གྱིས་སྒྲུབ་པར་སྣང་ལ། རྒྱ་གཞུང་ཚད་ལྡན་ལས་དེ་དག་རིས་བསྡུས་པ་མ་མཐོང་ཞིང་དཔྱད་པའི་གཞི་ཆེས་མང་བ་འཕེལ་བར་སྣང་བས་འདིར་མི་སྤྲོ་ལ། ཉེ་བར་མཁོ་བ་རྣམས་ནི་ཞར་ལས་ཀྱང་ཡེ་ཤེས་པར་འགྱུར་ཞིང་། ཕྲ་མོ་རྣམས་ནི་རྒྱུད་མན་ངག་རང་རང་ལས་གསལ་བའི་ཕྱིར་རོ། །ཐུན་མོང་མིན་པ་བླ་མེད་ཀྱི་དམ་ཚིག་ནི། རྩ་བའི་ལྟུང་བ་བཅུ་བཞི་ལ་སོགས་པ་དབང་བཞིའི་དམ་ཚིག་རྣམས་སོ། །གསུམ་པ་རྣམ་གཞག་དངོས་ལ། དམ་ཚིག་སྤྱིར་བསྟན་པ་དང་། སྡོམ་པ་ཁྱད་པར་དུ་བཤད་པའོ། །དང་པོ་ནི། དཔལ་རང་བྱུང་ཞབས་ཀྱི་དམ་ཚིག་རྒྱ་མཚོ་ལས། བརྟུལ་ཞུགས་ཉི་ཤུ་རྩ་ལྔ། རིགས་ལྔའི་སྡོམ་པ་


KMC013_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཐུན་མོང་བ་གཉིས། ཁྱད་པར་བླ་མེད་ཀྱི་སྡོམ་པ། རྩ་ལྟུང་བཅུ་བཞི། ཡན་ལག་བརྒྱད། ལས་དང་པོ་པའི་ལྟུང་བ་བཅོ་ལྔ། ཡན་ལག་གི་ཕྱོགས་མཐུན་བདུན་ཏེ། དོན་ཚན་བདུན་གྱིས་གསུངས་པ་དེ་ཉིད་བཤད་པར་བྱའོ། །དང་པོ་ནི། རྡོ་རྗེ་ཐེག་པར་གནས་རྣམས་ཀྱི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་སྟེ། །སྲོག་གཅོད་བརྫུན་དུ་སྨྲ་བ་དང་། །གཞན་གྱི་བུད་མེད་ནོར་འཕྲོག་དང་། །ཆང་འཐུང་མྱོས་པར་བྱེད་པ་སྟེ། །སྤང་ཞིང་བསླབ་པའི་གཞི་ལྔའོ། །རྒྱན་པོ་ཁ་ན་མ་ཐོའི་ཟས། །ངན་ཚིག་བསྟན་བཅོས་སྨྲ་བ་དང་། །མུ་སྟེགས་ཀླ་ཀློའི་ཆོས་སྤྱོད་པ། །རྣམ་ལྔ་བྱ་བ་མིན་པ་ལྔ། །དུད་འགྲོ་བྱིས་པ་བུད་མེད་དང་། །སྐྱེས་པ་མཆོད་རྟེན་བསྣུན་མི་བྱ། །དགེ་བའི་གྲོགས་དང་རྗེ་བོ་དང་། །དགེ་འདུན་རྣམས་དང་རྒྱལ་བ་དང་། །ཡིད་བརྟན་རྣམས་ལ་འཁུ་མི་བྱ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ། །མིག་སོགས་དབང་པོས་ཞེན་མི་བྱ། །འདི་རྣམས་དང་པོའི་བརྟུལ་ཞུགས་སོ། །ཞེས་པས་སྲོག་གཅོད། བརྫུན། ལོག་གཡེམ། མ་བྱིན་ལེན། ཆང་མྱོས་པར་འཐུང་བ་སྟེ་ལྔ་ནི་རང་གི་དགེ་བ་འཇོམས་པའི་རྐུན་པོ་དང་འཁོར་བར་འཆིང་བའི་ཞགས་པ་ཡིན་པའི་ཕྱིར་


KMC013_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བར་བྱ་བ་སྟེ། འདི་ནི་ཉན་ཐོས་དང་རྒྱུའི་ཐེག་པ་པས་ཀྱང་སྤང་དགོས་ཏེ། གཏན་ཁྲིམས་རྣམ་པ་ལྔ་པོ་ཉིད་ཡིན་པའི་ཕྱིར་རོ། །རྒྱན་པོ་སྟེ་ཆོ་ལོ་དང་མིག་མང་དང་ཨུག་ཤུང་རྩེ་བ་སོགས་དགའ་འདུན་པ་རྣམས་ཀྱི་བྱ་བ་དང་། གཞན་ལ་གནོད་པ་བྱས་པའམ་བྱེད་དུ་བཅུག་པའི་ཤ་ནི་ཁ་ན་མ་ཐོ་བའི་ཟས་སོ། །ཚིག་ངན་གྱི་བསྟན་བཅོས་ནི་མུ་སྟེགས་པ་རྣམས་ཀྱི་འཇིག་རྟེན་རྒྱང་འཕེན་ལ་སོགས་པ་རྟོག་གེའི་བསྟན་བཅོས་དང་གཞན་ཡང་ཐར་པའི་ལམ་དང་འགལ་བའི་བསྟན་བཅོས་རྣམས་སོ། །མུ་སྟེགས་པའི་ཆོས་ནི་འབྱུང་པོའི་ཆོས་ཏེ། འགྲེལ་ཆེན་ལས། འབྱུང་པོའི་ཆོས་ཕ་མེས་ཀྱི་བྱ་བ་དང་མཆོད་སྦྱིན་གྱི་བྱ་བ་རིག་བྱེད་ལས་བརྗོད་པ་དང་། ཞེས་པས་ཕ་མེས་དང་ལྷ་མགུ་བྱེད་ཡིན་ནོ་ཞེས་སྒྲོག་པའི་མཆོད་སྦྱིན་གྱི་གཞུང་རྣམས་སོ། །ཀླ་ཀློའི་ཆོས་ནི། ར་མ་ཎའི་རྗེས་སུ་འཇུག་པ་གོས་དཀར་པོ་ཅན་རང་གི་ལས་ཀྱིས་ཤི་བའི་ཤ་མི་ཟ་ཞིང་བི་ཥི་མི་ལིའི་སྔགས་ཀྱིས་ཕྱུགས་ཀྱི་རྐེ་གྲི་གུག་གིས་བཅད་དེ་ཟས་སུ་ཟ་ཞིང་སྒོ་ངའི་ཁུ་བ་བཏུང་བར་བྱེད་པའི་ཚོགས་ཡུལ་མ་ཁ་དང་མོ་གོ་ལའི་བཱ་ག་སོགས་སུ་བྱུང་བ་ཀླ་ཀློའི་དབང་པོ་བྱི་བ་


KMC013_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོས་དཀར་དང་སྦྲང་རྩིའི་བློ་གྲོས་ཀྱི་རྗེས་སུ་འཇུག་པ་ཀླ་ཀློའི་སྟག་གཟིག་པ་ཅེས་བྱ་བ་དེ་དག་གི་ཆོས་ཏེ་དེ་དག་ལྔ་ནི་བྱ་བ་མ་ཡིན་པ་ལྔའོ། །འདིར་ཁ་ཅིག་ཚིག་རྩུབ་སྨྲ་བ་ལ་ངན་ཚིག་སྨྲ་བ་ཞེས་འཆད་ཀྱང་། ངན་ཚིག་བསྟན་བཅོས་སྨྲ་བ་དང་། །ཞེས་ངན་ཚིག་གི་བསྟན་བཅོས་སྨྲ་བ་ཞེས་གཅིག་ཏུ་བསྡུས་ཅིང་། ཚིག་རྩུབ་ལ་ནི་བསྟན་བཅོས་དང་ཁ་ཏོན་དུ་ཀློག་པའི་སྒྲ་སྦྱར་མི་རིགས་སོ། །དེས་ན་རྒྱུད་འགྲེལ་ལས། རྒྱན་པོ། ཁ་ན་མ་ཐོ་བའི་ཟས། ངན་ཚིག་ཀློག་པ། འབྱུང་པོའི་ཆོས། ལྷ་མིན་གྱི་ཆོས་ཏེ་ལྔར་གསུངས་ལ། འདིར་གོ་སླ་བའི་ཕྱིར་ངན་ཚིག་གི་བསྟན་བཅོས། མུ་སྟེགས་པའི་ཆོས། ཀླ་ཀློའི་ཆོས་ཅེས་ལྔར་གསུངས་པ་ཡིན་ནོ། །དེ་བཞིན་དུ་བ་ལང་དང་བུས་ཕ་དང་སྐྱེས་པ་དང་བུད་མེད་རྣམས་གསོད་པ་དང་། སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་བཤིག་པ་ཡང་གསོད་པའི་སྒྲར་བསྡུས་ནས་དེ་དག་མི་བྱ་བ་ནི་བསད་པར་མི་བྱ་བ་ལྔའོ། །གྲོགས་པོ་དང་རྗེ་བོ་དང་སངས་རྒྱས་དང་དགེ་འདུན་དང་རང་ལ་ཡིད་བརྟན་པ་ལ་འཁུ་བར་མི་བྱའོ། །གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལ་དབང་པོས་ཀུན་ནས་ཆགས་པར་མི་བྱའོ། །འདི་


KMC013_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ལས་དང་པོ་པའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ཡིན་པར་དུས་ཀྱི་འཁོར་ལོར་གསུངས་ལ། དཀྱིལ་འཁོར་དུ་འཇུག་པའི་སྔོན་དུ་བླ་མས་སྦྱིན་ཞིང་སློབ་མས་ཁས་བླང་བར་བྱ་བའོ། །རྒྱུད་སྡེ་འོག་མ་གསུམ་དུ་བརྟུལ་ཞུགས་ཉེར་ལྔའི་ཐ་སྙད་དངོས་སུ་མ་བྱུང་ཡང་དོན་གྱིས་ནི་སྲུང་དགོས་ཏེ། པུང་བཟང་གི་རྒྱུད་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤོངས། །ཅེས་རྟགས་དང་ཆོ་ག་ལས་བྱུང་བའི་བཅས་རྐྱང་རྣམས་མ་གཏོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤང་དགོས་པར་བྱ་སྤྱོད་ཀྱི་སྔགས་པ་ཁྱིམ་པ་དང་ཉན་ཐོས་ཀྱི་རབ་བྱུང་རྣམས་མཚུངས་པར་གསུངས་པའི་ཕྱིར་དང་། རྣལ་འབྱོར་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །ཞེས་བཤད་ལ། འདིའི་ལྔ་ཚན་བཞི་པོ་ནི་སེམས་ཅན་ལ་གནོད་པ་ཤས་ཆེ་བའི་ཕྱིར་རོ། །ཐ་མ་མི་ཞེན་པ་ལྔ་ནི་ལས་དང་པོ་པས་ཇི་ལྟ་བ་སྡོམ་པར་མི་ནུས་ཀྱང་ཀུན་ནས་ཧ་ཅང་ཞེན་ཞིང་ཆགས་པར་མི་བྱེད་པ་སྟེ། འདི་ལ་ནི་རྡོ་རྗེ་ཐེག་པའི་སྡོམ་པ་


KMC013_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ས་བོན་གནས་སོ། །ཁ་ཅིག་གཏན་ཁྲིམས་ལྔ་ལ་སོགས་པ་འདི་དག་དམན་པའི་སྡོམ་པར་སྣང་བས་མ་རྒྱུད་དུ་མི་དགོས་སོ་སྙམ་ན་དེ་ལྟ་མིན་ཏེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དང་ནི། །གང་ཡང་ཡིད་ཀྱི་རྣམ་པ་གསུམ། །དེ་ལྟར་རྣམ་པ་བཅུར་ཕྱེ་བ། །དཀར་པོ་ཡིས་ནི་དཀར་འགྱུར་ལ། །ནག་པོས་དེ་བཞིན་འབྲས་ནག་འབྱིན། །དེས་ན་དེ་དག་སྤང་བྱ་སྟེ། །ཅེས་དང་། བདག་ནི་ཤི་བར་གྱུར་ཀྱང་སླའི། །སྲོག་ཆགས་གསོད་པ་དེ་ལྟ་མིན། །རབ་ཏུ་འབར་མེར་མཚུངས་པས་ན། །གཞན་གྱི་ནོར་ལ་རེག་མི་བྱ། །རྣལ་འབྱོར་པ་ཡིས་བརྫུན་སྲུང་ཞིང་། །བླ་མའི་བཀའ་བསྩལ་ཐམས་ཅད་བྱ། །ཞེས་དང་། རྣལ་འབྱོར་དངོས་གྲུབ་འདོད་པ་རྣམས། །སེམས་ཅན་མགུ་ལས་དངོས་གྲུབ་འབྱུང་། །ཞེས་དང་། བརྟག་གཉིས་ལས། བསད་པ་འདི་ལ་བྱ་བ་མིན། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་རྒྱུད་མཐའ་དག་ལས་ཀྱང་བཤད་པའི་ཕྱིར་རོ། །མདོར་ན་དམ་པའི་ཆོས་ནི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་སྟེ།


KMC013_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སྤོང་དགོས་སུ་ངེས་པར་བསྟན་པ་དེ་ཕྱིས་གོ་ལྡོག་ནས་སྒྲུབ་དགོས་སུ་བསྟན་པ་ནི་སྲིད་པ་མ་ཡིན་ནོ། །འོ་ན་ཉན་ཐོས་ཀྱི་ཐེག་པར་རྩ་བ་བཞི་བཀག་ལ། བླ་མེད་དུ་སྦྱོར་དགྲོལ་ནི་ལམ་གྱི་རབ་ཏུ་བསྟན་ནོ་སྙམ་ན། ཉན་ཐོས་སུ་ནི་ཡུལ་ཕྱི་རོལ་ཏུ་ཞེན་པ་ལ་བསམ་པ་ཉོན་མོངས་ཀྱིས་ཀུན་ནས་བསླང་བས་སྤྱོད་པ་དེ་བཀག་པ་ཡིན་ལ། དེ་ནི་གསང་སྔགས་བླ་མེད་དུ་གནང་བའི་སྐབས་མི་སྲིད་དེ། ཐ་མལ་གྱི་རྟོག་པས་བར་མ་ཆོད་པར་སྣོད་བཅུད་རིགས་ལྔར་ཤེས་དགོས་པ་ནི་བུམ་དབང་གི་རྣལ་འབྱོར་པའི་ཡང་དམ་ཚིག་ཡིན་ན་དབང་གོང་མའི་རྣལ་འབྱོར་པས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་དང་། བླ་མེད་ཀྱི་རྣལ་འབྱོར་པ་མཆོག་གི་ཐབས་ཤེས་ཀྱིས་ཟིན་པའི་སྦྱོར་དགྲོལ་གྱི་ཕྲིན་ལས་ནི་ཉན་ཐོས་སུ་དེའི་ཐ་སྙད་ཙམ་ཡང་མ་སྨོས་ན་བཀག་པ་ལྟ་ག་ལ་ཞིག་ཡིན་པའི་ཕྱིར་རོ། །གཉིས་པ་ཐུན་མོང་རིགས་ལྔའི་སྡོམ་པ་ནི། ཐུན་མོང་སྤྱི་ཡི་སྡོམ་པ་ནི། །རྣམ་པ་ལྔ་རུ་རྒྱལ་བས་གསུངས། །སངས་རྒྱས་རྣལ་འབྱོར་སྡོམ་པ་ཉིད། །སྨོན་འཇུག་སེམས་སྐྱེད་ཚུལ་ཁྲིམས་དང་། །སྡོམ་དང་དགེ་བའི་ཆོས་སྡུད་དང་། །དོན་བྱེད་རྣམ་གསུམ་


KMC013_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །བླ་མའི་དམ་ཚིག་རྡོ་རྗེའི་རིགས། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རིན་ཆེན་ནོ། །ཕྱི་ནང་གསང་གསུམ་ཐེག་པ་ཡི། །དམ་ཆོས་འཛིན་པ་པདྨའོ། །མཆོད་བསྟོད་ལས་ཀྱི་བྱ་བ་རྣམས། །སོ་སོར་འཛིན་བྱེད་ལས་ཀྱི་རིགས། །ཅེས་པས་བླ་མེད་ཀྱི་རྒྱུད་ཕ་མ་མང་ཞིག་དང་རྒྱུད་སྡེ་འོག་མ་དུ་མ་ཚིག་མཐུན་པར། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཅེས་སོགས་ཀྱིས་འབོགས་པར་གསུངས་པའི་རིགས་ལྔའི་དམ་ཚིག་སྟེ་ཡི་གེའི་དོན་གྱིས་བཤད་ན། ཐེག་པ་ཆེན་པོའི་སྨོན་འཇུག་གི་སེམས་སྐྱེད་དང་། སྐྱབས་སུ་འགྲོ་བ་དང་། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དེ། བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་དང་བཅས་པ་འཛིན་པ་ནི་རྣམ་སྣང་གི་དམ་ཚིག་གོ། །རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུ་སྟེ། དམ་ཚིག་གསུམ་འཛིན་ཞིང་རྡོ་རྗེའི་སློབ་དཔོན་བཀུར་བ་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་སྟེ། རྒྱུད་སྡེ་འོག་མ་ལ་ནི་ཕྱག་རྒྱ་དང་ལྷ་མི་སྤང་བ་སྐུའི་དམ་ཚིགསྔགས་མི་སྤང་བ་གསུང་གི་དམ་ཚིག ཕྱག་མཚན་དང་བཞོན་པ་དང་མཚན་མ་སོགས་


KMC013_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྤང་བ་ཐུགས་ཀྱི་དམ་ཚིག་སྟེ། དེ་དག་མཚོན་པའི་ཕྱིར་ཕྱི་རྫས་ཀྱི་རྡོ་རྗེ་དང་དྲིལ་བུ་དང་ལག་པའི་ཕྱག་རྒྱའང་མི་སྤོང་བ་ཡིན་ལ། འདིའི་དབང་དུ་བྱས་ནས་སོར་གདུབ་ལ་དམ་ཚིག་གི་རྡོར་དྲིལ་བྱེད་པའང་བྱུང་བ་ཡིན་ནོ། །སྦྱིན་པ་རྣམ་པ་བཞི་པོ་རྟག་པར་བྱིན་པ་དང་མ་ནུས་ན་ཡང་ཉིན་རེ་ཞིང་དུས་དྲུག་གམ་གསུམ་དུ་ཅི་ནུས་ཀྱིས་སྦྱིན་པ་ནི་རིན་ཆེན་རིགས་ཀྱི་དམ་ཚིག་གོ། །ཕྱི་ཉན་ཐོས། ནང་ཐེག་ཆེན། གསང་བ་སྔགས་ཀྱི་དམ་པའི་ཆོས་ཡང་དག་པར་འཛིན་པས་རང་རང་གི་ཚངས་སྤྱོད་བསྟེན་པ་ནི་པདྨའི་རིགས་ཀྱི་དམ་ཚིག་གོ། །མཆོད་བསྟོད་དང་ལས་རབ་འབྱམ་སྒྲུབ་པ་དང་ཐེག་པ་ཐམས་ཅད་ཀྱི་སྡོམ་པ་དང་ལས་ལ་མཁས་པས་འགྲོ་བ་འདུལ་བ་ནི་ལས་ཀྱི་རིགས་ཀྱི་དམ་ཚིག་གོ། །མདོར་ན་རྡོ་རྗེ་ཐེག་པའི་དངོས་གྲུབ་ཀྱི་རྒྱུད་དེ་དག་ལ་གནས་པས་ངན་འགྲོ་རྣམས་ངན་འགྲོ་ལས་བསྒྲལ་བར་བྱ་ཞིང་། ལྷ་མི་རྣམས་རྒྱུད་གྲོལ་བར་བྱེད་པ་དང་ལམ་དམན་པར་ཞུགས་པ་རྣམས་ཐེག་པ་ཆེན་པོར་དབུག་འབྱིན་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱང་བདག་གིས་བྱང་ཆུབ་ཆེན་པོར་འགོད་པར་བྱའོ་ཞེས་སྙིང་སྟོབས་ཆེན་


KMC013_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པོས་དམ་འཆའ་ཞིང་དེ་ལྟ་བུའི་སྨོན་པར་བྱེད་པའོ། །དུས་ཀྱི་འཁོར་ལོར་ནི། འདོད་པ་རྡོ་རྗེ་ལ་ནི་དྲིལ་བུ་ཕྱག་རྒྱ་དག་ཡང་སྤྱི་བོས་བཟུང་བར་དགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་གྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་དགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་བསྐྱང་བར་དགྱི། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་སྐྱེད་པར་དགྱི། །ཞེས་པས་རྡོ་རྗེ་ལ་དམ་ཚིག་གསུམ་འཛིན་པ་དང་། རིན་ཆེན་ལ་སྦྱིན་པ། འཁོར་ལོ་ལ་བཟའ་བའི་དམ་ཚིགརལ་གྲི་ལ་མཆོད་པ། པདྨ་ལ་རིགས་དང་རིགས་མ་ཡིན་པ་མི་སྤང་ཞིང་བྱང་སེམས་མི་འདོར་བའི་ཚངས་སྤྱོད་དང་། རྡོ་རྗེ་རྩེ་གཅིག་པའི་རིགས་ལ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་བྱང་ཆུབ་བསྐྱེད་པ་སྟེ་རིགས་དྲུག་གི་དམ་ཚིག་རྣམས་སྤྱད་པར་དགྱིའོ་ཞེས་དམ་འཆའ་བའི་ཚུལ་གྱིས་སྤྱོད་འགྱུར་དུ་སྨོན་ལམ་འདེབས་པ་ཡིན་པར་གསུངས་སོ། །འདིར་རིགས་ལྔའི་སྡོམ་བཟུང་ལན་གསུམ་གྱི་མཐར་ཁས་བླངས་པའི་སྟོབས་ཀྱིས་ཐུན་མོང་གི་དམ་ཚིག་ཙམ་ཞིག་ཐོབ་པ་ཏེ་


KMC013_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞག་འོག་ཏུ་འཆད་དོ། །ཁ་ཅིགསོ་སོར་བརྟན་པར་བཟུང་བར་དགྱི། །ཞེས་པ་ཡན་ཐེག་ཆེན་ཐུན་མོང་གི་སྨོན་འཇུག་དང་བྱང་སྡོམ་ལེན་ཆོག་ཡིན་ལ། སྐྱབས་གསུམ་འཛིན་པ་ཁོ་ན་སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ་བཤད་ནས་སྔར་སོ་ཐར་དང་བྱང་སྡོམ་མ་ཐོབ་ན་འདི་ཁོ་ནས་སྡོམ་པ་གསུམ་ལྡན་དུ་འགྱུར་བར་འཆད་པ་དེ་ནི་མ་ཡིན་ཏེ། བི་བྷཱུ་ཏིས། སྡོམ་གསུམ་ཆོ་ག་ཐུན་མོང་ཅིག །ཐུབ་པ་ཆེན་པོས་གསུངས་པ་མེད། །ཅེས་བཀག་པའི་ཕྱིར་དང་། དུས་ཀྱི་འཁོར་ལོར་འཁོར་ལོ་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བ་དང་རྡོ་རྗེ་རྩེ་གཅིག་པའི་རིགས་ལ་ཡང་དག་པའི་སེམས་སྐྱེད་པར་བཤད་ལ། དེ་གཉིས་རྒྱུད་གཞན་དུ་གཅིག་ཏུ་བསྡུས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ཁྱད་པར་བླ་མེད་སྡོམ་པ་ནི། ཁྱད་པར་བླ་མེད་སྡོམ་པ་ནི། །རྡོ་རྗེའི་རིགས་ལ་སྲོག་གཅོད་དེ། །ཞིང་བཅུ་རླུང་དང་རྟོག་པར་གསུངས། །རིན་ཆེན་རིགས་ལ་མ་བྱིན་ལེན། །ནོར་དང་བུད་མེད་ཐེག་པ་ཆེ། །གཞན་དང་རང་དོན་སྒྲུབ་བྱེད་པའོ། །པདྨའི་རིགས་ཀྱི་དམ་ཚིག་མཆོག །ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེ། །བུད་མེད་ཡིན་ཏེ་བསྟེན་པའོ། །ལས་ཀྱི་རིགས་ནི་བརྫུན་དུ་


KMC013_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ། །བདག་དང་སེམས་ཅན་མི་དམིགས་པར། །མྱ་ངན་འདས་ལ་དགོད་པར་གྲགས། །འཁོར་ལོའི་རིགས་ལ་ཤ་ལྔ་དང་། །ཆང་དང་ཡུལ་ཀུན་བསྟེན་པ་སྟེ། །ཕྱི་ནང་གསང་བའི་རིམ་པ་ཡི། །མ་ཉམས་སྤྱོད་པ་བླ་ན་མེད། །དགེ་བསྙེན་དགེ་ཚུལ་དགེ་སློང་དང་། །ཡེ་ཤེས་ཀྱིས་རྒན་རིམ་པ་བཞིན། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །རྣམ་གྲངས་མཁས་པས་ཤེས་པར་བྱ། །ཞེས་པས་ཁྱད་པར་རྣལ་འབྱོར་བླ་མེད་ལ་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ་འཁོད་པའི་རྩ་བ་མ་རིག་པ་དང་སྲོག་གི་རླུང་དང་རྣམ་པར་རྟོག་པའི་སྲོག་བཅད་པར་བྱའོ། །དེ་བཞིན་དུ་རིགས་སོ་སོ་ལ་བླ་ན་མེད་པའི་བྱང་ཆུབ་སུས་ཀྱང་སྟེར་བ་མེད་མོད་ཀྱི། རང་ཉིད་ཀྱིས་བླང་བར་བྱ་བ་དང་། རིགས་ལྡན་གྱི་བུད་མེད་ལས་རྒྱ། སྣང་བ་སྒྱུ་མ་ལྟ་བུ་ཆོས་རྒྱ། ཙཎྜ་ལི་དམ་རྒྱ། གཉུག་མ་ལྷན་ཅིག་སྐྱེས་པ་ཕྱག་རྒྱ་ཆེན་པོ་སྟེ་བུད་མེད་དེ་དག་རང་དབང་དུ་བསྟེན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་མ་དམིགས་བཞིན་དུ་འགྲོ་བ་སྲིད་པ་ལས་ལྡོག་པ་དང་། ཞི་བར་འཛུད་པའི་དྲང་བའི་དོན་གྱི་ཆོས་བརྫུན་པའི་རྣམ་པ་སྟོན་པ་དང་། ཕུང་པོ་དང་ཡུལ་དང་དབང་པོ་ཐམས་ཅད་


KMC013_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་པར་བསྟེན་པ་དང་། དེ་ཁོ་ན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཨེ་ཡིག་གི་ངོ་བོ་མི་སྨད་པ་ཡིན་ལ། སྲོག་གཅོད་པ་ལ་སོགས་པ་སྒྲ་འདི་དག་གིས་ངེས་དོན་དུ་འགྱུར་བའི་སྐབས་ཀྱང་ཡོད་དེ། རྣལ་འབྱོར་པ་མངོན་ཤེས་ཅན་གྱིས་མཚམས་མེད་བྱེད་པ་དང་བསྟན་པ་ལ་གནོད་པ་དང་དམ་ཚིག་འདྲལ་བ་རྣམས་ནི་གདུག་པ་ཅན་ཡིན་པས་དེ་དག་ཚེ་དེར་དེ་ལས་མི་ལྡོག་པར་མཐོང་ན་ཁ་སྦྱོར་དབྱེ་བའི་ཆོ་གས་བསད་པ་དང་འཇུངས་པ་དང་བརྐམ་ཆགས་ཅན་ནོར་དང་བུད་མེད་ལ་ཆགས་པས་ངན་འགྲོར་ལྟུང་བ་ཟློག་པའི་ཕྱིར་དེ་དག་དབྲོག་ཞིང་སྦྱིན་པ་སོགས་བྱེད་པ་དང་ལས་ཀྱི་ཕྱག་རྒྱ་མི་སྤང་བ་དང་གཞན་གྱི་ཕན་བདེའི་རྒྱུར་མི་བདེན་པ་སྨྲ་བ་དང་འདུ་བའི་འཁོར་ལོར་རེག་མིན་མི་སྤང་བ་སྟེ་རྣལ་འབྱོར་པ་མཆོག་རྣམས་ལ་ཡིན་གྱིས་གཞན་ལ་ནི་མ་ཡིན་ནོ། །དེས་ན་དུས་འཁོར་ལས། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ། ཅེས་སོགས་དང་། བརྟག་གཉིས་ལས། དམ་ཚིག་གང་གིས་གནས་པར་དགྱི། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཁྱོད་ཀྱིས་སྲོག་ཆགས་བསད་པ་དང་། །བརྫུན་


KMC013_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚིག་ཡང་སྨྲ་བ་དང་། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་། །ཕ་རོལ་བུད་མེད་བསྟེན་པར་གྱིས། །སེམས་གཅིག་སྲོག་ཆགས་གསོད་པ་ཉིད། །གང་ཕྱིར་སྲོག་ནི་སེམས་གཅིག་བརྗོད། །འཇིག་རྟེན་བསྒྲལ་བ་ཞེས་བྱ་བ། །བརྫུན་གྱི་ཚིག་ཏུ་རབ་ཏུ་གྲགས། །བཙུན་མོའི་ཁུ་བ་མ་བྱིན་པར། །གཞན་གྱི་བུད་མེད་རང་མཚུངས་མཛེས། །ཅེས་གསུངས་པ་སྟེ། འདི་ལྟ་བུ་ལྡེམ་པོར་དགོངས་པས་བཤད་པ་ནི་སོར་ཕྲེང་ལ་ཕན་པའི་མདོ་ལ་སོགས་པ་མདོ་སྡེ་ཆེན་པོ་རྣམས་སུ་མཐའ་ཡས་པར་བཤད་དོ། །དགོངས་པའི་སྐད་ཀྱིས་འཆད་པའི་དམ་ཚིག་འདི་ནི་དུས་ཀྱིས་འཁོར་ལོར་བྱིས་པ་འཇུག་པའི་དབང་བདུན་གྱི་མཐར་སྟེར་བར་གསུངས་ཅིང་། རྒྱུད་གཞན་ལས་བུམ་དབང་གི་མཐའ་དང་དབང་རྫོགས་པའི་མཐར་སྟེར་བར་ཡང་གསུངས་སོ། །དགེ་བསྙེན་དགེ་ཚུལ་དགེ་སློང་དང་། །ཞེས་སོགས་ནི་གཙོ་བོར་དུས་ཀྱི་འཁོར་ལོའི་ལུགས་ཏེ། དེར་བྱིས་པ་འཇུག་པའི་དབང་བདུན་པོ་རེ་རེ་ས་རེ་སྟེ་ས་བདུན་པ་རིང་དུ་སོང་བའི་བར་ཐོབ་ཅིང་སྔགས་ཀྱི་དགེ་བསྙེན་དུ་བརྗོད་ལ། དེ་བཞིན་དུ་བུམ་དབང་གིས་ས་བརྒྱད་པ་དང་། དགེ་ཚུལ་གསང་དབང་གིས་


KMC013_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ས་དགུ་པ་དང་། དགེ་སློང་དབང་གསུམ་པས་ས་བཅུ་པ་དང་། གནས་བརྟན་འཇིག་རྟེན་པའི་བཞི་པས་བཅུ་གཅིག་པ་དང་། རྒྱལ་ཚབ་སྟེ་རྡོ་རྗེ་སེམས་དཔའ་གཉིས་པ་སྟེ་དེ་རྣམས་འཇིག་རྟེན་པའི་དབང་ངོ་། །བདག་པོ་ཆེན་པོའི་དབང་གིས་བཅུ་གཉིས་པ་སྐྱེ་གུའི་བདག་པོར་ཏེ་འཇིག་རྟེན་ལས་འདས་པར་བཤད་ཅིང་། བྱིས་པའི་དབང་བདུན་གྱི་མཐར་དབང་གི་དུས་སྒོ་བ་ཡང་རིག་པར་བྱེད་ཅིང་རྟེན་ཁྱིམ་པ་དང་ཉན་ཐོས་ཀྱི་དགེ་ཚུལ་དང་དགེ་སློང་གི་དབང་གིས་རྡོ་རྗེ་འཛིན་པ་གསུམ་པོ་ཡང་ཕྱི་མ་ཕྱི་མ་བསླབ་པས་རྒན་པ་དང་། དེ་རེ་རེ་ཡང་དབང་བསྐུར་སྔ་རིམ་གྱིས་དབང་གིས་རྒན་པ་དང་། གང་ཞིག་ཡེ་ཤེས་མཆོག་ཏུ་མི་འགྱུར་བ་ཐོབ་པ་དེ་ཉིད་ཡེ་ཤེས་ཀྱིས་རྒན་པ་སྟེ་སྔགས་ཀྱི་ཚུལ་ལ་རྒན་པ་རྣམ་པ་གསུམ་བཤད་ལ། སྤྱིར་འཇིག་རྟེན་ན་རྒྱལ་པོ་ལ་སོགས་པ་རིགས་ཀྱིས་རྒན་པ་དང་། ནོར་ཕྱུག་པ་ནོར་གྱིས་རྒན་པ་དང་། རིགས་མཉམ་ན་ཡང་ན་ཚོད་ཀྱིས་རྒན་པ་དང་། ཐོས་པ་ཆེ་བ་སོགས་ཐོས་པའམ་ཡོན་ཏན་གྱིས་རྒན་པ་སྟེ་བཞིར་གྲགས་ཀྱང་། སངས་རྒྱས་ཀྱི་བསྟན་པ་ལ་ནི་བསླབ་པ་དང་ཡོན་ཏན་གྱིས་རྒན་པ་མ་


KMC013_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་གཞན་མ་བཤད་ལ། ཡོན་ཏན་དེ་ཡང་སྔགས་ཀྱི་ཚུལ་ལ་ནི་མངོན་པར་རྟོགས་པའི་ཡོན་ཏན་ཁོ་ན་གཙོ་བོ་ཡིན་ཏེ། རབ་བྱུང་གི་སྔགས་འཆང་རྣམས་སོ་སྐྱེར་གནས་ལ། ཁྱིམ་པ་རྡོ་རྗེ་འཛིན་པ་ཅིག་འཕགས་པའི་མངོན་ཤེས་ཅན་ཡིན་ན་ནི་དེ་ཚོགས་ཀྱི་གཙོ་བོར་འགྱུར་པའི་ཕྱིར་རོ། །དབང་གི་ལྡེ་མིག་ལས་ནི། བུམ་པའི་དབང་གིས་དགེ་བསྙེན་ཏེ། །གསང་དབང་དགེ་ཚུལ་དག་དུའོ། །ཤེས་རབ་ཡེ་ཤེས་དགེ་སློང་ཉིད། །ཡོངས་སུ་རྫོགས་པ་དགྲ་བཅོམ་པའོ། །ཞེས་བཤད་དེ། བླ་མེད་ཀྱི་དབང་བསྐུར་སྤྱི་ལ་ནི་བྱིས་པ་འཇུག་བའི་དབང་བདུན་དང་འདས་མ་འདས་ཀྱི་དབང་ཐ་དད་བཤད་པ་མེད་པས་དེ་དག་ནི་ཚུལ་འདིས་དགེ་བསྙེན་ལ་སོགས་པའི་རྣམ་གཞག་བྱའོ། །དཔལ་ལྡན་རྡོ་རྗེ་སློབ་དཔོན་ལ། །རབ་ཏུ་བཏུང་སྟེ་བླ་མེད་ཀྱི། །རྩ་བའི་ལྟུང་བ་རབ་དབྱེ་བ། །འཁྲུལ་མེད་མན་ངག་འདིར་བཤད་བྱ། །བཞི་པ་རྩ་ལྟུང་བཅུ་བཞི་ནི། དེ་ལ་རྩ་ལྟུང་བཅུ་བཞི་ནི། །བླ་མ་དམ་པ་མི་བརྙས་དང་། །རྒྱལ་བའི་བཀའ་ལས་མི་འདའ་ཞིང་། །རྡོ་རྗེ་དཔུན་ལ་ཁྲོ་མི་བྱ། །སེམས་ཅན་ཀུན་ལ་བྱམས་མི་སྤང་། །བྱང་ཆུབ་སེམས་ནི་ཉམས་མི་བྱ། །རང་གཞན་གྲུབ་


KMC013_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལ་མི་སྨད། །གསང་བ་མ་སྨིན་ལ་མི་བསྒྲག །ཕུང་པོ་ཁམས་སོགས་མི་བརྙས་དང་། །དག་པའི་ཆོས་ལ་སོམ་ཉི་སྤང་། །གདུག་ལ་རྟག་ཏུ་བྱམས་ལྡན་མིན། །མིང་བྲལ་དོན་ལ་སྒྲོ་འདོགས་སྤང་། །དད་ལྡན་སེམས་ཅན་སུན་མི་བྱུང་། །དམ་ཚིག་བརྙེད་པ་སྤང་མི་བྱ། །ཤེས་རབ་བུད་མེད་མི་སྨད་བའོ། །ཉོན་མོངས་དྲག་པོ་ལ་བརྟེན་ནས། །འདིར་འགལ་རྩ་ལྟུང་ཞེས་བརྗོད་དོ། །ཞེས་པ་སྟེ། འདི་འཆད་པ་ལ་གཉིས། སྤྱིའི་དོན་དང་། སོ་སོའི་དོན་ནོ། །དང་པོ་ལ། སྐབས་འདིའི་རྩ་ལྟུང་གི་ངོ་བོ་ནི། སྔགས་བླ་མེད་ཀྱི་དམ་ཚིག་དང་འགལ་བའི་ཉེས་པ་ཤིན་ཏུ་ལྕི་བ་གང་སྤྱད་ན་རྡོ་རྗེའི་དམྱལ་བར་ལྟུང་བར་བྱེད་པའོ། །ངེས་ཚིག་ནི། མ་བཤགས་ན་རྡོ་རྗེའི་དམྱལ་བར་ལྟུང་བར་བྱེད་པའི་ཕྱིར་ལྟུང་བ་སྟེ། འདུལ་བ་ལས། མ་བཤགས་ན་ངན་སོང་དུ་འཕེན་པར་བྱེད་ལྟུང་བར་བྱེད་པས་ན་ལྟུང་བ། ཞེས་སྒྲ་བཤད་པ་ལྟ་བུའོ། །འདི་ལས་ལྕི་བའི་སྔགས་ཀྱི་ལྟུང་བ་མེད་པའི་ཕྱིར་རྩ་བའི་ལྟུང་བ་ཞེས་པ་སྟེ། འདུལ་བ་ལས་དགེ་སློང་གི་ཕམ་པ་ལ་རྩ་བའི་མིང་དུ་གསུངས་པ་བཞིན་ནོ། །རྡོ་རྗེའི་དམྱལ་བ་དེ་གང་ཞེ་ན། རྗེ་འབྲི་ཁུང་


KMC013_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པས། མདོ་ནས་བཤད་པའི་མནར་མེད་དང་སྔགས་ཀྱི་རྡོ་རྗེའི་དམྱལ་བ་གཅིག་ཞིང་། འོན་ཀྱང་གསང་སྔགས་མི་ཕྱེད་པའི་གནས་མཚོན་པའི་ཕྱིར་ཐམས་ཅད་རྡོ་རྗེའི་ཐ་སྙད་ཀྱིས་འཆད་པས་དམྱལ་བ་ལའང་རྡོ་རྗེའི་དམྱལ་བར་བཏགས་སོ། །ཞེས་བཞེད་མོད། བཤད་ཚུལ་ལ་ནི་མི་གཅིག་པའི་ཚུལ་དུ་བཤད་དེ་མནར་མེད་ནི། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །ཞེས་རྡོ་རྗེའི་གདན་གྱི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་ཡོད་པར་གསུངས་ལ། དེའི་ཚེ། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཞེས་ས་དཀྱིལ་གྱི་ཚད་དུ་བཤད་པའི་ཕྱིར་སའི་དཀྱིལ་འཁོར་འབུམ་ཕྲག་གཅིག་གི་ལྔ་ཆ་གཅིག་དོར་བའི་སར་གནས་པར་གསུངས་ལ། རྡོ་རྗེའི་ཐེག་པ་ལས་རྡོ་རྗེའི་དམྱལ་བ་གསལ་བར་བཤད་པ་ནི་དུས་ཀྱི་འཁོར་ལོ་སྟེ། དེར་ནི་ས་དཀྱིལ་གྱི་སྟེང་དུ་ཀླུ་རྣམས་གནས་ཅིང་སྨད་དུ་སའི་དམྱལ་བ་གནས་ལ། དེ་ནས་འོག་ཏུ་ཆུ་མེ་རླུང་གསུམ་གྱི་དཀྱིལ་འཁོར་ལ་རང་རང་གི་དམྱལ་བ་གཉིས་རེ་གནས་ཅིང་རྡོ་རྗེའི་ཁབ་རྩེའི་དམྱལ་བ་གནས་པར་བཤད་ལ། རྡོ་རྗེའི་གཞིར་གནས་ཅིང་རྡོ་རྗེའི་ཁབ་རྩེ་ཕྲ་མོའི་


KMC013_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་ལུས་འཇིག་པའི་སྡུག་བསྔལ་ཡོད་པའི་ཕྱིར་རྡོ་རྗེའི་དམྱལ་བ་ཞེས་བྱ་ཞིང་། འཇིག་རྟེན་འཆགས་པ་ནས་མ་ཞིག་གི་བར་གནས་པས་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་ཚེ་ཚད་དུ་བཤད་དོ། །རྒྱ་བོད་ཀྱི་གཞུང་གཞན་དག་ལས། རྡོ་རྗེའི་རི་རབ་གཅིག་ལ་ཀ་ཤི་ཀའི་རས་ཀྱིས་ལོ་བརྒྱ་བརྒྱ་ན་ལན་རེ་ཕྱིས་པས་ཟད་དེ་ཐལ་བར་གྱུར་བ་ནི་ཞག་དང་དེའི་ཟླ་བ་དང་ལོར་བརྩིས་པའི་ལོ་འབུམ་མམ་སྟོང་ངམ་བརྒྱས་ཚེ་ཚད་རྫོགས་པས་ན་རྡོ་རྗེའི་དམྱལ་བ་སྟེ་ཚེ་ཚད་ཆུང་འབྲིང་ཆེ་གསུམ་ཡིན་ནོ། །ཞེས་འཆད་པར་ཡང་མཐོང་ངོ་། །དེ་ལྟར་བཤད་ཚུལ་ནི་མདོ་སྔགས་ཐ་དད་པའི་ཚུལ་དུ་བྱུང་ལ། ཡང་དག་པར་ན་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་རང་གི་དག་མ་དག་གི་འཁྲུལ་པའི་སེམས་སྣང་འབའ་ཞིག་སྟེ་གྲུབ་པ་དང་མ་གྲུབ་པ་ཅེས་བརྗོད་པ་བསམ་དུ་ཅི་ཞིག་ཡོད། དེའི་ཕྱིར་སྐྱེས་བུ་གཉིད་ཀྱིས་ལོག་པ་ན་ལུས་སེམས་མལ་དེ་ཉིད་ལས་གར་ཡང་མ་ཕྱིན་བཞིན་དུ་དམྱལ་བ་ནས་སྲིད་རྩེའི་བར་དང་དག་མ་དག་གི་འཇིག་རྟེན་གྱི་ཁམས་གཞན་དཔག་ཏུ་མེད་པར་ཡང་ཕྱིན་ཞིང་བྱ་བ་འདི་དང་འདི་བྱས་སོ་ཞེས་ཤེས་ཅིང་མྱོང་


KMC013_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། འཇིག་རྟེན་ཚུར་མ་འོངས་ཅིང་བདག་ཉིད་ཕར་ཡང་མ་ཕྱིན་པའི་ཕྱིར་འཁྲུལ་སྣང་ཁོ་ན་ལས་གཞན་ཅི་ཞིག་ཡིན། དེ་བཞིན་དུ་དཔལ་ཞི་བ་ལྷས། ལྕགས་སྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་ལྟས་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཅེས་གསུངས་པས་སྡིག་པའི་སེམས་ཀྱི་དམྱལ་བའི་འཁྲུལ་སྣང་གི་རྒྱུ་ཚོགས་གྲངས་ཚང་ཞིང་སྨིན་པ་ན་དམྱལ་བའི་འཁྲུལ་སྣང་འབྱུང་བ་ཡིན་གྱི། དམྱལ་བའི་གནས་ཅེས་བྱ་བ་ཕྱི་རོལ་གྱི་ཡུལ་ག་ཤེད་དུ་འགྲོ་ས་ཡོད་པ་ཅིག་མིན་ལ། དག་པའི་ཞིང་ཐམས་ཅད་ཀྱང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་དང་སེམས་ཉིད་གཟུང་འཛིན་དང་བྲལ་བའི་རྟེན་འབྲེལ་གྱི་སྣང་ཆ་སྟེ་གཞན་གང་དུའང་གནས་པ་མིན་པ་འདི་ནི་ཐེག་པ་ཆེན་པོའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་རྣམས་ཀྱི་སྲོག་ཆེན་པོ་དང་རྡོ་རྗེ་ཐེག་པའི་ལམ་གྱི་ཡང་སྙིང་དུ་གནས་པ་སྟེ། དེའི་ཕྱིར་སངས་རྒྱས་འཁོར་བ་འཇིག་གི་སྤྲུལ་པའི་སྐུ་ཕག་མོ་གྲུ་པས། ངམ་ཤོད་ཀྱི་ཡུལ་འདི་ཉིད་འོག་མིན་ཆོས་ཀྱི་ཕོ་བྲང་ཡིན། རེས་འགའ་ནི་དམྱལ་བ་ལྕགས་སྲེག་གི་ས་གཞི་ཡང་འདི་ཉིད་ཁོ་ན་ཡིན། ཞེས་གསུངས་


KMC013_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། མདོ་ལས་ཚངས་པ་རལ་པ་ཅན་གྱིས་ཤྭཱ་རིའི་བུ་ལ་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་འདི་ཚེར་མ་དང་ངམ་གྲོག་དང་གཡང་ས་དང་རྙིགས་མ་ཅན་དུ་མཐོང་བ་དེ་ནི་བཟང་པོ་མ་ཡིན་ཏེ། དེ་ནི་གནས་བརྟན་གྱི་སེམས་ལ་ཉོན་མོངས་པའི་ཚེར་མ་དང་ལྟ་བའི་ངམ་གྲོག་དང་སྲིད་ཞིའི་གཡང་ས་སོགས་ཡོད་པའི་རྟགས་སུ་བཤད་པ་ཡིན་ནོ། །འོན་ཡང་སྣོད་ཀྱི་འཇིག་རྟེན་ཞེས་བྱ་བ་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་ཅིག་ཡང་དག་པའི་གནས་ཚུལ་དུ་ཞུགས་པ་མིན་ཡང་ད་ལྟ་དེ་ལྟར་མ་རྟོགས་པའི་མིའི་འཁྲུལ་སྣང་གི་རྒྱུ་ཚོགས་གྲངས་ཚད་དུ་སད་པའི་སྐྱེ་བོ་རིས་མཐུན་པ་རྣམས་ལ་གླིང་བཞི་དང་ཛམ་གླིང་གི་ཡང་ཡུལ་གཅིག་ནས་གཅིག་ཏུ་འགྲོར་ཡོད་པར་སྣང་བའི་ཆ་མ་འགགས་པར་འཆར་བ་ལྟར་འགྲོ་བ་གཞན་གྱི་འཁྲུལ་སྣང་གི་རྒྱུ་ཚོགས་གྲངས་ཚད་དུ་སད་པ་ན་ཡང་དེ་ལྟར་སྣང་ཞིང་སེམས་ཅན་རྣམས་ལ་རང་རང་གིས་ཇི་ལྟར་སྣང་ཙམ་པ་དེ་ཉིད་ལ་འདི་ནི་ཡང་དག་པར་བདེན་པ་སྟེ་མངོན་སུམ་དུ་སྣང་བའི་ཕྱིར་བསྙོན་དུ་ཅི་ཞིག་ཡོད་སྙམ་དུ་ཐེར་ཟུག་ཏུ་འཛིན་པར་བྱེད་པས་དེའི་དབང་དུ་མཛད་ནས་སྣོད་བཅུད་ཀྱི་འགྲོ་བའི་


KMC013_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དང་དབྱིབས་དང་ཡུན་ལ་སོགས་པ་ངེས་པར་བསྟན་པར་མཛད་པ་ཡིན་ལ། སེམས་ཅན་དེ་རྣམས་ཀྱི་འཁྲུལ་པའི་ཚོགས་ཀྱང་ཇི་ལྟར་འཁྲུལ་རྒྱུ་ངྷ་དུ་ར་སྡོང་པོ་གཅིག་ལས་མི་བརྒྱས་ཟོས་པ་ན་རང་རང་གི་བག་ཆགས་སོ་སོར་སད་པས་འཁྲུལ་པའི་རྣམ་པ་ཆེས་ཐ་དད་པ་ཐ་དད་པ་ཁོ་ནར་འབྱུང་བ་ལྟར་སྲོག་གཅོད་ཀྱི་ལས་ལམ་རྫོགས་པ་ལྟ་བུ་དམྱལ་བར་སྐྱེ་བའི་ལས་གཅིག་གིས་ཀྱང་སེམས་ཅན་རྣམས་ཀྱི་ཁམས་ཐ་དད་པའི་ཕྱིར་དམྱལ་བའི་འཁྲུལ་སྣང་ཡང་མ་ངེས་པར་འཆར་བ་ཡོད་དེ། འདི་ལྟ་བུའི་དབང་དུ་མཛད་ནས་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་དབྱིབས་ལ་སོགས་པ་ཡང་རྣམ་པ་དུ་མ་འགལ་བ་འདུ་བ་ལྟ་བུར་མདོ་སྔགས་ཀྱི་གཞུང་སོ་སོ་སོ་སོ་དག་ལས་བསྟན་པ་སྟེ། དུས་ཀྱི་འཁོར་ལོར་མདོར་ན་དེ་བཞིན་གཤེགས་པས་མངོན་པར་ཞེན་པས་འཇིག་རྟེན་གྱི་ཁམས་གཟིགས་ནས་གསུངས་པ་མ་ཡིན་གྱི་གདུལ་བྱའི་ཁམས་རྒྱུད་དང་དབང་པོ་བཞིན་དུ་གང་ལ་དེས་འདུལ་ནུས་ཙམ་ཞིག་གསུངས་པར་བཤད་ནས་ཡང་དག་པར་ན་སྒྱུ་མའི་ཆུ་ཀླུང་ལ་འགྲམ་ངོགས་དང་སྲིད་ཞེང་སོགས་ཀྱི་ཚད་མི་རྙེད་པ་བཞིན་དུ་སྒྱུ་མའི་འཇིག་རྟེན་ཡང་


KMC013_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཡོད་པ་མིན་པར་གསུངས་སོ། །འདི་ལྟ་བུའི་དགོངས་པ་མི་ཤེས་པར་བོད་ཀྱི་མཁས་རློམ་བྱིས་པའི་རང་བཞིན་ཅན་མང་པོ་མངོན་པ་དང་དུས་འཁོར་བའི་འཇིག་རྟེན་རྣམ་གཞག་རེ་རེ་ལ་ཞེན་པ་དང་གཞན་ལ་སྐུར་པ་འདེབས་པ་དང་ཆ་ཅན་ཆ་ཤས་སོགས་མུ་སྟེགས་པའི་ཐ་སྙད་རྐུ་ཐབས་སུ་བླངས་པས་འགལ་བ་བསྡུམ་པའི་ཟོལ་གྱིས་དམིགས་པར་ལྟ་བའི་ལྗོན་ཤིང་སྲུང་བའི་ཆུ་ལོན་བྱེད་པ་སོགས་ལ་ནི་ངལ་བ་ཙམ་ཞིག་སྙིང་པོར་ཟད་པ་ཡིན་ནོ། །དེས་ན་མནར་མེད་དང་རྡོ་རྗེའི་དམྱལ་བ་ལྟ་ཞོག་ཁམས་གསུམ་པོ་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཅིག་གི་ངོ་བོ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པོ། །ཅེས་པ་ཡང་། ཡང་དག་པར་ན། ཁམས་གསུམ་སེམས་དང་སེམས་བྱུང་ནི། །ཡང་དག་མ་ཡིན་ཀུན་རྟོག་གོ། །ཞེས་པར་དོན་གྱིས་ཐོབ་པས་འདི་ལྟ་བུ་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་དབུ་མའི་གཞུང་ལུགས་རྣམས་སུ་གཞུང་བཙུགས་ནས་བཤད་པ་ཡིན་ལ། དེའི་ཕྱིར་འཕགས་པ་ཀླུའི་ཞབས་ཀྱི་སྤྲུལ་པའི་སྐུ་འབྲི་ཁུང་པས་མནར་མེད་དང་རྡོ་རྗེའི་དམྱལ་བ་


KMC013_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར་བསྟན་པ་ཡང་ནོངས་པ་ཅི་ཞིག་ཡོད་དེ། ཐབས་ལ་མཁས་པའི་མདོ་ལས་སངས་རྒྱས་དང་བྱང་སེམས་ཆེན་པོ་རྣམས་ཀྱི་ཆོས་ཀྱི་སྒོ་དང་མཛད་པ་ཐམས་ཅད་ཐབས་ཀྱི་མཛད་པ་ཁོ་ནར་གསུངས་པའི་ཕྱིར་རོ། །དབྱེ་ན་རྩ་བའི་ལྟུང་བ་བཅུ་བཞི་སྟེ། གཙོ་ཆེ་བའི་དབང་དུ་བྱས་ན་བཅུ་གསུམ་པ་དམ་ཚིག་མི་བསྟེན་པ་དང་། ལྔ་པ་བྱང་སེམས་སྤངས་པ་གཉིས་རྒྱུ་འབྲས་སུ་བྱས་ནས་གསང་དབང་དང་འགལ་བ་གཉིས། བཅུ་བཞི་པ་བུད་མེད་ལ་སྨོད་པ་ནི་དབང་གསུམ་པ་དང་འགལ་བ་གཅིགདགུ་པ་དག་པའི་ཆོས་ལ་སོམ་ཉི་ཟ་བ་དང་། བཅུ་གཅིག་པ་མིང་བྲལ་གྱི་དོན་ལ་སྒྲོ་སྐུར་བྱེད་པ་གཉིས་ཡུལ་ཡུལ་ཅན་དུ་བྱས་ནས་དབང་བཞི་པ་དང་འགལ་བའི་རྩ་ལྟུང་གཉིས་ཡིན་ལ། ལྷག་མ་དགུ་པོ་འདི་གཙོ་བོར་བུམ་དབང་དང་འགལ་བའི་རྩ་ལྟུང་ཡིན་ཞིང་། འདི་རྣམས་ཀྱང་གཙོ་ཆེར་སྨོས་པ་སྟེ་དབང་ཕྱི་མ་ཕྱི་མའི་ཚེ་ནི་སྔ་མ་སྔ་མ་རྣམས་ཐུན་མོང་གི་རྩ་ལྟུང་དུ་འགྱུར་ཞིང་རང་སྐབས་ཀྱི་དེ་ཉིད་སྔ་མ་དང་ཐུན་མོང་མ་ཡིན་པའི་རྩ་ལྟུང་དུ་འགྱུར་རོ། །དྲུག་པ་གྲུབ་མཐའ་ལ་སྨད་པ་ནི། དབང་བཞི་པའི་རྩ་ལྟུང་གཙོ་བོར་ཡང་མི་འགལ་ལ།


KMC013_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་གསང་སྒྲོགས་ཀྱང་རྩ་ལྟུང་གོང་མ་གསུམ་ཁོ་ན་ལ་འབྱུང་ཉེ་ཞིང་ཉེས་དམིགས་ཆེ་བས་གསང་དབང་གི་རྩ་ལྟུང་དུ་བྱས་ཀྱང་མི་འགལ་མོད། དཀྱིལ་འཁོར་དུ་འཇུག་དུས་གསང་བར་གདམས་པའི་ཆ་ནས་བུམ་དབང་གིས་བཞག་གོ། །དབང་བཞི་ཡོངས་སུ་རྫོགས་པས་ནི་ཐམས་ཅད་སྲུང་དགོས་ཀྱི་བུམ་དབང་ཁོ་ན་ལས་མ་ཐོབ་པས་ནི་རང་སྐབས་ཀྱི་དགུ་པོ་སྤྱད་ན་རྩ་ལྟུང་དུ་འགྱུར་གྱི་བྱང་སེམས་སྤངས་པ་སོགས་ལྷག་མ་ལྔ་སྤྱད་པས་རྩ་ལྟུང་དངོས་སུ་ནི་མི་འགྱུར་ཏེ། དེ་དག་སྤོང་བའི་སྡོམ་པ་མ་ཐོབ་པའི་ཕྱིར་རོ། །དེས་ན་ཡན་ལག་མ་ཚང་བས་ཉེས་པ་སྦོམ་པོ་ལ་སོགས་པར་འགྱུར་རོ། །དེ་བཞིན་དུ་སྐབས་སོ་སོར་སྦྱར་ཏེ་ཤེས་པར་བྱའོ། །འདི་ལྟར་དབང་རྫོགས་མ་རྫོགས་དང་དབང་སོ་སོའི་རྩ་ལྟུང་སོགས་མ་ཕྱེ་ན་ལྟུང་བའི་དགག་དགོས་ཀྱང་ཇི་བཞིན་ངོས་མི་ཟིན་པས་ལེགས་པར་ཕྱེ་སྟེ་ཤེས་དགོས་ལ། ཁ་ཅིག་དྲི་མེད་འོད་ཀྱི་རྒྱུད་ཐམས་ཅད་དུ་རྩ་བའི་ལྟུང་བ་ནི་བཅུ་བཞི་སྟེ་ཞེས་པ་ལ་བརྟེན་ནས་རྩ་ལྟུང་བཅུ་བཞི་འདི་ཉིད་རྒྱུད་སྡེ་བཞི་ཀའི་རྩ་ལྟུང་དུ་འཆད་མོད། དེ་ནི་མ་ཡིན་ཏེ། བྱ་རྒྱུད་ལས་ཕུང་པོ་ལྔ་སངས་


KMC013_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལྔར་དངོས་སུ་མ་བསྟན་ན་རྣལ་འབྱོར་པ་དེ་ལ་ཕུང་པོ་ལ་བརྙས་པའི་ཉེས་པ་ཅིའི་ཕྱིར་འབྱུང་། གལ་ཏེ་ཕུང་པོ་སངས་རྒྱས་སུ་བསྟན་པའི་ཆ་ནས་མ་ཡིན་མོད་ཀྱང་ཀུན་ལྡང་དྲག་པོས་བརྡེག་པ་སོགས་བྱས་ན་ཉེས་པ་ཆེ་བའི་ཆ་ནས་སོ་ཞེ་ན། དེ་ལྟ་ན་རྩ་ལྟུང་བཅུ་བཞི་འདི་ཉིད་ཉན་རང་གི་རྩ་ལྟུང་ཡང་ཅིའི་ཕྱིར་མ་ཡིན་ཏེ་ཐུན་མོང་གི་འདུལ་བར་ཡང་སངས་རྒྱས་འོད་སྲུང་གི་ཉན་ཐོས་ཅིག་གིས་བསམ་གཏན་བྱེད་པ་ན་ཤིང་ཨེ་ལའི་འདབ་མ་རླུང་གིས་གདོང་ལ་བསྣུན་པས་སེམས་རྩེ་གཅིག་པ་མ་ཐོབ་པས་ཁྲོས་ཏེ་སྲོག་ཀྱང་མེད་སེམས་ཀྱང་མེད་པ་འདི་ལ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་བཅས་པ་མཛད་ཅེས་བཅད་པའི་རྒྱུས་ཀླུའི་རྒྱལ་པོ་ཨེ་ལའི་མདབ་ཅེས་བྱ་བ་མགོ་ལ་ཁྲུ་སྟོང་པའི་ཨེ་ལའི་ཤིང་སྡོང་སྐྱེས་ཅིང་ལས་ཀྱི་རླུང་དུས་དྲུག་ཏུ་ལྡང་བས་བསྐྱོད་པ་ན་ཀླད་པ་དང་རྣག་ཁྲག་ཆེར་འཛག་པའི་སྡུག་བསྔལ་མྱོང་བར་བཤད་པའི་ཕྱིར་རོ། །འོ་ན་དྲི་མེད་འོད་ལས་བཤད་པ་དང་འགལ་ལོ་ཞེ་ན། དྲི་མེད་འོད་དུ་ནི་བླ་མེད་ཀྱི་རྒྱུད་ལ་དྲང་དོན་དུ་ཕ་རྒྱུད་དང་མ་རྒྱུད་གཉིས་དང་། ངེས་དོན་དུ་དེ་ཐམས་ཅད་གཉིས་མེད་ཀྱི་རྒྱུད་ཡིན་ཞིང་རྣལ་


KMC013_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྱི་རྒྱུད་ནི་དེའི་ཡན་ལག་ཡིན་ལ། བྱ་སྤྱོད་གཉིས་པོ་ནི་དེའི་ཡང་ཡན་ལག་ཡིན་པར་བཞེད་པའི་སྐབས་སུ་བཤད་ལ། དེའི་ཚེ་ཡང་དག་པར་གསང་སྔགས་ཐམས་ཅད་བླ་མེད་གཉིས་མེད་ཀྱི་རྒྱུད་ཁོ་ནར་འདུ་བར་བཞེད་པ་ཡིན་ལ། ཁྱེད་ཅག་ནི་རྒྱུད་སྡེ་བཞི་པོ་མུ་སྟེགས་ཀྱི་རིག་བྱེད་བཞི་ལྟ་བུར་ཆོས་ཐ་དད་པ་ཕན་ཚུན་གཅིག་ཏུ་གཅིག་འདུར་མི་རུང་བ་ཅན་དུ་འདོད་པའི་ཕྱིར་དུས་ཀྱི་འཁོར་ལོའི་མི་མཐུན་པའི་གཞུང་ཁས་ལེན་པ་དག་ལ་འདི་རྒྱབ་རྟེན་དུ་མི་འགྱུར་རོ། །ལྟུང་བའི་གོ་རིམ་ནི། ལྕི་ཡང་གི་གོ་རིམ་སྟེ་རྡོ་རྗེའི་སློབ་དཔོན་ནི་རྡོ་རྗེ་ཐེག་པའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དེ་བརྙས་པ་ནི་ཉེས་པ་ཐམས་ཅད་ཀྱི་ནང་ན་ཟླ་མེད་པའི་ཕྱིར་རྩ་ལྟུང་དང་པོར་བཞག་ལ། སངས་རྒྱས་ཀྱི་བཀའ་སྟེ་དམ་པའི་ཆོས་ལས་འདས་པ་ནི་དེའི་འོག་ནས་ཉེས་པ་ལྕི་བའི་ཕྱིར་གཉིས་པ་དང་། རྡོ་རྗེའི་དཔུན་ནི་སྔགས་ཀྱི་དགེ་འདུན་ཡིན་པས་དེ་ལ་བརྙས་པ་ནི་དེ་གཉིས་ཀྱི་འོག་ན་ལྕི་བའི་ཕྱིར་གསུམ་པར་བཞག་པ་སོགས་གོ་རིམ་བཞིན་དུ་སྟེ། ཡུལ་བུད་མེད་ལ་སྨད་པ་ནི་རྩ་ལྟུང་གི་ནང་ན་ཉེས་པ་ཆུང་བའི་ཕྱིར་བཅུ་བཞི་པར་


KMC013_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའི་བར་དུའོ། །ལྟུང་བར་ལྡང་ཚད་ནི་འོག་ནས། ཉོན་མོངས་ཀུན་བསླང་དེར་ཤེས་ལྡན། །ཞེས་སོགས་ཏེ། ཉོན་མོངས་དྲག་པོས་ཀུན་ནས་བསླང་བ་ལས་ཡུལ་དེ་ལ་དེར་ཤེས་པ་དང་ལྡན་པ། བཅུ་བཞི་པ་ལྟ་བུ་ངག་ཏུ་ཐོན་དགོས་པ་ལ་ངག་ཏུ་ཐོན་པ་སོགས་སྒོ་གསུམ་གང་དང་གང་གིས་ལྟུང་བ་རྫོགས་པའི་ལས་ལམ་དེར་ཐོན་པ་ན་རྩ་ལྟུང་དུ་གྲུབ་པ་ཡིན་ལ། དེ་ནས་མ་བཤགས་པར་བར་ཆོད་པ་དང་། འདུ་ཤེས་མ་འཁྲུལ་བ་དང་། འགྱོད་པ་མེད་པ་དང་། བཤགས་ཚད་ཀྱི་དུས་ལས་འདས་པ་སྟེ་བདུན་དང་ལྡན་ན་ཕམ་པ་དང་མཚུངས་ཅིང་། གཉེན་པོ་དང་སྤེལ་ནས་སྐྱེ་བས་དངོས་གཞི་ཡོངས་སུ་མ་རྫོགས་ལ། བཤགས་ཚད་དུས་ལས་འདས་པ་ནི་ལྟུང་བ་ཙམ་སྟེ་སོ་ཐར་གྱི་དགེ་འདུན་ལྷག་མ་ལྟ་བུའོ། །དེ་བས་ཆུང་ཙམ་གྱི་རྩ་ལྟུང་གི་ཆ་དང་ཡན་ལག་གི་ལྟུང་བ་ལྕི་བ་ནི་ཉེས་པ་སྦོམ་པོར་མཚུངས་ལ། ཡན་ལག་གི་ལྟུང་བ་གཞན་ཐམས་ཅད་ནི་ལྟུང་བྱེད་ལྟ་བུ་དང་ཕྱོགས་མཐུན་གྱི་ཕྲ་མོ་རྣམས་ནི་ཉེས་བྱས་དང་འདྲ་ལ། དགོས་པ་ཁྱད་པར་བ་གཞན་ཡོད་ན་རྒྱུ་གཞན་མ་ཚང་བར་ལུས་ངག་ཏུ་ཐོན་པ་ཙམ་ནི་ལྟུང་བའི་གཟུགས་བརྙན་ཡིན་ནོ། །


KMC013_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ཏུ་ལྟུང་བར་གྱུར་པའི་དུས་ལ་སློབ་དཔོན་འཇམ་དཔལ་གྲགས་པས་གང་ཟག་གི་ཡུལ་ཅན་རྣམས་ལ་ལོ་གསུམ་ལ་སོགས་པར་འགྱོད་པ་མེད་པས་མི་སྡོམ་ན་བཤགས་ཚད་དུས་ལས་འདས་པར་ཡང་བཤད་ལ། སྐད་ཅིག་ཙམ་གྱིས་རྩ་བའི་ལྟུང་བ་རྫོགས་པར་འགྱུར་བ་ཡང་ཡོད་དེ། མདོར་ན་རང་རང་གི་ཡན་ལག་ཡོངས་སུ་རྫོགས་ཅིང་རྒྱུད་མི་སྲུན་པས་ཉམས་མྱོང་གི་དྲོད་ཡལ་ཏེ་དངོས་གྲུབ་ལ་གེགས་སུ་གྱུར་པ་ནི་རྩ་ལྟུང་དུ་གྱུར་པའི་དུས་སོ། །འདིར་འཁྲུལ་སྤོང་མཛད་པོས་རྒྱ་ཆེར་འགྲེལ་གྱི་ལུགས་རྣམས་བཀག་སྟེ་སློབ་དཔོན་དེས་མཛད་པ་མིན་ནོ་ཞེས་འཆད་པ་དང་། དུས་ཀྱི་འཁོར་ལོའི་རྩ་ལྟུང་གི་རྣམ་བཞག་རྣམས་ཀྱང་མི་འཐད་པར་བསྒྲགས་པ་ལ་ཕྱིས་མཁས་པ་རེད་མདའ་བས་བོད་ཡུལ་འདིར་ཡང་སྔོན་གྱི་མཁས་པ་དུ་མས་རྒྱུད་འདི་དཔྱད་པའི་གནས་སུ་མཛད་དོ་ཅེས་དུས་འཁོར་འགོག་པའི་ཁུངས་མཛད་མོད། སྤྱིར་དཔྱད་པ་བྱུང་བ་ཙམ་གྱིས་དངོས་བཏགས་གང་དུའང་སྒྲུབ་ག་ལ་ནུས་ཏེ་བཅོམ་ལྡན་འདས་ཉིད་ལའང་མུ་སྟེགས་པས། ཀྱེ་མ་མང་ཐོས་གང་སྨྲ་བ། །དེ་ནི་སྤྱང་ཀིའི་རྗེས་བཞིན་ནོ། །ཞེས་


KMC013_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་དཔྱད་པ་བྱས་ན་གཞན་ལ་ལྟ་ཅི་སྨོས་པའི་ཕྱིར་དང་། ནང་པ་ཉིད་ལ་ཡང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སོགས་ཀྱི་ངོར་དབྱིག་གཉེན་གྱིས་མདོ་སྡེ་པའི་གྲུབ་པ་བཀར་སྒྲུབ་པ་དང་། བྱེ་མདོའི་ངོར་འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་གྱི་གྲུབ་པ་བཀར་སྒྲུབ་པ་དང་། རྣམ་རིག་སྨྲ་བའི་ངོར་ཀླུའི་ཞབས་ཀྱིས་དབུ་མའི་གྲུབ་པ་བཀར་སྒྲུབ་པ་དང་། རྒྱུའི་ཐེག་ཆེན་པ་རྣམས་ཀྱི་ངོར་འབྲས་བུ་གསང་སྔགས་བཀར་སྒྲུབ་པ་སོགས་དུ་མ་མཛད་ན་དེའི་ཕྱིར་ཆོས་དེ་དག་ཡང་དག་པ་མ་ཡིན་ནོ་ཞེས་སྐུར་པ་གདབ་བམ་ཅི། དེས་ན་སྔགས་བླ་མེད་ཀྱི་མཁས་པ་དག་དུས་ཀྱི་འཁོར་ལོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ལ་བཀའ་མ་ཡིན་པར་སྒྲོག་ན་ནི་ཤེས་བཞིན་དུ་ཅོ་དྲི་བའི་དགོས་པའི་དབང་གིས་ཡིན་ལ། དེ་ལྟ་བུ་མེད་ན་ནི་ཐོས་པས་རྒྱགས་ཆེས་པའམ་མི་དགེ་བའི་བཤེས་གཉེན་གྱི་དབང་ངམ་ཆོས་དེ་དག་འཛིན་པའི་གང་ཟག་ལ་སྡང་བའི་དབང་གིས་ཡིན་པ་གང་རུང་དུ་གོར་མ་ཆག་པས་རེ་ཞིག་དེ་དག་ལ་ཧ་ཅང་བརྗོད་པའི་གནས་མ་ཡིན་ནོ། །རྩ་ལྟུང་རྒྱ་ཆེར་འགྲེལ་དང་བལ་པོ་ལོ་ཙཱ་བ་པདྨ་རུ་ཙེ་འདས་པའི་རྒྱ་དཔེ་རྣམས་བལ་པོའི་གནས་


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next