དཔལ་མགོན་པོ་ལེགས་ལྡན་ལྗང་སྔོན་དྲག་པོའི་དབང་ཆོག་དྲག་པོའི་རྗེས་གནང་དང་བཅས་པ།
དཔལ་མགོན་པོ་ལེགས་ལྡན་ལྗང་སྔོན་དྲག་པོའི་དབང་ཆོག་དྲག་པོའི་རྗེས་གནང་དང་བཅས་པ་བཞུགས་སོ། །དཀོན་མཆོག་གསུམ་གྱི་ངོ་བོ་ཆོས་ཀྱི་རྗེ། །སྐུ་ལྔ་རབ་རྫོགས་དྲུག་པ་རྡོ་རྗེ་འཆང་། །གཉིས་སུ་མེད་པའི་ཞབས་ལ་གུས་བཏུད་ནས། །བཀའ་སྡོད་ལེགས་ལྡན་ནག་པོའི་དབང་ཆོག་བྲི། །གཞུང་དང་མཐུན་པའི་གནས་ཉིད་དུ། །ཚད་དང་ལྡན་པའི་བླ་མ་དང་། །སྣོད་དང་ལྡན་པའི་སློབ་མ་ཡིས། །དགོས་པའི་ཡོ་བྱད་ཚོགས་པ་དང་། །ཁྲག་འཐུང་རྣལ་འབྱོར་ལྡན་བྱས་ནས། །ཐོག་མར་ལྷའི་རྣལ་འབྱོར་བརྩམས། །ལས་ཀྱི་ལྷ་བསྐྱེད་མཆོད་བསྟོད་བརླབ། །ༀ་བིག་ནནྟ་ཀྲིད་ཨ་མྲྀ་ཏ་ཀུ ཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། རྃ་ཡྃ་ཁྃ། ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨདྨ་ཀོ྅་ཧཾ། སུརཡཱ་ཙནྜ་པདྨ་དྷུ་དྷུ་ཏྭ་ཨ་ག་ན་ཤ །སྤྲོ་བསྡུ། བཛྲ་ཨརྒྷཾ། པཱ་ཏྱཾ། པུཥྤེ། དྷུ་པཻ། ཨཱ་ལོ་ཀཻ། གནྡྷེ། ནཻ་ཝིཏྱ། ཤཔྟ་ཨཱཿཧཱུྃ། སརྦ་པཉྩ་ཨམྲྀ་ཏ་ཧཱུྃ་ཧྲཱི་ཋཱ། ༀ་ཨ་ཀ་རོ་མུ་ཁཾ། སརྦ་དྷརྨཿནཾ། ཨཏྱ་ནུད་པན་ཏོད་ཏ་ཧཱུྃ་ཕཊ། མཎྜལ་བསངས་སྦྱངས་ལྷ་མོ་གསེར་མདོག་རྒྱན་ལྡན་བུམ་འཛིན་ཕག་ལ་བཞུགས། ལཾ་སརྦ་སཾ། ལཾ་ཀ་ལ་ཀྵ། སྤྲོ་བསྡུ་ལམ་པྲ་ཏྲི་བྷྱེ་སྭཱ་ཧཱཿ དབང་བསྐུར་བྱིན་རླབས་སྤྱན་དྲངས་བསྟིམ། ༀ་ན་མོ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་སྭཱ་བྷ་ཝ་ཨདྨ་ཀོ་྅་ཧཾ། ༀ་མ་ཧཱ་ཨ་དཪྵ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱདྨ་ཀོ་ཉ་ཧཾ། ༀ་བཛྲ་ས་མ་ཡ་ཛ༔ དད་པ་དད་ནི་དམ་ཚིག་གི། །ཚུར་གཤེགས་ས་ཡི་ལྷ་མོ་ཆེ། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་ས་བདག་དགྱེས་པར་མཛོད། །ༀ་ཨེ་ཧྱ་ཧི་བྷ་ག་ཝཱན། །མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧཱོཿ ས་མ་ཡ་སྟཾ། ཛ་ཧཱུྃ་བྃ་ཧོ། །ཀཱ་ཡ་ཝཱ ཀྐ་ཙིཏྟ་ཏིཥྛ་བཛྲ། །ཀུན་བཟང་ཕྱི་མཆོད་ཕུད་གཏོར་ནི། །རྩ་སྔགས་མཆོད་སྔགས་བཏགས་པས་དབུལ། །བདེ་བར་གཤེགས་པ་ལྷ་མོ་ཆེ། །དེ་སོགས་ཚིག་དང་མཛོད་ཀྱི་སྔགས། །རྩ་སྔགས་མཆོད་སྔགས་བཏགས་པས་དབུལ། །དེ་ནས་བཟླས་དང་བསྟོད་པ་བྱ། །ལཾ་པྲ་ཏི་བྷྱེ་ཡེ་སྭཱ་ཧཱ། སའི་ལྷ་མོ་བསྟན་མ་གཟི་འབར་མ། །སྐུ་གསེར་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་མདོག་ལྡན་ཕག་གི་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བསྐུར་མཆོད་ཅིང་བསྟོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་མཆོད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །རིག་པ་འཛིན་པས་དེ་ལྟ་མཛོད། །གཏོར་མའི་ཕ་འབང་ཕྱོགས་གཉིས་ལ། །བྱིན་ལ་གྲོགས་བཅོལ་བསྐྲད་པར་བྱ། །ལྷ་མོ་དགྱེས་ནས་ས་ལ་ཐིམ། །ལག་པ་རྡོ་རྗེ་དང་བཅས་པས། །ས་ལ་གཏུག་ཅིང་སྔགས་འདི་བརྗོད། །ༀ་བཛྲ་ཀྲོ་ཏ་ཧ་ན་ཧ་ན་ཧཱུྃ་ཕཊ། །དེ་ནས་ལྷ་ཡི་སྟ་གོན་ནི། །མཎྜལ་བདུད་རྩི་བྱུགས་པ་བྱ། །ༀ་ཨཱཿ ཧཱུྃ། མ་ཧཱ་མཎྜལ་སིདྡྷི་གུ་རུ་ཧཱུྃ། །དུར་ཁྲོད་སྐྲ་ཡི་ཆ་དབྱེ་ཞིང་། །སློབ་དཔོན་བདག་བསྐྱེད་གསལ་བཏབ་ལ། །མཎྜལ་བྷྲུྃ་ལས་དུར་ཁྲོད་གཞལ་ཡས་ཁང་། །བསྐྱེད་ཅིང་ཁྲག་གི་ཐིག་ལེ་ལས། །སོ་སོའི་གནས་སུ་རྩ་སྔགས་ནི། །གདན་ལ་ལྷ་རྣམས་བསྐྱེད་པར་བྱ། །བྷྲུཾ་བི་ཤྭ་བི་ཤུདྷེ་བཛྲ་ཛྙཱ་ན་ཙཀྲ་བྷྲུཾ། སརྦ་དུཥྚ་ནི་ཏྲི་རི་ར་བཾ་ཏི་ར་བཾ། ཀོ་ཀ་ཐང་དམར་རྒྱ་མཚོའི་དབུས། །མ་ལ་ཡ་ཡི་རི་རྩེ་རུ། །ཕོ་བྲང་ལྟེ་བ་གྲུ་གསུམ་ལྔ། །མུ་ཁྱུད་ཁྲག་ཁྱམས་སྒོ་བཞིར་ལྡན། །ཕྱི་རོལ་འབེས་མཁར་བརྒྱ་དང་བཅས། །རབ་ཏུ་འཇིགས་པ་སྐྱེད་དབུ་རུ། །དགྲ་བགེགས་རོ་ཡི་གདན་སྟེང་དུ། །ༀ་མ་ཧཱ་ཀཱ་ལ་ཀྲོ་ཏ་ཧཱུྃ་རཀྵ་ཀྲོ་ཏི་ཤྭ་རི་རཀྨོ་ཧེ། ཤར་ལ་སོགས་པའི་ཁང་བཞི་རུ། །ཀྲོ་ཏ་ཛྭ་ལ། ཡཀྵ་ཛྭ་ལ། རཀྴ་ཛྭ་ལ། ཙིཏྟ་ཛྭ་ལ་ས་མ་ཡ། །ཁྲོ་བོ་གནོད་སྦྱིན་སྲིན་པོ་དང་། །མ་མོར་བཅས་པ་འཁོར་བཅས་བསྐྱེད། །བཙན་ཁང་རྣམས་ལ་མ་མོ་དང་། །བར་ཁྱམས་དབང་མོ་སྒོ་བཞིར་ཏེ། །གྲུ་བཞིར་གྲུ་འདེགས་བཞི་དག་རྣམས། །འབེ་མཁར་རྣམས་སུ་འབུ་ཆེན་དང་། །མཐར་བྱ་གཅན་ཟན་ལ་སོགས་པ། ཆོ་ག་བཞིན་དུ་བསྐྱེད་བྱས་ལ། །བསླབ་སྐུར་དྲངས་ཐིམ་སྟིམ་པ་ལ། །ཕྱི་ནང་མཆོད་བཟླས་བསྟོད་པ་ནི། ཧཱུྃ་ལྷ་ཡི་དེད་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད། །ཧཱུྃ། དྲག་པོའི་སྐུ་ལ་རྒྱལ་བའི་བཀའ་སྡོད་མཆོག །དེ་ནས་ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དེ་ནས་འདོད་དོན་ལ་གསོལ་བ་གདབ་པ་ནི། ལེགས་ལྡན་འཁོར་བཅས་དགོས་སུ་གསོལ། །ཁྱོད་ལ་བསྟོད་པ་བྱ་བ་དང་། །སློབ་མ་རྗེས་སུ་བཟུང་བྱའི་ཕྱིར། །བདག་ནི་དཀྱིལ་འཁོར་བགྱིད་པར་འཚལ། །སྟ་གོན་ལ། གནས་པར་མཛོད། དེ་བཞིན་བགྱིའོ། །དེ་བཞིན་གནས་པར་མཛོད། དེ་ནས་བུམ་བཏེག་བུམ་པ་གཉིས་རྒྱན་ལྡན་བསངས་སྦྱངས་གོང་དང་མཚུངས། བྷྲཱུྃ་བྷྲུྃ་སྤྲོ་བསྡུ། བྷྲུཾ་བི་ཤྭ། རྣམ་རྒྱལ་མགོན་པོའི་གཞལ་ཡས་སུ། །འཁོར་བཅས་བསྐྱེད་པའི་སྒྲུབ་ཐབས་བཞིན། །ལས་བུམ་གདན་གསུམ་མཆོག་གསུམ་གྱི། །བདུད་རྩི་འཁྱིལ་པར་བསྐྱེད་པ་ནི། །ལྗགས་གུ་རྒྱ་གྲམ་དྲིལ་བུ་ཅན། །བརླབ་ཅིང་དབང་བསྐུར་མཆོད་པའི་བར། །གོང་བཞིན་བྱས་ལ་བཟླས་པ་ནི། །མགོན་པོའི་བསྙེན་བསྒྲུབ་བཞི་སྔགས་ལ། །དབང་སྔགས་བཏགས་ལ་བཟླ་བྱ་ཞིང་། །ལས་བུམ་གོང་ལ་ཁྲུས་སྔགས་སྦྲེལ། །མགོན་པོའི་གོང་བཞིན་བསྟོད་བྱས་ལ། །སེམས་དཔའ་ལྗང་གུ་སྣ་ཚོགས་ཕྲིན་ལས་བདག ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཁྱམ། །ཡེ་ཤེས་བདུད་རྩི་སྲིད་གསུམ་འོད་སྤུང་འཁྱིལ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །སྙན་གཞུ་བྱིན་ལྡན་ཆུ་རུ་བསམ། །དེ་ནས་སློབ་མའི་སྟ་གོན་ནི། །སློབ་མ་ཁྲུས་བྱས་མཎྜལ་དབུལ། །གྲལ་ལ་རིམ་པར་བགོད་པ་ཡིས། །གསོལ་བ་འདི་སྐད་གདབ་པར་བྱ། ཧོ། རང་བཞིན་འདུ་འབྲལ་མེད་པའི་ལྷ། །ཕྱག་རྒྱ་ཚོགས་མཆོད་དཀྱིལ་འཁོར་དུ། །བདག་ཀྱང་མཉམ་པར་སྦྱར་བའི་ཕྱིར། །བྱིན་བརླབས་རབ་ཏུ་བཞུགས་སུ་གསོལ། །དེ་འདོད་སློབ་བུའི་སེམས་གཉིས་བསྐྱེད། །སེམས་ཉིད་ལྡན་པ་གསང་དོན་སྦྱིན། །ཨེ་མ་བདེ་གཤེགས་སྙིང་པོ་ལས། །ཅེས་པ་ནས། ཁྱོད་ལ་རབ་ཏུ་བསྟན་པར་བྱ། །ཅེས་པས་བར་གྱི་དོན་བཤད་དོ། །དེ་ནས་སློབ་མས་གསོལ་བ་བཏབ་པ། །ཧེ་རུ་ཀ་སོགས་ཁྱེད་ལ་འདུས། །མཐར་ལམ་ཆེན་པོར་བདག་འདོད་དེ། །ཅེས་པ་ནས། མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཅེས་པའི་བར་བརྗོད། དེ་ནས་རྡོ་རྗེ་སློབ་མ་ཡིས། །ཚེ་སྦ་བགེགས་བསྐྲད་སྒྲིབ་པ་བྲལ། ། ལྷར་བསྐྱེད་གོ་བགོ་ལུས་བསྲུང་བྱ། །ཨཱ་ཡུ་ཛྙཱ་ན་བྷིན་དུ་ཤ་བཛྲ་སྔགས་ཀྱིས་བསྐྲད། ལག་སོར་བསླབ་བྲལ་བདེ་སྟོབས་སྦྱངས། །རྩ་བའི་སྔགས་ཀྱི་མགོན་པོར་བསྐྱེད། །གོ་བགོ་ལུས་བསྲུངས་བཀའ་ནན་ཅིང་། །དེ་ནས་སྲུང་སྐུད་གསུམ་སྒྲིལ་ལ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ། །དཔུང་པར་བཅིངས་པས་ལུས་བདག་བྱ། །མཎྜལ་རིགས་ལྔའི་རབ་གནས་ལྡན། །སོ་ཤིང་དོར་སྟེ་ལྟས་རྟོག་གོ། །ཙན་དན་འམ་ནི་དྲི་ཆུ་ལ། །སྔགས་བཏབ་ཁྲུས་བཤལ་ཁོངས་སུ་བཏུང་། །ༀ་བཛྲ་ཛི་ཧ་སཾ་བྷར་དྷ་ནི་ཧཱུྃ། ༀ་ཧྲི་བི་ཤུདྡྷ་སརྦ་དྷརྨ་སརྦ་ས་པ་ནིཥྩ་པ་ཤ་དྷ་ཡ་སརྦ་བི་སྐལྤ་ས་ན་ཡེ་སྭཱ་ཧཱ། དེ་ནས་བགེགས་བསྐྲད་བཤད་ཀྱང་རུང་། །དྷི་དང་ཧ་ཡི་སྔགས་པ་ཡིས། །ཀུ་ཤ་ཆུན་པོ་གཉིས་བྱིན་ལ། །སྔགས་དང་བསྟན་བྱ་རྨི་ལམ་རྟག །དྲི་ཞིང་ངན་ན་བཟློག་པ་བྱ། །དེ་ནས་ཐིག་ཚོན་བྱིན་རླབས་ཏེ། །ལེགས་ལྡན་དཀྱིལ་འཁོར་གཞུང་བཞིན་བྲི། །ལས་གཞུང་བསྲང་ལ་གཞུང་བཞིན་མཆོད། །དེ་ནས་དཀྱིལ་འཁོར་འཇུག་པ་ནི། སློབ་མ་ཁྲུས་བྱ་མཎྜལ་དབུལ། དཔལ་མགོན་ལེགས་ལྡན་ནག་པོ་ཡིས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པ་འཚལ་ལགས་ཀྱིས། །དཔའ་བོས་ཐུགས་རྗེས་གཟུང་དུ་གསོལ། །ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལས་དང་བསམ་པ་ཐམས་ཅད་འགྲུབ། །བླ་མེད་ཐེག་ཆེན་འབྲས་བུ་ཐོབ། །གནས་སྐབས་བསྟན་པ་བསྲུང་བའི་ཕྱིར། ཞུམ་མེད་དཀྱིལ་འཁོར་འཇུག་ནུས་སམ། །སློབ་མས་ནུས་ཞེས་ཁས་བླངས་པའི། །བུ་ཁྱོད་སུ་ཡིན་ཅི་ལ་དགའ། །བདག་ནི་ལས་མཆོག་སྐལ་བར་ལྡན། །བདེ་གཤེགས་དགའ་ཚལ་དཀྱིལ་འཁོར་འདིར། །སངས་རྒྱས་མཛད་དཀའ་སྤྱད་ནས་ནི། །འགྲོ་བ་ཐམས་ཅད་བསྒྲལ་བར་མོས། །ཨ་ཁཾ་བྷི་ར་ཧཱུྃ། བི་ཤྭ་བཛྲ་བརྗོད། ཧ་ལ་ཧ་ལ་རཾ་ཀྲོ་ཏ་ཀྲོ་ཏ་ཡཾ། ཏིཥྞ་ཏིཥྞ་ཁཾ། ཏ་ཀེཾ་ཏ་ཀེཾ་ཕཊ། ༀ་ཨཱཿཧཱུྃ། སྡོམ་པ་རིམ་པར་བླང་བ་ནི། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཅེས་ནས་བྱང་ཆུབ་ཆེན་པོར་བསྔོ། །ཅེས་སོགས་དང་ཨེ་མ་ངོ་མཚར་ལྔ་བརྗོད། དམ་ཚིག་ཁས་བླངས་བ་ནི། ཀྱཻ། རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །བདེ་བ་མཆོག་གི་དམ་པ་དེ། །སེམས་ཅན་དོན་དང་འཕྲིན་ལས་གྲུབ། །སངས་རྒྱས་ཡོན་ཏན་འབྱུང་བའི་ཕྱིར། །དམ་ཚིག་དམ་པ་བསྲུང་བར་བགྱི། །དམ་ཚིག་ཐོབ་པར་གསོལ་གདབ་པ། །ཆོས་སྐུ་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་མཆོག་དཀྱིལ་འཁོར་འདིར། །སེམས་ཅན་འབྱམས་ཀླས་མ་ལུས་ཀུན། །མཆོག་ཉིད་འགྲུབ་པར་བགྱིས་པས་ན། སྐུའི་དབྱིག་ཏུ་བདག་བསྐྱེད་ཅིག །སླར་ཡང་བཟློག་པར་མི་བགྱིད་དོ། །བཅོམ་ལྡན་མཆོག་གིས་བཟུང་ལགས་ཏེ། །མཆོག་ཉིད་བསྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་རྒྱལ་པོ་ཁྱེད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་བདག་ཉིད་མཆོག་ཉིད་སྟེ། །ཕུན་སུམ་ཚོགས་པ་བསྒྲུབ་ལགས་པས། །བདག་ལ་དུས་འདིར་སྩལ་དུ་གསོལ། །འདི་ནི་རྒྱལ་བ་ཀུན་གྱི་ཐུགས། །སངས་རྒྱས་ཀུན་གྱི་དམ་ཚིག་ཡིན། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །རྟག་ཏུ་འབྲལ་བར་མ་བྱེད་ཅིག །དེ་ལྟར་ཁྱོད་ཀྱི་རྟག་ཏུ་སྤྱོད། །ཙན་དན་ཆུ་དང་བདུད་རྩི་སྦྱིན། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །སངས་རྒྱས་ཀུན་གྱི་ཁྲག་ཆེན་པོ། །སྙིང་ནས་དྲངས་ཏེ་ཐུང་བར་བྱེད། །ༀ་ཡཀྵ་ཀྲོ་ཏ་ས་མ་ཡ་ཧཱུྃ། དེ་ལྟར་བས་ན་བུ་ཁྱོད་ཀྱི། །དམ་ཚིག་འདི་ནི་བསྲུང་བར་གྱིས། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །པཉྩ་ཨ་མྲྀ་ཏ་ཐ་ཐ་ཐ་ཧཱུྃ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ང་ཡི་ཇི་ལྟར་བགོ་བ་བཞིན། །ཁྱོད་ཀྱི་དེ་ལྟ་བྱ་དགོས་སོ། །ས་མ་ཡ་ཧཱུྃ། མེ་ཏོག་དོར་བ་ནི། ཡེ་ཤེས་ཕན་པའི་རྗེས་སུ་སྦྱར་ན་སྤྱི་དང་མཐུན་ཞིང་ཐམསཅད་ཟེར། སྔོན་ཚེ་གོང་ནས་བསྙེན་པའི་ལྷ། །བདག་གི་ཉེ་གནས་གང་ལག་པ། །ལས་འཕྲོ་ཐུགས་རྗེ་ལྡན་པའི་ལྷ། །གང་ཡིན་དེ་ལ་འབབ་གྱུར་ཅིག །པྲ་ཏཱི་ཛཿཧོ། པྲ་ཏི་གྲི་ཧྞ་སྭ་མི་ལཾ། །ས་ཏྭ་མ་ཧཱ་བྷ་ལ། རྡོ་རྗེ་ཆེ་གེ་མོ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཅིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། །ༀ་བཛྲ་ས་མ་ཡ་ཛཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་ཨེ་དྷྱེ་བྷཱ་ཀ་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཧོ། ས་མ་ཡ་སྟཾ། པྲ་བེ་ཤ་ཡ་ཕཊ། ཨ་ཝེ་ཤ་ཡ་ཀཱ་ཡ་ཝཀྐ་ཙིཏྟ་ཏིཥྛ་བཛྲ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཐུར་མས་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ༀ་མུཾ་ཧཱུྃ། ༀ་ནི་ཡེ་ཤེས་ལྷུན་གྱིས་གྲུབ། །མུཾ་ནི་ཡེ་ནས་རང་སངས་རྒྱས། །ཧཱུྃ་ནི་རྩ་བརྒྱད་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པས། །ན་ཞེས་མཐོང་བ་ཡོངས་སུ་དག །མ་འདྲེས་ཡོངས་སུ་མཐོང་བར་ཤོག །ཕོ་བྲང་དབུས་ན་ཐོད་མཁར་ལྔ། །དཀྱིལ་ན་གྱི་ལིང་ཡབ་ཡུམ་ཏེ། །ཁྲོ་བོ་གནོད་སྦྱིན་སྲིན་པོ་དང་། །མ་མོ་རིམ་པས་ཕྱོགས་བཞིར་གནས། །བཙན་མོ་སྲིན་མོ་བཅུ་དྲུག་དང་། །གྲུ་ཆད་བཞི་ལ་གྲུ་འདེབས་བཞི། །བར་འཁྱམས་ཁྲག་མཚོ་དབང་མོ་དང་། །སྒོ་བཞིར་སྒོ་མ་ཆེན་མོ་བཞི། །དེ་དག་མཐའ་ན་འབེབས་མཁར་བརྒྱད། །ཀུན་གྱི་ཕྱི་ན་ཤ་ཟ་དང་། །གནོད་སྦྱིན་འདྲེ་སྲིན་རོ་ལངས་དང་། །བྱ་གཅན་ལྕེ་སྤྱང་མང་པོས་བསྐོར། །ཤ་ཁྲག་རུས་པ་རི་དང་མཚོ། །དུར་ཁྲོད་གནས་ཆེན་འཇིགས་པ་ལྟོས། །མཎྜལ་ཕུལ་ལ་དབང་ཉིད་ཞུ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་སེམས་དཔའ་མཆོག་འཛིན་པ། །ཁྱོད་ནི་དམ་ཚིག་མཆོག་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་དབང་བསྐུར་ཅིག །རིན་པོ་ཆེ་ཡི་དབང་མཆོག་འདི། །སངས་རྒྱས་ཀུན་གྱི་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡིས། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །དབང་རྫས་རྣམ་ལྔའི་སློབ་མ་ལ། །རིགས་ལྔའི་རབ་གནས་ཚུལ་བཞིན་བྱ། །དོན་ལྔའི་རྟོག་པ་སོ་སོར་བསྐྱེད། །མཁའ་དབྱིངས་རྣམ་དག་བུམ་པའི་ནང་། །དཔལ་ལྡན་མགོན་པོའི་དཀྱིལ་འཁོར་བཞུགས། །གཉིས་མེད་བྱང་ཆུབ་སེམས་རྟོགས་ཆུས། །བྱིན་རླབས་ཆུ་ཡིས་དབང་ཐོབ་ཤོག །ༀ་བུར་ཀུར་མ་ཧཱ་ཀ་ལ་ཀྲོ་ཏ་ཧཱུྃ། །རཀྴ་ཀྲོ་ཏི་ཤྭ་རི་དྲག་མོ་ཧེ་ཀྲོ་ཏ་ཡཀྴ་རཀྴ་ཙིཏྟ་ཛྭ་ལ་ས་མ་ཡཱ་ཧ་ཧེ་ཕཊ་བྷྱོ། ༀ་རུ་ལུ་རུ་ལུ་ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཀཱ་ལ་ཀྵ། བུདྡྷ། རཏྣ། པདྨ། ཀརྨ། ཨ་བྷི་ཥིཀ་ཏ༴ ཡེ་ཤེས་ལྔའི་རང་བཞིན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ལས་བྱུང་བའི། །དབུ་རྒྱན་མཆོག་གི་དབང་བསྐུར་རོ། །ༀ་རཏྣ་མུ་ཀུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་སྐུ་རྡོ་རྗེ་མཚན་ཉིད་དེ། །རྡོ་རྗེ་ལ་ཡང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །ཆོས་སྐུ་རྡོ་རྗེ་ལྟ་བུར་ལྟོས། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། འདི་ནི་སང་རྒྱས་གསུངས་དབྱངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་རྣམས། །རྡོ་རྗེ་སེམས་དཔའི་དཀའ་ཐུབ་དམ། །རྟག་ཏུ་ཁྱོད་ཀྱི་བཅང་བར་གྱིས། །ༀ་བཛྲ་གརྟེ། ཡང་དག་བླ་མེད་དཀྱིལ་འཁོར་དུ། །མཚན་དྲངས་རྡོ་རྗེའི་མིང་རྟགས་པ། །སྔགས་འཆང་མིང་གི་དབང་བསྐུར་བས། །རིག་འཛིན་ཞིང་དུ་གྲགས་གྱུར་ཅིག །བཛྲ་ན་མ་ལ། མཎྜ ལ་གསོལ་བ་བཏབས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །གསང་བ་མཆོག་གི་དབང་བསྐུར་བས། །དེ་རིང་བདག་ལ་སྩལ་དུ་གསོལ། །དཀྱིལ་འཁོར་རྣམས་གསུམ་དབྱེར་མེད་པའི། །ཡབ་ཡུམ་གཉིས་མེད་བདེ་བའི་དོན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདིས། །བདེ་ཆེན་རྒྱལ་པོར་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨཱཿམཎྜལ་ཕུལ་ལ་འདི་སྐད་ཞུ། །ཁྱོད་ནི་དམ་ཚིག་ཀུན་གྱི་གཙང་། །རྡོ་རྗེ་སེམས་དཔའི་བསྐྱེད་མཛད་མ། །སེམས་ཅན་དོན་སྒྲུབས་ཕྲིན་ལས་ཀྱི། །ཐུགས་རྗེ་མཉམ་སྦྱོར་གྲུབ་པར་མཛོད། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །མཚན་མ་སྒེག་ཅིང་མཛེས་པ་མོ། །ལྷན་ཅིག་སྐྱེས་དགའ་སྐྱེད་པའི་ཕྱིར། །ལྷ་མོ་འདི་དང་རོལ་བར་གྱིས། །མཎྜལ་ཕུལ་ནས་འདི་སྐད་ཞུ། །དེ་བཞིན་གཤེགས་པ་དགྱེས་པ་གྱི། །རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །མི་གནས་ཆགས་པ་ཆེན་པོ་ལས། །མ་ལུས་འབྱུང་གནས་བདག་ལ་སྩོལ། །གསང་བའི་གསང་ཆེན་རབ་གསང་བ། །རང་གི་སེམས་ཀྱི་མེ་ལོང་ལྟོས། །མཐོང་བས་དེ་བཞིན་ཉིད་དུ་འགྱུར། །གཞན་མིན་རང་བྱུང་དེ་ཁོ་ནའོ། །དེ་ནས་དྲག་པོའི་རྗེས་གནང་ནི། །ལྕགས་ཁང་དམིགས་རྟེན་བྱས་པའི་མཐར། །དྲག་པོའི་རྫས་རྣམས་བགྲམ་པར་བྱ། །མགོན་པོ་འཁོར་བཅས་བསྐྱེད་བསྟིམ་བསྐུལ། །ཡོན་ཏན་བརྗོད་ལ་སྦྱིན་པར་བྱ། །བསྙེན་བསྒྲུབ་རིམ་པའི་སྔགས་བརྗོད་ཅིང་། །མན་ངག་ཐམས་ཅད་རྫོགས་པར་སྦྱིན། །སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ལས་ཀྱི་གྲི་གུག་འབར་བ་འདི། དགྲ་བགེགས་གདུག་པ་བསྒྲལ་བའི་ཕྱིར། །དེ་རིང་བུ་ཡིས་བླང་བར་བྱ། །བཛྲ་ཁང་བྷི་ཥིཉྩ་ཧཱུྃ། ཏི་ར་བདེ་ཆེན་གསལ་ཤིང་འདི། སྲིད་གསུམ་དབང་དུ་བསྡུ་བ་དང་། །གདུག་པ་བརྡུལ་དུ་རླག་བྱའི་ཕྱིར། །དེ་རིང་ཏི་ར་རཏྣ་དྷ་ཀ་ཛྭ་ལ་ཨ་བྷྱི། ཡེ་ཤེས་འབར་བའི་རྡོ་རྗེ་འདི། །དུག་ལྔ་དབྱིངས་སུ་བསྒྲལ་བ་དང་། །སྡིག་ཅན་ལྔ་ཕུང་བཤིག་པའི་ཕྱིར། །དེ་རིང་བཛྲ་ཨ་བ་དྷ། །དྲག་པོའི་གནམ་ལྕགས་ཕུར་བུ་འདི། །དབྱིངས་ནས་ཡེ་ཤེས་ཤར་བ་དང་། །ཞིག་བཅུ་གནས་སུ་བསྒྲལ་བའི་ཕྱིར། །དེ་རིང་བཛྲ་ཀཱི་ལ་ཡ་ཨ་བྷི། ཐོད་རློན་གདུག་པའི་ཁྲག་གིས་བསྐོང་། །འཁོར་བ་དོང་ནས་སྤྲུག་པ་དང་། །དམ་ཉམས་སྙིང་ཁྲག་འཐུང་བའི་ཕྱིར། །དེ་རིང་༴ ཀ་པ་མ་རཀྟ་ཨ་བྷི། །མདུང་རྣོན་གཡང་གཞི་རུ་མཚོན་འདི། །བདུད་ཀྱི་གཡུལ་ལས་རྒྱལ་བ་དང་། །བན་དགྲའི་སྙིང་གཟེར་གདབ་པའི་ཕྱིར། །དེ་རིང་བཛྲ་ཤུ་ལ་ཨ་བྷི། །དུག་སྦྲུལ་འབར་བའི་ཞགས་པ་འདི། །འཁོར་བཅས་གནས་ནས་དྲངས་པ་དང་། །དགྲ་སྲོག་ཡན་ལག་སྡམ་པའི་ཕྱིར། །དེ་རིང་ནཱ་ག་པ་ཤ་ཨ་བྷི། ཆོས་སྐུ་ཡོན་ཏན་མཆོག་མངའ་བའི། །ཕྱག་མཚན་དྲག་པོ་ཙ་མ་ར། །དམ་ཅན་གནས་མཆོག་མགོ་བའི་ཕྱིར། །དེ་རིང་བཛྲ་ཙ་མ་ར་ཨ་བྷི། ལེགས་ལྡན་ཁྲོ་རྒྱལ་ཐུགས་ཀ་ནས། །ཙར་ཤ་པ་ནི་མཚོན་ཆ་མཆོག །ཡུངས་དཀར་རྒྱལ་པོ་ཤ་རི་རམ། །དེ་རིང་བཛྲ་སི་ཏ་ལི་རཀྴ་ཡཀྴ་ཨ་བྷི། གུ་གུལ་སྦྱར་བའི་རྫས་མཆོག་འདི། །དགྲ་བོ་ལྷ་དང་དབྱེ་བ་དང་། །བགེགས་རྣམས་ཉེས་ནས་བསྐྲད་པའི་ཕྱིར། །དེ་རིང་༴ མ་ཀུ་ཏ་ལ་ཨ་པྲ་ཏི་ལ་ཨབྷི། །རི་རབ་གླིང་བཞི་རྒྱ་གྲམ་འདི། །རྟོག་པའི་ཟུག་རྔུ་གཞིལ་བ་དང་། །གདུག་པ་ཅན་རྣམས་མནན་པའི་ཕྱིར། །དེ་རིང་༴ བྷི་ཤ་བཛྲ་སུཾ་ཨེ་བཾ་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འབར་བའི་མེ་དཔུང་འདི། །ཉོན་མོངས་འཁོར་བ་བག་ཆག་དང་། །དགྲ་བགེགས་ཐམས་ཅད་བསྲེག་བྱའི་ཕྱིར། །དེ་རིང༴ བཛྲ་ཛྭ་ལ་རཾ་ཁ་ཨ་བྷི། ཐབས་ཤེས་ཆགས་སྡང་མདའ་གཞུ་དང་། །དྲག་པོའི་ཐུན་ཟོར་དམ་རྫས་འདི། །དགྲ་བགེགས་རྡུལ་དུ་བརླག་བྱའི་ཕྱིར། །དེ་རིང་༴ བཛྲ་ཏིཀྵྞ་ཁད་ཁ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་ཞབས་ལ་སྤྱི་བོས་གཏུག །ཡོན་མཆོག་དབུལ་ཞིང་གཏང་རག་གཏང་། །ཚོགས་ཀྱི་མཆོད་པས་མཉེས་པར་བྱས། །ལྷག་བརྟེན་གཤེགས་བསྡུ་ལུས་སྲུང་བསྔོ། །ཛ་གད་རྫས་ཀྱི་བཀྲ་ཤིས་གསོལ། །དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོའི་དབང་དང་དྲག་པོའི་སྔགས་ཀྱི་རྗེས་གནང་བླ་མ་གོང་མའི་ཡི་གེ་བཙུན་མྱོང་སེ་བར་མངོན་ནས། དུར་ཁྲོད་མངོན་པར་རོལ་པའི་མཚོན་ཆ་འཁོར་ལོ་དང་། དུག་གི་སྤུ་གྲིའི་རྒྱུད་དང་། རྒྱ་གཞུང་མཐུན་ཕྱིར་གསལ་བར། གཙང་ཤོད་ས་མ་ཏི་དྷྭ་ཛས་སྡེབས་པ། བདེ་གསལ་དོན་དང་ལྡན་པ་ཞེས་བྱ་བ་འདིས། འགྲོ་བ་མང་པོའི་དོན་བྱེད་པར་གྱུར་ཅིག །རྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། རྒྱ་པོ་ཛ། ཀུ་ཀུ་ར་ཛ། རོ་ལངས་བདེ་བ། བཞད་པ་རྡོ་རྗེ། དྷརྨ་བོ་དྷི། བ་སུ་དྷ་ར། གནུབ་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། མྱང་ཤེར་མཆོག །ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤག་འབྱུང་། ཟུར་ཆུང་ཤེས་རབ་གྲགས་པ། གླན་སྟོན་ཤཱཀྱ་བཟང་པོ། འདར་ནག་པ་བསོད་ནམས་གྲགས་པ། འདར་ནག་ཀུན་དགའ། རྗེ་བཙུན་ཤེས་རབ་འབར། ཧོར་ནག་དབང་སྟོན། མཁས་བཙུན་ཆོས་སྐྱོངས་པའོ། །འདར་ནག་ཤཱཀྱ་བྱང་ཆུབ། འདར་ནག་ཀུན་དགའོ། །བར་སྟོན་བློ་གྲོས་རྒྱལ་མཚན། སྣར་སྟོན་ཤཱ ཀྱ་ཤྲཱི། རྣ་སྟོན་བུདྡྷ་དྷཱ་ཚ། ཤཱ ཀྱའི་རས་པ་རྡོ་རྗེ་ཆོས་རྒྱལ་བཟང་པོ། སྤང་སྟོན་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དེ་གཉིས་ཀ་ལ་སློབ་དཔོན་ཆེན་པོ་བདེ་ལེགས་རྒྱལ་མཚན། དེས་བར་རིན་ཆེན་རྒྱལ་མཚན། །དེས་གནུབས་སྟོན་རཏྣ་ཤྲི་བྷ་དྲ། དེས་དཔལ་ཧེ་རུ་ཀའི་ངོ་བོ་ཟུར་དབང་རྒྱལ་ཧོར་རྡོ་རྗེ། དེས་གཙང་བསང་སྟོན་གྱི་སའི་ཐིག་ལེ་གསལ་བ་གོང་གི་འདུ་ཁང་གི་སྟེང་དུ། ཐེག་པ་མཆོག་གི་རྣལ་འབྱོར་པ། སློབ་དཔོན་པདྨ་དབང་རྒྱལ། རྡོ་རྗེ་གྲགས་པ་རྒྱལ་མཚན། མཁྱེན་རབ་དབང་ཕྱུག་དབོན་པོ་རྣམས་ལ་སྒྲུ་འཕྲུལ་ཞི་ཁྲོ་དོང་སྤྲུགས་ལེགས་ལྡན་དང་བཅས་པའི་དབང་རྫོགས་པར་དགེ་ཞིང་བཀའ་སྩལ་པ། བསྟན་པ་དར་རྒྱས་འགྲོ་བ་སྨིན་གྲོལ་ཤོག །ལྷ་བཙུན་གཏོར་བཏོན་གྱི་དཔའོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་མཆོད་ཕྲེང་བཞུགས་སོ། ༈ །བཅོམ་ལྡན་འདས་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་གར་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་གྱི་མཆོད་ཕྲེང་གཏོང་བར་འདོད་པས། ཡི་དམ་གང་བྱེད་ཀྱི་དཀྱིལ་འཁོར་བཅས་ཀྱི་རིམ་པ་རྣམས་གཞུང་དང་མཐུན་ཞིང་། ཡེ་ཤེས་ཀྱི་མགོན་པོའི་བྲིས་སྐུ་དང་། །སྨན་རཀ་གཏོར་གསུམ། སྤྱན་གཟིགས་ལ་སོགས་པ་རྣམས་མཛེས་ཤིང་བག་དྲོ་བར་བཤམས། དེ་ནས་རང་ཉིད་བདེ་བའི་གདན་ལ་འདུག་སྟེ། གུ་གུལ་དང་ཤ་ཆེན་ལ་སོགས་བསྲེག །རྐང་གླིང་དང་རོལ་མོ་སྣ་ཚོགས་སྤིར་ཞིང་། །རང་ཉིད་ཡི་དམ་གསལ་བའི་ང་རྒྱལ་དང་ལྡན་པས་འདི་སྐད་དོ། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཨཱཿཨཱཿཅེས་པས། བདག་ཉིད་དཔལ་དུ་གསལ་བའི་ཐུགས་ཀ་ནས། ཡི་གེ་བཾ་ཅིག་ཐོན། འཕྲོས་འདུས་འོད་དུ་ཞུ་བ་ལས། །རཀྟའི་རྒྱ་མཚོ་ཆེན་པོར་གྱུར ། དེའི་དབུས་སུ་རཾ་འཕྲོས་འདུས་འོད་དུ་ཞུ་བ་ལས། །རི་བོ་མ་ལ་ཆོས་འཛིན་རིགས་ཀྱི་སྒྲུབ་གནས། །དུག་ཤིང་ནགས་ཚལ་གཏུམ་པའི་དུར་ཁྲོད། །གནམ་ལྕགས་ཨུར་མོ་ཆར་ལྟར་འབབ་པ། །གསུར་ཆེན་དུད་པ་སྤྲིན་ལྟར་འཐིབས་པ། །བྱ་གཅན་སྣ་ཚོགས་འཕུར་ཞིང་ལྡིང་བ། །ཤ་ཟ་ལྕེ་སྤྱང་རྒྱུག་ཅིང་འགྲལ་བ། །དུར་ཁྲོད་མ་མོ་མཁའ་འགྲོ་འདུ་བའི་གནས། །རབ་ཏུ་འཇིགས་ཤིང་བསྐྲག་པའི་བསྒྲུབ་གནས་སུ། །བདག་ཉིད་དཔལ་དུ་གསལ་བའི་ཐུགས་ཀ་ནས་བཾ་འཕྲོས་འདུས་འོད་དུ་ཞུ་བ་ལས། བམ་རོའི་ཐོད་མཁར་དུ་གྱུར་ཏེ། །ཤར་ཕྱོགས་སྟག་གི་ཐོད་པ། ལྷོ་ཕྱོགས་མིའི་ཐོད་པ། ནུབ་ཕྱོགས་རྟ་ཡི་ཐོད་པ། བྱང་ཕྱོགས་བྱའི་ཐོད་པ་ལས་གྲུབ་པ་དེ་ཡང་། སྟག་ཐོད་ཐམས་ཅད་འཛུམ་མུ་ལུ་ལུ། མི་ཐོད་ཐམས་ཅད་བཤུགས་པ་ཙེ་རེ་རེ། རྟ་ཐོད་ཐམས་ཅད་འཚེར་ལྷ ང་ང་ར་ར། བྱ་ཐོད་ཐམས་ཅད་ཚིག་སྒྲ་དི་རི་རི་ཡོད་པ། དེ་ལ་སྲིན་པོའི་ཐོད་པས་ཁ་བད་བྱས་པ། ངོས་ལ་རྒྱལ་པོ་གློག་ལྟར་འཁྱུགས་པ། ལས་ཀྱི་འོད་ཟེར་ཐོག་མདའ་འཕྲོ་བ། རྩེ་ནས་བདུད་བྱ་ནག་པོ་ལྡིང་བ། རུ་མཚོན་སྣ་ཚོགས་པུ་རུ་རུ་འཕྱར་བ། གནམ་ལྕགས་འབར་བའི་སྒོ་མོ་བཅུག་པ། དེའི་ནང་དུ་ལྕགས་མཁར་ནག་པོ། གྲུ་གསུམ་འབར་བ་རེ་རེ་ནང་གི་ལྕགས་མཁར་གྱི་དབུས་སུ་རྡོ་རྗེ་བྲག་དང་རིན་པོ་ཆེའི་ཁྲི། པདྨ་ཉི་ཟླ་བརྩེགས་པའི་སྟེང་། བམ་ཆེན་གསར་རྙིང་བསྣོལ་བའི་གདན་སྟེངས་སུ། བདག་ཉིད་དཔལ་དུ་གསལ་བའི་ཐུགས་ཀ་ནས། ཧཱུྃ་འཕྲོས་འདུས་འོད་དུ་ཞུ་བ་ལས། རྡོ་རྗེ་དང་གྲི་གུག་ལྟེ་བ་རུས་མཚན་པར་གྱུར། ༀ་སྦུར་ཀུར་མ་ཧཱ་ཀ་ལ་ཡ་ཧཱུྃ་ཕཊ། ཞེས་སྔགས་ཅི་མང་བཟླས་ལ། མ་ཧཱ་ཀ་ལ་ཉིད་ཀྱི་སྐུར་གྱུར་ཏེ། མགོན་པོ་ལེགས་ལྡན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། དབུ་སྐྲ་ཐོར་གཙུག་གྱེན་དུ་བརྫེས་པ། ཤངས་ཀྱི་དབྱིབས་མཐོ་ཞིང་ཁྲོ་གཉེར་སྨིན་ཕྲག་ཏུ་བརྗིད་པ། སྟག་དང་པ་ཏའི་གོང་ལག་བྱས་པ། དབུ་དང་ཕྱག་ཞབས་ལ་རིན་པོ་ཆེའི་སྦྲུལ་གྱིས་བརྒྱན་པ། དེ་ལྟར་གསལ་བའི་ཞབས་ཀྱི་གླང་མོ་གཉིས་གཉིས། རྩིབ་ལོག་གཡས་གཡོན་གཉིས་ན་ཕར་བ་རྐང་རྡབས་དང་། དྲེད་མོ་ལག་རྡེགས། དཔུང་པ་གཡོན་གཉིས་ན་སེང་གེ་རལ་པ་ཅན་གཉིས། སྤྱི་བོར་བྱ་ཁྱུང་ནག་པོ་ཀླུ་མཐའ་ཡས་མགོ་བོ་གསུམ་པ། ལུས་པོ་སྦྲུལ་དུ་འདུག་པའི་མཇུག་མ་ཞལ་དུ་གསོལ་བ། ཀླུའི་ལག་པ་གཉིས་ཐལ་མོ་སྦྱར་བ། །སྲིན་པོ་ལག་པ་གཡོན་ཁར་བཅུག་པ། །ཁ་ཕྱིར་བལྟས་པ། དེའི་གཡས་སུ་ལས་ཀྱི་བདུད་པོ་ཁྲོས་པ་གཅེར་བུ་ནག་པོ། བྱ་རོག་གི་གདོང་པ་ཅན། །གཡས་གྲི་གུག་དང་། གཡོན་ཐོད་ཁྲག་སྦྲུལ་གྱིས་བརྒྱན་པ་འཛིན་པ། །གཡོན་དུ་ལས་ཀྱི་སྲིན་མོ་སྨུག་ནག་གཅེར་ཤ་ཟ་ཞིང་། །རལ་གྲི་དང་སྙིང་ཐོགས་པ་མཆེ་བ་གཙིགས་པ། །གཡང་གཞི་གྱོན་པ། ཁ་ཕྱིར་ལྟས་པ་རྒྱབ་ཏུ་ལས་ཀྱི་བདུད་པོ་ནག་པོ། །གཡས་ལྕགས་ཀྱུ་དང་གཡོན་ཐོད་ཁྲག་འཛིན་པ། །མདུན་དུ་ཉེ་གནས་ཀྲོ་ཏི་ཤྭ་རི་མ་གཡས་རལ་གྲི་དང་གཡོན་བྷནྡྷ་འཛིན་པ། །བཞི་ཀའང་བམ་གྱི་གདན་ལ་བཞུགས་པར་གྱུར། །ཤར་དུ་གྱིང་གི་རྒྱལ་པོ་ལག་པ་གཉིས་གསལ་ཤིང་མི་རོ་ལ་བཙུགས་ནས། །མཁར་བའི་ཚུལ་དུ་བརྟེན་པ། འཁོར་དུ་གྱིང་གི་ཚོགས་ཀྱིས་བསྐོར་བ། ལྷོར་ཟ་བྱེད་དཀར་མོ་ཤེལ་ཕྲེང་མ། གསེར་གྱི་རྡོ་སྤྱི་བོ་ནས་བརྒྱན་པ། ཕྲག་པ་གཉིས་ན་ཉི་ཟླ་འཆར་བ། ཕྱག་ན་གསེར་གྱི་གྲི་དང་ཞགས་པ་བསྣམས་པ། སེང་གེ་དཀར་མོ་ལ་ཞོན་པ། འཁོར་དུ་མ་མོའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་གཟའ་བདུད་ནག་པོ་ར་ཧུ་ལ། དབུ་དགུ་བྱ་རོག་གི་དབུ་དང་བཅུ། གཡས་སྐྱིན་ཐང་འཁོར་ལོ་དང་། གཡོན་ཆུ་སྲིན་ཞགས་པ་བསྣམས་པ་དུད་ཀ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ལུས་པོ་ཐམས་ཅད་མིག་གིས་གང་བ། འཁོར་དུ་གདོང་མོ་བཞི་དང་། དྲེགས་པ་སྡེ་བརྒྱད་ཀྱིས་བསྐོར་བ། བྱང་དུ་གནོད་སྦྱིན་ཟངས་མདོག་རྒྱལ་མོ་སྨུག་ནག །གཡས་གྲི་གུག་དང་གཡོན་བྷནྡྷ་འཛིན་པ། ཡུམ་བསེ་གདོངས་ཟངས་ཀྱི་རྫུ་འཕྲུལ་ཅན་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ལྷ་ཚོགས་དེ་རྣམས་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས། །གནས་རི་བོ་མ་ལ་ཡའི་རྩེ་མོ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ལ། གཤོག་པ་ཅན་གྱིས་ནམ་མཁའ་གང་ཁེང་བ། ལྡེེར་མོ་ཅན་གྱི་ས་གཞི་གང་བ། མགོན་པོའི་ཕྱི་འཁོར་ནང་འཁོར། གསང་འཁོར་ལ་སོགས་པ་རྣམས། བསྒྲུབ་པ་པོ་བདག་གི་སྟོང་གྲོགས་ལ་གནས་འདིར་སྤྱན་དྲངས། བཛྲ་ས་མ་ཛཿ ཞེས་རོལ་མོ་སྦིར། དེ་ནས་སྤྱན་དྲངས་པ་ནི། ཧཱུྃ། ལང་ཀ་ཡུལ་གྱི་གྲོལ་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །བཅོམ་ལྡན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་བ་སྔགས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་ནས། །རྡོ་རྗེ་རོ་ལངས་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་ལ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཡབ་ཡུམ་གཉིས་སུ་མེད་པའི་སྐུ། །ལང་ཀའི་མངའ་བདག་ལ་སོགས་པ། །སླས་དང་བྱེད་པོ་བྲན་མོའི་ཚོགས། །འདུས་པ་ཆེན་མོ་རྣལ་འབྱོར་ཚོགས་བཅས་རྣམས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །བརྟེན་བཞུགས་ནི། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམ་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེངས་སུ། །རབ་འཇིགས་དཔའ་བོ་འཁོར་བཅས་བཞུགས་སུ་གསོལ། །ཕྱག་འཚལ་བ་ནི། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོས་དབུགས་འབྱིན་པ། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསྟོད་པ་ནི། བསོད་ནས་གཟི་བརྗིད་པ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཚོགས་ཆེན་རྫོགས་ལ་ཕྱག༴ སྤྱོད་པ་རླབས་ཆེན་པ་ལ༴ དྲག་ཤུལ་མཐུ་ཆེན་པ་ལ༴ ཕ་རོལ་ཕྱིན་བཅུ་པ་ལ༴ སྒྲིབ་པ་རྣམས་གཉིས་དག་ལ༴ བདག་མེད་གཉིས་མེད་རྟོགས་ལ༴ སྟོན་པས་ལུང་བསྟན་ཐོབ་ལ༴ སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །རིག་འཛིན་བསྒྲུབ་ཐབས་རྣམས་དང་བྱིན་རླབས་གཅིག །མ་མོ་མཁའ་འགྲོ་རྣམས་དང་དམ་ཚིག་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག །ཚོགས་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །མཆོད་པ་ནི། ཧཱུྃ། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །རིམ་གསུམ་མཆོད་པ་ཚོགས་བདག་མཉེས་གྱུར་ཅིག །རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱོད། །རྡོ་རྗེ་ཅན་དུ་ཅི་ངེས་པ། །གསང་བ་གསུམ་དང་མཉམ་པའི་ཕྱིར། །མི་ཕྱེད་རྡོ་རྗེའི་དམ་ཚིག་སྦྱིན། །མི་ཕྱེད་རྡོ་རྗེའི་དམ་ཚིག་འདི། །གསང་བ་གསུམ་གྱི་དབྱིངས་ནས་བྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་ཉམས། །སྒྲུབས་གནས་འཇིགས་པའི་དུས་མེད་དོ། །གསང་བ་གསུམ་གྱི་གདམས་པ་ཉམས། །ཁྱོད་ཀྱིས་རབ་ཏུ་བསླུས་གྱུར་ན། །དེ་ནས་ཁྲོས་པས་ཤ་ཆེན་པོ། །ཉམས་པའི་སྙིང་ནས་དྲངས་ཏེ་འཐུང་། །ཨ་དྷནྟེ་ན་ར་ཀནྟེ། བྱད་ར་ཧྲི་དྷ་ཡ། ཡཀྴ་ཨ་མྲྀ་ཏ་སྟོད་ན་ར་ཀན། ནར་པཱུ་ཙར་པུ། རྡོ་རྗེ་དྲི་ཡི་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །གསོ་བའི་མཆོག་གི་སྲོག་གི་སྙིང་། །སྙིང་དང་སྙིང་གི་སྤུན་དུ་བྱའོ། །མ་ཧཱ་པཉྩ་ས་མ་ཡ་ཨཱཿ བདག་གི་ལན་གསུམ་བླངས། ཚོགས་བདག་ལ་ལན་གསུམ་ཕུལ་བས་འབྲལ་བ་མེད་པའི་གྲོགས་ཞུའོ། །ཞེས་བདུད་རྩི་རང་གི་གསུམ་བླངས། གཏོར་མར་གསུམ་ཕུལ་ལ། མ་ཧཱ་མཚོ་གླིང་སྒྲུབ་གནས་སུ། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་གཉེན་ལ་མ་འདའ་ཅིག །ཞེས་བརྗོད་དོ། །དེ་ནས་རཀྟ་ལས་ཕུད་སྐྱོགས་ཀྱི་ལོགས་སུ་སྤྱད་ལ། བདུད་རྩི་བྲན་ནས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོས་བྱིན་གྱིས་རླབ་ཅེས་པ་ནས་གནོད་བྱེད་དགྲ་བགེགས་གང་ཡིན་པ་དེ་དག་ཐམས་ཅད་སྐྱོབ་བྱེད་ཀྱི་ལྷ་དང་ཕྲོལ་ལ། མགོན་པོའི་སྨན་རཀ་འདི་ཉིད་ཀྱི་སྟེང་དུ་མཆིས་པར་གྱུར་ཅིག །ཞེས་རྔ་དྲག་ཏུ་བརྡུང་ཞིང་རཀྟ་གཏོར་མར་བྲན། །དེ་ནས། ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །བར་སྣང་ཁམས་སུ་རྒྱུ་བ་ལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་སྦྱིན་པ་ནི། །རྡོ་རྗེ་མིང་གི་དབང་བསྐུར་ཚེ། །སྔར་བཅས་གཅེས་ཀྱང་བཏག་པ་སྟེ། །ཚོགས་ཀྱི་བདག་པོ་ཆེན་པོར་བཏགས། །མ་ཧཱ་ཀ་ལ་མཐུ་བོ་ཆེ། །འཆིང་བྱེད་རྡོ་རྗེ་འཕྲེང་བ་ཅན། །བདག་གི་རྟེན་ཅིང་མཆོད་པ་ལ། །གཞུང་བ་དང་འགལ་བཟོད་པར་གསོལ། །ཕྲིན་ལས་ཉམས་མྱོང་གསོལ་བ་ནི། །ལྷའི་དགྲ་ལྷ་ཆེན་པོར་གསོལ་བ་བཏབ་ནས། །རྣལ་འབྱོར་ཡོངས་ཀྱི་ཕོ་ཉ་ཞལ་བཞེས་པ། ལྷ་མིན་དམག་ཚོགས་འདུལ་བའི་མཐུ་རྩལ་ཅན། །བདག་གི་བཅོལ་པའི་ཕྲིན་ལས་བསྒྲུབ་པར་མཛོད། །དམ་ཉམས་དགྲ་བགེགས་མྱུར་དུ་བསྒྲལ་དུ་གསོལ། །རྡོ་རྗེ་བྲག་ཆེན་གྲག་ཐང་ན། །གཉེན་པའི་ཚུལ་གྱི་བཀའ་བསྡོད་པ། །ཙན་དན་དབྱུག་པ་སྔོན་པོ་ཡིས། །ཁམས་གསུམ་རྡུལ་དུ་བརླག་མཛད་པའི། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། །བདག་གི་དགྲ་བགེགས་ཚོགས་ལ་གཡུལ་འགྱེད་ན། །གཡུལ་གྱི་མགོན་དང་དཔལ་དུ་ཁྱེད་གསོལ་གྱིས། །ལོག་འདྲེན་དགྲ་བགེགས་མྱུར་དུ་བསྒྲལ་དུ་གསོལ། །དམ་ཉམས་དགྲ་བགེགས་མྱུར་དུ་བསྒྲལ་དུ་གསོལ། །བདག་གི་རྒྱལ་བ་ཕྱི་རབ་མཛད་དུ་གསོལ། །དམ་ཚིག་དབང་གི་ལུས་དང་གྲིབ་མ་བཞིན། །འགྲོགས་ཏེ་བདག་དང་འཁོར་ཚོགས་བསྲུང་དུ་གསོལ། །ཚོགས་བདག་ཁྱེད་ཀྱི་འཁོར་ཚོགས་ཀྱིས། །བཀའ་ཉན་རྣམས་ཀྱི་བདག་ལ་ཁྲམ་བཏབ་ནས། །ཁྲམ་ཁ་ཕྱི་ཞིང་བར་ཆད་བཟློག་ཏུ་གསོལ། །ཚེ་དང་རྫུ་འཕྲུལ་མཐུ་དང་མངོན་ཤེས་དང་། །རིགས་རྒྱུད་ལོངས་སྤྱོད་ཆོས་ཀྱི་དངོས་གྲུབ་སྩོལ། །སྙིང་ནས་བསྟན་པ་བཤིག་པ་དང་། །རྡོ་རྗེ་སློབ་དཔོན་སྨད་པ་དང་། །དམ་ཚིག་གཉེན་པོ་བྲལ་བྱེད་པ། །གསོད་ཅིག་ཆོམས་ཤིག་བསྒྲལ་དུ་གསོལ། །དམ་ཉམས་འདིའི་ཤ་ཟོ། ཁྲག་འཐུང་། རུས་པ་ཀླད་པ་ནང་རོལ་ཟོ། །བདུན་རྒྱུད་རྩད་ནས་གཅོད་པར་བགྱི། །དེ་ནས་ལག་ཏུ་ཐོགས་ལ། ཧོ་དཔལ་མ་ཧཱ་ཀ་ལ་ཚོགས་ཀྱི་བདག་པོ་འདུས་པ་ཆེན་པོ་རྣལ་འབྱོར་ཕོ་མོའི་ཚོགས་དང་བཅས་པ་ཐམས་ཅད་ལ་དགོངས་སུ་གསོལ། སྔོན་བཅོམ་ལྡན་འདས་ཀྱི་འཁོར་ཉམས་བསྲུངས་བ་ཞལ་གྱིས་བཞེས་པ་དེ་བཞིན་དུ། ལྷའི་མི་མང་པོ་ལྷའི་དགྲ་ལྷ་ཆེན་པོར་མངའ་གསོལ་ཏེ། ལྷ་མ་ཡིན་གྱི་གཡུལ་བཟློག །གླང་པོ་ཆེ་སྣ་སྨྱོན་བཏུལ་བ་དང་། ལྷ་མ་ཡིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་གྱི་བཟླར་གྱུར་པ་རྡུལ་དུ་བརླག་སྟེ། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཇི་ལྟར་བཏུལ་བ་དང་། སེང་གེ་གཟའ་ཆེན་གྱི་བུ་མོ་ལྟ་བ་ལོག་སྟེ་དགེ་སློང་མའི་བདུད་དུ་གྱུར་ཞིང་། ཉ་ཤ་མིག་གོ་ཅན་གྱི་མགོན་པོ་རྩེ་གཅིག་ཏུ་རྟེན། མཆོད་ཅིང་སྒྲུབ་ནས་ཐུགས་དམ་ཀྱི་རྒྱུད་བསྐུལ་ནས། བསྟན་པ་བཤིག་པའི་དམ་ཉམས་ཆེ་གེ་མོ་འདི་ཉིད། ལོ་གྲངས་དང་ཟླ་གྲངས་ཞག་དུ་མ་བཞག་པར། རྟགས་དང་མཚན་མ་ཉིད་དུ་བསྒྲལ་དུ་གསོལ། ཕན་ཞིང་གསོལ་བའི་ཆོ་ག་མཛོད་ལ་བསྔོ་བ་དང་སྨོན་ལམ་བཏབ་པ་ཡིད་བཞིན་དུ་འགྲུབ་སྟེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་སྨོན་ཏོ་ཧོ། ཞེས་འབྲུ་འཐོར། འདི་ནས་མངའ་གསོལ་བྱ་བ་ནི། །ཧཱུྃ། བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐྱོད་ཅིག་ཡུམ་ཆེན་མཁའ་ལ་བསྐྱོད། །གཤེགས་ཤིག་སེམས་ཅན་དོན་ལ་གཤེགས། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །དཀོན་མཆོག་གསུམ་གྱིས་མངའ་གསོལ་བའི། །སྐུ་ཡི་ཆ་ལུགས་གསུམ་དང་ལྡན། །ཆོས་སྐྱོང་༴ དུས་གསུམ་སངས་རྒྱས༴ ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །ཆོས་སྐྱོང་༴ རིག་གསུམ་མགོན་པོས། །བརྗིད་པའི་གཟི་མདངས་གསུམ་དང་ལྡན། །ཆོས་སྐྱོངས་ཁྲོ་བོ་རྣམས་ཀྱི༴ ཞལ་གྱི་ཁྲོ་གཉེར་གསུམ་དང་ལྡན། །ཆོས་སྐྱོང་། ལྷ་ཆེན་བརྒྱད་ཀྱི༴ དབུ་སྐྲ་ཁམ་ནག་ཐོར་ཚུགས་ཅན། །ཆོས་སྐྱོང་༴ ཀླུ་ཆེན་བརྒྱད་ཀྱི༴ ཡན་ལག་སྦྲུལ་གྱི་ཚོམ་བུས་བརྒྱན། །ཆོས་སྐྱོང་༴ ས་བདག་རྣམས་ཀྱི༴ ན་བཟའ་མཐིང་བེར་ནག་པོ་གསོལ། །ཆོས་སྐྱོང་༴ །ཞིང་སྐྱོངས་ཕྱག་ན་ཙན་དན་བེང་ཆེན་བསྣམས། །ཆོས་སྐྱོང་༴ །གཟའ་ཆེན་བརྒྱད་ཀྱི༴ བརྗིད་པའི་སྨིན་མ་གློག་ལྟར་འཁྱུག །ཆོས་སྐྱོང་༴ རྒྱུ་སྐར་རྣམས་ཀྱི༴ སྐུ་སྨད་རྨེ་བའི་དུབ་བུས་བརྒྱན། །ཆོས་སྐྱོང་༴ གཤིན་རྗེ་རྣམས་ཀྱི༴ སྤྱན་ནས་བསྐལ་པའི་མེ་ཆེན་འབར། ཤངས་ནས་བསྐལ་པའི་རླུང་ཆེན་ཚུབ། །ཞལ་ནས་བསྐལ་པའི་ཆུ་ཆེན་འབབ་། །ཆོས་སྐྱོང་༴ །མ་མོ་རྣམས་ཀྱི༴ ཆགས་ཆེན་རཀྟའི་ཐིག་ལེས་བརྒྱན། །ཆོས་སྐྱོང་༴ བྱིན་ཆེན་རྣམས་ཀྱིས༴ ཞག་གི་ཟོར་རིས་གསུམ་དང་ལྡན། །ཆོས་སྐྱོངས་༴ ཡི་དྭགས་རྣམས་ཀྱི༴ རིན་ཆེན་འབར་བའི་ཐོད་ཁྱེར་ཅན། །ཆོས་སྐྱོང་༴ ཕོ་ཉ༴ ལྷག་པའི་ཐལ་ཆེན་ཚོམ་བུས་བརྒྱན། །ཆོས་སྐྱོང་༴ སྲིན་པོ་རྣམས་ཀྱི༴ ཐོད་རློན་ཕྲེང་བའི་དོ་ཤལ་ཅན། །ལྷ་ཆེན་མགོན་པོ་མངའ་གསོལ་ལོ། །མགོན་པོའི་ཐུགས་དམ་ཆོས་ལ་མཛོད ། །མགོན་པོའི་ཡིད་ཆགས་བསྐོར་ལ་མཛོད། །མགོན་པོའི་ཕྲིན་ལས་དགྲ་བགེགས་སྒྲོལ། །མགོན་པོའི་ཐུགས་དམ་བརྒྱུད་བསྐུལ་ལོ། །ཞེས་མངའ་གསོལ་ལོ། །དེ་ནས་བར་གདངས་བར་གདངས་དང་ལྡན་པས་ཚིག་གིས། བྷྱོ། མ་སྲིན་གཉེན་གྱི་ཐུགས་དམ་བསྐུལ། །གཙུག་ཏོར་དཀར་མོ་སྐུ་ཡི་ཡུམ། །ཨ་ཏྱ་ལམ་སོ་གསུང་གི་ཡུམ། །རྡོ་རྗེ་རྒྱལ་མོ་ཐུགས་ཀྱི་ཡུམ། །ལམ་བྷམ་དྷ་ར་ཡོན་ཏན་ཡུམ། །བྱི་དྷ་ར་ནི་ལས་ཀྱི་ཡུམ། །ཨུ་གཙུག་མ་ནི་འོད་ཀྱི་ཡུམ། །དཀར་ཤ་པ་ནི་ཕྲིན་ལས་ཡུམ། །ཀང་ཀ་པ་ནི་ཕོ་ཉའི་ཡུམ། །ལྷ་ཆེན་མགོན་པོ་ཐུགས་དམ་ཅན། །དམར་གྱི་མཆོད་གཏོར་འདི་བཞེས་ལ། །སངས་རྒྱས་བསྟན་པའི་བཀའ་བསྲུང་མཛོད། །གཙུག་ལག་ཁང་གི་བདག་པོ་མཛོད། །བདུད་འདུལ་ཡོངས་ཀྱི་དམག་དཔོན་མཛོད། །གཟའ་ཆེན་དགྲ་ཡི་གཤེད་མ་མཛོད། །གཟུགས་མེད་བགེགས་ཀྱི་ཆ་ཤན་མཛོད། །བདག་ཅག་འཁོར་རིག་འཛིན་སྲོག་ཤིང་མཛོད། །དུག་གསུམ་ནད་གྱི་སྨན་པ་མཛོད། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་མཛོད། །བདག་གིས་བསམ་པ་འགྲུབ་པར་མཛོད། །བསམ་པའི་ཕྲིན་ལས་གྲུབ་པར་མཛོད། །ཞེས་རོལ་མོ་ཆེམ་བརྡུང་བྱ། །དེ་ནས་བསྐང་གསོ་འབྲིང་པོ་ནི། །ཧཱུྃ། ཡོན་ཏན་ལྷུན་རྫོགས་དངོས་གྲུབ་མངའ་བའི་ལྷ། །མ་ལུས་རྨད་བྱུང་ཕན་བདེའི་དགོངས་པ་ཅན། །ཕྲིན་ལས་རྣམ་བཞིས་གདུག་པ་ཚར་གཅོད་པའི། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །རོལ་ཚིག་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ཅན། །དམ་རྫས་བཞིན་དུ་ཚུལ་བཞིན་མ་འཚལ་སྟེ། །ཁམས་གསུམ་ཁྱབ་པའི་སྐུ་ལ་བཟོད་པར་གསོལ། །ཞེས་དང་། །ཐུགས་རྗེ་ཚད་མེད་རིན་པོ་ཆེ། །བླ་མ་ཐམས་ཅད་དགོངས་སུ་གསོལ། །བྱིན་རླབས༴ ཡི་དམ་ལྷ་ཚོགས༴ དངོས་གྲུབ༴ དཔའ་བོ་མཁའ་འགྲོ༴ མཐུ་སྟོབས༴ ཆོས་སྐྱོངས་བསྲུང་མ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འཁོར་བ་ཐོག་མཐའ་མེད་པ་ནས། །བཟུང་སྟེ་ད་ལྟའི་བར་དུ་ནི། །ལས་དང་ཉོན་མོངས་དབང་གྱུར་ཏེ། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་ཡི་ལས་བགྱིས་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །ནོངས་ཞིང་འགྱོད་དེ་མཐོལ་ལོ་བཤགས། །དག་ཅིང་གཙང་བར་མཛད་དུ་གསོལ། །སོ་སོར་མཐར་པའི་སྡོམ་པ་ལ། །འགལ་ཞིང་ཉམས་པ་ཅི་མཆིས་པ། །གནོངས་ཞིང་འགྱོད་པས་མཐོལ་ལོ་བཤགས། །དག་ཅིང་གཙང་བར་མཛད་དུ་གསོལ། །བྱང་ཆུབ་སེམས་དཔའི་བསླབ་བྱ་ལ། །འགལ་ཞིང་ཞེས་སོགས་ཚིག་རྐང་གསུམ་འདྲེ། །གསང་སྔགས་དམ་ཚིག་གཉེན་པོ་ལ། །གཞན་ཡང་ཆོས་སྐྱོངས་སྲུང་མ་ནི། །མ་ཧཱ་ཀ་ལ་འཁོར་དང་བཅས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱི། །བརྟེན་པའི་དམ་ཚིག་བྲལ་བའམ། །བསྲུང་བའི་དམ་ཚིག་ཉམས་པའམ། །ཟ་བའི་དམ་ཚིག་ཆག་པའམ། །དུས་ཀྱི་མཆོད་གཏོར་འགྱང་བའམ། །མདོར་ན་ཡིད་ལ་ཅི་འདོད་པ། །དེ་ཀུན་དེ་བཞིན་འགྲུབ་པར་མཛོད། །དངོས་གྲུབ་ཆར་རྒྱུན་དབབ་དུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །མདོར་ན་ཡིད་ལ་ཅི་འདོད་པ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་འཕྲུལ་བྱེ་བ་མཐའ་ཡས་པ། །དགྲ་བགེགས་རྡུལ་དུ་བརླག་མཛད་པའི། །མཐུ་ཆེན་དཔའ་བོ་ཐུགས་དམ་བསྐང་། །གཞན་ཡང་ཐུགས་དམ་བསྐང་བ་ནི། །མཚན་ཉིད་ལྡན་པའི་རྣལ་འབྱོར་པས། །དམ་ཚིག་ལྡན་པའི་རྣལ་འབྱོར་དུ། །ཕྱི་ནང་མཆོད་པ་ཚུལ་བཞིན་བཤམས། །ཤ་ལྔ་དང་ནི་བདུད་རྩི་ལྔ། །འབྲུ་བཅུད་ཆང་གི་རྒྱ་མཚོ་དང་། །འདོད་ཡོན་རྣམ་པ་སྣ་ཚོགས་ཀྱི། །བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐུགས་དམ་གཉེན་པོ་རྟག་ཏུ་བསྐངས། །དམ་ཚིག་གཉེན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །ཤངས་ཀྱི་དབང་པོ་ཚིམ་བྱེད་པ། །གསུར་ཆེན་དུད་པས་ཐུགས་དམ་བསྐངས། །ལྗགས་ཀྱི་དབང་པོ་ཚིམ་བྱེད་པའི། །མཾ་ས་རྩི་བཅུད་ཐུགས་དམ་བསྐང་། །ཞེས་འདྲེ། རཀྟ་སྐོམ་དུ་འཐུང་བའི་ཕྱིར། །ཁྲག་གི་ཨརྒྷཾ༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟགས་གཏོར་གཉེན་པོའི༴ འཕྲལ་དུ་ཕྲིན་ལས་གྲུབ་པའི་ཕྱིར། །རྒྱུན་གྱི་གཏོར་མའི༴ དགྲ་བགེགས་ཆོམ་ལ་འབེབས་པའི་ཕྱིར། །ཙིཏྟ་སྙིང་གི༴ བྱ་ཁྱི་ལུག་ནག་རྒྱལ་མཚན་དང་། །ལྕམ་དྲལ་རྣམས་ཀྱི༴ རྟག་པར་རྟེན་ཕྱིར༴ ཉམས་ཆག་བསྐང་ཕྱིར༴ རྣལ་འབྱོར་རྒྱས་ཕྱིར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། །འདོད་དོན་གྱི་ཕྲིན་ལས་བཅོལ། །དེ་ནས༴ བདེ་ཆེན་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་གསང་བའི་སྐུ་གཅིག་འབྱུང་བ་ནི། །མཐིང་ནག་མི་བསྲུན་འཇིགས་བྱེད་འབར་བའི་སྐུ། །ཉིད་ཀྱི་སྐུ་མདོག་མཐིང་ནག་ཆེན་པོ་ལ། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ། །ཐབས་དང་ཤེས་རབ་ཉི་ཟླ་དབུ་ལ་བརྒྱན། །སྨིན་མ་ནག་པོ་ཁྲོ་གཉེར་བརྗིད་པའི་ཞལ། །སྤྱན་ཟློག་ཞལ་བསྒྲད་མཆེ་བ་རྣོ་ཚིག་འབར། །དམ་ཉམས་ལོག་ལྟ་དགྲ་བོའི་སྲོག་རྩ་གཅོད། །སྤྱན་ནས་མེ་འབར་ཤངས་ནས་ལུངས་ཚུབ་ལྡང་། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །གཡས་པའི་ཕྱག་ན་ཙན་དན་བེང་ཆེན་འབར། །རབ་ཏུ་གསོར་ཞིང་ལེགས་རྟེན་གདུག་པ་འདུལ། །གཡོན་པའི་ཕྱག་ན་པར་བུ་སྐུ་ལ་བརྟེན། །དར་བེར་སྔོ་ཁྲ་བརྗིད་པ་སྐུ་ལ་གསོལ། །གསེར་ཀ་རིན་ཆེན་འབར་བ་སྐེད་ལ་བཅིངས་། །ཞབས་གཉིས་བརྐྱང་བསྐུམ་བསྒྲད་པའི་ཚུལ་དུ་བཞུགས། །མ་ཧཱ་ཀ་ལའི་ཚོགས་ནི་སྤྲིན་ལྟར་ཐིབས། །ཕོ་ཉ་སྤྲུལ་པའི་ཚོགས་ནི་སྐར་ལྟར་འཁྲུགས། །བསྟན་པ་བཤིག་པའི་དམ་ཉམས་རྡུལ་དུ་རློག །སྡིག་ཆེན་དམ་ཉམས་འཁོར་བའི་སེམས་ཅན་གྱི། །བསྟན་པ་བཤིག་ཅིང་དཀོན་མཆོག་དབུ་འཕང་སྨོད། །དབེན་གནས་ཆོམ་ཞིང་གཙུག་ལག་བསྐོར་ཁང་བཤིག །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོ་བྱེད་པ། །བསྒྲལ་བའི་ཞིང་དུ་དམ་ཉམས་འདི་འགྱུར་རོ། །ཕ་རོལ་ཕྱིན་པའི་སྟོབས་ཀྱི་མྱུར་དུ་སྒྲོལ། །རྒྱལ་བའི་སྤྱན་སྔར་ཇི་ལྟར་ཁས་བླངས་པའི། །བདག་གི་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཞེས་བརྗོད། དེ་ནས། མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱི། །ཕྱོགས་བསམ་དུས་ཀུན་ཐམས་ཅད་དུ། །སེམས་ཅན་ལེགས་སྟོན་འབྱོར་པ་རྣམས། །བགེགས་ཀྱི་གནོད་པ་ཀུན་མེད་ཤོག །རོལ་ཚིག །རྟ་དང་བ་གླང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་ཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་དང་ལྡན་པར་ཤོག །སུམ་བརྡུངས་བྱ། དགྲ་བོ་ཉེས་བྱས་མེད་འགྱུར་ཞིང་། །ནད་དང་མུ་གེ་ཀུན་བྲལ་ཤོག །རྒྱལ་པོ་ཆོས་བཞིན་སྤྱོད་པ་ཡིས། །ཆོས་ཀྱི་ཡུལ་འཁོར་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་དུས་ཀུན་ཏུ་དར་བ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱིས། །ཆོས་ཀྱི་སྣོད་དུ་རུང་བར་ཤོག །དགེ་བ་འདི་ཡི་ཐམས་ཅད་རབ་བསྔོ་ཞིང་། །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་ཚོགས་རྫོགས་ནས། །བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །ཁྱེད་དང་མི་འབྲལ་འགྲོགས་པར་ཤོག །ཞེས་འདོད་དོན་གྱི་ཕྲིན་ལས་བཅོལ། །དཔལ་ཡེ་ཤེས་མགོན་པོ་ལེགས་ལྡན་ནག་པོའི་མཆོད་ཕྲེང་ལེགས་པར་བཀོད་པ་རྫོགས་སོ།། །།