Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

1 occurrence of དང་ཚ་ལ་དབང་
[Clear Hits]


  
  
  
  
  
  
ཚེ་རྟའི་སྔོན་འགྲོ་བསྡུས་པ་གཅིག
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  


1 occurrence of དང་ཚ་ལ་དབང་
[Clear Hits]

 
previousཚེ་རྟའི་སྔོན་འགྲོ་བསྡུས་པ་གཅིགnext

ཚེ་རྟའི་སྔོན་འགྲོ་བསྡུས་པ་གཅིག

ཚེ་རྟའི་སྔོན་འགྲོ་བསྡུས་པ་གཅིག་བཞུགས་སོ།། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པ་གཅིག་དགོས་ཏེ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་གསུངས་པས་སོ། །དེ་ཡང་འོ་སྐོལ་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན། དེ་བཞིན་བསྟན་པ་རིན་པོ་ཆེ་བཞུགས་པའི་དུས་སུ་སྐྱེས་པ། ཤིན་ཏུ་སྐལ་བ་བཟང་བ་ཡིན། དེ་དུས་གཏན་གྱི་དོན་གྱི་སྙིང་པོ་ལེན་དགོས། མ་བླངས་ན་ཐོབ་པ་དོན་མེད་དུ་སོང་བ་ཡིན། འོ་ན་གཏན་གྱི་སྙིང་པོ་ཇི་ལྟར་ལེན་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པ་དཀོན་མཆོག་རྟེན་དུ་ཁས་ལེན་པས། རྒྱུའི་སྐྱབས་འགྲོ། དེ་ནས་དམ་པའི་ཆོས་སྟོན། ཚོགས་བསྡུ་བར་བྱའོ་སྙམ་པས་འབྲས་བུའི་སྐྱབས་འགྲོ་གལ་ཆེ། དེ་ཡང་རྒྱུ་སྐྱབས་སུ་འགྲོ་བ་ལ། སངས་རྒྱས་ལ་སྟོན་པ། ཆོས་ལ་སྐྱབས་ཀྱི་དངོས་གཞི། དགེ་འདུན་ལ་བྱང་ཆུབ་སྒྲུབ་པའི་ཟླ་གྲོགས་ཞུ་སྙམ་པ་གྱིས་ལ། ཐོག་མར་གསོལ་བ་བཏབ་པ་འདིའི་རྗེས་ཟློས་གྱིས། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ནས། བླ་མ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་བགྱིད་སྙམ་པ་དང་། སྐྱབས་སུ་སོང་བས་ཐར་པའི་སྒོར་ཚུད། རྣམ་པར་ཐར་པའི་སྣོད་དུ་རུང་བར་གྱུར་ཀྱང་། སེམས་བསྐྱེད་པ་རྣམ་པ་གསུམ་གང་རུང་དང་མི་ལྡན་ན་བྱང་ཆུབ་མི་ཐོབ་པས་སེམས་བསྐྱེད་དགོས། རྣམ་པ་གསུམ་ཡང་། མདོ་ལས། ལ་ལ་དག་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་དག་རང་སངས་རྒྱས་སུ་སེམས་བསྐྱེད་དོ། །ལ་ལ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་དེ་ཡིན་ལ། དེ་ལས་ཉན་རང་གཉིས་རང་གཅིག་པོ་ཞི་བདེ་འདོད་པས་དམན། ཐེག་ཆེན་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དམ་བཅའ་ཞིང་དེ་ལྟར་བཅས་པ་ཡིན་པས། ཅི་ནས་ཀྱང་དེའི་ཆེད་དུ་འགྱུར་བར་རྩོམ་པ་ཐམས་ཅད་ལ་སྦྱར་བར་བྱ་བས། སེམས་བསྐྱེད་པ་དེ་ཡང་ཆོ་ག་འདིས་འགྲུབ་པ་ཡིན་པས། འདིའི་རྗེས་བཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་དང་པོ་སོང་། གཉིས་པའི་རྗེས་བཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། གསུམ་པའི་རྗེས་བཟློས་སོ། །དེ་ལྟར་སྐྱབས་སུ་སོང་ནས། གང་ཞུ་ན། སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་སྒྲུབ། དེ་ལ་ཚེ་རིང་བར་དགོས་པ་འདུག དེའི་ཕྱིར་ཚེ་དཔག་ཏུ་མེད་པའི་དབང་ཞུ་བསམ་པ་གྱིས། དེ་ལ་ལུགས་མང་ཡང་། འདིར་རྗེ་བཙུན་རས་ཆུང་པས་རྒྱ་གར་དུ་བྱོན། མ་གཅིག་གྲུབ་པའི་རྒྱལ་མོ་དང་མཇལ། འཆི་མེད་ཚེའི་གདམས་པ་རྒྱ་མཚོ་ཙམ་ཞུས་པའི་ནང་ནས། ཕྱི་སྒྲུབ་ལྷ་གཅིག་བུམ་གཅིག་འདི། བསྐྱེད་རིམ་ལ་བརྟེན་པའི་དམིགས་པ་ཡིན་པས་སེམས་མ་ཡེངས་པ་གྱིས། ཚེ་རྟའི་སྔོན་འགྲོ་བསྡུས་པ་འདི་མི་ཕམ་པདྨ་དཀར་པོས་རྟ་སྡིངས་སུ་སྦྱར་བའོ། །མངྒལཾ།། །


previousཚེ་རྟའི་སྔོན་འགྲོ་བསྡུས་པ་གཅིགnext