Nitartha Digital Library
Tibetan
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ།


  expand section
   
བསྟན་བཅོས་ཀྱི་དཀར་ཆར་རིན་པོ་ཆེའི་མཛོད་ཁང་།
  expand section
  expand section
  expand section
  expand section
  expand section
  expand section
  expand section
   
   
   
   
   
  expand section
  expand section
  expand section
   
   
   


 
previousབསྟན་བཅོས་ཀྱི་དཀར་ཆར་རིན་པོ་ཆེའི་མཛོད་ཁང་། next

བསྟན་བཅོས་ཀྱི་དཀར་ཆར་རིན་པོ་ཆེའི་མཛོད་ཁང་།


LRD005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣཱནཱཾཀོཥརྨནཱམཤཱསྟྲཱཎཱཾབཱདྱཾབིཧརཏིསྨ།
བསྟན་བཅོས་ཀྱི་དཀར་ཆར་རིན་པོ་ཆེའི་མཛོད་ཁང་ཞེས་བྱ་བ་བཞུགས་སོ། །


LRD005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཱི། ལེགས་པར་བསྦྱར་བ་བསྟན་བཅོས་ཀྱི་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ཞེས་བྱ་བ། བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུའི་མཁའ་ལ་ལོངས་སྐུའི་དཀྱིལ་འཁོར་རྒྱས། །སྤྲུལ་སྐུའི་འོད་སྟོང་གདུལ་བྱའི་དབྱིངས་བྱ་བ་བས། །མ་ལུས་སྐྱེ་དགུའི་འདོད་སྟེར་རོལ་བ་ཅན། །མཆོག་གསུམ་བླ་མའི་ཞགས་ལ་གུས་ཕྱག་འཚལ། །རྒྱལ་བའི་གསུང་རབ་འོ་མའི་མཚོ་གཏེར་ལས། །ཚིད་དོན་རྣམ་བཀྲའི་རང་བཞིན་རྙེད་པ་གང་། །ལེགས་སྦྱར་བསྟན་བཅོས་དུ་མར་བཀོད་གྱུར་པ། །དེ་དག་དཀར་ཆག་རིན་ཆེན་མཛོད་ཁང་སྤྲོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་རྒྱུ་དང་འབྲས་བུའི་ཐེག་པར་གཏོགས་པ་བསམ་གྱིས་མི་ཁྱབ་པ་དག་ལས། །དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཁོ་བོ་ཅག་གིས་ཉུང་ཟད་ཅིག་ཁོང་དུ་ཆུད་པའི་དོན། །ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་བསྟན་བཅོས་སུ་དགོད་པ་ལ། ཕྱིའི་གནས་དང་། ནང་གི་གནས་དང་། དེ་ཁོ་ན་ཉིད་ཀྱི་གནས་གསུམ་དུ་རྣམ་པར་བཞག་པ་ལས། དང་པོ་ནི། གསུང་རག་ལ་འཇུག་པའི་ཐེམ་སྐས་སམ། །རྒྱུའི་དོན་དུ་གནས་


LRD005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། རེ་ཞིག་ཕྱིའི་རིགས་གནས་ཐུན་མོང་དུ་གྱུར་པ་དག་གི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་སྦྱར་བ་ལ། ཡི་གེའི་སྡེབ་སྦྱོར་ལ་འཇུག་པ་ཉི་མའི་ཤིང་རྟ། །སྤྱི་ཡང་གི་གནས་གསལ་བ་རིན་པོ་ཆེའི་ལྡེ་མིག མངོན་བརྗོད་ལ་འཇུག་པ་མེ་ཏོག་གི་འཁྲི་ཤིང་། བསྙན་ངག་གི་བསྟན་བཅོས་མེ་ཏོག་རྒྱས་པའི་སྐྱེད་མོས་ཚལ། དཔེར་བརྗོད་ཀྱིས་ནས་ངེས་པ་ཀླུ་ཤིང་མེ་ཏོག གཱེ་ལ་མའི་གནས་ལ་འཇུག་པ་ཚངས་པའི་གསུང་དབྱང་ཏེ། གཙོ་བོ་ལུས་ལྟ་བུའི་བསྟན་བཅསོ་རྣམ་པར་དབྱེ་བ་དང་། ཐམས་ཅད་སྭེལ་མར་སྟོན་པ་འཕྲོས་པ་ཡན་ལག་གི་བསྟན་བཅོས་ལ། མིའམ་ཅི་མུན་ཏུ་དགའ་བའི་ཟློས་གར། གཞོན་ནུ་ཞི་བའི་རྟོགས་པ་བརྗོད་པ་མེ་ཏོག་གི་ཆུན་པ། རི་བོང་གི་རྟོགས་པ་བརྗོད་པ་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ། པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ། ལེགས་པར་སྦྱར་བའི་སྙན་དངགས་ཟླ་བའི་འཁྲི་ཤིང་ར་བཅུ་བཟང་པོ། མེ་ཏོག་རི་རབས། །ནགས་ཀྱི་གཏམ་པདྨ་དཀར་པོ། ནགས་ཀྱི་གཏམ་གངས་རིའི་རྒྱན ནགས་ཀྱི་གཏམ་ཀུན་ཏུ་བཟང་པོ། ནགས་ཀྱི་གཏམ་ཀུ་མུ་ཏའི་འཁྲི་ཤིང་། ནགས་ཚལ་ཀུན་ཏུ་དགའ་བའི་གཏམ། ཆོས་ཀྱི་


LRD005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བཞི་དྲི་མ་མེད་པའི་གཏམ། ཆོསབཞི་རིན་པོ་ཆེའི་ཕྲེང་བ། དཔོན་སློབ་བརྟག་པའི་རབ་ཏུ་བྱེད་པ། རབ་བྱུང་བརྟག་པའི་རབ་ཏུ་བྱེད་པ། སྐྱེ་བོ་བརྟགས་པཔའི་རབ་ཏུ་བྱེད་པ། མཁས་གྲུབ་བརྟག་པའི་རབ་ཏུ་བྱེད་པ། བཤེས་གཉེན་བརྟག་པའི་རབ་ཏུ་བྱེད་པ། ཆོས་དང་ཆོས་མ་ཡིན་པ་བརྟག་པའི་རབ་ཏུ་བྱེད་པ། ཤིན་ཏུ་བྱ་དཀའ་བའི་གནས་ཀྱི་དཔེར་བརྗོད་ཡི་གེར་བཀོད་པ། །དབྱངས་ངེས་པ་ཅན་གྱི་རྒྱན། །དུས་ལ་མངོན་པར་སྐྱོ་བའི་རབས། རང་ལ་གྲོལ་ཐུ་གདབ་པའི་རབས། ཐར་བ་ལ་བསྐུལ་བའི་རབས། བདེ་བར་གཤེགས་པའི་ཐུགས་རྗེ་བསྐུལ་བའི་རབས། ཕྱོགས་ཀྱི་སྡེ་སྣོད་འཛིན་པ་རྣམས་ལ་གཏམ་དུ་བྱ་བའི་རབས། དམ་པ་རྣམས་ལ་འབུལ་བའི་ཞུ་ཡིག་རིན་པོ་ཆེ་གསེར་གྱི་མཆོད་སྡོང་། ཞུ་ཡིག་པདྨ་སྟོང་ལྡན། ཞུ་ཡིག་ནོར་བུའི་དྲ་བ། ཞུ་ཡིག་རྨ་བྱའི་ང་རོ། །ཕྱོགས་ཀྱི་སློབ་མ་ལ་བསྔགས་པ་ལྷའི་རྔ་སྒྲ། སྦྱིན་པ་དག་ལ་བསྔགས་པ་རིན་པོ་ཆེའི་བང་མཛོད། །དྲི་བ་ཉི་ཤུ་བའི་ལན་རྒྱ་ཆེར་བཤད་པ། །སེམས་དང་ཡེ་ཤེས་ཀྱི་དྲིས་ལན་རྒྱ་ཆེར་བཤད་པ། མཁས་གྲུབ་དམ་པ་རྣམས་ཀྱི་མྱང་ངན་ལས་འདས་པ་ཆེ་ཆུང་བསྟན་པ་རྙིང་བ་ལ་སྐྱོབས་མ་པ། །རྒྱུ་ལ་ཁམས་འདུས་པ་མེ་ཏོག་གི་ཕྲེང་ལྡན། རྐྱེན་ཁམས་འདུས་པའི་ཡི་གེ་སུམ་ཅུའི་ཕྲེང་བ། གཉིས་ཀ་ལ་ཁམས་འདུས་པ་དྲན་པའི་མེ་ལོང་། སྐྱེ་བོ་དགའ་བ་སྐྱེད་པ་ཀླུ་གར་གྱི་རྩེད་འཇོ། བྱིས་པ་བཞད་གོད་སློང་བ་བུའི་ཟློས་གར། འཇིག་རྟེན་ལུགས་ལ་འཇུག་པ་མཛངས་ཀྱི་འཕྲུལ་ཡིག བདེ་བར་གཤེགས་པ་ལ་བསྟོད་བརྡ་པོ་ཆེའི་དབྱངས་སྙན། ཡུམ་ལ་བསྟོད་པ་ཡིད་བཞིན་ནོར་བུ། ཡོན་ཏན་ཚད་མེད་པར་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། ལས་འདས་པར་བསྟོད་པ། སྤྱན་རས་གཟིགས་ལ་བསྟོད་པ་ལྷའི་སིལ་སྙན། རྟ་མགྲིན་ལ་བསྟོད་པ་གློག་གི་ཕྲེང་བ། འཇམ་དཔལ་དཀར་པོ་ལ་བསྟོད་པ་ཀུ་མུ་ཏའི་ཕྲེང་བ། དམར་སོལ་བསྟོད་པ་མིའམ་རྩིའི་དབྱངས་སྙན། སེར་པོ་ལ་བསྟོད་པ་དྲི་ཟའི་


LRD005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྙན། སྔོན་པོ་ལ་བསྟོད་པ་སྤྲིན་ཕྱིར་རོ། འཕགས་མ་དབྱངས་ཅན་མ་ལ་བསྟོད་པ་གཞོན་ནུ་རབ་དགའི་དབྱངས། ཀུ་མུ་ཏའི་ཕྲེང་བ། པདྨའི་དྲྭ་བ། འཕགས་མ་ནོར་རྒྱུན་མས་བསྟོད་པ་གསེར་གྱི་སྤྲིན་ཕུང་། ཀུ་རུ་ཀུ་ལླེ་ལ་བསྟོད་པ་དང་པོའི་རྒྱུད་མངས། དུས་སེལ་ལ་བསྟོད་པ་ཀླུའི་གཙུག་རྒྱན། འོད་ཟེར་ཅན་མ་ལ་བསྟོད་པ་འཇིགས་པ་ཀུན་སེལ། དཔལ་མོས་བསྟོད་པ་དབང་པོའི་མེ་ཏོག ཕག་མོ་དཀར་མོ་ལ་བསྟོད་པ་དཔལ་ཕྲེང་འཛིན། །དམར་མོ་ལ་བསྟོད་པ་དུས་ཀྱི་ཕྲེང་བ། ནག་མོ་ལ་བསྟོད་པ་དངོས་གྲུབ་ཀུན་འབྱུང་། མི་གཡོ་བ་དཀར་པོ་ལ་བསྟོད་པ་མ་ལླ་ཀའི་ཕྲེང་བ། དམར་པོ་ལ་བསྟོད་པ་དུས་ཀྱི་མཚམས་སྤྲིན། སྔོན་པོ་ལ་བསྟོད་པ་འབྱུང་པོ་ཀུན་བ་རུལ། སྒྲོལ་མ་ལ་བསྟོད་པ་དཔྱིད་ཀྱི་ང་རོ། ཚོགས་བདག་ལ་བསྟོད་པ་ནོར་བུའི་བང་མཛོད། དབང་ཕྱུག་ལ་བསྟོད་པ་ལྷའི་མེ་ཏོག ཁྱབ་འཇུག་ལ་བསྟོད་པ་ཀླུ་ང་རོ། ཨུ་མ་ལ་བསྟོད་པ་ཀུ་མུ་ཏའི་གཉེན། ཚངས་པ་ལ་བསྟོད་པ་རྒྱ་མཚོའི་རྦ་རླབས། །དུས་ཀྱི་ལྷ་ལ་བསྟོད་པ་དཔྱིད་ཀྱི་ཐིག་ལེ། རི་དང་རྒྱ་མཚོ་ལ་བསྟོད་པ་ཕྱོགས་ཀྱི་ང་རོ། མཆིབས་ཕུའི་གནས་ལ་བསྟོད་པ་དུས་བཞིའི་མེ་ཏོག ཡེར་བའི་གནས་བསྟོད་པ་པདྨའི་ཕྲེང་བ། གངས་རི་ཐོད་དཀར་གྱི་གནས་ལ་བསྟོད་པ་རོལ་མོའི་དབྱངས་སྙན། ལུམ་པའི་གཙུག་ལག་ཁང་ལ་བསྟོད་པ་རྒྱ་མཚོའི་རྦ་རླབས། བསམ་ཡས་ཀྱི་ཡུལ་གྱི་བཀོད་པ་གསལ་བར་བྱེད་པ་གངས་རིའི་རྒྱན། གསང་བུའི་ཆོས་གྲྭ་ལ་བསྔགས་པ་ཡོན་ཏན་ཕྲེང་ཚོགས། ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ལ་བསྟོད་པ་རོལ་མོའི་སྤྲིན་ཕུང་། དཀར་ཆག་རྒྱས་པ་གཅིགས་ཀྱི་ཡི་གེ་ཞབ་མོ། བསྡུས་པ་ངོ་མཚར་དྲན་བྱེད། །གསོལ་འདེབས་དད་བརྒྱའི་མེ་ཏོག་ལ་སོགས་པ་ཕྲ་མོའི་གནས་དཔག་ཏུ་མེད་པ་ཞིག སྐྱེ་བོ་ཆོས་ལ་འཇུག་པའི་དགོས་ཆེད་དུ་སྦྱར་བ་ཡིན་ནོ། སྙན་ངག་མཚོ་ཆེན་སྡག་སྦྱོར་པདྨོའི་ཚལ། མངོན་བརྗོད་གེ་སར་འདབ་སྡོང་རབ་


LRD005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཏེ། ཚིག་དོན་རྣམ་བཀྲའི་རང་བཞིན་ལེགས་པར། བློ་གསལ་རྐང་དྲུག་རྣམས་དགའ་བར་མཛོད། ལེགས་པར་སྦྱར་བ་བསྟན་བཅོས་ཀྱི་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ལས། ཕྱིའི་གནས་དང་རྗེས་སུ་མཐུན་པའི་བསྟན་བཅོས་ཀྱི་དཀར་ཆག་བསྟན་པ་སྟེ་དང་པོའོ། དེ་ནས་ནང་གི་གནས་རྒྱ་ཆེར་བཤད་པ་ལ། རྒྱུ་མཚན་ཉིད་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་ལས། རེ་ཞིག་མཚན་ཉིད་ཀྱི་ཐེག་པའི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་སྦྱར་བ་ལ། བྱམས་པའི་ཆོས་ལྔ་སྤྱིའི་དོན་འགྲེལ་དུ། ས་ལམ་གྱི་རྣམ་པར་གཞག་པ་རིན་པོ་ཆེའི་ཐེམ་སྐས་རྩ་བ་འགྲེལ་བ་དང་བཅས་པ། མངོན་པར་རྟོགས་པའི་རྒྱན་གྱི་ལུས་རྣམས་གཞག་གསལ་བྱེད་རྒྱུན་གྱི་སྣང་བ། འདུལ་བ་ཀཱ་རི་ཀཱའི་གསལ་བྱེད་ཁོད་ཀྱི་སྙེ་མ། རང་རྒྱུད་ཤེས་གསུམ་གྱི་དོན་བསྡུས་དེ་ཁོ་ན་ཉིད་ལ་འཇུག་པ། དགུ་མ་ཐལ་འགྱུར་གྱི་གནད་གསལ་བ་རབ་ཏུ་མི་གནས་པའི་དོན་བསྡུས། བདེན་པ་གཉིས་ཀྱི་རབ་ཏུ་དབྱེ་བ་ལ་འཇུག་པ། དེའི་མན་ངག་ལ་མ་རིམ་གསལ་བ། སེམས་སྦྱོང་དོན་གྱི་སྙིང་པོ། ལུང་སྦྱོར་རིན་ཚད་ཕྲེང་བ། སེམས་བསྐྱེད་རིན་པོ་ཆེ་གསེར་གྱི་མེ་ཏོག བསླབ་བྱ་རྒྱལ་སྲས་མམ་བཟང་། ཟབ་མོ་མདོ་ལྔའི་དོན་བཤད། སྨོལ་ལམ་རྒྱ་མཚོའི་སྙིང་པོ། སྤྱད་ཡུལ་དག་པའི་ལམ་ཁྱེར། ཕུང་པོ་གསུམ་པའི་ཉམས་ལེན། འདའ་ཀ་ཡེ་ཤེས་ཀྱི་སྒོས་ཐབས་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་མདོ་དང་མཐུན་པའི་གནས་དུ་མ་ཞིག རྒྱུ་འབྲས་ཟབ་མོའི་ལམ་ལ་བརྟེན་ནས་ཐར་བ་འདོད་པ་དག་གི་དོན་དུ་ལེགས་པར་སྦྱར་བ་ཡིན་ནོ། ཟབ་ཅིང་རྒྱ་ཆེའི་གསུང་རང་གང་ཆེན་མཚོ། རྒྱལ་བ་རྒྱལ་སྲས་གདེངས་ཅན་དབང་པོའི་གནས། ཡོན་ཏན་ཡིད་བཞིན་འབྱུང་བས་ཕྱོགས་གསལ་བས། དང་ལྡན་ཐར་བ་མདོད་རྣམས་དགའ་བར་མཛོད། དོན་གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་སྦྱ་བ་ལ། རྒྱུད་སྡེ་བཞིའི་


LRD005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཟབ་ཅིང་རྒྱ་ཆེ་བའི་རིམ་པ་བསྟན་པ་ལས། བཤད་པའི་གནས་གསལ་བར་སྟོན་པ་ཡིད་བཞིན་རིན་པོ་ཆེའི་མཛོད་རྩ་འགྲེལ་དང་བཅས་པ། སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྤྱི་དོན་ཡིད་ཀྱི་མུན་སེལ། གཟུང་དོན་ཕྱོགས་བཅུ་མུན་སེལ། །བ་སྡུས་དོན་མ་རིག་མུན་སེས། རིམ་ལྔ་ཡེ་ཤེས་སྣང་བ་རྣམས་དང་། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ཀྱི་བཤད་འགྲེལ་བྱང་ཆུབ་ལྗོང་ཤིང་། རྒྱུད་སྡེ་སྤྱིའི་དོན་བཤད་རྡོ་རྗེ་འབྱུང་བ། དམ་ཚིག་གསུམ་བཀོད་ཀྱི་རྣམ་བཤད་ཉི་མའི་འོད་ཟེར་དང་། ཕྲིན་སྒྲུབ་ཆོ་གའི་སྐོར་ལ། སྒྱུ་འཕྲུལ་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་རྒྱས་པ། དེའི་ལེ་ལགས་བསྒྲུབ་པ། བླ་མའི་ཕྲིན་སྒྲུབ་རིན་པོ་ཆེའི་སྒྲོན་མེ། ཐུགས་རྗེ་ཆེན་པོ་འཁོར་ལོ་དོང་སྤྲུགས་ཀྱི་ཆོ་ག་པདྨའི་ཅོད་པན། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་སློབ་མ་འཇུག་ཅིང་དབང་བསྐུར་བའི་ཆོ་ག རྡོ་རྗེ་སློབ་དཔོན་གྱི་ལས་རིམ་རྒྱས་པ། སློབ་མས་བྱ་བའི་ལས་རིམ་བསྡུས་པ། རབ་ཏུ་གནས་པའི་ཆོ་ག་ཀུན་ཏུ་བཟང་པོ། ཆ་གསུམ་རྒྱས་པ་འོད་ཀྱི་སྙེ་མ། །བསྡུས་པ་རིན་ཆེན་སྙིང་པོ། །བསྲེག་སྦྱང་དོན་རབ་གསལ་བ། ཐིག་རྩ་འོད་ཀྱི་ཕྲེང་བ་རྣམས་དང་། སྒྲོལ་མ་མཎྜལ་བཞི་བའི་ཆོ་ག་དེ་ལེགས་ཀུན་འབྱུང་། ཁྲི་མོན་ལས་ཐབ་བའི་ཆོ་ག་ཡིད་བཞིན་ནོར་བུ། འཇིག་པ་བརྒྱད་སྐྱོབ་གྱི་ཆོ་ག་པདྨའི་དྲ་བ། འཕགས་མ་དུས་སེལ་གྱི་ཆོ་བདུད་རྩིའི་ལྗོང་ཤིང་། འཕགས་མ་དབྱངས་ཅན་ཀྱི་ཁྲུས་ཀྱི་ཆོ་ག་རིན་ཆེན་ནོར་བུ། རྣམ་པ་རྒྱལ་མའི་ཆོ་ག་བར་ཆད་ཀུན་སེལ། ཁྲོ་བོ་བཅུའི་སྲུང་ཟློག་གི་ཆོ་ག་གནམ་ལྕགས་འཁོར་ལོ། གཙུག་ཏོག་འབར་མའི་ཆོ་ག་བགེགས་དཔུང་ཞི་བྱེད། དྲེགས་པ་ཅན་སྤྱིའི་སྐོར་གསོའི་ཆོ་ག་དངོས་གྲུབ་ཀུན་འབྱུང་། སྤྱི་གསོལ་ཆེན་མོ། ཕུད་རབས་རྒྱས་པ། བསྙན་ཡིག་ཆེན་མོ། བྱེ་བྲག་པ་མ་མོའི་སྐོང་གསོ་ཁྲག་མཚོ་ཁོ་ལམ། གཟའི་སྐོར་


LRD005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་གྲ་ལས་རྣམ་རྒྱལ། གནོད་སྦྱིན་དམར་ནག་གི་སྐོང་གསོ་རི་རབ་བརྩེགས་པ། དམ་ཅན་གྱི་སྐོང་གསོ་ལས་གཞི་ལྷུང་གྲུབ། །མ་མགོན་སྤྱིའི་སྐོང་གསོ་ཡིད་བཞིན་ནོར་བུ་རྣམས་དང་། །བསྐྱེད་རིམ་གཙོ་བོར་སྟོན་པ་སྒྲུབ་ཐས་ཀྱི་སྐོར་ལ། བླ་མ་སྤྱིའི་སྒྲུབ་པ་དངོས་གྲུབ་འབྱུང་གཏེར། བྱེ་བྲག་བི་མ་ལའི་སྒྲུབ་པ་དངོས་གྲུབ་ཆར་འབེབས། །པདྨ་ཞི་བར་སྒྲུབ་པའི་རིན་ཆེན་ཁང་བརྩེགས། བླ་མ་དྲག་པོར་སྒྲུབ་པ་གནམ་ལྕགས་འབར་བ། ཡི་དམ་ཞི་ཁྲོ་སྤྱི་སྦུབ། ཡང་དག་དོན་གྱི་སྙིང་པོ། རྟ་མགྲིན་དྲེགས་པ་མཐར་བྱེད། ཕུར་བ་སྐུ་གསུམ་འདུས་པ། བདེ་མཆོག་ཡིད་བཞིན་འཁོར་ལོ། འཇམ་དཔལ་བདུད་རྩི་འབྱུང་བ་རྣམས་དང་། མཁའ་འགྲོ་མ་སྤྱིའི་སྒྲུབ་ཐབས་གསེར་གྱི་དྲྭ་བ། བེ་བག་དཔའ་བོ་རྐྱང་བར་སྒྲུབ་པ་ཐབས་ཀྱི་འཁོར་ལོ། དཔའ་མོ་རྐྱང་བར་སྒྲུབ་པ་ཤེས་རབ་འཁོར་ལོ། སྦྲགས་མར་སྒྲུབ་པ་བདེ་མཆོག་འཁོར་ལོ། གསང་བ་སྙིང་གི་སྒྲུབ་པ་གནད་ཀྱི་ཕྲེང་བ། ཡང་གསང་ཐོད་རྒལ་དུ་སྒྲུབ་པ་སྲོག་གི་ཐིག་པ་རྣམས་དང་། ཕྲ་མོའི་སྒྲུབ་པ་ལ། ཚེ་སྒྲུབ་བདུད་རྩིའི་བུམ་པ། འཆི་མེད་དབང་པོའི་ཕྲེང་བ་གཉིས་དང་། ངན་སོང་སྦྱོར་བ་ལྷ་ལྔའི་སྒྲུབ་ཐབས་ཟླ་བའི་ནོར་བུ། རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་ངན་སོང་ཀུན་སྦྱོང་། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ། མི་འཁྲུགས་པའི་སྒྲུབ་ཐབས་ངན་སོང་རྣམ་སྦྱོང་། ཤཱཀྱ་ཐུབ་པའི་སྒྲུབ་ཐབས་འོད་ཟེར་ཀུན་འབྱུང་། བྱམས་པའི་སྒྲུབ་ཐབས་པདྨ་བརྩེགས་པ། འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་ཤེས་རབ་གསལ་བྱེད། སྨྲ་བའི་སེང་གེའི་སྒྲུབ་ཐབས་བློའི་མུན་སེལ། ཨར་པ་ཙན་དཀར་པོའི་སྒྲུབ་ཐབས་ཤེས་རབ་འཁོར་ལོ། སེར་པོའི་སྒྲུབ་ཐབས་འོད་ཀྱི་སྣང་བ། མི་གཡོ་དཀར་པོའི་སྒྲུབ་ཐབས་སྙིང་གི་མུན་སེལ། ཕག་མོ་དཀར་མོའི་སྒྲུབ་ཐགས་འོད་ཀྱི་སྙིང་པོ། རལ་གཅིག་མ་དཀར་མོའི་སྒྲུབ་ཐབས་དཀའ་བ་སྐྱེད་པ། དབྱངས་ཅན་དཀར་མོའི་སྒྲུབ་


LRD005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཟླ་བ་འདོད་འཇོ། དམར་པོའི་སྒྲུབ་ཐབས་གཉིས་འདོད་འཇོ། ཀུ་རུ་ཀུལླེའི་སྒྲུབ་ཐབས་རིན་ཆེན་མེ་ཏོག ཚོགས་འདག་དམར་པོའི་སྒྲུབ་ཐབས་ནོར་བུའི་བང་མཛེད། རྣམ་ཐོས་ཀྱི་སྒྲུབ་ཐབས་རྒྱལ་མཚན་རྩེ་མོ། ཛམྦྷ་སེར་པོའི་སྒྲུབ་ཐབས་གསེར་གྱི་ཁང་བརྩེགས། ནག་པོའི་སྒྲུབ་ཐབས་འབྱོར་བ་རྒྱ་མཚོ། ནོར་རྒྱུན་མའི་སྒྲུབ་ཐབས་གཏེར་གྱི་བུམ་པ། ཨ་གུ་ལེའི་སྒྲུབ་ཐབས་ཉི་མའི་འཁོར་ལོ། འོད་ཟེར་ཅན་གྱི་སྒྲུབ་ཐབས་ཟླ་བའི་འཁོར་ལོ། ལྷ་མོ་གཟུགས་ཀྱི་སྙེ་མའི་སྒྲུབ་ཐབས་སྐར་མའི་ཕྲེང་བ། དབང་ཕྱུག་གི་སྒྲུབ་ཐབས་འཇིག་རྟེན་གསུམ་སྣང་། ཁྱབ་འཇུག་གི་སྒྲུབ་ཐབས་གྲོང་ཁྱེར་སུམ་བརྩེགས་རྣམས་དང་། གཤན་མ་དྲེགས་པ་སྤྱིའི་སྒྲུབ་ཐབས་རིན་གསུངས་བ། བྱེ་བྲག་ཏུ་བདུད་མགོན་ལྕམ་དྲལ་གྱི་སྒྲུབ་ཐབས་དུས་ཀྱི་མཚོན་ཆ། འཇིགས་པ་མ་མོའི་གསང་སྒྲུབ་སྲོག་གི་སྤུ་གྲི། དྲག་པོ་གཟའི་གསང་སྒྲུབ་འཇིག་རྟེན་བུང་བྱེད། བཤད་པ་གནོད་སྦྱིན་གྱིས་གསང་སྒྲུབ་རོ་ལངས་སྐར་མ་དད། སྐྱེས་བུ་དམ་ཅན་གྱི་གསང་སྒྲུབ་གིང་ཆེན་འབར་བ། ཆོ་འཕྲུལ་གནམ་ལྕགས་ཀྱི་སྒྲུབ་པ་ལྟས་ངན་འཕྲུལ་གྱི་བང་མཛོད། འགལ་བྱེད་ཆོམ་ལ་འབེབ་པར་རྒྱ་མཚོ་དུ་རུ་ཀའི་གཏད་ཁྲོམ་སྒྲུབ་པ་ལ་སོགས་ཏེ། ཕྲིན་ལས་རྣམ་པ་བཞིས་བསྟན་པ་རིང་དུ་གནས་པའི་ལས་རིམ་སྒྲུབ་པ་རྣམས་དང་། ངེས་དོན་རྫོགས་པའི་རིམ་པ་མཐར་ཐུག་སྐོར་ལ། སྒྱུ་འཕྲུལ་རིམ་པ་ལྔ་པ་ཡང་གསང་ཐག་ལེའི་གནད་ཡིབ་བསྟན་པ། ཡང་དག་བྱང་ཆུབ་སྙིང་པོའི་རྫོགས་རིམ་ཡེ་ཤེས་མར་མེ། བདེ་མཆོག་རིམ་པ་ལྔ་བའི་ཟབ་དོན་སྙིང་པོར་ཡང་ཞུན། གསང་འདུས་རིམ་པ་ལྔ་བའི་ཟབ་དོན་འོད་གསལ་འཁོར་ལོ། སྦྱོར་བ་ཡན་ལག་དྲུག་གི་དོན་བསྡུས་དེ་ཉིད་འདུས་པ། ལམ་འབྲས་བུ་དང་བཅས་པའི་ཟབ་དོན་རིམ་གཉིས་འཁོར་ལོ། ཆོས་དྲུག་གི་སྙིང་པོ་བསྡུས་པ་འོད་གསལ་རྣམ་སྦྱོང་། ཐངས་ལམ་ཟབ་མོའི་དོན་བསྡུས་གསང་བའི་དེ་ཉིད། ཤེས་རབ་ཀྱི་ལམ་རིམ་སེམས་ཁྲིད་


LRD005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོར་བསྟན་པ་ལ། ཕྱག་རྒྱ་ཆེན་པོ་ལམ་རིམ་གྱི་ཟབ་དོན་རྣལ་འབྱོར་བཞིའི་སྙིང་པོ། ཅིག་ཅར་བའི་ཟབ་དོན་ཐོག་བབས་དམར་ཁྲིད། གཉིས་ཀའི་ཆ་རྐྱེན་སྐུ་གསུམ་དོན་ཁྲིད། ནམ་མཁའ་སྐོར་གསུམ། མེ་ལོང་བཞིའི་གནས་ལུགས། སེམས་ཀྱི་རྡོ་རྗེའི་གླུ། སྣང་བ་ལམ་ཁྱེར། འཁོར་འདས་ཁ་སྦྱོར། རྐྱེན་སྣང་རང་གྲོལ། ཟབ་དོན་འདུས་པ་རྣམས་དང་། གཞན་ཡང་ཞི་བྱེད་དོན་གྱི་སྙིང་པོ། གཅོད་ཡུལ་གནས་ལུགས་རང་བབས་ལ་སོགས་པ་སྟེ་བོད་འདིར་གྲགས་སོ་ཅོག་གི་དོན་རྫོགས་རིམ་གྱི་རྣམ་གཞག་བླ་མ་ལས་ཐོབ་པའི་དོན་ཤེས་རབ་གསུམ་གྱིས་ངེས་པར་བྱས་པ་རྣམས་ལས། སྙིང་པོའི་སྐོར་གང་ཡིན་པ་ཡང་ཞུན་དུ་བསྡུས་ཏེ་བཀོད་པ་ཡིན་ནོ། ཡང་ཟབ་ཡིད་བཞིན་ནོར་བུ་འོག་མིན་གནས། ཐམས་ཅད་བདེ་ཆནེ་སྐུ་གསུམ་གཞལ་ཡས་ཁང་། ཡེ་ཤེས་རྔ་སྒྲས་མཛེས་པའི་གནས་གསལ་བས། སྐལ་བཟང་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། ལེགས་པར་སྦྱར་བ་བསྟན་བཅོས་ཀྱི་དཀར་ཆག་རིན་པོའི་མཛོད་ཁང་ལས། ནང་གི་གནས་ངེས་པའི་དཀར་ཆག་སྟེ་རིམ་ཁང་གཉིས་པའོ། དེ་ནས་དེ་ཁོ་ན་ཉིད་ཀྱི་གནས་ཀྱི་བསྟན་བཅོས་རྒྱ་ཆེར་བཤད་པ་ལ། གསང་བའི་གནས་མདོ་སྤྱིར་བསྟན་པ་དང་། གསང་ཆེན་བླ་ན་མེད་པའི་གནས་མདོ་བྱེ་བྲག་ཏུ་བཤད་པ་གཉིས་ལས། རེ་ཞིག་སྤྱིར་བསྟན་པ་ལ། ཐེག་པ་མཐའ་དག་གི་དོན་རྫོགས་པ་ཆེན་པོའི་ལམ་དུ་འཇུག་པའི་ཁོ་ན་ཉིད་ཀྱི་གནས་ཀྱི་བསྟན་བཅོས་རྒྱ་ཆེར་བཤད་པ་ལ། གསང་བའི་གནས་མདོ་སྤྱིར་བསྟན་པ་དང་། གསང་ཆེན་བླ་ན་མེད་པའི་གནས་མདོ་བྱེ་བྲག་ཏུ་བཤད་པ་གཉིས་ལས། རེ་ཞིག་སྤྱིར་བསྟན་པ་ལ། ཐེག་པ་མཐའ་དག་གི་དོན་རྫོགས་པ་ཆེན་པོའི་ལམ་དུ་འཇུག་པའི་སྔོན་འགྲོའམ་ཐབས་ཙམ་དུ་ཤེས་པར་བྱ་བའི་ཕྱིར། ཀུན་དང་མཐུན་ལ་གོང་དུ་འདྲེན་པའི་ལམ་རིམ་འབྲས་བུ་དང་བཅས་པ་སྟོན་པའི་བསྟན་བཅོས་ཀྱིས་གནས་གསལ་བ་མན་ངག་རིན་པོ་ཆེའི་མཛོད། རྫོགས་པ་ཆེན་པོ་སེམས་ཉིད་ལགས་སོ། དེའི་འགྲེལ་བ་ཤིང་རྟེ་ཆེན་པོ། བསྡུས་དོན་ཉི་མའི་སྙིང་པོ། ཆོས་འབྱུང་དོན་རབ་གསལ་བ། ཁྲིད་ཡིག་འཁོར་བ་དོང་སྤྲུགས། རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ། དེའི་འགྲེལ་བ་ཤིན་རྟ་བཟང་པོ། བསྡུས་དོན་ཟླ་བའི་སྙིང་པོ། ཁྲིད་ཡིག་ཐར་གླིང་གསལ་བྱེད། རྫོགས་པ་ཆེན་པོ་


LRD005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ངལ་གསོ། དེའི་འགྲེལ་བ་ཤིན་རྟ་དྲི་མེད། ཁྲིད་ཡིག་ངེས་དོན་སྙིང་པོ་རྣམས་དང་། སེམས་སྡེ་སྤྱིའི་དོན་བཤད་ལ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་འབྲེལ་ཉི་མའི་འོད་ཟེར། ཁྲིད་གྱི་ནམ་མཁའ་ཀློང་གསལ། མན་ངག་གི་དོན་འགྲེལ་རང་སྲོལ་སྐོར་གསུམ་ལ། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ། འགྲེལ་བ་འོད་ཀྱི་དྲྭ་བ། ཁྲིག་ཡིས་ཆོས་སྐུར་རང་ཤར། རྫོགས་པ་ཆེན་པོའི་ཆོས་ཉིད་རང་གྲོལ། འགྲེལ་བ་འོད་ཀྱི་སྙེན་མ་ཁྲིད་ཡིག་ཆོས་ཀུར་རང་བ་བས། རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ། འགྲེལ་བ་འོད་ཀྱི་དྲྭ་བ། ཁྲིད་ཡིག་ཆོས་སྐུ་ལྷུན་གྲུབ་རྣམས་དང་། ཀློང་སྡེ་སྤྱིའི་དོན་བཤད་ལ། ཀློང་གསུམ་དོན་གྱི་སྤྱི་ཆིངས་ནམ་མཁའ་རབ་འབྱམས། དེའི་འབྲེལ་བ་ཡངས་དོག་མེད་པའི་རྒྱ་གྲོལ། མན་ངག་གི་དོན་འགྲེལ་ཆོས་དབྱིངས་རིན་པོ་ཆེའི་བརྗོད། འགྲེལ་བ་ཆོས་དབྱིངས་གསལ་བ། ཁྲིད་ཡིག་ཁྱབ་གདལ་ཀློང་ཡངས་རྣམས་དང་། མན་ངག་གི་སྡེ་སྤྱིའི་དོན་བཤད་ལ། སྐུ་དང་ཡེ་ཤེས་རྒྱས་ལྷུན་གྲུབ་སྙིང་པོ། འགྲེལ་བ་མི་ནུས་རྒྱལ་མཚན། མཚན་དཔེ་སྐུ་གསུམ་ལག་ཁྲིད། མན་ངག་གི་དོན་འབྲལ་ཀུན་འདུས་རིགས་པའི་གལ་མདོ། ཀུན་གསལ་སྙིང་གི་དོན་འགྲེལ། བར་དོ་འོད་ཀྱི་སྙེ་མ་ལ་སོགས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་གནས་བསྟན་པ་རྣམས་སོ། ཡང་རབ་ཆོས་མཆོག་འོད་གསལ་སྙིང་པོའི་མཁར། སྐུ་དང་ཡེ་ཤེས་ཉི་མའི་འོད་གསལ་བས། བླ་མེད་བསྟན་པའི་པད་ཚལ་རྒྱས་པ་དང་། མཉམ་དུ་གདུལ་བྱའི་ཚོགས་རྣམས་དགའ་བར་མཛོད། དོན་གཉིས་པ་གསང་ཆེན་བླ་ན་མེད་པའི་གནས་མདོ་བྱེ་བྲག་ཏུ་བཤད་པ་ལ། སྤྱིའི་ཆིངས་རྒྱ་ཆེར་བསྟན་པ་དང་། བྱེ་བྲག་གི་ཟབ་དོན་སྙིང་པོར་བསྡུ་བ་གཉིས་ལས། རེ་ཞིག་གསང་ཆེན་ངེས་པ་ཐིག་པའི་རྒྱལ་པོའི་རྣམ་གཞག་ཡོ་ག་ཕྱོགས་ཀྱི་དོན་གཏན་ལ་ཕབ་པའི་གསལ་བྱེད་གྲུབ་པའི་མཐར་རིན་པོ་ཆེའི་མཛོད། རྒྱུད་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུའི་དོན་འགྲེལ་ཐེག་མཆོག་རིན་པོ་ཆེའི་མཛོད། ལམ་ཁྱེར་


LRD005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཀྱི་དོན་འགྲེལ་ཚིག་དོན་རིན་པོ་ཆེའི་མཛོད། ཆིངས་ངེས་པ་མན་ངག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ། བྱེ་བྲག་གི་ཟབ་དོན་སྙིང་པོར་བསྡུ་བ་ལ། ཁྲིད་ཀྱི་ཡི་གེ་སེམས་སྦྱོང་བདུན་པ། སངས་རྒྱས་མཉམ་སྒྱོར། ཁྱུང་ཆེན་གཤོགས་རྫོགས། མན་ངག་གི་ལུས་རྫོགས་པར་སྟོན་པ་ཡང་ཏིག་ཡིད་བཞིན་ནོར་བུ་ཆོས་སྡེ་བཅུ་རྩ་བཞི་པ། དེ་ལས་ཤིན་ཏུ་ཟབ་པའི་གནད་པ་སྡུས་པ་ཟབ་མོ་ཡང་ཏིག་ཆོས་སྡེ་སུམ་ཅུ་ལྟ་ལྔ་པ་རྣམས་ནི་བླ་མའི་སྙིང་ཏིག་བྱིན་རླབས་ལག་ཁྲིད་ཀྱི་སྐོར་དང་། ཁྱད་པར་དུ་སྨོན་ལམ་ལུང་བསྟན་དང་འབྲེལ་བ་མཁའ་འགྲོ་སྙིང་ཏིག་གི་སྐོར་ལ། མན་ངག་དུས་ལ་བབས་པ་མཁའ་འགྲོའི་ལུང་བསྟན་ཀྱི་བབས་ལུགས། ངོ་སྤྲོད་ལག་ཁྲིད་དུ་བསྟན་པ་དབང་ཁྲིད་གདམས་པའི་མཚོན་ཚུལ། བྱིན་རླབས་སེམས་ལ་ཤར་བ་ངེས་དོན་སྙིང་པོའི་གདམས་པ་སྟེ། གནས་གསུམ་ཆོས་སྡེ་ལྔ་བཅུ་རྩ་ལྔར་གཏན་ལ་ཕབ་པ་ནི་མཁའ་འགྲོ་ཡང་ཏིག་གི་ཆོས་ཀྱི་རྣམ་གྲངས་སོ། ཞར་ལ་ཆོས་སྤྱོད་ལམ་རིམ། གསོལ་འདེབས་དྲུག སྙིང་པོ་དོན་གྱི་མགུར་བཅུ། རྡོ་རྗེའི་གླུ་སུམ་ཅུ་རྩ་གཡུམ་དང་བཅས་པ་ནི་དེ་དག་གི་ཆ་ལག་ཏུ་བསྟན་པ་སྟེ། ཤིན་ཏུ་ཟབ་པ་ཡང་ཟབ་ངོ་མཚར་རྨད་དུ་བྱུང་བའི་སྐོར་དུ་གཏོགས་པ་རྣམས་ནི། བླ་མ་དམ་པའི་ཐུགས་རྗེ་དང་། རང་གིས་བསགས་པ་རྣམ་པར་དག་པའི་ནུས་པ་མཐར་སོན་པའི་སྟོབས་ཀྱིས། །དེང་སང་བདག་གི་བློ་གྲོས་ལ་ཆོས་མཐོང་བའི་དགའ་སྟོན་བཟང་པོ་མངོན་དུ་གྱུར་པ་རྣམས། ཕྱི་རབས་ཀྱི་སྐྱེ་བོ་ཐར་བ་འདོད་པ་རྣམས་ཀྱི་དོན་དུ་བསྟན་བཅོས་ཀྱི་གནས་གསལ་བར་བཀོད་པ་ཡིན་ནོ། ཐེག་དགུའི་རྩེ་མོ་འོད་གསལ་ཉི་ཟླའི་འགྲོས། ཡིད་མཁའི་གནས་ན་རབ་ཏུ་གསལ་བ་གང་། འཇིག་རྟེན་མིག་གི་བདུད་རྩིར་བྱེད་སྤྲོས་པས། ཡང་རབ་བློ་ཆེན་ལྡན་རྣམས་དགའ་བར་མཛོད། དེང་སང་མར་མེ་ནུག་ཁའི་སྣང་བ་བཞིན། ངེས་དོན་སྙིང་པོའི་བསྟན་པ་ཆེས་གསལ་བས། སྒྲུབ་པ་དོན་ཡོད་རྟགས་རྣམས་མངོན་དུ་སྣང་། དེ་ཕྱིར་བརྩོན་ཞིང་དགའ་བ་བསྐྱེད་པར་རིགས། ལེགས་པར་སྦྱར་


LRD005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟན་བཅོས་ཀྱི་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ལས། གསང་བའི་དེ་ཁོ་ན་ཉིད་ངེས་པའི་དཀར་ཆག་སྟེ་རིམ་ཁང་གསུམ་པའོ། དེ་ལྟར་གསུང་རབ་རྒྱ་མཚོའི་གླིང་མཆོག་ལས། བློ་གྲོས་རྫིང་ཆེན་དམ་པའི་ལ་ལོས་བསྒྱུར། བསྟན་བཅོས་རིན་ཆེན་ཚོགས་མང་འདི་བླངས་བས། །རང་གཞན་དོན་གཉིས་འབྱོར་བའི་སངས་རྒྱས་ཤོག །ཚུལ་འདི་བློ་གྲོས་ཡངས་པའི་ནམ་མཁའ་ལ། །ལུང་རིག་མན་ངག་སྙིང་པོའི་གདངས་འཚེར་བས། །འགྲོ་ཀུན་བློ་ཡི་མུན་པ་སེལ་བྱེད་པ། །རྒྱལ་སྲས་དྲི་མེད་འོད་ཟེར་ཤར་བས་བཀོད། །ཡོན་ཏན་སྐྱེད་ཚལ་མཛེས་པའི་ས་བཞི་ལ། །བསྟན་བཅོས་རྣམས་བཀྲའི་མེ་ཏོག་ར་བརྒྱས་བས། །རྒྱལ་བ་སྲས་བཅས་མ་ལུས་མཉེས་པ་དང་། བློ་གསལ་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །ལེགས་པར་སྦྱར་བ་བསྟན་བཅོས་ཀྱི་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ཞེས་བྱ་བ། མང་དུ་ཐོས་པའི་ནོར་གྱིས་ཕྱུག་པ་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས་བུམ་ཐང་ཐར་བ་གླིང་དུ་བཀོད་པ་རྫོགས་སོ། སརྦ་མངྒ་ལ་སིདྡྷཾ།། དགེ།།


LRD005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབསྟན་བཅོས་ཀྱི་དཀར་ཆར་རིན་པོ་ཆེའི་མཛོད་ཁང་། next