Nitartha Digital Library
Tibetan
 
previousལྔ་པ། གསང་སྔགས་དོན་གྱི་དགོད་པའི་ལེའུ།next

ལྔ་པ། གསང་སྔགས་དོན་གྱི་དགོད་པའི་ལེའུ།

དེ་ནས་གསང་སྔགས་རྡོ་རྗེ་ཐེག་པ་བསྟན་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ལས་ཁྱད་པར་འཕགས་ཚུལ་བསྟན་པ་དང་། ཁྱད་པར་ཅན་གྱི་གསང་སྔགས་ཉིད་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐེག་པ་ཆེན་པོའི་དབྱེ་བ་སྤྱིར་བསྟན་པ་དང་། ཁྱད་པར་འཕགས་ཚུལ་བྱེ་བྲག་ཏུ་བཤད་པ་དང་། འབྲས་བུ་ཡིན་ཚུལ་ངོས་གཟུང་བའོ། །

དང་པོ་ནི་ཐེག་པ་ཆེན་པོ་དེ་ཡང་རྒྱུ་མཚན་ཉིད་དང་འབྲས་བུ་གསང་སྔགས་གཉིས་ཏེ། ཐེག་པ་ཆེན་པོ་ཡོངས་སུ་གྲུབ་པའི་རྒྱུད་ལས། ཐེག་པ་ཆེན་པོ་རྣམ་གཉིས་ཏེ། །ཕ་རོལ་ཕྱིན་པའི་ཐེག་པ་དང་། །རྡོ་རྗེ་ཐེག་པ་བླ་ན་མེད། །ཅེས་པ་དང་། ལེགས་པར་གྲུབ་པའི་རྒྱུད་ལས། རྒྱུ་དང་འབྲས་བུའི་དབྱེ་བ་ཡིས། །ཕ་རོལ་ཕྱིན་པའི་ཐེག་པ་དང་། །རྡོ་རྗེ་ཐེག་པ་བླ་ན་མེད། །ཅེས་སོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་ཕྱི་མཚན་ཉིད་ཀྱི་ཐེག་པ་ལས། ནང་གསང་སྔགས་ཀྱི་ཐེག་པ་ཆེས་ཁྱད་པར་ཏུ་འཕགས་ཏེ། དེ་ཡང་གཞི་འོད་གསལ་བའི་སྙིང་པོ་དང་། དེ་ལ་བརྟེན་པའི་ཆོས་རྣམས་གཏན་ལ་འབེབས་པར་དོན་གཅིག་ཀྱང་། མཚན་ཉིད་ཀྱིས་ཇི་ལྟ་བ་བཞིན་གཞི་ལམ་འབྲས་བུ་གཏན་ལ་འབེབས་པ་ལ་རྨོངས་ལ། སྔགས་ཀྱིས་མ་རྨོངས་པར་ཤེས་པའི་ཁྱད་པར་ཡོད་དེ། འདི་ལྟར་ཟབ་པ་དང་རྒྱ་ཆེ་བ་དག་འཇལ་བ་ན། མཚན་ཉིད་ཀྱིས་གཏན་ཚིགས་ཀྱི་སྒོ་ནས་གཞིག་སྟེ་རྗེས་དཔག་ངེས་པའི་ཚད་མས་གཞལ་བའི་དོན་དམ་གྱི་བདེན་པ་བློས་(༡༣༠)བྱས་ཀྱི་གཞི་དང་། དེའི་ངང་ལ་འབད་པས་འཇོག་པའི་ལམ་ཞི་ལྷག་ཙམ་དང་། དུས་བསྐལ་པ་མང་པོ་ན་ཐོབ་པ་ལ་ཕྱོགས་པའི་འབྲས་བུ་ལ་དམིགས་པའི་ཟབ་པ་ཙམ་དང་། རྒྱ་ཆེ་བའང་ཁམས་ལ་བརྟེན་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པར་གཏན་ལ་ཕབ་ནས་བླང་དོར་འབའ་ཞིག་ཏུ་བྱེད་པ་ཙམ་ལས་མེད་དོ། །སྔགས་ནི་གཏན་ཚིགས་ལ་མ་ལྟོས་པར། ལུས་ངག་རྩ་རླུང་ཐིག་ལེ་ལ་སོགས་པའི་གནད་བསྣུན་པ་ཙམ་གྱིས། བློས་མ་བྱས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཆོས་སྐུའི་སྙིང་པོ་གཞིར་གཏན་ལ་ཕེབས་ནས། དེའི་ངང་དུ་རང་བཞིན་གྱི་བློས་གནས་པས་ཚེ་གཅིག་ལ་སོགས་པ་ན། དབྱིངས་དོན་དམ་པའི་བདེན་པ་རྟོགས་ནས་བྱང་ཆུབ་མངོན་དུ་བྱེད་པས་ཟབ་མོ་མངོན་སུམ་དུ་སྐྱེ་བ་ཉིད་དང་། རྒྱ་ཆེ་བའང་དབྱིངས་འོད་གསལ་གྱི་དཀྱིལ་འཁོར་དུ་ཡེ་ནས་གྲུབ་པ་གཞིའི་རྒྱུད་དུ་གཏན་ལ་ཕབ་ནས། དེ་ལ་བརྟེན་པའི་ཀུན་རྫོབ་པའི་རྣམ་པ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྤང་བླང་མེད་པར་ལྷ་དང་གཞལ་ཡས་ཁང་དང་ཞིང་གི་བཀོད་པར་གཏན་ལ་འབེབས་པའི་ལམ་གྱི་རྒྱུད་རྣམས་ཉམས་སུ་ལེན་པ་བསྟན་པས། གནས་སྐབས་སུ་གྲུབ་ཆེན་བརྒྱད་དང་མཐར་ཐུག་བྱང་ཆུབ་མཆོག་ལ་སོགས་པ་མངོན་དུ་བྱེད་ཅིང་། གང་ཡང་ལམ་དུ་གྱུར་པའི་ཆོས་སྟོན་པ་འབྲས་བུའི་རྒྱུད་གཏན་ལ་འབེབས་པའི་ཕྱིར་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་རྨོངས་པ་མེད་པ་ཡིན་ནོ། །ཐབས་མང་བས་ཀྱང་འཕགས་ཏེ། སྤང་བྱ་འདོད་ཆགས་ལྟ་བུ་གཅིག་སྤོང་བ་ལ་ཡང་། ཐུན་མོང་དུ་བསྐྱེད་པས་བསྒྱུར་བ་དང་། ཐུན་མོང་མ་ཡིན་པ་གྱ་ནོམ་གྱི་འདོད་ཆགས་སོ་སོར་རྟོག་པ་བདེ་བ་ཆེན་པོར་ལམ་དུ་སློང་བ་ལ་སོགས་པས་མ་སྤངས་བཞིན་དུ་དབྱིངས་སུ་དག་པར་བྱེད་ལ། མཚན་ཉིད་ཀྱིས་ཡུལ་དང་ཡུལ་ཅན་སྤོང་བ་ལ་ལྟོས་ལ། བསྒྲུབ་བྱ་ཐུན་མོང་གི་ཡོ་བྱད་ལྟ་བུ་གཅིག་ལ་ཡང་། སྦྱིན་པའི་རྗེས་སུ་བྱེད་པས་སྔོན་གྱི་ལས་སུ་བྱས་ཏེ། རྐྱེན་ཐ་མལ་པས་བསྒྲུབས་པ་ལྟར་ཚོང་སོ་ནམ་ལ་སོགས་འབད་པ་མཚན་ཉིད་ལས་གསང་སྔགས་འཕགས་ཏེ། ཆུ་དབང་དང་གནོད་མཛེས་ལ་སོགས་པའི་སྒྲུབ་པས་དངོས་སུ་འབྱོར་པ་འཕེལ་དུ་ཡོད་པས། སྔོན་ལས་དང་ཐ་མལ་གྱི་སྒྲུབ་ལུགས་ལས་འཕགས་པས་ན། ཚེ་སྤེལ་བ་དང་དབང་དུ་བྱ་བ་ལ་སོགས་པ་རྣམས་གྲངས་མང་པོ་དོན་གཅིག་ལའང་གསུངས་པའི་ཕྱིར་འཕགས་སོ། །དཀའ་བ་མེད་པས་ཀྱང་འཕགས་ཏེ། མཚན་ཉིད་ཀྱི་ལམ་སྤོང་ལེན་དཀའ་སྤྱད་ཀྱིས་མཐར་ངལ་ཞིང་དུབ་པ་ལས། སྔགས་ནི་གང་ཡང་གྲོགས་སུ་འཆར་བས་སྤང་བླང་གི་ངོ་བོ་རང་(༡༣༡)བཞིན་དག་པའི་ཕྱིར་འདོད་པའི་ཡོན་ཏན་ལ་སོགས་པ་བརྟེན་པས་འགྲུབ་བོ། །དབང་པོ་རྣོན་པོའི་ལམ་ཡིན་པས་ཀྱང་འཕགས་ཏེ། ཚེགས་ཆུང་ལ་དོན་ཆེ་བ་མན་ངག་དམ་པའི་རང་བཞིན་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཚུལ་བཞིས་ཁྱད་པར་དུ་འཕགས་པ་ཡང་། ཚུལ་གསུམ་པའི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །དེ་དག་ཀྱང་དམིགས་པ་དང་། གྲོགས་ལྟ་སྤྱོད་དང་རང་བཞིན་བསྒྲུབ་པ་དང་བཅས་པ་ཕུན་སུམ་ཚོགས་པས་སྔགས་ཀྱི་ཐེག་པ་ཆེན་པོར་གཞག་པ་ཡིན་ཏེ། ཐེག་པ་གསུམ་གྱི་རྣམ་གཞག་ལས། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་དང་ལྡན་པའི་ཐེག་པ་ནི། །ཆེན་པོའི་ཆེན་པོར་ཡོངས་སུ་གྲགས། །ཞེས་སོ། །

གཉིས་པ་འཕགས་ཚུལ་རྒྱས་པར་བཤད་པ་ནི། ར་ལི་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཉན་ཐོས་ལ་སོགས་ཐེག་ཆུང་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་ས། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་དགོས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་དང་། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིགས་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས། མཚན་ཉིད་པ་ལྟ་བ་སྟོང་ཉིད་སྤྲོས་བྲལ་ཙམ་ལས། བདེན་པ་དབྱེར་མེད་གདོད་མ་ནས་ལྷ་དང་སྔགས་ཀྱི་རང་བཞིན་གནས་པར་མ་རྟོགས་ལ། སྔགས་ཀྱིས་རྟོགས་ཏེ། ཀུན་རྫོབ་ཀྱང་མེད་ལ་སྣང་བ་སྤྲུལ་པ་ཙམ་དུ་ལྷར་དག་པ་སྦྱོར་ལ། དོན་དམ་དབྱིངས་དང་ཡེ་ཤེས་ཡེ་ནས་གཉིས་སུ་མེད་པ་གཉིས། གདོད་མ་ནས་ངོ་བོ་ཉིད་མེད་པའི་ངང་དུ་དབྱེར་མེད་པར་རྟོགས་ཏེ། སྒྱུ་འཕྲུལ་ལམ་རིམ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པར། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་སོ། །ཕུང་པོ་ལྔ་ལྷར་དག་པ་ཡང་། ཡེ་ཤེས་གྲུབ་པའི་རྒྱུད་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཚོར་བ་རིན་ཆེན་འབྱུང་ལྡན་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཉིད། །འདུ་བྱེད་དོན་ཡོད་གྲུབ་པ་ལ། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་པ་དང་། འབྱུང་བ་ལྔ་ཡུམ་ལྔར་དག་པའང་དེ་ཉིད་ལས། འབྱུང་བ་ལྔ་ནི་ཡུམ་ལྔའི་དངོས། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀུན། །ཐམས་ཅད་དག་པ་སངས་རྒྱས་ཞིང་། །ཞེས་སོ། །སྒྱུ་འཕྲུལ་གསང་སྙིང་ལས་ཀྱང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏེ་ཞེས་སོ། །(༡༣༢)སྤྱོད་པའང་མཚན་ཉིད་ལ་བླང་དོར་གཉིས་བཅས་ལས་མེད་ལ། སྔགས་སུ་དག་མཉམ་སྒྱུ་མའི་རང་བཞིན་ལྷ་དང་གཞལ་ཡས་ཁང་གི་ངང་ལས། ཚོགས་དང་། མགོན་པོ་ཀུན་ཏུ་སྤྱོད་པ་ལ་སོགས་པ་དཀྱིལ་འཁོར་སོ་སོའི་སྐབས་སུ་འཆད་པ་ལྟ་བུས། ལྷ་མཆོད་པ་དང་། ཆོས་ཉིད་དང་མཐུན་པ་དང་། ཉོན་མོངས་པ་དག་པ་ལ་སོགས་པས་འཕགས་སོ། །སེམས་ཀྱི་ཏིང་ངེ་འཛིན་ལའང་། མཚན་ཉིད་ལས་ཞི་གནས་དང་ལྷག་མཐོང་བསྒྲུབ་པ་ལ་ཡུན་རིང་པོར་སེམས་འཛིན་གྱི་དཀའ་བ་ཆེན་པོས་འབད་དགོས་པ་ཉིད། སྔགས་སུ་མཚན་བཅས་བསྐྱེད་པའི་རིམ་པས་སྤྲོས་པ་ཞི་ནས། མཚན་མེད་རྫོགས་པའི་རིམ་པར་རྩ་རླུང་གི་གནད་གཅུན་པ་ཙམ་གྱིས་ཡེ་ཤེས་འཆར་བའི་ཕྱིར་འཕགས་སོ། །རྒྱུའང་མཚན་ཉིད་དུ་བསྐྱེད་བྱ་སྐྱེད་བྱེད་ཀུན་རྫོབ་སྔོན་དུ་སོང་བ་ལས་དོན་དམ་རྟོགས་པར་འདོད་ལ། སྔགས་སུ་དག་རྒྱུའམ་བྲལ་རྒྱུ་རང་གནས་ཀྱི་ཡེ་ཤེས་བཙན་ཐབས་སུ་ངོ་སྤྲད་ནས་བསྒོམས་པས་ད་ལྟ་ཉིད་དུ་དོན་དམ་རྟོགས་པ་ལ་འཇུག་པས་འཕགས་སོ། །ལམ་ཡང་མཚན་ཉིད་དུ་ཚོགས་གཉིས་ལ་མཉམ་རྗེས་རེས་འཇོག་ཏུ་གྱུར་པས་ལམ་ལྔ་བསྐལ་པར་མི་བགྲོད་པ་ཉིད། སྔགས་སུ་དབྱེར་མེད་ཡེ་ཤེས་ཀྱི་ལམ་ལ་ཞུགས་པས་མྱུར་དུ་བགྲོད་པས་འཕགས་སོ། །

འབྲས་བུའང་མཚན་ཉིད་དུ་དུས་རིང་ཞིག་ན་ཕྱིས་འབྱུང་བར་འདོད་ལ། སྔགས་ལ་ད་ལྟ་ལྷུན་གྲུབ་ཏུ་རང་གནས་སུ་འདོད་པས་འཕགས་སོ། །སའང་མཚན་ཉིད་དུ་སྤང་གཉེན་རིམ་ཅན་གྱི་དབྱེ་བས་བཅུ་གཅིག་ཏུ་འདོད་ལ། སྔགས་སུ་དབྱེར་མེད་ངོ་བོ་ཉིད་ཀྱིས་དབྱིངས་དེ་བཞིན་ཉིད་ལྷུན་གྱིས་གྲུབ་པ་དང་། དག་མཉམ་ཡེ་ཤེས་ཆེན་པོའི་ས་རིམ་གཉིས་འོད་གསལ་དམ་པ་དང་། ལྷུན་གྲུབ་ཆོས་མཆོག་དག་པའི་ས་འབྲས་བུ་རྣམ་དག་ཆེན་པོ་དང་གསུམ་མོ། །ཡང་ན་རྒྱུའི་ས་རྣམས་ཀྱི་སྟེང་དུ་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་དང་། བཅུ་གསུམ་རྡོ་རྗེ་འཛིན་པ་ལ་སོགས་པས་འཕགས་ཏེ། གསང་སྙིང་ལས། ས་ཡི་ཁྱད་པར་བཅུ་དང་གསུམ། །ཞེས་སོ། །དུས་ལའང་མཚན་ཉིད་ལས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པས་མི་གྲུབ་པ། སྔགས་ལ་བརྩོན་ཞིང་དམ་ཚིག་གཙང་བས་ཚེ་འདིར་འགྲུབ་སྟེ། དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་སོ། །ལོངས་སྤྱོད་ལ་ཡང་མཚན་ཉིད་ཀྱིས་འདོད་ཡོན་སྤངས་ཏེ་བསྒྲུབ་པ། སྔགས་ལས་གྲོགས་སུ་བྱེད་པ་ཉིད་རྡོ་རྗེ་བཀོད་པ་ལས། གང་ལས་སྤངས་ཏེ་རྨད་དུ་གྱུར་པ་ཡི། །ལོངས་སྤྱོད་འདོད་ཡོན་རྣམ་པ་ལྔ། །ཐབས་ལྡན་སྔགས་ལ་གྲོགས་ཀྱི་མཆོག །སྐལ་བ་ལྡན་པས་རབ་སྤྱད་བྱ། །ཞེས་སོ། །རྣལ་འབྱོར་ལའང་མཚན་ཉིད་ལ་མཉམ་གཞག་མི་དམིགས་པ་ནམ་མཁའ་ལྟར་སྟོང་པ་བསྒོམ་ཞིང་། རྗེས་ཐོབ་སྒྱུ་(༡༣༣)མའི་རྣལ་འབྱོར་ལམ་དུ་བྱེད་ལ། སྔགས་ལས་དབྱེར་མེད་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ལམ་དུ་བྱེད་པས་འཕགས་སོ། །བདག་གཞན་གྱི་དོན་བསྒྲུབ་པ་ལའང་། མཚན་ཉིད་ལས་གནས་སྐབས་སུ་ཅུང་ཟད་ཕན་པ་ཙམ་ལས་ཆེར་མི་འགྲུབ། སྔགས་ལས་ཆར་དབབ་པས་མུ་གེ་ཞི་བར་བྱེད་པ་དང་། རྣལ་འབྱོར་གྲུབ་པས་ཟས་སྐོམ་ནོར་བུ་ལ་སོགས་པའི་ཆར་འབེབས་པ་དང་། ནད་དང་འཁྲུག་པ་ཞི་བ་ལ་སོགས་པ་ཡུལ་འཁོར་ཙམ་དུ་བཀྲ་ཤིས་པ་གཞན་གྱི་དོན་དང་། རིམ་གཉིས་བསམ་གྱིས་མི་ཁྱབ་པས་ནང་གི་རྟོགས་པ་དང་ཏིང་ངེ་འཛིན་སྐད་ཅིག་རེ་རེས་ཀྱང་། གོང་ནས་གོང་དུ་འཕེལ་བ་རང་གི་དོན་བྱེད་པས་འཕགས་པ་ཡིན་ནོ། །དགོངས་པའང་མཚན་ཉིད་ལས་རྒྱུའི་ཐེག་པ་ཙམ་ལས་མ་ཤེས་པ་ཉིད། སྔགས་ལས་འབྲས་བུ་གསང་ཆེན་ངེས་པར་བྱེད་དེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་སོ། །བྱ་དཀའ་བ་མེད་པས་ངལ་དུབ་ཀྱི་མཐའ་སྤངས་ཏེ། ཚེགས་ཆུང་ངུས་འབྲས་བུ་ཆེན་པོ་འགྲུབ་པའི་ཕྱིར་ཡང་མཚན་ཉིད་ལས་འཕགས་ཏེ། ཐབས་མང་དཀའ་བ་མེད་པ་དང་། །ཞེས་སྔར་བཤད་པ་བཞིན་ནོ། །ཚོགས་བསགས་པའི་ཁྱད་པར་ལ་ཡང་། མཚན་ཉིད་ལས་ཐུན་མོང་གི་ཚོགས་སྦྱིན་པ་ཙམ་དང་། ཚུལ་ཁྲིམས་ཙམ་ལ་སོགས་པ་ཕར་ཕྱིན་དྲུག་ཙམ་ལས་མེད་པས། ཡུན་རིང་དུ་འགོར་བ་ལས། སྔགས་སུ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་ཤེས་པས། ཅི་ལོངས་སྤྱོད་པ་ཐམས་ཅད་ཚོགས་སུ་འགྱུར་བའི་ཕྱིར་རྒྱ་ཆེ་བ་དང་། ཡོ་བྱད་བདུད་རྩིར་ཤེས་པས་བཟང་བ་དང་། རང་བཞིན་དག་མཉམ་དུ་རྟོགས་པས་མཆོག་ཏུ་གྱུར་པ་དང་། ཉོན་མོངས་རང་བཞིན་གྱིས་མ་སྤངས་ལ་དག་པས་ཚོགས་གཉིས་མྱུར་དུ་འདུམས་ཤིང་རྫོགས་པས་ཚེ་གཅིག་གི་སྐྱེ་བས་གྲོལ་བ་འགྲུབ་པ་ཡིན་ནོ། །དེ་ལྟར་ཐབས་ལྷག་པ་ལྟར་ཐབས་དེས་བཞག་པའི་ཤེས་རབ་ཀྱང་ལམ་སྤྱོད་པའི་ཚེ་བླ་ལྷག་ཏུ་ཡོད་པར་ཤེས་པར་བྱའོ། །མདོར་ན་ཐུགས་ཀྱི་གསང་བ་ལམ་དུ་བྱེད་པ་དང་། གསུང་གི་གསང་བ་ལམ་དུ་བྱེད་པ་དང་། སྐུའི་གསང་བ་ལམ་དུ་བྱེད་པ་དང་གསུམ་དུ་རིག་པར་བྱ་སྟེ། ཡེ་ཤེས་གྲུབ་པའི་རྒྱུད་ལས། རྒྱུ་ཡི་ཐེག་པ་ཆེན་པོ་ལས། །སྐུ་གསུང་ཐུགས་ཀྱི་ལམ་རྣམས་ཀྱི། །གསང་བ་ཆེ་ལས་གསང་སྔགས་མཆོག །རབ་ཏུ་འཕགས་པའི་རིག་པར་བྱ། །ཞེས་སོ། །དེའང་མཚན་ཉིད་དུ་སྐུ་སྣང་ལ་སྒྱུ་མའི་རང་བཞིན་དང་། ལུས་ཀྱི་བྱ་བ་ཐ་མལ་གྱི་སྒོ་ནས་དགེ་བ་ལ་འཇུག་པ་ལས་མེད། སྔགས་སུ་སྐུའི་གསང་བ་སྣང་སྲིད། ལྷ་དང་གཞལ་ཡས་ཁང་དང་། ལུས་དཀྱིལ་འཁོར་དུ་རྫོགས་པ་ལ་ཕྱག་རྒྱ་གར་ལ་སོགས་པའི་འདུ་འཕྲོ་ལམ་དུ་བྱེད་པས་འཕགས་སོ། །མཚན་ཉིད་དུ་གསུང་བྲག་ཅ་ལྟར་སྟོང་པ་(༡༣༤)དང་། ངག་ཁ་ཏོན་ནམ་འཇུག་པ་བསྡམས་ཏེ་སྨྲ་བ་བཅད་པས་དགེ་བ་ལ་འཇུག་པ་ལས། སྔགས་སུ་གསུང་གི་གསང་བ་སྒྲ་དབྱངས་ཨཱ་ལི་ཀཱ་ལིའི་རང་བཞིན་དུ་ཤེས་པས་ཆོས་ཀྱི་ཆར་དུ་ཕབ་པ་དང་། ངག་གསུང་གི་དཀྱིལ་འཁོར་དུ་ཡེ་ནས་གནས་པས་སྒྲ་ཚིག་སྔགས་སུ་རང་བཞིན་གྱིས་ཤར་ཏེ་བཟླས་བརྗོད་ཀྱིས་ནུས་པ་ཐོགས་པ་མེད་པས་དོན་གྲུབ་པའི་ཕྱིར་འཕགས་སོ། །མཚན་ཉིད་དུ་ཐུགས་དྲན་རྟོག་རང་བཞིན་མེད་པར་རྒྱས་འདེབས་པ་དང་། ཡིད་ཐ་མལ་གྱི་རྣམ་རྟོག་འཕྲོ་འདུ་ལོག་ནས་ཆེད་དུ་བཀག་པའི་ཞི་ལྷག་བསྒྲུབ་པ་ལ། སྔགས་སུ་ཐུགས་ཀྱི་གསང་བ་དྲན་རྟོག་ཆོས་ཉིད་ཀྱི་རོལ་པར་ཤར་བ་ལས། ཡིད་རང་གསལ་རང་བྱུང་གི་ཡེ་ཤེས་སུ་ཤར་བས། ཏིང་ངེ་འཛིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་གྲུབ་པའི་ཕྱིར། ཐུགས་མི་རྟོག་པར་འཆར་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པས་འཕགས་སོ། །གཞན་ཡང་ཌོམྦྷི་ཧེ་རུ་ཀས། འདིར་ནི་སྣོད་ཀྱི་ཁྱད་པར་དང་། །སྣོད་དུ་བྱེད་པའི་ཆོས་དང་ནི། །གཞུང་དང་ལམ་གྱི་ཁྱད་པར་དང་། །འབྲས་བུ་དག་གི་ཁྱད་པར་གྱིས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། ཨིནྡྲ་བྷཱུ་ཏིས། བླ་མའི་ཁྱད་པར་དང་སྣོད་དང་ཆོ་ག་དང་ལས་དང་དམ་ཚིག་དང་སྒོམ་པའི་ལྟ་བ་དང་སྤྱོད་པའི་ཁྱད་པར་གྱིས་འཕགས་སོ་ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས། དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཞེས་སོ། །ཁྱད་པར་དུ་འཕགས་ཚུལ་རྒྱས་པ་ནི་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་ཡོད་དོ། །

གསུམ་པ་འབྲས་བུའི་ཡིན་ཚུལ་ངོས་བཟུང་བ་ལ་གསུམ་ལས། དུས་མྱུར་བ་ལ་ལྟོས་ནས་འབྲས་བུར་བཞག་པ་དང་། ཐབས་མཆོག་ཏུ་གྱུར་པས་འབྲས་བུར་བཞག་པ་དང་། འབྲས་བུ་དང་འདྲ་བ་ལམ་དུ་བྱེད་པས་འབྲས་བུར་བཞག་པའོ། །

དང་པོ་ནི་ཐབས་གང་གིས་བྱང་ཆུབ་དུས་ཉེ་བར་ཐོབ་པས་འབྲས་བུར་བཞག་སྟེ། དཔེར་ན་མཚོན་རྣོན་པོས་ཤིང་མྱུར་པོར་ཆོད་པ་ལ་འདིས་ཤིང་ཆོད་ཅེས་བརྗོད་ལ། རྟུལ་པོས་དལ་གྱིས་བསྲིངས་ན་ཆོད་ཀྱང་འདིས་མི་ཆོད་ཅེས་བཏགས་པ་ལྟར། མཚན་ཉིད་ཀྱི་ཐེག་པས་རིང་པོར་མི་ཐོབ་པའི་བྱང་ཆུབ་སྔགས་སུ་ཚེ་རབས་གཅིག་ལ་སོགས་པས་ཐོབ་པའི་ཕྱིར་དུས་ཉེ་རིང་གི་སྒོ་ནས་ཀྱང་འབྲས་བུའི་ཐེག་པ་ཞེས་བྱའོ། །དེའང་བརྩོན་འགྲུས་ཆེན་པོས་ཚེ་གཅིག་ལ་ཐོབ་པར་བཤད་དེ། སཾ་བུ་ཊི་ལས། བསྐལ་པ་བྱེ་བ་དུ་མ་རུ། །བསྒྲུབ་པར་དཀའ་བའི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་པ་དང་། སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱས་ཀུན་དངོས་མི་ཐོབ་པ། །གསང་སྔགས་ཚེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཅེས་སོ། །བརྩོན་འགྲུས་འབྲིང་གིས་བར་དོར་གྲོལ་བ་ནི། རྡོ་རྗེ་གདན་བཞི་(༡༣༥)ལས། བུ་ག་དགུ་ཡི་སྟེང་ཕྱོགས་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་ཞིང་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་པ་དང་། འཇམ་དཔལ་ཞལ་ལུང་ལས། གཟུགས་ཅན་ཕུང་པོ་རང་ལུས་འདིས། །ཚེ་འདི་ཉིད་ལ་མ་གྲུབ་ཀྱང་། །ཡིད་ནི་རྡོ་རྗེའི་སྐུ་གྲུབ་ནས། །བར་དོར་ཡང་དག་འགྲུབ་པར་འགྱུར། །ཅེས་པ་དང་། ལམ་རིམ་ལས། བརྩོན་པ་འབྲིང་གི་རྣལ་འབྱོར་པ། །རྣམ་སྨིན་འབྱུང་བའི་ལྷག་ལུས་བཞག །རྡོ་རྗེ་འཆང་སར་རིག་པས་འགྲོ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་པ་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤངས་མ་ཐག །བླ་ན་མེད་པའི་ཡེ་ཤེས་སྐུ། །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །བརྩོན་འགྲུས་ལྡན་ན་སྨོས་ཅི་དགོས། །ཞེས་སོ། །དབང་པོ་ཐ་མའི་རབ་རྣམས་སྐྱེ་བ་ཕྱི་མ་ལ་གྲོལ་ཏེ། མཚན་བརྗོད་ལས། སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་པ་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། དེ་ཕྱིར་རྣལ་འབྱོར་བློ་ལྡན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་ཐོབ། །ཅེས་སོ། །ཐ་མའི་འབྲིང་ནི་སྐྱེ་བ་བདུན་ན་གྲོལ་ཏེ། གསང་བ་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །ཅེས་སོ། །ཐ་མའི་ཐ་མས་ཀྱང་སྐྱེ་བ་བཅུ་དྲུག་ན་འགྲུབ་སྟེ། རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པས་ནི། །བསྐལ་པ་གྲངས་མེད་མི་འཐོབ་པ། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །སོ་སོ་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་གྱིས་གཞན་དུ་མིན། །ཞེས་གསུངས་སོ། །

གཉིས་པ་ཐབས་མཆོག་ཏུ་གྱུར་པས་འབྲས་བུར་བཞག་པ་ནི། དཔེར་ན་གཅིག་གིས་ཉིན་བདུན་དུ་འབད་པའི་བྱ་བ་དེ། གཅིག་གིས་སྐད་ཅིག་ལ་ཐབས་ཀྱི་བྱ་བ་དེ་གྲུབ་དུས། བྱ་བ་དེ་གཉིས་ཀྱི་འབད་པ་ཆེ་ཆུང་མི་འདྲ་ཡང་ངོ་བོ་འདྲ་བ་ལྟར། མཚན་ཉིད་དུ་སེམས་རབ་ཏུ་འབད་པས་བསྒྲུབ་པའི་ཞི་ལྷག་ལོ་དང་ཟླ་བས་མི་འགྲུབ་པ་དུས་རིང་མོ་ཞིག་ན་འགྲུབ་ནས་མཉམ་པར་བཞག་པ་ལ་སོགས་པ་དེ་ཉིད། སྔགས་ཀྱི་ལམ་དུ་ཉིན་ཞག་གཅིག་ཙམ་ལ་ལུས་དང་རྩའི་གནད་ལས་འཆར་བ་དངོས་སུ་གཏན་ལ་དབབ་ཏུ་ཡོད་པས་ཀྱང་། འབྲས་བུ་ལམ་དུ་བྱེད་པར་བཞག་སྟེ། པདྨ་རྩེ་མོ་ལས། ཤིན་ཏུ་དཀའ་བས་མི་གྲུབ་པ། །སྐད་ཅིག་ཡང་དག་སྦྱོར་བའི་ཕྱིར། །རྒྱུ་སྔོན་སོང་ལ་མ་ལྟོས་པར། །གནད་ལས་འབྲས་བུ་འབྱིན་པའི་ཕྱིར། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་སོ། །

གསུམ་པ་འབྲས་བུ་རང་དང་འདྲ་བ་ལམ་དུ་བྱེད་པས་འབྲས་(༡༣༦)བུའི་ཐེག་པར་གཞག་པ་ནི། སངས་རྒྱས་དེ་དྲི་མ་ཐམས་ཅད་དང་བྲལ་དུས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་རྫོགས་པར་འཆར་བ་དེ་དང་འདྲ་བ་ཞིག་བསྒོམས་པས། དབྱིངས་ལ་དེ་ལྟར་ཡོད་པའི་དྲི་མ་བསལ་སྟོབས་ཀྱིས། མངོན་དུ་བྱེད་པའི་ཕྱིར་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། དེ་ཉིད་ལས། དྲི་མེད་དབྱིངས་ཀྱི་རང་བཞིན་ནི། །སྐུ་གསུམ་ཡེ་ཤེས་ཞིང་དང་བཅས། །གང་ཚེ་དག་པ་དེ་ཉིད་དུ། །རང་གསལ་མངོན་དུ་འཆར་བ་དང་། །འདྲ་བ་ལམ་དུ་བྱེད་པ་ལ། །འབྲས་བུའི་ཐེག་པར་ཡང་དག་བརྗོད། །ཅེས་བྱུང་བས། དབྱིངས་ངོ་བོ་ཉིད་ཀྱི་འབྲས་བུ་དམ་པར། ཡེ་ནས་བཞུགས་པ་དེའི་རང་བཞིན་ཤེས་པ་གཞིར་བྱས་ནས། དེ་ཉིད་ལ་སློབ་པའི་ཕྱིར་འབྲས་བུའི་ཐེག་པ་ཞེས་བྱའོ། །དེའང་དྲི་མ་སེལ་བ་ལ་ལྟོས་ནས་བསྐྱེད་པ་དང་རྫོགས་པ་བསྒོམ་སྟེ། དེ་ཁོ་ན་ཉིད་ལ་སྦྱངས་པས་གློ་བུར་གྱི་དྲི་མ་དག་པར་བྱེད་དོ། །དེའི་ཕྱིར་ཡིད་ཀྱིས་སྒོམ་པ་ལྷ་དང་། དཀྱིལ་འཁོར་ལ་སོགས་པ་རང་གི་སེམས་ཀྱི་རྣམ་འཕྲུལ་ཡིན་ཡང་། དབྱིངས་ཀྱི་འབྲས་བུ་ལྷ་དང་དཀྱིལ་འཁོར་དངོས་ལམ་དུ་བྱས་ཏེ་སྒོམ་པ་མ་ཡིན་ཡང་། དབྱིངས་དེའི་དོན་དང་ཉེ་བའི་ཕྱིར་ལམ་ཟབ་མོ་སླུ་བ་མེད་པ་ཡིན་པར་ལྟའོ། །དེས་ན་དབྱིངས་དངོས་ལམ་དུ་བྱ་མི་ནུས་པར་རྒྱུའི་ཐེག་པ་དང་འདྲ་ཡང་། རྣམ་པ་འདྲ་བ་དང་མི་འདྲ་བའི་ཁྱད་ཀྱིས་ལམ་ཉེ་རིང་ལ་ཁྱད་ཆེ་སྟེ། ནོར་བུ་དང་མར་མེ་གཉིས་མཚན་མོ་བསྒྲིགས་ཡོད་པ་ལས་རྐུན་པོ་གཉིས་ཀྱིས་འོད་ལ་ནོར་བུར་ཞེན་ནས་བླངས་པས་ལས། རྐུན་བུ་རྨོངས་པ་དེས་མར་མེ་ཐོབ་ལ། མ་རྨོངས་པའི་མཁས་པ་དེས་ནོར་བུ་ཐོབ་པ་བཞིན་དུ། འདོད་དོན་མྱུར་དུ་ཐོབ་པ་དང་མི་ཐོབ་པའི་རྒྱུ་བྱེད་པ་ལ་ཁྱད་ཆེ་བ་ཉིད་དེ་རྣམ་ངེས་ལས། ནོར་བུ་སྒྲོན་མེའི་འོད་དག་ལ། །ནོར་བུའི་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང་། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་བཤད་པ་བཞིན་ནོ། །དེས་ན་འདིར་འབྲས་བུ་ནི་སྐུ་གསུང་ཐུགས་ཡིན་ལ། དེ་དང་འདྲ་བ་མངོན་དུ་བྱེད་ཚུལ་ཡང་། དང་པོ་དབང་བསྐུར་བའི་ཚེ་སློབ་དཔོན་མཚན་ཉིད་དང་ལྡན་པས། བསྙེན་པ་དང་། ས་ཆོག་དང་། སྟ་གོན་བྱས་ཏེ། དཀྱིལ་འཁོར་བྲི་བ་དང་། བསྒྲུབ་པ་དང་། མཆོད་པའི་རྗེས་ལ། སློབ་དཔོན་ཉིད་བདག་འཇུག་བླངས་ནས། སློབ་མ་བཅུག་སྟེ་དམ་ཚིག་དང་སྡོམ་པ་ཕོག་ནས་ཡེ་ཤེས་མངོན་དུ་ཕབ་པ་ནི་ཐུགས་མངོན་དུ་བྱས་པ་ཡིན་ལ། མེ་ཏོག་དོར་གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་བསྟན་པ་ནི། སྐུ་མངོན་སུམ་དུ་བྱས་པའོ། །དབང་བསྐུར་བའི་རྗེས་ལ་སྔགས་དང་ཕྱག་རྒྱའི་རྗེས་གནང་སྦྱིན་པ་ནི། གསུང་མངོན་དུ་བྱས་པ་ཞེས་བྱ་སྟེ། ལུས་ངག་ཡིད་གསུམ་ལ་དབང་བཞི་བསྐུར་བས་དྲི་མ་དག་ནས། སྐུ་གསུང་ཐུགས་མངོན་དུ་བྱས་པ་སྟེ་དང་པོར་དབང་མནོས་ནས། གྲོལ་ལམ་གྱི་ཚེ་དེའི་རྒྱུན་སྒོམ་ཞིང་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་སྟེ། གསང་བ་རྒྱ་མཚོའི་(༡༣༧)རྒྱུད་ལས། ཤེས་བྱའི་དཀྱིལ་འཁོར་མ་ལུས་ཐམས་ཅད་ནི། །སྐུ་གསུམ་ཡོངས་སུ་གྲུབ་པ་གསང་སྔགས་ཐེག་ཆེན་ཏེ། །སྐུ་གསུམ་ཉིད་ལ་འཇུག་པ་འབྲས་བུའི་ཐེག་པ་ཡིན། །སྐུ་གསུམ་འདུ་འབྲལ་མེད་པ་རྡོ་རྗེའི་ཐེག་པའོ། །ཞེས་སོ། །ལམ་དུ་སྐུ་དང་ཡེ་ཤེས་ཇི་ལྟར་བྱེད་ན་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལས། བསྒོམ་པའི་དང་པོར་སྟོང་པ་ཉིད་བསྒོམ་པ་ནི་ཆོས་སྐུ། དེའི་ངང་ནས་ལྷའི་སྐུ་བསྒོམ་པ་ལོངས་སྐུ། འོད་ཟེར་གྱི་སྤྲོ་བསྡུས་སེམས་ཅན་གྱི་དོན་བྱེད་པ་སྤྲུལ་སྐུ། ཉོན་མོངས་པ་ལྔ་ཐབས་ཀྱིས་དག་པ་ཡེ་ཤེས་རྣམ་པ་ལྔ་སྟེ། གསང་འདུས་ལས། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཅེས་པ་དང་། དུར་ཁྲོད་རྒྱན་ལས། སྟོང་པ་མངོན་འགྱུར་ཆོས་སྐུ་ལ། །མཚན་དཔེ་བདེ་བ་ལོངས་སྤྱོད་སྐུ། །རོལ་པ་མཛད་པ་སྤྲུལ་སྐུ་ལ། །ཞེས་པ་དང་། ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་རྒྱུད་ལས། ཆོས་དབྱིངས་ཡེ་ཤེས་ཆེན་པོ་ལས། །བདེ་བ་ཆེན་པོའི་ངོ་བོ་ཉིད། །ལོངས་སྤྱོད་རྫོགས་པ་རྨད་དུ་བྱུང་། །སྙིང་རྗེ་ཆེན་པོ་ལས་བྱུང་བ། །སྤྲུལ་སྐུ་རྨད་བྱུང་རོལ་པར་ཤར། །ཅེས་སོ། །

སྔགས་ཀྱི་ཐེག་པ་ཡང་དྲི་མ་སྦྱོང་བྱེད་ལམ་གྱི་ཆར་གྱུར་ན། འབྲས་བུ་ལམ་དུ་བྱེད་ཅེས་པ་གང་། རྒྱུའི་ཐེག་པ་དྲི་མ་སྦྱོང་བྱེད་དུ་བསྐྱེད་པའི་ཕྱིར་མཚུངས་སོ་སྙམ་ན། ཁམས་ཀྱི་དྲི་མ་ཅིག་ཅར་དག་ནས་སངས་རྒྱས་གྲུབ་པར་གཅིག་མོད་ཀྱང་། དུས་ཉེ་རིང་དང་། མཚན་ཉིད་ཀྱིས་ཡུན་རིང་འབད་པའི་ལམ་གྱི་དྲོད་ཙམ་སྔགས་ཀྱི་སྐད་ཅིག་ལ་ལམ་དུ་བྱེད་ཀྱང་། དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ཇི་ལྟ་བ་དང་མཚུངས་པ་བསྒོམ་པས་སྤང་བྱའང་གྲོགས་སུ་འཆར་བའི་ཕྱིར། འབྲས་བུ་ལམ་དུ་བྱེད་པ་ཡིན་གྱིས་མཐར་ཐུག་གི་འབྲས་བུ་ཇི་ལྟ་བ་དངོས་སུ་ལམ་དུ་བྱེད་པ་མ་ཡིན་པའི་ཕྱིར་ལམ་ཟབ་ལ་རྒྱ་ཆེ་བ་བསྒོམ་དགོས་པར་བྱུང་ངོ་། །

སྤྱིར་རྒྱུ་འབྲས་ཀྱི་རྣམ་པར་བཞག་ནས་ཀུན་རྫོབ་གོ་བར་བྱེད་པས། འབད་པ་ཚེགས་ཆེན་པོའི་རྒྱུས་བསྐྱེད་པའི་ཏིང་ངེ་འཛིན་ལ་སོགས་པའི་འབྲས་བུའི་ཚོགས་རྫོགས་ཤིང་སྒྲིབ་པ་སྦྱོང་བའི་ལམ་ལ་རྒྱུ་ཞེས་བཏགས་ཏེ་མཚན་ཉིད་ཀྱི་ཐེག་པའོ། །ཚེགས་ཆུང་ངུས་ཐོབ་པའི་ཏིང་ངེ་འཛིན་ལ་སོགས་པ་ཚོགས་དང་འབད་རྒྱུས་མ་བསྐྱེད་པའི་ཕྱིར། འབྲས་བུར་བཞག་པ་དེས་དྲི་མ་སྦྱོང་བ་ལ་འབྲས་བུའི་ཐེག་པ་ཞེས་བརྗོད་དོ། །དེ་དག་གི་ཆོས་ཀྱི་རྣམ་གྲངས་ཀྱང་དང་པོ་ནས་རྒྱུ་རྐྱེན་གྱི་རྣམ་གཞག་ལམ་གཙོ་བོར་བསྟན་ནས་མཐར་ཐུག་འབྲས་བུ་སྟོན་པ་དང་། དང་པོ་ནས་དབྱིངས་དག་པའི་དཀྱིལ་འཁོར་འབྲས་བུའི་རྣམ་གཞག་འདུས་མ་བྱས་པ་བླང་དོར་རོ་མཉམ་ཡེ་ནས་སངས་རྒྱས་པ་གཙོ་བོར་སྟོན་པ་ཡིན་ནོ། །རྒྱུ་འབྲས་ལྟར་དབྱེ་དུས་སྐུ་གསུམ་ཡེ་ཤེས་དང་བཅས་པ་ལམ་དུ་བླངས་པས་འབྲས་བུ་ཡང་དེ་འདྲ་བ་སྐྱེ་བར་རིགས་ཏེ། ཁམས་ཀྱི་དྲི་མ་དེ་དག་སྟོབས་ཀྱིས་ཡོན་ཏན་གསར་དུ་སྣང་བ་ནས་མཐར་རྫོགས་པའི་སངས་རྒྱས་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པ་(༡༣༨)ཐོབ་ངེས་སོ། །མཚན་ཉིད་ལས་ཚོགས་གཉིས་ཙམ་ལས། སྐུ་དང་ཡེ་ཤེས་སུ་བསྒོམ་པ་མེད་པས་རྒྱུ་འབྲས་རྣམ་པ་འགལ་བའི་ཕྱིར། ཡུན་རིང་དུ་མི་ཐོབ་པའང་རྒྱུ་འབྲས་རང་གི་གྲུབ་མཐའ་ནང་འགལ་བའི་ཕྱིར་གསང་སྔགས་འཕགས་པར་གྲུབ་པ་ཡིན་ནོ། །

དོན་གཉིས་པ་ཁྱད་པར་ཅན་གྱི་གསང་སྔགས་ཉིད་བཤད་པ་ལ་གཉིས་ཏེ། གསང་སྔགས་ཇི་ལྟར་བྱུང་བའི་ཚུལ་དང་། གསང་སྔགས་ཀྱི་རྣམ་པར་གཞག་པ་དངོས་སོ། །

དང་པོ་ནི་ཐོག་མ་དང་ཐ་མ་མེད་དུས་ནས། གྲངས་མེད་པའི་རྡོ་རྗེ་འཆང་རིམ་པས་བྱོན་ཅིང་བཞུགས་ལ་སླད་ཀྱིས་འབྱོན་པ་ཐམས་ཅད་ཀྱིས་དབང་པོ་ཤིན་ཏུ་རྣོ་བའི་གདུལ་བྱ་རྣམས་ལ། རྣམ་གྲངས་དཔག་ཏུ་མེད་པས་གསུངས་ཏེ། མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་པས། དུས་དང་ཚད་དང་རིས་སུ་ཆད་པ་འགའ་ཡང་མེད་དེ། ཐོག་མ་མེད་པའི་སྔོན་རོལ་ནས་རྡོ་རྗེ་འཆང་བྱོན་ནས་གསུངས་པ་རྣམས། ཕྱག་ན་རྡོ་རྗེ་ལ་སོགས་པ་སངས་རྒྱས་ཉིད་སེམས་དཔའི་ཚུལ་དུ་བསྟན་པ་ཚད་མེད་པའི་ཚོགས་ཀྱིས། བླ་ན་མེད་པའི་ཆོས་ཀྱི་རྣམ་གྲངས་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་རྣམས་གཟུང་ཞིང་། ཞིང་ཁམས་འདི་དང་ཕྱོགས་བཅུ་གཞན་དུ། རྡོ་རྗེ་འཆང་དཔག་ཏུ་མེད་པ་སྔ་ཕྱིར་གཤེགས་ཏེ། ད་ལྟར་བཞུགས་པ་དང་བཅས་པའི་མདུན་དུ་དུས་རྟག་པར་གནས་པས་ཐོས་པ་བཟུང་ནས། ཞིང་དེ་དག་ནས་མ་གཡོས་བཞིན་དུ། ཞིང་ཁམས་ཐ་དད་པ་རྣམས་སུ་འགྲོ་བ་སོ་སོའི་ནང་དུ་རྒྱུད་ཀྱི་མིང་དང་རྣམ་གྲངས་ཚད་མེད་པ་སྟོན་པར་བྱེད་དེ། དེའང་སངས་རྒྱས་རྣམས་ཀྱི་ཐུགས་རྡོ་རྗེ་ཕྱག་ན་རྡོ་རྗེ། གསུང་རྡོ་རྗེ་སྤྱན་རས་གཟིགས། སྐུ་རྡོ་རྗེ་འཇམ་དབྱངས་ལ་སོགས་པ་འབྲས་བུའི་སེམས་དཔའ་ཚད་མེད་པས་རང་གིས་གསུང་པ་པོ་དང་། ཞུ་བ་པོ་དང་། སྡུད་པ་པོ་དང་། ཆོས་དང་གནས་ཀྱི་རོལ་པ་མཛད་ནས་གསང་བ་ཆེན་པོ་རྣམས་འགྲོ་བའི་དོན་དུ་སྣང་བར་མཛད་པ་ཡིན་ཏེ། ཧེ་བཛྲ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་སྡུད་འཁོར་ཀྱང་ང་། །འཇིག་རྟེན་འཇིག་རྟེན་འདས་པའང་ང་། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཕྱག་ན་རྡོ་རྗེ་ནི་སྔོན་རོལ་པའི་སངས་རྒྱས་ཏེ། ངན་སོང་སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །ཅེས་བྱུང་ངོ་། །དེས་གསུངས་པའི་རྒྱུད་ལ་དུས་འདི་ཙམ་ནས་གསང་སྔགས་བྱུང་ཞེས་ཐོག་མཐའ་བསམ་པར་མི་ནུས་ལ། སྟོན་པའང་འདི་ཁོ་ནས་གསུངས་ཞེས་ཚད་གཟུང་དུ་མེད་དེ། འཇིག་རྟེན་གྱི་ཁམས་ན་རྡོ་རྗེ་འཆང་གི་རོལ་པ་ཚད་མེད་པའི་ཕྱིར། རེ་ཞིག་མི་མཇེད་འདིའི་དབང་དུ་བྱས་ན། སྣོད་བཅུད་ཀྱི་རིམ་པ་ཆགས་ནས་མ་སྟོངས་ཀྱི་བར་ལ་ཐུན་མོང་གི་སངས་རྒྱས་སྟོང་དང་། སེམས་དཔའ་གཉིས་བྱོན་པའི་ཚུལ་བསྟན་(༡༣༩)ནས། དང་པོའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ཕྱིའི་རྒྱུད་སྡེ་འགའ་གསུངས་པར་འདོད་ལ། ཤཱཀྱ་ཐུབ་པས་རྒྱུད་བཞི་རྫོགས་པར་གསུངས་པའང་། ཁ་ཅིག་ཏུ་ཤཱཀྱ་ཐུབ་པའི་རྣམ་པས་དངོས་སུ་གསུངས་ཏེ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །ཞེས་པ་དང་། དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་གསུངས་པ་ལ་སོགས་པ་དང་། གསང་བ་འདུས་པ་ལ་སོགས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་ཏེ་གསུངས་པར་འདོད་ལ། མ་འོངས་པ་ན་སངས་རྒྱས་མོས་པས་གསུང་བར་འདོད་དོ། །དེ་དག་ཀྱང་ཕྱག་ན་རྡོ་རྗེ་དང་མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས་རྟག་པར་གནས་ལ། ཐུན་མོང་མ་ཡིན་པའི་སྟོན་པ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། རིགས་ལྔའི་སངས་རྒྱས་བརྗོད་དུ་མེད་པའི་ཚོགས་ཀྱིས་འོག་མིན་ན་རྟག་པར་བཞུགས་ནས། འཁོར་དཔག་ཏུ་མེད་པ་ལ་སྔར་གསུངས་ད་ལྟ་གསུང་། ཕྱིས་ཀྱང་གསུང་བའི་ཕྱིར་དུས་ཁོ་ར་ཁོར་ཡུག་ཏུ་སྣང་བ་ཡིན་ནོ། །དེ་དག་གིས་གསུངས་པའི་རྒྱུད་ཀྱང་སྔོན་བསྐལ་པ་དང་པོ་ནས་འདིའི་བར་ལ་ཕྱག་ན་རྡོ་རྗེ་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་གྲུབ་ཐོབ་དང་རིག་སྔགས་འཆང་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མིའམ་ཅི་དང་། མཁའ་འགྲོ་མའི་གནས་སོ་སོ་ན། དར་ཞིང་སྤྱོད་པ་ལས། ཁྱད་པར་དུ་འཛམ་བུའི་གླིང་གི་ཟ་ཧོར་དང་། སིངྒ་ལ་དང་། ཨུ་རྒྱན་ལ་སོགས་མཁའ་འགྲོའི་གནས་ན་བཞུགས་པ་ལས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོ་དང་། པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་ལ་སོགས་པས་སྤྱན་དྲངས་ནས་སྐལ་ལྡན་སོ་སོ་ལ་བརྒྱུད་པ་དག་གིས་ཉམས་སུ་བླངས་པས་གྲུབ་པ་བརྙེས་པའི་གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་རྒྱ་གར་དུ་བྱོན་པ་དང་། སྔོན་རྒྱལ་བློན་གྱི་དུས་སུ་ཡང་བོད་དུ་མང་དུ་བྱོན་པ་ཡིན་ནོ། །རྣམ་གཞག་འདི་ལྟར་ཁོང་དུ་མ་ཆུད་པའི་བློ་ཆུང་སྒྲོ་སྐུར་དུ་སྨྲ་བ་དག་རྒྱ་གར་དུ་མ་གྲགས་པས་རྒྱུད་ཡང་དག་པ་མ་ཡིན་ཏེ་བོད་ཀྱིས་བྱས་པའོ་ཞེས་ཡང་དག་པའི་རྒྱུད་ལུང་དང་མདོ་མང་པོ་ལ་སྐུར་པ་འདེབས་པ་ནི་ངན་འགྲོར་ཡུན་རིང་དུ་གནས་པའི་རྒྱུ་སོག་པ་ཁོ་ནའོ། །དེའང་རྒྱ་གར་གྱི་རྒྱུད་རྣམས་ཀྱང་ཨུ་རྒྱན་དང་། ཤམྦྷ་ལ་དང་། མ་ལ་ཡ་ལ་སོགས་པའི་ཡུལ་ནས་གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་སྤྱན་དྲངས་ཏེ། རྒྱུད་ཐམས་ཅད་ནི་རྒྱ་གར་ནའང་བཞུགས་པ་མ་ཡིན་ལ། གལ་ཏེ་བཞུགས་སུ་ཆུག་ཀྱང་ཁྱེད་ཀྱིས་ལན་རེ་ཙམ་ཕྱིན་པས་དེ་ཐམས་ཅད་མཐོང་བར་མི་ནུས་ལ། གཙུག་ལག་ཁང་ཆུང་རེ་ན་བཞུགས་པའི་མདོ་རྒྱུད་ཀྱི་མིང་བྱང་དུ་མ་འདུས་པས་གཞན་རྣམས་མིན་པར་མི་འགྱུར་བའི་ཕྱིར་སྔོན་གྱི་ལམ་སྟོན་ཆེན་པོ་རྣམས་ལ་སྨད་པར་མི་བྱའོ། །བོད་འདིར་རྒྱ་གར་ན་ཡོད་པ་དང་། མེད་པའི་མདོ་དང་རྒྱུད་མང་པོ་བཞུགས་ཏེ། སྔོན་གྱི་སློབ་དཔོན་པདྨ་ལ་སོགས་པས་ཨུ་རྒྱན་ལ་སོགས་པ་(༡༤༠)མཁའ་འགྲོའི་གླིང་རྣམས་ནས་རྒྱུད་སྡེ་མང་དུ་བསྣམས་ནས་བྱོན་ཏེ་བསྒྱུར་ཞིང་། མདོ་ཡང་ཉི་མ་དངོས་གྲུབ་ཀྱིས་མེས་མ་ཚིག་གོང་དུ་རྒྱ་ནག་ལ་འགྱུར་བའི་མདོ་རྣམས་ལས། ཕལ་པོ་ཆེ་དང་། མྱ་ངན་ལས་འདས་པ་དང་། འདུལ་བ་ལུང་ལ་སོགས་པ་མང་པོ་ཞིག་རྒྱ་ནག་གི་པཎྜི་ཏ་ཧ་ཤང་མཧཱ་ཡཱ་ནའི་བློ་ལས་བཻ་རོ་ཙ་ན་དང་འབའ་སངས་ཤིས་ལོ་ཙཱ་བྱས་ཏེ་བསྒྱུར་བ་ཡིན་ནོ། །དེའི་ཕྱིར་ཆོས་དང་གང་ཟག་གི་ཚད་ནི་ཐམས་ཅད་མཁྱེན་པ་ལས་གཞན་གྱིས་གཟུང་བར་མི་ནུས་ཏེ། དཀོན་བརྩེགས་ལས། འོད་སྲུངས་ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་གཟུང་བར་རུང་གིས། གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ་ཞེས་སོ། །ཆོས་ཀྱང་བཀའ་ཡང་དག་པ་ནི་སངས་རྒྱས་ཀྱི་གསུང་སྟེ། སྤྲུལ་སྐུ་དེ་ཡང་སྔོན་བྱུང་གིས་ད་ལྟ་མེད་དོ་མི་བསམ་སྟེ། རྟག་ཏུ་མོས་པའི་ངོར་འབྱུང་ལ། དེས་སྔོན་མདོ་དང་རྒྱུད་མ་གྲགས་པ་གསལ་བར་བྱེད་པའང་སྲིད་པས་སྐུར་པ་མི་བཏབ་ལ། ཆོས་གང་ལ་ཐར་པའི་ལམ་དུ་འཇུག་ཅིང་འཁོར་བ་སྤོང་བ་སྟོན་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་རབ་ཚད་མར་བཞག་སྟེ། རྒྱུད་བླ་མ་ལས། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་པས་གྲུབ་ལ། སངས་རྒྱས་ནི་རྟག་པར་བཞུགས་པས། གདུལ་བྱའི་དོན་མཛད་ལ། བྱིན་གྱིས་བརླབས་པའི་བཀའ་ཡང་། རི་དང་ཤིང་དང་པདྨོ་དང་དཔག་བསམ་གྱི་ཤིང་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། བྱ་དང་རི་དྭགས་ལས་ཆོས་ཀྱི་རྣམ་གྲངས་ཀྱི་སྒྲ་འབྱུང་བ་དེ་ཡང་བཀར་གསུངས་པ་ཡོད་ན། སྔར་བྱུང་གིས་ད་ལྟ་མི་སྲིད་ཅེས་ལོག་པར་མི་ལྟ་སྟེ། བྱིན་གྱིས་བརླབས་པ་དག་འབྱུང་སྲིད་པའི་ཕྱིར་རོ། །དེས་ན་གང་ལ་ཡིད་ཆེས་པས་དམ་པར་བཟུང་ནས་ཡི་དམ་དུ་བྱ་བ་འཐད་ཀྱིས། གཞན་ལ་སྐུར་པ་ནམ་ཡང་གདབ་པར་མི་བྱ་བ་ཁོ་ནའོ། །གསང་སྔགས་རྙིང་མའི་རྒྱུད་ཀྱི་བྱུང་ཚུལ་འགའ་ཞིག་ལས། ཕྱག་ན་རྡོ་རྗེས་ཟ་ཧོར་གྱི་ཡུལ། མ་ལ་ཡའི་རི་ལ། རྒྱལ་པོ་ཛ་ཞེས་བྱ་བ་ལ་དབང་བསྐུར་ཞིང་གླེགས་བམ་གྱི་ཆར་ཕབ་ནས་མིའི་ཡུལ་དུ་སྣང་བར་བྱས་པ་ལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ལ་སོགས་པ་དང་། སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་མང་དུ་བྱུང་བར་གསུངས་པའང་དེ་ཁོ་ན་བཞིན་ཏེ་དགོངས་པ་ལུང་སྟོན་ལས། འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་དྲ་མ་ཆེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་བྱུང་ལ། རྡོ་རྗེ་ས་འོག་གི་རྒྱུད་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་བཞིན་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཅེས་གསུངས་པ་དང་ཡང་མཐུན་པ་ཡིན་ནོ། །སྔོན་གྱི་དུས་སུ་བྱུང་བ་དག་བཅོས་མ་ཡིན་ན། རྩོམ་གཞི་གང་ལ་(༡༤༡)བྱས། དེ་ལྟར་ན་ཕྱིས་འབྱུང་བ་རྣམས་བཅོས་མར་འགྱུར་ཏེ། དོན་སྔོན་བས་ལྷག་ཏུ་མ་བྱུང་། ཚིག་ཅུང་ཟད་མི་འདྲ་བ་དང་། མང་ཉུང་བྱུང་བ་ལས་མེད་པའི་ཕྱིར་རོ། །དེས་ན་གསར་རྙིང་གི་རྒྱུད་ཆེན་པོ་འདི་དག་ལ་སློབ་དཔོན་གྲུབ་ཆེན་མང་དུ་བྱོན་ཞིང་། དབང་དང་བྱིན་རླབས་ཟམ་མ་ཆད་པར་འདུག་པས་ཡང་དག་པ་འབའ་ཞིག་སྟེ། སློབ་དཔོན་དེ་དག་གིས་འགྲེལ་པ་དང་མན་ངག་མང་དུ་མཛད་པས་ཡིད་ཆེས་པར་གཟུང་ངོ་། །དེའང་རྒྱ་གར་ན་གསང་སྔགས་ཞེས་པ་ཙམ་ལས། འདི་ནི་གསར་མའོ། །འདི་ནི་རྙིང་མའོ་ཞེས་སོ་སོར་དབྱེ་བ་མེད་ན་ཡང་བོད་འདིར་འགྱུར་སྔ་ཕྱིས་སོ་སོར་གྲགས་ཏེ། བཻ་རོ་ཙ་ན་ལ་སོགས་པ་རྒྱལ་བློན་སྔ་དར་གྱི་དུས་སུ་བསྒྱུར་བ་ནས་བཟུང་སྟེ་པཎྜི་ཏ་སྨྲ྇་ཏིའི་བར་དུ་བསྒྱུར་བའི་རྒྱུད་ལ་རྙིང་མ་ཞེས་འདོད་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ་མན་ཆོད་བསྒྱུར་བའི་རྒྱུད་རྣམས་ལ་གསར་མ་ཞེས་གྲགས་སོ། །འདི་གཉིས་ལ་གོ་དཀའ་སླ་དང་། དབྱིངས་འཇལ་བ་རླབས་ཆེ་ཆུང་ལྟར་འདུག་པ་ནི། སྔོན་གྱི་ལོ་ཙཱ་བ་རྣམས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་རང་དབང་བསྒྱུར་ནུས་པའི་ཕྱིར་རླབས་ཆེ་བར་མངོན་ནོ། །དུས་ཕྱིས་ཀྱི་ལོ་ཙཱ་བ་རྣམས་གང་ཟག་ཕལ་པའི་ལུགས་ཀྱི་མཁས་པ་རྣམས་བྱོན་པས། ཚིག་གྲིམས་ལ་གོ་བར་དཀའ་བ་སྟེ། རྒྱ་དཔེའི་ཚིག་གི་རིམ་པ་ཙམ་ལས་དོན་འགྱུར་མ་ནུས་པས་དེ་ལྟར་བྱུང་བའོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། གསང་སྔགས་དོན་གྱི་འགྲེལ་དགོད་པའི་ལེའུ་སྟེ་ལྔ་པའོ།། །།


previousལྔ་པ། གསང་སྔགས་དོན་གྱི་དགོད་པའི་ལེའུ།next