Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། མ༽


   
  collapse section
  collapse section
   
   
   
ཇི་ལྟར་བསྟེན་པའི་མཚན་ཉིད།
   
   
   
   
  collapse section
   
   
  collapse section
  collapse section
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
  collapse section
   
   
   
   
   
  collapse section
   
  collapse section
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
   


 
previousཇི་ལྟར་བསྟེན་པའི་མཚན་ཉིད།next

ཇི་ལྟར་བསྟེན་པའི་མཚན་ཉིད།

གསུམ་པ་ཇི་ལྟར་བསྟེན་པའི་མཚན་ཉིད་ནི། བླ་མ་མཚན་ཉིད་དང་ལྡན་པས་སློབ་མ་དེ་བུ་གཅིག་པུ་ལ་ཕ་མས་བརྩེ་བ་ལྟར་བྱམས་ཤིང་། ཡིད་དུ་འོང་བས་ཆོས་དང་ཟང་ཟིང་གི་སྒོ་ནས་ཀྱང་བསྲི་ཕངས་མེད་པས་ཚེ་འདི་ཕྱི་ཐམས་ཅད་དུ་བསྐྱང་ཞིང་། སློབ་མས་བླ་མ་མཚན་ཉིད་དང་ལྡན་པ་ཇི་ལྟར་བསྟེན་པ་ལ་ཟང་ཟིང་དང་། ལུས་ངག་དང་། སྒྲུབ་པས་མཉེས་པར་བྱ་བ་(༨)གསུམ་ལས། དང་པོ་ནི་བླ་མ་ཉིད་བཞེད་པ་མེད་ཀྱང་འབྲུ་དང་སྨན་དང་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་འབུལ་ཞིང་། བཟའ་བ་དང་བཏུང་བ་ཡིད་དུ་འོང་བའི་ཕུད་ཀྱིས་མཆོད་པ་དང་། བཞེད་ན་རང་གི་བུ་དང་བུ་མོ་དང་བྲན་དང་ཆུང་མ་དང་། གཞན་གྱི་བུ་དང་བུ་མོ་ལ་སོགས་པ་བསླུས་ལ་དབུལ་ཞིང་ནོར་རྫས་ཀྱི་རྣམ་པ་གང་ལ་མཉེས་པས་བཀུར་སྟི་བྱ་སྟེ། ཀློང་གསལ་ལས། རིན་ཆེན་བུ་དང་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་སོ། །ཡོན་ཏན་ནི་བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས། ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡིས། །སྟོང་གསུམ་གང་བ་ཕུལ་གྱུར་པས། །བླ་མའི་བ་སྤུ་ཉག་རེ་ལ། །མར་གྱི་ཐིགས་པ་གཅིག་བྱུགས་པས། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་སོ། །

གཉིས་པ་ལ་གསུམ་ལས་ལུས་ཀྱིས་མཉེས་པར་བྱ་བ་ནི། བླ་མའི་བྱ་བ་ལ་ལུས་ཀྱིས་བསྲི་ཕངས་མེད་པར་བསྒྲུབ་པ་དང་། ཕྱག་དང་བསྐོར་བ་དང་བཞེངས་པ་ན་ལྡང་བ་ལ་སོགས་པ་དང་། བླ་མ་ལ་རྒོལ་བ་བྱུང་ན་ཕྱིར་རྒོལ་བ་ཚར་གཅོད་ནུས་པ་ལ་སོགས་པ་སྟེ། དཔལ་བདུད་རྩི་འབྱུང་བའི་རྒྱུད་ལས། གལ་ཏེ་བླ་མ་ལ་གནོད་པའི། །མ་རུངས་སེམས་ཀྱིས་རྩོམ་པ་ལ། །བདག་ཉིད་ཀྱིས་ནི་བསད་བྱས་ན། །སེམས་ཅན་འབུམ་གྱི་སྲོག་བཏོན་པས། །བསོད་ནམས་འདི་ཡི་ཆར་མི་ཕོད། །བླ་མའི་བྱ་བ་རྫོགས་བྱས་ན། །འདི་ཡང་དེ་དང་མཉམ་པའོ། །ཞེས་སོ། །ངག་གིས་མཉེས་པར་བྱ་བ་ནི། བླ་མའི་གསུང་སྒྲོས་བཟུང་ནས་གཞན་ལ་སྟོན་པ་དང་། ཡོན་ཏན་བརྗོད་པ་དང་། ཞེ་ས་དང་སྙན་པར་སྨྲ་བ་ལ་སོགས་པས་ཐུགས་དང་མཐུན་པར་བྱེད་པ་སྟེ། ཡོན་ཏན་ནི་འཁོར་ལོ་ཆུབ་པ་རོལ་པའི་རྒྱུད་ལས། ཤེས་རབ་མཆོག་ལས་བླ་མ་ལ། །ངག་གིས་མཉེས་པར་བྱས་པ་ནི། །སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས། །བསྐལ་པ་བརྒྱ་ཕྲག་མང་པོར་ཡང་། །སུ་ཡིས་བཀླགས་ཤིང་བརྗོད་པ་བས། །བསོད་ནམས་འབུམ་ཕྲག་བསམ་ཡས་སོ། །ཞེས་སོ། །ཡིད་ཀྱིས་མཉེས་པར་བྱ་བ་ལ་གཉིས་ལས། དད་པ་དང་གུས་པས་མཉེས་པར་བྱ་བ་ནི། དུས་རྟག་ཏུ་བླ་མའི་ཡོན་ཏན་དྲན་པས་མོས་གུས་ཀྱིས་གདུང་བ་ཆེན་པོ་བྱ་བ་སྟེ། ཡོན་ཏན་ནི། དེ་ཉིད་ལས། ཡོན་ཏན་ནང་ན་དད་པ་མཆོག །སྟོང་གསུམ་གང་བའི་སངས་རྒྱས་ལ། །མཆོད་པས་སྟོང་གསུམ་མཆོད་པ་བས། །འདི་ཡིས་མཉེས་པའི་ཆར་མི་ཕོད། །ཅེས་སོ། །

གཉིས་པ་ཏིང་ངེ་འཛིན་གྱིས་(༩)མཉེས་པར་བྱ་བ་ནི། བླ་མའི་རྣལ་འབྱོར་བསྒོམ་པ་སྟེ། ཕྱི་བླ་མ་སྤྲུལ་པའི་སྐུ། ནང་བླ་མ་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུ། གསང་བ་བླ་མ་ཞི་བ་ཆོས་ཀྱི་དབྱིངས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ལ་སོགས་པ། སོ་སོའི་སྒྲུབ་ཐབས་ནས་འབྱུང་བ་ལྟར་རམ། ཡང་ན་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་སྤྱི་བོར་སྣ་ཚོགས་པདྨའི་སྟེང་དུ་ཉི་ཟླ་ཁ་སྦྱོར་གྱི་བར་ནས་ཨ་དཀར་པོ་ལས་འོད་འཕྲོས་པས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་ཞིང་དུ་གསལ་གདབ། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་རང་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ཏེ། སྤྱི་བོར་པད་ཟླ་ལ་བཞུགས་པ་ལ། ཡིད་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། འཁོར་བ་མ་སྟོང་གི་བར་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། རང་ཉིད་རྟོགས་པ་དང་ཏིང་ངེ་འཛིན་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་གང་འདོད་པའི་དོན་ལ་གསོལ་བ་གདབ་པས། བླ་མ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས། སྒོ་གསུམ་གྱི་སྒྲིབ་པ་སྦྱོངས། ཉམས་ཆག་བསྐངས། གང་འདོད་པའི་དངོས་གྲུབ་ཐོབ་པར་བསམས་པའི་མཐར་བླ་མའི་ཞབས་ཀྱི་མཐེ་བོང་ལས་བྱང་ཆུབ་སེམས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་བབས་པས། རང་གི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ལྔར་ལྷུད་ཀྱིས་གང་བས་དུག་ལྔ་དག །སྐུ་ལྔ་ཐོབ། ཡེ་ཤེས་ལྔའི་རང་བཞིན་གྱི་དངོས་གྲུབ་ཐོབ་ནས། བླ་མ་དེ་དག་འོད་དུ་ཞུ་སྟེ་བདག་ལ་ཐིམ། བདག་ཀྱང་འོད་དུ་ཞུ་ནས་གང་གི་ངོ་བོར་ཡང་མ་གྲུབ་པ་རང་བཞིན་རྫོགས་པ་ཆེན་པོའི་ངང་ལ་མཉམ་པར་བཞག །རྗེས་དགེ་བ་སེམས་ཅན་གྱི་དོན་དུ་བསྔོའོ། །དེ་ལྟར་ཉིན་མཚན་ཐུན་བཞིའི་རྣལ་འབྱོར་ལ་སོགས་པ་ལ་བསྒོམས་པའི་ཡོན་ཏན་ནི། གནས་སྐབས་སུ་ཀུན་གྱི་ཡིད་དུ་འོང་བ་དང་། ཇི་ལྟར་བསམ་པ་ཐམས་ཅད་འགྲུབ་པ་དང་། ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་རྒྱུན་དུ་སྐྱེ་བ་དང་། ཏིང་ངེ་འཛིན་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་། བླ་(༡༠)མ་མཉེས་ཤིང་གསང་མཛོད་དམ་པ་གསུང་བ་དང་། ལྟ་སྒོམ་སྤྱོད་པའི་བོགས་ཐོན་ཞིང་མཁའ་འགྲོ་སྤྲིན་བཞིན་འདུ་བ་དང་། འཁོར་དང་ལོངས་སྤྱོད་ཆེ་ཞིང་སྙན་པའི་གྲགས་པ་འབྱུང་ལ། མཐར་ཐུག་རྫོགས་པའི་སངས་རྒྱས་འགྲུབ་པ་སྟེ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། བསྟན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ལས། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །ཅེས་སོ། །དེ་ལས་བསོད་ནམས་རླབས་པོ་ཆེ་ཐོབ་པ་ནི། བཀོད་པ་ཆེན་པོ་ལས། གང་གི་ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མའི་སྐུ་ལ་དམིགས་པ་མ་ལོག་ན། །བསོད་ནམས་བརྒྱ་ཕྲག་སྟོང་གི་ཆར་མི་འགྲོ། །བསྙེན་སྒྲུབ་བཟླས་བརྗོད་ས་ཡ་དུང་ཕྱུར་བས། །བླ་མའི་གསོལ་ཚིག་ལན་གསུམ་བརྗོད་པ་ནི། །ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་དོ། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང་། །གང་གིས་འདུ་འཛི་སྤངས་ནས་བསྒོམས་པ་ལས། །བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ། །བསོད་ནམས་སྟོང་ཕྲག་ཉི་ཤུས་ཆར་མི་ཕོད། །བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཆར་འགྲུབ་པར་ངེས། །ཞེས་སོ། །

གསུམ་པ་སྒྲུབ་པས་མཉེས་པར་བྱ་བ་ནི། བླ་མས་གསུངས་པའི་གདམས་པ་རྣམས་བསྐྱེད་རྫོགས་ཟུང་འཇུག་ལ་སོགས་པའི་སྒོ་ནས་ཉམས་སུ་ལེན་ཞིང་གཞན་ཡང་དེ་ལ་འགོད་པ་དང་། ཁྱད་པར་དུ་ཚེ་འདི་བློས་བཏང་འཁྲི་བ་བཙན་ཐབས་སུ་བཅད། རི་དྭགས་རྨས་མ་ལྟར་གཅིག་པུར་དབེན་པའི་གནས་སུ་སོང་སྟེ་མངོན་སུམ་སྙིང་ཏིག་གི་དོན་ལ་ཉིན་མཚན་དུ་བརྩོན་པ་སྟེ། ཡོན་ཏན་ནི་ཆུབ་པ་རོལ་པའི་རྒྱུད་ལས། བསྐྱེད་རིམ་བསྐལ་པ་གསུམ་བསྒོམས་པས། །བསྒྲུབས་པས་བླ་མ་མཉེས་པ་ནི། །བསོད་ནམས་སྐད་ཅིག་ཁྱད་པར་འཕགས། །ཞེས་སོ། །མདོར་ན་ལུས་ལོངས་སྤྱོད་སྒྲུབ་པ་ལ་སོགས་པ་གང་གི་སྒོ་ནས་ཀྱང་བླ་མ་མཉེས་པར་བྱའོ། །དེས་ནི་དངོས་གྲུབ་ཐམས་ཅད་འགྲུབ་ཅིང་ཉམས་ཆག་བསྐངས་ལ་མཚམས་མེད་པ་ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་རླབས་པོ་ཆེ་ཐམས་ཅད་ཟད་པར་འགྱུར་ཏེ། དམ་ཚིག་མཆོག་གི་རྒྱུད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་བླ་མ་མཉེས་ལས་འབྱུང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཉེས་པ་ཐམས་ཅད་ཟད་པར་འགྱུར། །ཞེས་སོ། །དེས་ན་ཀུན་གྱི་ཐོག་མར་བླ་མ་མཆོད་ཅིང་བཀུར་བར་བྱའོ། །དེས་ནི་(༡༡)བསོད་ནམས་ཀྱི་ཚོགས་ཐམས་ཅད་རྫོགས་པ་དང་། དཀའ་ཐུབ་དང་བརྟུལ་ཞུགས་ཆེན་པོ་ཐམས་ཅད་བརྟན་པར་འགྱུར་བ་དང་། དཀྱིལ་འཁོར་དང་ཉེ་བའི་དཀྱིལ་འཁོར་ཐམས་ཅད་མཆོད་པ་དང་། རྡོ་རྗེ་སེམས་དཔའ་མཉེས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མྱུར་དུ་ཐོབ་པར་བྱེད་པ་སྟེ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ལ། །བླ་མའི་མཆོད་པ་ཡང་དག་བརྩམས། །དེ་མཉེས་པ་ལ་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བསགས་ཤིང་། །དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད། །ཅེས་སོ། །ཞར་ལ་བླ་མ་མ་མཉེས་པའི་སྐྱོན་དང་། ཉེས་པ་བཤགས་པའི་ཚད་བསྟན་པ་གཉིས་ལས། དང་པོ་ནི་བླ་མ་ལ་སྒོ་གསུམ་གྱིས་རྨི་ལམ་ཙམ་དུ་མོས་པ་ལོག་ཅིང་བརྙས་ན་ཡང་ཉེས་པ་བསམ་གྱིས་མི་ཁྱབ་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། རྨི་ལམ་དུས་ན་ལུས་ངག་ཡིད། །གལ་ཏེ་རྡོ་རྗེ་སློབ་དཔོན་ལ། །ཉེས་པ་ཕྲ་མོ་ཙམ་བྱས་ན། །ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས། །རྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །དེ་ནས་སེམས་ཅན་དམྱལ་བ་ཡི། །ཚ་གྲང་གཉིས་ཀའི་སྡུག་བསྔལ་ཉིད། །ཉམས་སུ་མྱོང་བ་ཁོ་ནའོ། །ཞེས་པ་དང་། རྡོ་རྗེ་ཕུར་པའི་རྒྱུད་ལས། སློབ་དཔོན་ལས་ནི་དངོས་གྲུབ་ཐོབ། །གལ་ཏེ་དེ་ལ་བརྙས་བྱེད་ན། །དམྱལ་བའི་སྡུག་བསྔལ་རབ་ཏུ་འཐོབ། །གལ་ཏེ་དེ་ལས་ཐར་ན་ཡང་། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །དམ་ཆོས་མིང་ཡང་མི་ཐོས་སོ། །ཞེས་པ་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། བླ་མ་ལ་ནི་སྨོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི། །ཆུ་དེ་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་པ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་གང་སྨོད་པ། །ཚེ་འདི་ཉིད་ལ་སྡུག་བསྔལ་འབྱུང་། །རིམས་དང་དུག་དང་དབྱིག་དུག་དང་། །ཌཱ་ཀི་རྣམས་ཀྱིས་གཙེས་པ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །ཞེས་སོ། །ཉེས་པ་བཤགས་པའི་ཚད་ནི་མོས་པ་ལོག་པ་དང་། བརྙས་པའི་གྲངས་བདུན་ནམ་བཅུ་ཙམ་བཤགས་པས་འདག་ཅིང་ལོ་གྲངས་ལས་(༡༢)འདས་ན་མི་འདག་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། གལ་ཏེ་བླ་མ་བརྙས་པའི་མིས། །ལན་གྲངས་བདུན་ནམ་བཅུ་དག་ལ། །འགྱོད་པ་བྱས་ཏེ་བཤགས་པས་འབྱང་། །རང་ལོ་འདས་ནས་བཤགས་པའི་ཡུལ། །རྡོ་རྗེ་སེམས་དཔས་མ་གནང་ངོ་། །ཞེས་གསུངས་པས། དུས་ཐམས་ཅད་དུ་བླ་མའི་འཁྲུལ་པ་མི་རྟོག་ཅིང་ཡོན་ཏན་དྲན་པར་བྱས་ལ། སྒོ་གསུམ་གཡོ་སྒྱུ་དང་ཟོག་ཁྲམ་མེད་པས། ནད་པས་སྨན་པ་བསྟེན་པའམ། གྲུ་པས་མཉེན་པ་བསྟེན་པའམ། ཚོང་པས་དེད་དཔོན་བསྟེན་པའམ། འགྲོན་པོས་སྐྱེལ་མ་བསྟེན་པ་ལྟར། ཉོན་མོངས་པ་ཞི་བར་བྱ་བ་དང་། སྡུག་བསྔལ་གྱི་ཆུ་བོ་ལས་བརྒལ་བར་བྱ་བ་དང་། འདོད་པའི་འབྲས་བུ་འགྲུབ་པར་བྱ་བ་དང་། འཁོར་བའི་འཇིགས་པ་གྲོལ་བར་བྱ་བའི་ཕྱིར་རྟག་པར་གུས་པས་རྒྱུན་མི་ཆད་པར་བླ་མ་དམ་པ་བསྟེན་པར་བྱའོ།། །།


previousཇི་ལྟར་བསྟེན་པའི་མཚན་ཉིད།next