Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
ཆོས་གྲྭ་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་འདུས་བ་རྒྱ་མཚོར་བསླབ་བྱའི་གཏམ་དུ་གསོལ་བ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན།
  
  
  
  
  
  
  
  
  
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousཆོས་གྲྭ་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་འདུས་བ་རྒྱ་མཚོར་བསླབ་བྱའི་གཏམ་དུ་གསོལ་བ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན།next

ཆོས་གྲྭ་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་འདུས་བ་རྒྱ་མཚོར་བསླབ་བྱའི་གཏམ་དུ་གསོལ་བ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན།


LT36_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲྭ་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་འདུས་བ་རྒྱ་མཚོར་བསླབ་བྱའི་གཏམ་དུ་གསོལ་བ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །


LT36_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། ལྷ་མི་འགྲོ་བ་ཡོངས་ཀྱི་བསོད་ནམས་བསགས་པའི་ཞིང་མཆོག་དགེ་འདུན་འདུས་པ་རྒྱ་མཚོའི་སྙན་ལམ་དུ། ད་རེས་ཀྱི་སྐབས་སུ་ཐུགས་ལ་བཞག་རྒྱུའི་ཞུ་དོན་སྙིང་པོ་ནི། སྤྱིར་ངེད་རང་རྣམས་མི་ལུས་ཐོབ། ཆོས་སྒོར་ཞུགས། །སྐྲ་སོར་གསུམ་བཅད། གོས་གྲུ་བཞི་གྱོན་པ་འདིའི་དོན་སྒོ་རང་རང་ཐར་པའི་ལམ་སྣེ་ཟིན་ཅིང་། གཞན་གྱི་དད་རྫས་ཆུད་མ་ཟོས་པ་ཞིག་དགོས་རྒྱུ་ཡིན་འདུག །དེ་བྱེད་པ་ལ་ང་སེར་མོ་བ་དང་དགེ་སློང་ཡིན་སྙམ་ནས་དཀོར་ཟ་ཤེས་པ་ཙམ་གྱིས་ཆོག་རྒྱུ་མིན། རང་རེ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན་པས་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་སློབ་དགོས། བསླབ་ལུགས་ཅི་འདྲ་ཡིན་ན། འཆི་བ་མི་རྟག་པས་རྒྱུད་བསྐུལ། ཚེ་འདིའི་བདེ་སྐྱིད་ལ་ཞེན་པ་ལོག །ཁམས་གསུམ་གྱི་བདེ་འབྱོར་ཐམས་ཅད་རྨི་ལམ་ཡུལ་གྱི་རྒྱལ་སྲིད་ལྟར་སྙིང་པོ་མེད་པར་ཤེས་ནས། དད་པ་དམ་ཚིག་གི་རྨིད་བཏིང་། དཀའ་སྤྱད་སྙིང་རུས་ཀྱི་འཕྲང་ལ་བཅུང་། གྱོད་ལྟོ་གོས་གཏམ་གསུམ་ལ་བསྐུར། །བླ་མའི་གསོལ་འདེབས་ཚིག་གསུམ་དང་རང་སེམས་གཉུག་མའི་རང་འགྲོས་སྐྱོང་བ་ལས་བསམ་རྒྱུ་བྱེད་རྒྱུ་སྣེ་གཅིག་མེད་པར་བྱས་


LT36_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒྲུབ་ཡུན་ཤི་དང་མཉམ་པས་ཚེ་གཅིག་ལུས་གཅིག་གིས་མཆོག་གི་དངོས་གྲུབ་ཐོབ་པ་ནི་བཀའ་བརྒྱུད་གོང་མའི་རྣམ་ཐར་ཡིན་ཏེ། དེང་སང་སྲིད་མཐའ་མི་ཁེགས་ཙམ་ལས་ངེད་རང་ཚོས་ཉམས་སུ་མ་ལོན་པ་མ་གཏོགས། བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་ཀྱི་བསྟན་པ་ཞེས་པའི་མིང་བཏགས་པ་དེ་ཡིན་པས་ཉམས་སུ་ལོན་པའི་སྨོན་ལམ་ཡན་ཆད་འདེབས་དགོས། སྐྱེས་ཆེན་སྤྲུལ་པའི་གང་ཟག་རྣམས་ཀྱིས་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་དགེ་འདུན་བསྡུ་ཞིང་གཙུག་ལག་ཁང་སོགས་ལྷ་བྲི་རྟེན་བཞེངས། འཇིག་རྟེན་གྱི་མཐུན་འཇུག་ལ་སོགས་པས་བསྟན་པ་རྒྱས་པའི་ཐབས་མཛད་པ་དེ་ལ་བྱ་བ་ལས་ཀྱི་འཁོར་ལོ་ཟེར་ཏེ། སྔོན་ནས་བསོད་ནམས་བསགས་པ་ཅན་ཞིག་གི་སྤྱོད་ཡུལ་ཡིན། ལག་ཏུ་མི་ལོན་པ་དེ་འདྲ་ལ་འཇུག་དགོས་པའི་ངེས་པའང་མེད། བསྟན་འཛིན་སྐྱེས་བུ་ཕལ་ཆེར་རང་དོན་ཏུ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན། གཞན་དོན་ཏུ་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་རིན་པོ་ཆེ་གསལ་བར་མཛད་པ་རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེའི་རྣམ་ཐར་དུ་གསལ་བ་དེའང་སྐྱེ་བ་ཕྱི་མར་སྨོན་པའི་ཡུལ་ཙམ་ལས་ལག་ཏུ་ཐེབས་དཀའ། དེང་སང་ནི་སྙིགས་མ་ལྔ་བདོ་ཞིང་རྒྱལ་བསྟན་རྟགས་ཙམ་འཛིན་པ་ལ་


LT36_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་སུ་ཡིན་ཀྱང་ཆོས་ཀྱི་ལག་ལེན་ཆོས་ནས་བཤད་པ་ལྟར་ཐེབ་མཁན་དཀོན་ཀྱང་། འདུལ་བ་ཡུལ་ཆོས་ཀྱི་དཔེ་ལྟར་བཅའ་ཡིག་ཆེན་མོའི་དགོངས་དོན་འདི་ངེད་རང་ཚོའི་རྒྱུད་ཚོད་དང་མཚེམས་པའི་བསླབ་པ་ཡིན་འདུག་པས་དགེ་འདུན་པ་ཐམས་ཅད་ནས་ཀྱང་གཙོ་ཆེར་བཅའ་ཡིག་ལ་ཞིབ་ཏུ་གསན་དགོངས་གནང་བའི་བསླབ་སྦྱོང་ཀུན་སྤྱོད་སོགས་བསྒྲིག་ཁྲིམས་དད་སྣེ་གཅིག་མ་འགལ་བ་ཚིག་རྗེས་དོན་གྱིས་གསོབ་པ་ཞིག་བྱུང་ཚེ་མང་པོ་ཞུ་མ་དགོས། བྱ་མིག་གྱེན་ལྟོས། ཕྱ་ར་གྲུ་མགྱོག་གིས་བན་དེ་རང་བཅའ་རང་གིས་བྱེད་མཁན་ཞིག་བྱུང་ན་ཚེ་འདིའི་ལུགས་ལ་དགོན་པ་དེ་ཚང་ཡར་འགྲོ་བའི་རྟགས་དང་། ཆོས་ཀྱི་ལུགས་ལའང་གཞན་ལ་སྨོན་མ་དགོས་ཙམ་འོང་རྒྱུ་ཡིན་འདུག་པས་དེ་ཚོ་ལར་རྒྱ་ཐུགས་བཞུགས་དང་། མདོ་རྩའི་སྙིང་པོ། །སངས་རྒྱས་ཀྱི་བསྟན་པ་ཟེར་རྒྱུ་དེ་འཇིག་རྟེན་འདིའི་ཁ་ཐབས་མཁོས་ཀ །ལོངས་སྤྱོད་དཔལ་འབྱོར། སྟོབས་རྣམ་དཔྱོད་སོགས་ལ་ཟེར་བ་མིན། ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ཟེར་བ་ཞིག་ཡོད། །རྟོགས་བའི་བསྟན་པ་སྒྲུབ་པས་འཛིན། ལུང་གི་བསྟན་པ་བཤད་པས་འཛིན་དགོས། འཛིན་མཁན་དེ་དགེ་འདུན་གྱི་སྡེ་རྣམས་ཡིན། འཛིན་ལུགས་དེ་བསླབ་བ་རིན་པོ་ཆེ་རྣམ་པ་གསུམ་


LT36_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་དགོས་རྒྱུ་ཡིན་ཀྱང་། སྦྱངས་པ་ཡོད་མཁན་ལ་ལྷག་ཏུ་ཞུམ་དགོས་ཤིང་། མེད་མཁན་རྣམས་ལ་མང་རབ་ཞུས་ཀྱང་རྣམ་དབྱེ་ཕྱེད་དཀའ་བས། མདོར་བསྡུ་ན། བརྗོད་བྱ་བསླབ་པ་གསུམ་ལ་རྗོད་བྱེད་སྡེ་སྣོད་གསུམ་ཡོད་པའི། འདུལ་བའི་དབང་དུ་བྱས་ན། སོ་ཐར་རིས་བདུན་གང་རུང་ཞུ་ཚང་ནས་རང་རང་གི་བཅས་ཁྲིམས་ལས་སྲོག་གི་ཕྱིར་ཡང་མི་འདའ་བ་དང་། དེའང་རང་རེ་ཚང་ལ་དགེ་སློང་མང་བའི་སྟབས་ཀྱིས། དེའི་དབང་དུ་བྱས་ན། སྲོག་གཅོད་པ། མི་ཚངས་པ་སྤྱོད་པ། མ་བྱིན་པ་ལེན་པ། མི་ཆོས་བླ་མའི་རྫུན་སྨྲ་བ་སྟེ་རྩ་བའི་ཕམ་པ་བཞི་དང་། །ཁུ་བ་འབྱིན་པ་སོགས་ལྷག་མ་བཅུ་གསུམ། སྤང་བའི་ལྟུང་བ་སུམ་ཅུ། ལྟུང་བྱེད་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས་ཁྱོན་བསྡམས་དགེ་སློང་གིས་བསྲུང་བྱའི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་ང་གསུམ། གཞི་བཅུ་བདུན་སོགས་བསྒྲུབ་བྱ། ཞི་ལྷག་གི་ཆོས་མངོན་ཏུ་བྱ་རྒྱུ་མང་པོ་ཡོད་པ་ལས་ཕམ་པ་བཞིའི་ནང་ནས་སྣེ་གཅིག་བྱས་ན་དགེ་སློང་གི་སྡོམ་པ་རྩད་ནས་ཤོར། ཞག་གཅིག་གསང་ན་སྐྱེ་བ་དེ་ལ་སོ་སོར་ཐར་པའི་སྡོམ་པ་རྒྱུད་ལ་མི་


LT36_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ། ཕྱི་མར་ཚ་དམྱལ་དུ་སྡུག་བསྔལ་མྱོང་། ལྷག་མའི་ལྟུང་བས་སྡོམ་པ་གཏན་ནས་ཤོར་མི་ནུས་ཀྱང་གྲངས་མང་ན་ཉེས་ཚད་ཕ་མ་ལྟུང་དང་འདྲ་བས་དེ་དག་ལ་བག་ཡོད་མཛད་པ་གལ་ཆེ་ཕམ་པ་བཞི་ནི་སྲོག་གི་ཕྱིར་ཡང་མི་སྤྱོད། ལྷག་ལྟུང་སོགས་ལའང་སྤང་བླང་མཛད་དགོས་མ་གཏོགས། བཅོམ་ལྡན་འདས་ཀྱིས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་རྒྱུ། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། ཞེས་གསུངས་པ་ལྟར་ཚུལ་ཁྲིམས་ཉམས་ན་སྐྱེ་བ་ཕྱི་མ་ཕན་ཆད་བདེ་འགྲོའི་སྒྲ་ཡང་མི་ཐོས་པའི་ངན་སོང་རྣམས་སུ་ཡང་ནས་ཡང་དུ་སྐྱེ་བ་དང་། ཚེ་འདི་ལའང་ཁྲིམས་དང་འགལ་བའི་ཉེས་ཆད་སོགས་ལྷ་མི་ཀུན་གྱིས་སྨད་པའི་ཡུལ་དུ་འགྱུར་ཞིང་མི་འདོད་པ་དུ་མ་ཐོག་ཏུ་བབ་པ་དང་། ཚུལ་ཁྲིམས་ཉམས་པའི་མི་དེས་དཀོར་ཟས་ཁམ་དུ་ཟོས་པའི་གྲངས་ཀ་སྐྱེ་བ་ཕྱི་མར་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་ཁྲོ་ཆུ་ཁོལ་མ་ཟ་འཐུང་དགོས་པ་དང་། དགེ་འདུན་གྱི་གྲལ་ལ་ལོངས་སྤྱོད་པས་ལྕགས་བསྲེག་གི་ས་གཞི་ལ་སྐྱེ་བ་སོགས་ཉེས་དམིགས་དཔག་ཏུ་མེད་པས་ཐམས་ཅད་ཀྱིས་གོང་ཞུས་རྩ་བ་བཞི་དང་། ལྷག་ལྟུང་རྣམས་བསྲུང་། བསྔོས་ཤ་ལ་འཛེམ་


LT36_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པའི་རྩ་བ་ཆང་གཏན་ནས་མི་གསོལ། ནང་སོགས་ཀྱི་ཅུང་ཟད་མི་གསོལ་ཀ་མེད་བྱུང་ནའང་ཕོར་པ་གང་ངམ་དོ་ལས་ཡན་གྱི་བག་མེད་མི་མཛད། ཆོས་གོས་རྣམ་གསུམ་དང་ལྷུང་བཟེད་སོགས་འབྱོར་པ་ཡོད་ན་དུས་རྒྱུན་ཚག་བྱ། གསོ་སྦྱོང་འཚོགས་སྐབས་མནབ་འོད་དགོས། འབྱོར་པ་མེད་མཁན་རྣམས་ཀྱང་དང་པོ་དགེ་སློང་ཞུ་དུས་གནང་བའི་ཆོས་གོས་བྱིན་རླབས་ལིང་དུམ་དེ་དུས་རྒྱུན་རྐེ་ལ་འབྲལ་མེད་དགོས། ལར་དེང་སང་བསྟན་པ་ཉམས་པའི་བབ་ཀྱིས་མི་དགོས་པའི་གཟབ་སྤྲོད་འཕྱོར་ཆས། ཕུ་འགྲོ་མདའ་འདུག །ཁ་ཐབས་བྱ་བ། མདོར་ན་འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བའི་བྱ་བ་ནི་དྲན་ཚད་ལག་ཏུ་བླངས། བསམ་ཚད་ཁར་བཏོན་ཀྱང་མ་རེད་ཟེར་མཁན་མེད་པའི་སྟེང་ཐམས་ཅད་ཀྱིས་མདོན་པར་བསྟོད་ནས་དེའི་སྟེང་སྟབས་ཨི་ཐོན་བལྟ། བཀའ་མདོ་རྒྱུད་ནས་གསུངས་པའི་ལྟ་སྤྱོད་ཚད་ལྡན་སྣེ་གཅིག་བྱེད་མཁན་ཡོད་ན་ཡང་རང་གིས་མ་ཤེས་པ་དང་མ་ནུས་པ་དེ་མི་གཏམ་པར་དགོས་མི་དར། །བྱེད་མི་དར་ཟེར་བ་སོགས་ནི་བདུད་ཀྱིས་བྱིན་གྱིས་བརླབས་རྟགས་སུ་མདོ་སྡེ་ནས་གསུངས་ཀྱང་རྒྱལ་པོ་ཀྲྀ་ཀཱིའི་རྨི་ལམ་ལུང་བསྟན་ཐོག་ཏུ་བབ་པ་བཅོས་སུ་མེད་པ་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཡོད་པས་


LT36_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་ཡིད་ཆེས་པ་རྣམས་ཀྱིས་ཐུགས་བཞུགས་མཛད་པས་འཐུས་འདུག །བྱང་སྡོམ་ལ་ནག་པོའི་ཆོས་བཞི་སོགས་རྒྱ་ཆེན་ཡོད་ཀྱང་ཀུན་གྱི་བསླབ་བྱའི་རྩ་བ། མ་ི་རྡོག་པོ་གཅིག་ཚུན་ཆད་དགེ་རྩ་ཅི་འདྲ་ཞིག་བསྒྲུབ་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱ། དེའི་ཆེད་དུ་དགེ་བ་འདི་བསྒྲུབ་སྙམ་པའི་ཐོག་མར་སེམས་བསྐྱེད་དང་། རྗེས་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་དགེ་བའི་རྩ་བ་དེ་བསྔོས་ན་རགས་བསྡུས་ཚང་། གསང་སྔགས་ཀྱི་དམ་ཚིག་ལའང་ས་ཡ་འབུམ་སྡེ་བསམ་གྱིས་མི་ཁྱབ་ཀྱང་མདོར་བསྡུས། རང་རང་གིས་དབང་ཞུས་པ་དང་། ལུང་དང་ཁྲིད་ཞུས་པ་དང་། སེམས་དོན་ངོ་སྤྲོད་ཞུ་མྱོང་བ་རྣམས་ནི་རྩ་བའི་བླ་མ་ཟེར་རྒྱུ་དེ་ཡིན་པས་དེ་རྣམས་དང་། སྐྱབས་མགོན་རྡོ་རྗེ་འཆང་། དཀྱིལ་འཁོར་གྱི་གཙོ་བོ་རྣམས་དབྱེར་མེད་དུ་མོས། བླ་མ་ཉིད་སངས་རྒྱས་སེམས་ཅན་སུ་ཡིན་ཀྱང་ཆོག །རང་ལ་བྱིན་རླབས་འཇུག་མི་འཇུག་མོས་གུས་ཀྱིས་ཤེས། བྱིན་རླབས་ཤཱཀྱ་ཐུབ་པ་ལས་ཆེ་མེད་ཀྱང་རང་རེས་མཇལ་བ་སོགས་བྱིན་རླབས་འཇུག་པའི་སྐལ་བ་མེད་པ་འདི་བློ་མ་དག་བས་ལེན། དེས་ན་ལོག་ལྟ། སྐུར་ཞུས་སོགས་སྤངས་ཏེ་མོས་གུས་བསྒོམ་པ་བླ་མའི་སྐུ་ཡི་དམ་ཚིག །ལུས་ལྷ་བསྒོམ། ངག་སྔགས་བཟླ་བ་ཡི་དམ་


LT36_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་དམ་ཚིག །སེམས་ཀྱིས་སྟོང་ཉིད་སྙིང་རྗེ་བསྒོམ། གཞན་ལ་གསང་སྔགས་ཀྱི་གནད་མི་བཤད། ཚེས་བཅུ་དགུ་གཏོར་ལ་སོགས་པའི་དུས་མཆོད་མི་བཅག །སྔོན་འགྲོ་བཞི་སྦྱོར། ཆུ་གཏོར། ལུས་སྦྱིན། གཏོར་བསྔོས་མ་ཆག་པར་འདོན་པ་སོགས་མཁའ་འགྲོ་ཐུགས་ཀྱི་དམ་ཚིག་བཅས་དེ་གསུམ་ལ་འདུས་པས། ཐམས་ཅད་ཀྱིས་རས་སུ་མ་བོར་བའི་ཉམས་སུ་ཅི་ལོན་མཛད་དགོས། དེ་ཡང་རང་རེ་རྣམས་ཀྱིས་མཁན་པོའི་མདུན་ནས་སྡོམ་པ་ཞུས་ཚུན་ཆད་དགེ་སློང་ཡིན་པས་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་ཞིང་གཞན་གནོད་གཞིར་བཅས་སྤང་དགོས་པ་དང་བྱད་མཆིས་མ་བཏོན་ཚུན་ཆད་བྱང་ཆུབ་སེམས་དཔའ་ཡིན་པས་བྱང་སྡོམ་བསྲུང་ཞིང་གཞན་ཕན་གཞིར་བཅས་བསྒྲུབ་དགོས་པ་དང་། དབང་བསྐུར་གཅིག་ཐོབ་ནས་བཟུང་རྡོ་རྗེ་འཛིན་པ་ཡིན་པས་དམ་ཚིག་མ་ཉམས་པར་བསྲུང་། དགེ་སློང་གི་སྡོམ་པ་ཉམས་པ་ལས་བྱང་སེམས་ཀྱི་བསླབ་པ་ཉམས་པ་ཉེས་དམིགས་ཆེ། དེ་ལས་གསང་སྔགས་ཀྱི་དམ་ཚིག་ཉམས་པ་ཉེས་པ་ཆེ། ཁྱད་པར་རྩ་བའི་བླ་མ་ལ་དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱིས་ཕྲིན་ལས་མཛད་ཀྱང་ནམ་མཁའ་མ་ཞིག་བར་སྡུག་བསྔལ་ཚབ་པོ་ཆེ་མྱོང་དགོས་པ་ཞིག་ལ་སྐྱེ་བར་གསུངས། དགེ་


LT36_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གི་སྡོམ་པའི་བསྒྲུབ་བྱའི་ཕྱོགས་གསོ་སྦྱོང་དབྱར་གནས་དགག་དབྱེ་གསུམ་ལས། རྗེ་བླ་མའི་བཀའ་དྲིན་གྱིས་དེང་སང་རང་ཚང་ལ་གསོ་སྦྱོང་ཕྱག་ལེན་མཛད་པ་འདི་སྤྱིར་བསྟན་པ་ཅུང་ཟད་ཡོད་པའི་བརྡ་རྟགས། སྒོས་སུ་ལྟུང་བ་ཕྲ་ཞིབ་ཕལ་ཆེར་དག །ཕམ་ལྟུང་ཅན་གསོ་སྦྱོང་དུ་འོང་མི་ཆོག་ཅིང་། འོང་ན་དགེ་འདུན་གཞན་ལའང་ལྟུང་བ་ཕོག་ཀྱང་ལྷག་ལྟུང་སོགས་ན་སྨད་ནས་སྐྱེད་འཕེལ་མེད་པར་བྱེད་པའི་ཕན་ཡོན་དགོས་པ་ཡོད་པར་ཡིན་པ་མ་ཟད། གལ་སྲིད་གཎྜིའི་སྒྲ་ཐོས་ནས་ནད་པ་སོགས་དབང་མེད་ངེས་ཡིན་ན་མ་གཏོགས། མཚམས་ནང་དེར་ཡོད་ཀྱི་དགེ་སློང་གསོ་སྦྱོང་ལས་འོང་ན་དེ་ལའང་མ་འདུས་པའི་ལྟུང་བ་ཡོད་པས། དགེ་སློང་ཡིན་ཆད་ཐམས་ཅད་བཅའ་བ་ཡོད་མེད་ལ་མ་ལྟོས་པར་རང་གི་འདི་ཕྱིའི་འདུན་མ་ལ་བསམ་བློ་བཏང་བའི་གསོ་སྦྱོང་ཆག་འཁྲི་མེད་པར་འབྱོན་གལ་ཅི་ནས་ཆེ། འབྱོན་ཚད་ཀྱིས་གསོ་སྦྱོང་དངོས་གཞི་སོ་ཐར་མདོ་འདོན་པ་དེ་ཡིན་པས་ཐལ་སྦྱར་གུས་པ་བཅས་གསན་དགོས་པ་དང་། མ་འདུས་པ་རྣམས་ལ་བརྒྱ་ཕྱག་སོགས་བསྒྲིགས་ཁྲིམས་དང་བསྟུན་པའི་ཆད་ལས་ཀྱང་འཕྲལ་དེར་དགེ་དཔོན་གཡོག་ནས་འོང་ངེས་ཡིན་པས་གོ་ཐེང་ཞུ། བྱང་སྡོམ་གྱི་ལྟུང་བ་སྦྱོང་ཐབས་མཆོག་ཏུ་གྱུར་བ་ལྟུང་བཤགས་འདི་ཡིན་པས་རབ་ཉིན་ལན་གསུམ་མཚན་ལན་


LT36_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐ་མས་ཀྱང་ནང་ནུབ་ཚར་རེ་བཏོན་པ་དང་། སྔགས་ཀྱི་དམ་ཚིག་ཉམས་ཆགས་སྦྱོང་ཐབས་ནི་རྡོར་སེམས་བསྒོམ་བཟླས་ལས་ཟབ་པ་མེད་པས་ནང་ནུབ་ཕྲེང་སྐོར་རི་ཙམ་ཆག་མེད་བཅས། གསོ་སྦྱོང་། ལྟུང་བཤགས། ཡིག་བརྒྱ་དེ་གསུམ་ལ་བརྙས་ཆོས་མི་མཛད་པར་ཅི་ནས་ཉམས་ལེན་མཛད་གྲུབ་དགོས་པ་དང་། གཞན་ཡང་སྔར་གྱི་གྲྭ་ས་ཆེ་བ་རྣམས་ཀྱི་ཕྱག་སྲོལ། རྣམ་འཇོམས། ལྟུང་བཤགས། འདའ་ཀ་ཡེ་ཤེས། ཟབ་མདོ། །བཟང་སྤྱོད་བཅས་རྒྱལ་པོ་མདོ་ལྔར་གྲགས་པ་འདི་ལས་ཕན་ཡོན་ཆེ་མེད་པས་ཉིན་རེ་ཚར་རེ་ཆག་མེད་སྲོལ་ཡོད་འདུག་པ་དེའང་ཐམས་ཅད་ཀྱི་བློ་ལ་བཞུགས་བཞིན་དཀའ་ཚེགས་མེད་སྟབས་གསུང་ཐུབ་པ་དང་། གཤེ་བའི་ལན་དུ་སླར་མི་གཤེ། ཁྲོ་བའི་ལན་དུ་སླར་མི་ཁྲོ། །རྡེག་པའི་ལན་དུ་སླར་མི་རྡེག །མཚངས་འབྲུ་པའི་ལན་དུ་སླར་མི་འབྲུ་བ་བཅས་དགེ་སྦྱོང་གི་ཆོས་བཞི་ལ་བསླབ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བ་སྟེ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་དོན་བསྒོམ། གུང་ཚིགས་སྐབས་སུ་འཕྲོག་མ་ལ་ཆང་བུ། ནང་མོ་ཛམྦྷ་ལ་དང་ཁ་འབར་མ་ལ་གཏོར་མ། ཟས་མ་ཟོས་གོད་དུ་འཇུར་གེགས་


LT36_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆུ་སྦྱིན་བཅས་སྤྱོད་པ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་པོ་འདི་དུས་རྒྱུན་འབྲལ་མེད་དགོས། ལྔ་སྤྱོད་བཀའ་རྟགས་ཀྱི་ཕྱག་རྒྱ་བརྒྱད་པོ་སུས་འཛིན་ན་དེ་རྒྱལ་བའི་རྗེས་འཇུག་ཡིན་ལ། མི་འཛིན་པ་དེ་ཁོང་གི་རྗེས་འཇུག་ལ་མི་ཐེ་ཚུལ་གསུང་ཡོད། །ངེད་རང་སོ་སོའི་སྐྱེ་བོ་རྣམས་ལ་དགོས་ངེས་ཤེས་པའི་བླ་མ་དང་རྡོ་རྗེ་སྤུན་གྲོགས་ལ་དད་པ་མོས་གུས། ཆོས་ལུགས་གྲུབ་མཐའ་གཞན་དང་དེ་འཛིན་པའི་ཆོས་མཛད་ཀུན་ལ་ངག་སྣང་། སྡོམ་པ་དམ་ཚིག་ལ་གཅེས་སྤྲས། ལས་རྒྱུ་འབྲས་ལ་སྤང་བླང་། རང་གི་སེམས་རྒྱུད་འདུལ་བ་དེ་རྣམས་ཅི་ནས་ཀྱང་གལ་ཆེ། བསླབ་པའི་ཚུལ་ཁྲིམས་ལ་བག་ཡངས། ཆོས་གྲུབ་མཐའི་དབྱེ་རིས། གང་ཟག་བཟང་ངན་གྱི་ཁ་ཚོན་གཅོད་པ་སོགས་སྤྲུལ་པའི་སྐྱེས་ཆེན་དང་གྲུབ་ཐོབ་རྣམས་ཀྱི་སྤྱོད་ཡུལ་དེ་ངེད་རང་ཚོས་བྱེད་རྒྱུ་མིན་ཅིང་། བྱས་ན་ཡང་ངན་སོང་གི་ལས་ཚབ་པོ་ཆེ་མཚམས་མེད་ལྔ་བས་ལོག་ལྟ་ཐུ་ཟེར་བ་དེ་ཡིན། ཆོས་དང་གང་ཟག་གི་ཚད་འཛིན་ཐམས་ཅད་མཁྱེན་པ་ཉག་གཅིག་གི་སྤྱོད་ཡུལ་ཡིན་སྣང་། རང་རང་གི་སེམས་རྒྱུད་ལ་དྲི་མ་མེད་ན་གང་ཟག་གཞན་ཅི་ལྟར་ངན་རུང་ངན་སོང་དུ་འཕེན་མི་ནུས། འཕངས་ན་ལས་རྒྱུ་འབྲས་ལ་བདེན་པ་མེད་དགོས། རང་རེ་རྒྱལ་བསྟན་གྱི་སྙིང་པོ་དྭགས་པོ་བཀའ་བརྒྱུད་ཀྱི་ཚེས་སྒོར་ཞུགས།


LT36_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དངོས་དང་མཚུངས་པའི་རྒྱལ་བ་ཡབ་སྲས་མཇལ། ཉམས་སུ་ལེན་མ་ནུས་ཀྱང་བླ་མའི་ཕྱོགས་སུ་མགོ་གཏད་ནས་ཉལ་ཏེ་མོས་གུས་བསྒོམ་ཡང་ཆོག་པར་གསུངས་རྒྱུ་ཅན་དེ་ཡིན་རན་ཆོས་ལུགས་གྲུབ་མཐའ་གཞན་གྱི་རྗེས་སུའང་འཇུག་མི་དགོས། དགེ་སློང་ལྷ་ཆེན་པོའི་སློབ་མ་རྣམས་ཀྱིས་དགྲ་བཅོམ་ཐོབ་པའི་དཔེ་སོགས་ལ་བསམ་ནས་ངན་ཐག་ཆོད་ལའང་སྨད་དོན་ཀྱང་མེད། སྡོམ་པ་གསུམ་གྱི་ཁུར་པོ་ཞིག་ཁུར་ནས་སྐྱབས་འགྲོའི་བསླ་བྱ་ཚད་ལྡན་ཞིག་ཀྱང་རང་རྒྱུད་ལ་མེད་པར། ལོག་ལྟ་དང་ཉེས་ལྟུང་དང་དཀོར་གྱི་རྣམ་སྨིན་ཚད་ལས་འདས་པ་ཞིག་ཁུར་ནས་ཐར་པའི་དུས་མེད་པའི་ངན་སོང་ཞིག་ཏུ་མི་འགྲོ་ངེས་པ་མི་སྣང་བས་ད་ལྟ་རང་དབང་ཡོད་ཚེ་རང་བསམ་བཏང་བའི་སྤང་བླང་གོམ་ལོག་པ་ཞིག་གལ་ཆེ་བས་ཐུགས་བཞག་དགོས་ཚུལ། ངེད་རང་རྣམས་ཀྱི་འདི་ཕྱི་གཏན་གྱི་སྐྱབས་མགོན་སྐུ་ཞབས་རིན་པོ་ཆེས་ཐུགས་བརྩེ་བ་ཆེན་པོས་བཀའ་གནང་བ་རེད་པས་ཐུགས་ལ་བཅག་པར་མཛོད་དང་། སྤྱིར་དགེ་བའི་ཕན་ཡོན་སྣེ་རེ་རེ་ལའང་བསམ་གྱིས་མི་ཁྱབ་ཅིང་སྒོས་སུ་སོ་ཐར་ལས་བྱང་སྡོམ། དེ་ལས་སྔགས་ཀྱི་དམ་ཚིག་རྣམས་ཕན་ཡོན་ཆེས་ཆེ་བས་མྱུར་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ངེས་པས་དེ་ལྟར་ཐུགས་ལ་


LT36_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་པར་ཞུ། སརྦ་དཱ་ཀལྱཱ་་བྷ་བ་ཏུ། །དགེའོ།། །བཀྲ་ཤིས་ཤོག །།


previousཆོས་གྲྭ་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་འདུས་བ་རྒྱ་མཚོར་བསླབ་བྱའི་གཏམ་དུ་གསོལ་བ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན།next