རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བའི་ཆ་ལག་ངོ་སྤྲོད་ཀྱི་རྩ་ཐོ་དྲི་མེད་རབ་གསལ། ལོ་ཆེན་དྷརྨ་ཤྲཱི།
རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བའི་ཆ་ལག་ངོ་སྤྲོད་ཀྱི་རྩ་ཐོ་དྲི་མེད་རབ་གསལ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ན་མཿཤྲཱི་མཱཾ་སངྒུ་རུ་པདྨ་ཀ་རཤྩཱ་དྭ་ཡ་བྷཊྚཱ་ར་ཀ་ནི་དྷི་པ་དྷི་དྭཱི་པ་ཀཱ་ཡ་ཤ་ར་ཎ་གཙྪ་མི། འདིར་ཐེག་པ་ཐམས་ཅད་ཀྱི་ཡང་སྙིང་གསང་བ་བླ་ན་མེད་པའི་གདམས་པ་ཀ་དག་གི་གནས་ལུགས་གཏན་ལ་འབེབས་པར་བྱེད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། འདིར་རྩ་བར། ཞིབ་ཏུ་བརྟག་དཔྱད་དེ་ལྟར་ངེས་རྙེད་ཚེ༔ རིག་པའི་ཐོག་ཏུ་ངོ་སྤྲོད་གདབ་པར་བྱ༔ ཞེས་གསུངས་པ་ལྟར། སྤྱི་དོན་གསུམ་པ་གནས་ལུགས་ཇི་བཞིན་ངོ་སྤྲོད་པས་ངེས་ཤེས་སྐྱེད་པར་བྱེད་པ་རྗེས་ཀྱི་ཁྲིད་ཀྱི་སྐབས་ལགས། དེ་ལའང་དོན་གསུམ་སྟེ། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ། ཉམས་ལེན་གྱི་སྣེ་ནས་ཁྲིད་དེ་ངོ་སྤྲད་པ། གཞི་ལམ་འབྲས་གསུམ་གྱི་སྒོ་ནས་ངོ་སྤྲད་པའོ། །དང་པོ་ནི། ཚོགས་གཏོར་རྒྱ་ཆེར་བཤམས་ཤིང་མཆོད། སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ལ་ལུས་གནད་བཅའ། རང་རང་གི་སྤྱི་བོའི་གཙུག་ཏུ་རྩ་བརྒྱུད་ཀྱི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བར་བསམ། དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ཚང་། དགོས་འདོད་ཀུན་འབྱུང་། སྐྱབས་གནས་ཀུན་འདུས་ཡིན་པར་བློ་ཐག་བཅད་དེ། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ནས། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་བདག་ལ་གནས་ལུགས་ཀ་དག་གི་རྟོགས་པ་ཇི་ལྟ་བ་བཞིན་ངོ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་དུ་བཅུག སྤོས་བཏུལ་ཞིང་། བླ་མས་ཌཱ་དྲིལ་གྱི་
སྒྲ་དང་སྦྱར་བའི་གདངས་སྙན་པོས། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །རྒྱུད་སྨིན་ཅིང་གྲོལ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་བླ་མ་བརྒྱུད་པའི་བཤར་བཏབ་ལ་སོ་སོའི་མཚན་མཐར་གསོལ་བ་འདེབས་སོ་མན་ཆད་སྦྱར་ཏེ་བརྗོད་པའི་རྗེས་སུ། བརྒྱུད་པའི་བླ་མ་རྣམས་རིམ་བཞིན་རྩ་བའི་བླ་མའི་བར་དུ་བསྡུས། དེ་ཉིད་སློབ་མ་ལ་བསྟིམས་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་དར་ཅིག་ཀློད་དེ་འཇོག་ཏུ་བཅུག དེ་ལྟར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བྱིན་རླབས་ཀྱི་འུར་ལངས་ཏེ། སྒོ་གསུམ་གྱི་སྣང་བ་བླ་མས་འཕྲོག །བློ་སྣ་མོས་གུས་སུ་ཧྲིལ་གྱིས་འདྲིལ། དེའི་ངང་ལ་རྩེན་གྱིས་ཀློད་པའི་ཚེ། རིག་གདངས་མོས་གུས་སུ་རུམ་མེ་བར་མ་འགགས་ལ། གཤིས་འཛིན་མེད་དུ་ཁྲོལ་ལེ་ཤར་བ་ནི་མོས་གུས་རང་རིག་ཏུ་ཤར། རང་རིག་སྐྱེ་མེད་ཆོས་སྐུའི་དགོངས་པར་གྲོལ་བ་ཞེས་བྱ་སྟེ། དེའི་ངང་ལ་བསལ་བཞག་མེད་པར་བསྐྱང་བར་བྱའོ། །གཉིས་པ་ཉམས་ལེན་གྱི་སྣེ་ནས་ཁྲིད་དེ་ངོ་སྤྲད་པ་ནི། ལུས་གནད་ཆ ོས་བདུན་གྱི་ངང་ནས་མིག་བར་སྣང་ལ་ཧ་རེ་གཏོད། སེམས་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་གྱི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་རིག་རང་གསལ་དེ་ཀའི་རང་ངོ་ལ་ཅེར་གྱིས་ལྟོས་ཤིག་ཅེས་བརྡ་སྤྲད། དེ་ལྟར་བལྟས་པས་ད་ལྟའི་རིག་པ་བཞི་ཆ་གསུམ་བྲལ་སལ་ལེ་སང་ངེ་ཕྱམ་གདལ་བ་འདི་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་བློ་འདས་ཆེན་པོའི་དགོངས་པ་ཡིན་པས་ཅར་ཕོག་ཏུ་ངོས་བཟུང་སྟེ། དེའི་ངང་མ་ཤོར་བར་དྲན་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་སྲོལ་དུ་འཇུག་པར་གྱིས་ཤིག གསུམ་པ་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་ངོ་སྤྲད་པ་ནི། རྩ་བར། སྐྱེ་མེད་སྟོང་ཆའི་ངོ་བོ་ཆོས་ཀྱི་སྐུ༔ རང་གསལ་འགག་མེད་འཆར་བ་ལོངས་སྤྱོད་རྫོགས༔ གཉིས་སུ་མེད་པའི་རྩལ་ལས་སྤྲུལ་པའི་སྐུ༔ དེ་ལྟར་རྣམ་པ་གསུམ་དུ་ཐ་དད་ཀྱང་༔ ངོ་བོ་གཅིག་འདུས་ངོ་བོ་ཉིད་ཀྱི་སྐུ༔ སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་དོ༔ ཞེས་ཚིགས་སུ་བཅད་པ་ཕྱེད་དང་
གཉིས་པོ་འདི་གཞི་དུས། ལམ་དུས། འབྲས་དུས་ཀྱི་སྐུ་བཞི་ཀ་ལ་སྦྱར་ཏེ་ངོ་སྤྲོད་པར་མཛད་པ་ལས། དང་པོ་གཞི་རང་བཞིན་གནས་ལུགས་ཀྱི་སྒོ་ནས་ངོ་སྤྲད་པ་ནི། སྦྱོང་བྱེད་ལམ་གྱིས་སྦྱང་བྱའི་དྲི་མ་སྦྱོང་བར་བྱེད་པའི་གཞི་དང་། བྲལ་སྟོབས་ཀྱིས་ཡོན་ཏན་གྱི་ཆ་རྣམས་མངོན་དུ་འགྱུར་བའི་གཞི་དེ་གང་སྙམ་ན། འདམ་རྫབ་ཀྱིས་བསྟུམས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དེའང་སེམས་ཀྱི་ཆོས་ཉིད་འོད་གསལ་བའི་ནོར་བུ་སྦྱང་བྱ་དྲི་མའི་འདམ་རྫབ་ཀྱིས་གཡོགས་ཀྱང་། དྲི་མ་མེད་སྣང་གློ་བུར་གྱི་ཆོས་ཡིན་པས་སྦྱང་གཞི་ལ་ཡེ་ནས་གོས་མ་མྱོང་བ་སྟེ། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས། དེས་ན་ཡེ་ནས་དོར་བྱའི་སྐྱོན་དང་བྲལ་བས་རང་བཞིན་གྱིས་རྣམ་པར་དག་པའི་སེམས་ཀྱི་ཆོས་ཉིད་ཁམས་རང་བཞིན་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཡེ་ནས་གནས་པ། འགྱུར་བ་མེད་པ། དེའི་ངོ་བོ་སྟོང་པའི་ཆ་ལས་ཆོས་སྐུ་སྤྲོས་བྲལ་གྱི་ཡེ་ཤེས། གདངས་འགག་མེད་སྐུ་ལྔ་ཡེ་ཤེས་ལྔ་སོགས་ཀྱི་འཆར་གཞི་རང་བཞིན་གསལ་བའི་ཆ་ནི་ལོངས་སྤྱོད་རྫོགས་པའི་སྐུ། སྟོང་གསལ་གཉིས་མེད་ཀྱི་རྩལ་ལས་མཁྱེན་པའི་ཡེ་ཤེས་འཆར་བ་ཐུགས་རྗེ་རིག་པའི་ཆ་ནི་སྤྲུལ་པའི་སྐུ། དེ་ལྟར་སྟོང་གསལ་རིག་པའ་ིཡེ་ཤེས་གསུམ་པོ་དེ་གཉུག་སེམས་འོད་གསལ་བའི་ངོ་བོར་རོ་གཅིག་ཏུ་འདུས་པ་ནི་ངོ་བོ་ཉིད་སྐུ་སྟེ། སངས་རྒྱས་ཀྱི་ཡོན་ཏན་སེམས་ཉིད་ལ་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པའི་བདག་ཉིད་དོ། །དེའང་འདི་ཉིད་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་༔ ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ༔ སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན༔ ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་ངོ་བོ་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་རང་བཞིན་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་
འབྲས་བུ་བསྟན་པ་མིན། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན། །ཞེས་སོ། །མདོར་ན་དོན་དམ་པར་སྦྱང་གཞི་ཆོས་ཉིད་རང་ངོས་ནས་རྣམ་ཤེས་ཀྱི་ཆོས་གཟུང་འཛིན་གཉིས་སྣང་གློ་བུར་གྱི་དྲི་མས་བསྒྲིབས་བསལ་དག་ཟིན་གསུམ་གྱི་རྣམ་དབྱེ་བྱར་མེད་ཀྱང་། ཀུན་རྫོབ་འགྲོ་བའི་བློའི་རིམ་པར་སྒྲིབ་གཡོགས་ཀྱིས་བསྒྲིབས་པའི་སྐབས་སེམས་ཅན་དང་། སྒྲིབ་གཡོགས་དེ་བསལ་བཞིན་པའི་སྐབས་བྱང་ཆུབ་སེམས་དཔའ་དང་། བསལ་ཟིན་དག་པའི་སྐབས་སངས་རྒྱས་ཞེས་གནས་སྐབས་རིམ་པ་གསུམ་དུ་བྱུང་ཞིང་། རྡོའི་སྦུབས་ན་གནས་པའི་བཻཌཱུཪྱ་དང་། རྡོའི་སྒྲིབ་གཡོགས་བྲལ་བའི་བཻཌཱུཪྱ་གཉིས་ངོ་བོ་བདག་ཉིད་གཅིག་པ་ལྟར་གཞི་འབྲས་གཉིས་ཀྱང་དེ་དང་འདྲ་བས། གཞིའི་དྲི་མ་སྦྱོང་བྱེད་ཀྱི་ལམ་ཡང་གཞི་འབྲས་གཉིས་དང་རྗེས་སུ་མཐུན་པ་ཞིག་བསྒོམ་དགོས་པ་ཡིན་པས། རིག་པ་སྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆེན་པོ་ཀ་དག་གི་དགོངས་པ་ངོས་བཟུང་ནས་བསལ་བཞག་མེད་པར་བསྐྱང་བ་ལ་བསླབ་ཅིང་། ལམ་དང་འབྲས་བུའི་ངོ་སྤྲོད་ཀྱི་རྩ་བའང་གང་ངོ་སྤྲད་པར་བྱ་བའི་ཡུལ་གཞི་འདི་ལ་ཐུག་པས། གཞི་ཆོས་ཉིད་ཀྱི་དོན་ལ་ངེས་ཤེས་བསྐྱེད་པ་གལ་ཆེའོ། །གཉིས་པ་ལམ་ལ། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ངོ་སྤྲད་པ་གསུམ་ལས། དང་པོ་ལྟ་བའི་སྒོ་ནས་ངོ་སྤྲད་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །གདོས་པ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་གསལ་བའི། །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་སོགས་གསུངས་པ་ལྟར། འདི་ལྟར་སྣང་ཞིང་མྱོང་བའི་ཆོས་འདི་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་རང་གི་སེམས་ཀྱི་བག་ཆགས་འཁྲུལ་པ་ལས་སྣང་བ་ཙམ་མ་གཏོགས་ཕྱི་རོལ་ན་དོན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དངོས་པོ་གཅིག་ལའང་རིགས་དྲུག་སོགས་ལས་མི་མཐུན་པའི་འགྲོ་བ་སོ་སོ་ལ་སྣང་བ་རིས་སུ་མ་ཆད་པར་ཐ་དད་དུ་སྣང་བའི་
ཕྱིར་དང་། ཡུལ་སེམས་གཉིས་ཕར་ཚུར་དུ་འགྲོ་འོང་མེད་ནའང་། སེམས་ཀྱིས་ཡུལ་སྣང་ཉམས་སུ་མྱོང་བའི་ཕྱིར། ཡུལ་སྣང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ངེས་པ་རྙེད་པར་འགྱུར་ཞིང་། དེས་ན་བར་སྣང་གི་ནམ་མཁའ་སང་ངེ་བ་འདི་ལ་བརྟགས་ཤིང་དཔྱད་པས་སྐྱེ་འགག་གནས་གསུམ་དབྱིབས་ཁ་དོག་སོགས་སྣང་བའི་གོ་འབྱེད་པ་ཙམ་ལས་གཞན་འདི་ཞེས་ངོས་བཟུང་ཐམས་ཅད་ལས་འདས་པ་ལྟར། རང་གི་སེམས་ཁ་ནང་དུ་ཕྱོགས་ཏེ་བརྟགས་ཤིང་དཔྱད་པས་གང་དུའང་མ་མཐོང་། ཅིར་ཡང་མ་གྲུབ་པས་སྟོང་པ་ཉིད། གང་དུའང་ངོས་བཟུང་མེད་པས་སྤྲོས་བྲལ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལས་མི་འདའ་བས་གཉུག་མ༑ བློའི་དྲི་མས་མ་གོས་པས་ཀ་དག ཉམས་ཀྱི་ཞེན་པས་མ་བཅིངས་པས་ཡེ་གྲོལ། བསམ་མེད། བརྗོད་མེད། གནས་མེད། དམིགས་མེད། འགྲོ་མེད། འོང་མེད། དྲན་བསམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་གསལ་ཡུལ་མེད་དུ་རྗེན་ཅེར་གྱིས་མཐོང་བའི་རིག་པ་གཅེར་བུ་ལྷིང་ངོས་བཟུང་ལ་ར་བ་དེ་ཀ ང་བབས་སུ་སྐྱོང་བ་ནི་མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་ནམ་མཁའ་ལྟ་བུར་ངོ་སྤྲོད་པ་སྟེ། སུམ་ཅུ་རྩ་གསུམ་པའི་མདོ་ལས། ལྷའི་བུ་ཁམས་གསུམ་པོ་ནི་སེམས་ཙམ་དུ་ཟད་ལ། སེམས་དེ་ཡང་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་བྱེད་མ་ཡིན་པ་སྒྱུ་མ་ལྟ་བུ་སྟེ། སེམས་དེའང་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ནའང་མི་རྙེད་དེ། སེམས་གང་གིས་སེམས་ཡོངས་སུ་འཚོལ་བའི་སེམས་དེའང་མི་རྙེད་དོ། །དེ་སེམས་མི་དམིགས་པས་ཆོས་ཐམས་ཅད་མི་དམིགས་སོ། །ཞེས་དང་། ཀུན་བྱེད་ལས། སེམས་ཀྱིས་སེམས་ལ་ལྟ་རུ་མེད་པའི་ཕྱིར། །བལྟས་པས་མི་མཐོང་ཇི་བཞིན་ཉིད་དུ་ཞོག །ཅེས་དང་། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་དང་། སློབ་
དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ། །ཞེས་དང་། རྩ་བར་ཡང་། དེ་ལྟར་ཞིབ་ཏུ་བརྟགས་པས་སེམས་ཉིད་འདི༔ མ་སྐྱེས་མི་གནས་མི་འགག་ཁ་དོག་དང་༔ དབྱིབས་མེད་ངོ་བོ་ངོས་བཟུང་བྲལ་བ་ཡི༔ བརྗོད་མེད་ནམ་མཁའ་ལྟ་བུར་རིག་པའི་ཚེ༔ དེ་ཀའི་ངང་དུ་བཟོ་མེད་ལྷོད་ཀྱིས་ཀློད༔ ཅེས་འབྱུང་ངོ་། །དེ་ལྟར་བཞག་པའི་ངང་ལས་འགྱུ་དྲན་གྱི་རྟོག་པ་གང་ཤར་ཡང་དེ་ཀའི་རང་ངོ་ལ་རྩོལ་མེད་ཀྱི་དྲན་པས་ཆེར་གྱིས་བལྟས་ལ་བསལ་བཞག་མེད་པའི་ངང་དུ་ཀློད་པས་དྲན་རྟོག་རྗེས་མེད་དུ་ཡལ་ནས་བྱུང་ཚོར་གཞིར་ཐིམ་པ་ནི་རང་ཤར་རང་གྲོལ་ཏེ་རྦ་རླབས་ཆུར་ཐིམ་པ་ལྟ་བུའོ། །ཇི་སྐད་དུ། ཅེར་གྱིས་གྲོལ་བས་མཐོང་སར་ཡལ། ཞེས་གསང་བ་སྒྲ་རྒྱུད་ལས་གསུངས་སོ། །དེའང་མཉམ་བཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་འཛིན་གྱིས་མ་བསླད་པར་རང་གསལ་རྒྱ་ཡན་དུ་ཀློད་ཅིང་། རྗེས་ཐོབ་ཏུ་གང་སྣང་ཡང་སྟོང་པའི་རང་བཞིན། སྟོང་ཡང་འཆར་སྒོ་མ་འགགས་པར་སྣང་ལ། སྣང་ཡང་བདེན་པས་སྟོང་པ་སྒྱུ་མའི་འཁྲུལ་འཁོར་རམ་རྨི་ལམ་གྱི་སྣང་བ་ལྟ་བུར་ཤེས་པས་ཆགས་སྡང་དང་ཉོན་མོངས་པ་གྲོལ་བར་བྱེད་པ་སྟེ། ཏིང་འཛིན་རྒྱལ་པོ་ལས། སྒྱུ་མ་སྤྲུལ་པ་དྲི་ཟའི་གྲོང་ཁྱེར་དང་། །སྨིག་སྒྱུ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་ཏེ། རྗེས་ཐོབ་རིས་མེད་ཀྱིས་ཡེ་ཤེས་སྒྱུ་མ་ལྟ་བུར་ངོ་སྤྲད་པའོ། །དེ་ལྟར་རིག་པ་སྤྲོས་བྲལ་ངོས་བཟུང་མེད་པ་དེ་ཀ་རྩལ་སྣང་མ་འགགས་པའི་རོལ་པ་སྒྱུ་མ་ལྟ་བུར་འཆར་བས་མཉམ་རྗེས་དབྱེར་མེད་བདེན་གཉིས་ཟུང་འཇུག་ནི་སྣང་ཚུལ་མ་ཡིན། གནས་ཚུལ་ལམ་གནས་ལུགས་ཡིན་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད། སྙིང་རྗེའི་གདངས་རང་བཞིན་སྤྲོས་བྲལ་ངོས་བཟུང་མེད་པའི་ངང་དུ་ལ་ཟློ་བར་བྱ་སྟེ། ཟུང་འཇུག་མཆོག་ཏུ་མི་འགྱུར་བར་ངོ་སྤྲད་པའོ། །མདོར་ན་མཉམ་རྗེས་ཀུན་ཏུ་རིག་པ་ཕྱོགས་བྲལ་རྒྱ་ཡན་གསལ་སྟོང་རང་ཤར་རང་གྲོལ་གྱི་ངང་ལ་ཞེན་འཁྲིས་མེད་པར་བསྐྱངས་པས་རིག་པའི་རང་ངོ་གང་དུའང་མ་གྲུབ་པ་སྐྱེ་མེད་སྟོང་
པ་ཉིད་ཀྱི་ཆ་མེ་ལོང་གཡའ་མེད་པ་ནག་ལིང་ངེ་འདུག་པ་ལྟ་བུ་དེ་ཆོས་སྐུ། དེའི་རང་གདངས་སྙིང་རྗེ་ཆེན་པོ་བདེ་བའི་རྣམ་པར་འགག་མེད་དུ་འཆར་བ་སལ་ལེ་ཡེར་རེ་ཧྲིག་གེ་གསལ་ལ་དེར་འཛིན་གྱིས་མ་བསླད་པའི་ཆ་མེ་ལོང་གཡའ་བྲལ་གྱི་རང་བཞིན་སྒྲིབ་གཡོགས་མེད་པར་གསལ་སིང་ངེ་འདུག་པ་ལྟ་བུ་དེ་ལོངས་སྐུ། དེ་ལྟར་གསལ་བཞིན་དུ་སྟོང་། སྟོང་པའི་ངོ་བོ་གསལ་བ། གསལ་སྟོང་རང་བཞིན་དབྱེར་མི་ཕྱེད་པ་ཟུང་འཇུག་གི་རྩལ་རང་ཤར་རང་གྲོལ་དུ་འཆར་བའི་ཆ་མེ་ལོང་དྭངས་པ་ལ་གཟུགས་བརྙན་འཆར་བ་ལྟ་བུ་དེ་སྤྲུལ་པའི་སྐུ། དེ་གསུམ་རང་བཞིན་གྱིས་དབྱེར་མི་ཕྱེད་པའི་ཆ། གཡའ་བྲལ་གྱི་དྭངས་ཆ། གསལ་ཆ། འཆར ཆ་གསུམ་ཡང་མེ་ལོང་གི་ངང་དུ་རོ་གཅིག་པ་ལྟ་བུ་དེ་ཀ་ངོ་བོ་ཉིད་ཀྱི་སྐུ་སྟེ། གཉིས་མེད་རྣམ་རྒྱལ་ལས། སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགག་པ་མེད་པ་ལོངས་སྤྱོད་རྫོགས། །སྣ་ཚོགས་སྣང་བ་སྤྲུལ་པ་སྟེ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །ཞེས་སོ། །གཉིས་པ་སྒོམ་པའི་སྒོ་ནས་ངོ་སྤྲོད་པ་ནི། ཐོག་མར་ཏིང་ངེ་འཛིན་གྱི་རྒྱུ་ལ་ངོ་སྤྲད་དེ། ངེས་འབྱུང་གི་བློ་དང་ལྡན་པའི་གང་ཟག་ལུས་ངག་འདུ་འཛི་དང་སེམས་སྤྲོས་པས་མི་གཡེང་ཞིང་། དད་པ་དང་ཚུལ་ཁྲིམས་དང་ཆོག་ཤེས་པ་དང་སྒོ་གསུམ་བསྡམས་པ་སོགས་ཞི་གནས་སྐྱེ་བའི་སྤྱིའི་རྒྱུ་ཚོགས་དང་། ལམ་གྱི་སྣོད་རུང་དུ་སྒྲུབ་པའི་སྔོན་འགྲོ་དང་། དངོས་གཞི་ལུས་ཀྱི་གནད་ཆོས་བདུན། དབང་པོའི་གནད་ལྟ་སྟངས། ངག་གནད་རླུང་རང་སོར། སེམས་གནད་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་བསལ་བཞག་མེད་པར་ཡེངས་མེད་དུ་འཇོག་པའི་གནད་ཁྱད་པར་ཅན་རྣམས་ཡིན་ལ། དེ་ལྟར་བཞག་པ་ལ་བརྟེན་ནས་ཏིང་ངེ་འཛིན་རིམ་པར་སྐྱེ་བའི་ཚུལ་ལ་ངོ་སྤྲད་དེ། གནུབས་ཆེན་གྱིས་གཡོ་ཐོབ་གོམས་པའི་ཉམས་གསུམ་རི་གཟར་གྱི་འབབ་ཆུ་དང་། ཆུ་ཀླུང་དལ་འབབ། རྒྱ་མཚོའི་གཏིང་གི་དཔེ་གསུམ་གྱིས་མཚོན་ཏེ་གསུངས་ཀྱང་། བི་མ་ལས་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པར་ཉམས་ལྔར་གསུངས་པ་ལྟར་བཤད་ན། དང་པོ་གཡོ་བའི་ཉམས་ནི། བསྒོམས་པས་རྟོག་པ་མང་དུ་སོང་བ་སྙམ་བྱེད་པ་འབྱུང་བསྒོམ་སྐྱེ་སྙིང་འདོད་པས་རྟོག་པ་ངོ་ཤེས་པའི་ཉམས་ཏེ། དཔེ་རི་གཟར་གྱི་
འབབ་ཆུ་ལྟ་བུའོ། །དེ་ནས་ཐོབ་པའི་ཉམས་ནི། རྟོག་པ་ཡོང་འཕྲོ་ལ་ཅུང་ཟད་ཞི་མལ་ལེ་གནས་པ་འབྱུང་བ་རྣམ་རྟོག་ངལ་སོས་པའི་ཉམས་ཏེ། དཔེ་རོང་ཁུང་དོག་པོའི་འབབ་ཆུ་ལྟ་བུའོ། །དེ་ནས་གོམས་པའི་ཉམས་ནི། ཕལ་ཆེར་རྟོག་མེད་དུ་གནས་པ་ལས་རེས་འགའ་རྟོག་པ་བན་བུན་ཙམ་རེ་འབྱུང་བ་རྣམ་རྟོག་གི་ཐང་ཆད་པའི་ཉམས་ཏེ། དཔེ་མི་རྒན་པོའི་སྤྱོད་པ་ལྟ་བུའོ། །དེ་ནས་བརྟན་པའི་ཉམས་ནི། ཕལ་ཆེར་རྟོག་མེད་རྒྱ་འབྱམས་སུ་གནས་པ་ལ་རྐྱེན་གྱིས་ཅུང་ཟད་གནོད་པས་རྣམ་རྟོག་གིས་བསྐྱོད་དུ་ཡོད་པའི་ཉམས་ཏེ། དཔེ་མཚོ་ཆུང་བསིར་བུས་བསྐྱོད་པ་ལྟ་བུའོ། །དེ་ནས་མཐར་ཕྱིན་པའི་ཉམས་ནི། ཡུལ་སྣང་ལ་དེར་འཛིན་མེད་པའི་ངང་དུ་སེམས་སྤྲོ་བསྡུ་མེད་པར་དྭངས་སང་ངེ་ཡེ་རེ་ཝལ་ལེར་གནས་པ་ལ་རྐྱེན་གང་གིས་ཀྱང་མི་གནོད་པའི་སྟེང་དུ་སླར་ལ་བོགས་འབྱིན་པ་ན་རྣམ་རྟོག་གིས་བསྐྱོད་དུ་མེད་པ་རང་དབང་ཐོབ་པའི་ཉམས་ཏེ། དཔེ་མཚོ་ཆེན་རླབས་དང་བྲལ་བའམ་རི་བོ་ཆེན་པོ་ལྟ་བུའོ། །དེ་ནས་ཏིང་ངེ་འཛིན་གྱི་དྲོད་རྟགས་ལ་ངོ་སྤྲད་པ་ནི། བསྒོམས་པའི་སྟོབས་ཀྱིས་སྒོ་གསུམ་ཤིན་སྦྱངས་ཐོབ་པས་ལུས་ཡངས་ཤིང་བདེ་བ་དང་། ངག་རླུང་འཇམ་ཞིང་དལ་ལ་རྒྱུ་བ་མི་ཚོར་བ་སྙམ་བྱེད་པ་དང་། སེམས་མི་རྟོག་པའི་ངང་དུ་ཐིམ་པ་དང་། འདུས་བྱས་ཐམས་ཅད་བཅོས་མ་རྫུན་པར་མཐོང་བས་ཞེན་པ་རང་ལོག་ཏུ་སོང་སྟེ་ཆོས་བརྒྱད་མགོ་སྙོམས་པ་དང་། མེད་སྣང་སྒྱུ་མ་ལྟ་བུའི་འཁོར་བ་ན་རྒྱུ་ཞིང་སྤྱོད་པའི་སེམས་ཅན་རྣམས་ལ་ཉེ་རིང་མེད་པའི་སྙིང་རྗེ་བཅོས་མིན་དུ་སྐྱེ་བ་དང་། ལྟོ་གོས་ཀྱི་སེམས་ཁྲལ། ཚ་གྲང་། དཀའ་སླ༑ བདེ་སྡུག ཆགས་སྡང་། གཏམ་ངན་སོགས་གང་ལའང་ཇི་མི་སྙམ་པ་དང་། ཁྱད་པར་སེམས་ཟིན་པས་རླུང་ལྔ་ཟིན་པར་འགྱུར་ཞིང་། དེ་ཟིན་པའི་རྟགས་ཀྱང་ལུས་ཉམས། ངག་ཉམས། སེམས་ཉམས། རྨི་ཉམས། སྨིག་རྒྱུ་ལྟ་བུ་སོགས་མཐོང་ཉམས་ཀྱི་རྟགས་མཐའ་ཡས་པ་དང་། མངོན་ཤེས་ལྔ་དང་། ངེས་དོན་གྱི་ཆོས་སྨྲ་བ་ལ་སྤོབས་པ་ཐོབ་པ་སོགས་ཡོན་ཏན་གྱི་རྟགས་ཀྱང་མང་དུ་འབྱུང་སྟེ། ཉམས་རྟོགས་སྐྱེ་རིམ་དང་བསྟུན་ནས་ངོ་སྤྲོད་པ་གལ་ཆེའོ། །དེ་ནས་ཏིང་ངེ་འཛིན་རང་གི་ངོ་བོ་ལ་ངོ་སྤྲད་པ་ནི། ཞི་གནས་དང་ལྷག་མཐོང་སྟེ།
ཇི་སྐད་དུ། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་པས་བྱིང་རྒོད་རྣམ་རྟོག་གི་སྤྲོ་བསྡུ་མེད་པར་ཡུལ་སྣང་ལ་དེར་འཛིན་མ་ཞུགས་པའི་ངང་དུ་དྭངས་སང་ངེ་ཡེར་རེ་ཝལ་ལེ་སྟོན་གནམ་སྤྲིན་དང་བྲལ་བ་ལྟར་གསལ་སྟོང་དུ་ལྷན་ནེར་གནས་པ་ནི་ཞི་གནས། སྣང་ཡུལ་སྒྱུ་མ་ལྟར་རྟོགས་ལ་འཛིན་བྱེད་མ་ཞུགས་ཤིང་། རང་བཞིན་ནམ་མཁའ་ལྟར་རྟོགས་ལ་སྣང་ཡུལ་མ་འགགས་པའི་ཡེ་ཤེས་སྣང་སེམས་གཉིས་མེད་སྟོང་གསལ་སྤྲོས་པ་བྲལ་བའི་གནས་ལུགས་ཟང་ཐལ་རྗེན་པར་མཐོང་བ་ནི་ལྷག་མཐོང་སྟེ། དེའང་རྟོག་ཚོགས་རང་སར་ཞི་བའི་གནས་ཆ་ཞི་གནས། ཡིན་ལུགས་རྗེན་པར་མཐོང་བའི་གསལ་ཆ་ལྷག་མཐོང་། ཐ་དད་མེད་པར་ངོ་བོ་གཅིག་པས་ཟུང་འཇུག་གཅིག་གི་རང་བཞིན་དུ་ལྷུན་གྱིས་གྲུབ་པར་ཐག་བཅད་དོ། །དེའང་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། སྐྱེ་བ་པོ་ཡི་ཞི་གནས་དང་། །ལྷག་མཐོང་གོམས་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང་། །མཚན་མའི་འཆིང་ལས་གྲོལ་བར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། ཞི་གནས་ཀྱིས་ནི་ཉོན་མོངས་མགོ་ནོན་ལ། །ལྷག་མཐོང་གིས་ནི་ཉོན་མོངས་རྩ་བ་འབྱིན། །ཞེས་སོ། །དེ་ཡང་རྣམ་རྟོག་གང་ཤར་ལ་རྩོལ་མེད་ཀྱི་དྲན་པས་བལྟས་པས་རང་ཞིར་སོང་ནས་ཤར་གྲོལ་དུས་མཉམ་པའི་ཚེ། ཤར་གྲོལ་རིག་པ་གསལ་དག་རྗེན་སང་ངེ་བ་དེ་ལྷག་མཐོང་དང་། གང་ཤར་རང་ཞིའི་ཆ་དང་རིག་དྭངས་དང་བཅས་པ་ལ་གནས་པ་དེ་ཞི་གནས་སོ། །མདོར་ན་ཚོགས་དྲུག་གི་ཡུལ་མི་དགག་པར་སྒོ་ལྔ་རང་ཡན་དུ་ཀློད་ལ། རིག་པའི་ངང་ཤེས་པས་ཡུལ་ཕྱིར་མི་འབྲང་བ། གསལ་དྭངས་ཕྱེད་པ། རེ་དོགས་བཅོས་བསླད་མེད་པའི་སོ་མར་ཉམས་སུ་བླངས་པས་ཡུལ་སྣང་དང་འཛིན་སེམས་མ་སྤངས་རང་སར་གྲོལ། སྣང་སེམས་གཉིས་མེད་དུ་གྲོལ་ནས་ལྷའི་མིག་ལ་སོགས་པའི་མངོན་ཤེས་ལྔ་ཡང་ཚེགས་མེད་པར་འཐོབ་པར་འགྱུར་ཞིང་། སྒོམ་པའི་དུས་ཀྱི་རིག་པ་སྟོང་གསལ་ཤར་གྲོལ་དབྱེར་མེད་ཀྱི་ཆ་ཤས་རྣམས་ཀྱང་ངོས་བཟུང་ལ་སྐུ་བཞི་དང་སྦྱར་ཏེ་ངོ་སྤྲོད་ཚུལ་ལྟ་བའི་སྐབས་བཞིན་དང་། མཉམ་བཞག་
ཏུ་ཡིན་ལུགས་ལ་བཟླ་བ་དང་། རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སོགས་ཀྱང་མ་འདྲེས་པར་ངོ་སྤྲད་དོ། །གསུམ་པ་སྤྱོད་པའི་ངོ་སྤྲོད་ནི། སྔར་ལྟ་བ་ལ་བཟླའི་སྐབས་ཆོས་ཐམས་ཅད་སྒྱུ་མའི་སྣང་བ་ལྟར་མེད་པ་གསལ་སྣང་ཙམ་དུ་ཐག་ཆོད་མོད་ཀྱི། འོན་ཀྱང་སྤྱོད་པ་ཤན་འབྱེད་ཀྱི་སྐབས་འདིར་ཤེས་པར་བྱ་བ་ལ། ཇི་སྲིད་བདག་འཛིན་གྱི་རྟོག་པ་དབྱིངས་སུ་མ་ནུབ་ཀྱི་བར་དེ་སྲིད་དུ་མེད་བཞིན་དུའང་ལས་ཀྱི་འབྲས་བུ་མི་བསླུ་བར་འབྱུང་བ་ཡིན་ཏེ། དཔེར་ན་རྨི་ལམ་དུ་མེ་སྣང་བའི་ཚེ་དེ་ལ་དུ་བ་ཡང་འཁྲུལ་སྣང་ལ་འཆར་བ་བཞིན་ནོ། །དེས་ན་གང་ལའང་འཛིན་ཞེན་མེད་པའི་ངང་ནས་དགེ་སྡིག་གི་བླང་དོར་མ་ནོར་བར་སྤྱོད་ཅིང་། སྡོམ་གསུམ་འགལ་མེད་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་དགོས། དེའང་གནད་བསྡུས་ན༑ སོ་ཐར་གྱི་བསླབ་བྱ་དངོས་དང་བརྒྱུད་པའི་སྒོ་ནས་གཞན་གནོད་ཆ་དང་བཅས་པ་སྤོང་། བྱང་སྡོམ་གྱི་བསླབ་བྱ་བདག་བས་གཞན་གཅེས་ཀྱི་ལྷག་བསམ་ལྡན་པས་ཕན་པ་སྒྲུབ། སྔགས་སྡོམ་གྱི་བསླབ་བྱ་སེམས་ཅན་ཐམས་ཅད་ཀྱི་གཉུག་སེམས་སྒྲིབ་བྲལ་རྡོ་རྗེ་གསུམ་གྱི་ལྷར་ཡེ་ནས་རྫོགས་པས་དག་སྣང་དང་མོས་གུས་བྱ་ཞིང་། ཁྱད་པར་བླ་མ་དམ་པ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་པས་མོས་གུས་དང་ཞབས་ཏོག་ལ་ཚད་བཟུང་མེད་པའི་སྒོ་ནས་བསྟེན་པར་བྱ་སྟེ། སྤྱོད་པ་དུས་ཚོད་དང་འབྲེལ་བའི་བར་བསླབ་པ་ཞེས་བྱའོ། །གསུམ་པ་འབྲས་བུའི་ངོ་སྤྲོད་ནི། རིན་ཆེན་རྒྱ་མཚོ་ལས། འོད་གསལ་བ་ནི་རྣམ་པ་བཞི། །རྫོགས་ནས་ཡེ་ཤེས་ཆེན་པོའི་ས། །སྣང་བ་རྣམ་པར་མི་རྟོག་པ། །མཆེད་པ་ཡེ་ཤེས་སྒྱུ་མ་སྟེ། །ཐོབ་པ་དམ་པ་འཕགས་པའི་ལམ། །ཉེ་བར་ཐོབ་པས་རྫོགས་པའོ། །ཞེས་པས། ཡེ་ཤེས་བཞིའི་རིམ་པས་སློབ་པའི་ལམ་བཞི་བགྲོད་ཚུལ་བསྟན་ཏེ། དེའང་ཞི་ལྷག་ཟུང་འཇུག་གི་ལམ་བསྒོམས་པས་སེམས་ཉིད་གཉུག་མའི་ངང་དུ་བློའི་འཇུག་པ་ཞི་ནས་དྭངས་གསལ་གཡོ་མེད་ཀྱི་ཡེ་ཤེས་ཐོག་མར་སྐྱེས་པ་ནི་འོད་གསལ་དང་པོ་སྣང་བའི་ཡེ་ཤེས་ཏེ་
ཐར་པའི་ལམ་སྣ་ཟིན་ཅིང་ཚོགས་ལམ་གྱི་ཡོན་ཏན་རྣམས་རིམ་པར་འཆར། དེ་ནས་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་སྔ་མ་ལས་ཆེས་ཆེར་གོམས་པས་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ཤིང་ཆོས་ཐམས་ཅ ད་ཀྱི་རང་བཞིན་རོ་གཅིག་ཏུ་རྟོགས་པ་ནི་འོད་གསལ་གཉིས་པ་མཆེད་པའི་ཡེ་ཤེས་ཏེ་སྦྱོར་ལམ་གྱི་ཡོན་ཏན་རྣམས་ཐོབ་བོ། །དེ་ནས་ཆེས་ཆེར་གོམས་པས་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཟག་པ་མེད་པ་དང་པོར་མཐོང་བ་ནི་འོད་གསལ་གསུམ་པ་ཐོབ་པའི་ཡེ་ཤེས་ཏེ་ས་དང་པོ་མཐོང་ལམ་གྱི་ཡོན་ཏན་རྣམས་ཐོབ་བོ། །དེ་ནས་ཆེས་ཆེར་གོང་དུ་འཕེལ་བས་མཐོང་ཟིན་གོམས་པར་བྱེད་པ་ནི་འོད་གསལ་བཞི་པ་ཉེ་བར་ཐོབ་པ་ཞེས་བྱ་བའི་ཡེ་ཤེས་ཏེ་སྒོམ་ལམ་དགུའི་ཡོན་ཏན་རྣམས་རིམ་པར་འཆར་ཞིང་ལྷན་ཅིག་སྐྱེས་པ་ས་དགུའི་དྲི་མ་རྣམས་སྦྱོང་བ་ཡིན་ནོ། །དེ་ཡང་ལངྐར་གཤེགས་པ་ལས། ས་བདུན་པོ་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་མཆོག་དང་ནི་སངས་རྒྱས་ལ། །དེ་དག་ང་ཡི་རང་བཞིན་ནོ། །ཞེས་པས། ས་བདུན་པ་མན་ཆ ད་རྗེས་ཐོབ་ཏུ་སེམས་སུ་འཛིན་པ་ཅུང་ཟད་དང་། བརྒྱད་པར་དེ་ཉིད་དབྱིངས་སུ་དག་ཀྱང་སྣང་མེད་ཀྱི་དབུ་མ་ལ་ཞེན་པའི་ཆ་ཅུང་ཟད་ཡོད་ཅིང་། དགུ་པ་དང་བཅུ་པར་དེ་ཡང་དག་ནས་མཉམ་རྗེས་ལ་གསལ་མི་གསལ་གྱི་ཆ་ཕྲ་མོ་ཙམ་དང་བཅས་པའི་ཆོས་ཉིད་ཇི་བཞིན་པའི་དོན་མངོན་དུ་འགྱུར་བར་གསུངས་ལ༑ དེ་ནས་མཐར་ཐུག་གི་འབྲས་བུ་ནི། ས་བཅུའི་མཐའ་མར་རྒྱུན་མཐའི་ཡེ་ཤེས་ཀྱིས་ཆེས་ཕྲ་བའི་གཉིས་སྣང་དང་འགྱུར་བདེའི་བག་ཆགས་ཕྲ་མོ་བཅོམ་ནས་རྫོགས་པའི་སངས་རྒྱས་མངོན་དུ་མཛད་ཅིང་། དེ་ཡང་རྒྱུད་བླར། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་རྗེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཅེས་པས། ལམ་མཉམ་བཞག་ཡེ་ཤེས་ཀྱི་བྲལ་འབྲས་སྤངས་པ་ཕུན་སུམ་ཚོགས་པ་རྣམ་པར་གྲོལ་བའི་སྐུ་དང་། རྗེས་ཐོབ་ཡེ་ཤེས་ཀྱི་བྲལ་འབྲས་རྟོགས་པ་ཕུན་སུམ་ཚོགས་པ་ཡང་དག་པའི་སྐུའོ། །དེའང་སྒྲིབ་པ་སངས་
པའི་ཚེ་དབྱིངས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པའི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ཆ་དེ་ཆོས་ཀྱི་སྐུ། དེའི་རང་གདངས་འགག་མེད་ཆོས་སྐུ་དང་ངོ་བོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། དེ་གཉིས་དབྱེར་མེད་པའི་རྩལ་སྣང་གདུལ་བྱ་གཞན་སྣང་དུ་སྐུ་དང་མཛད་པའི་རྣམ་པར་རོལ་པ་སྟོན་པར་བྱེད་པའི་ཐུགས་རྗེ་དང་ནུས་པའི་ཡེ་ཤེས་ནི་སྤྲུལ་པའི་སྐུ། དེ་ལྟར་རང་རྒྱུད་ཀྱིས་བསྡུས་པའི་སྐུ་གསུམ་པོ་དེ་ཉིད་དབྱིངས་ཡེ་ཟུང་འཇུག་གི་ངོ་བོར་རོ་གཅིག་ཏུ་འདུས་པ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོར་བཞུགས་ཤིང་། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་སྐུ་གཉིས་ཀྱི་མཐུ་ལས་རྒྱལ་སྲས་སར་གནས་རྣམས་དང་། སེམས་ཅན་གྱི་ཚོགས་ལ་གཞན་སྣང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་རྣམ་པ་མཐའ་ཡས་པར་བསྟན་ནས་དོན་མཛད་པ་ཡིན་ནོ། །འབྲས་བུ་དེ་དག་ཐོབ་པའི་དུས་ནི། དབང་པོ་རབ་ཚེ་འདིར་གྲོལ་ཏེ། དེ་ལའང་དབང་པོའི་རིམ་པས་རབ་ལོ་གསུམ། འབྲིང་ལོ་ལྔ། ཐ་མས་མི་ལོ་བདུན་ལ་གྲོལ་བར་གསུངས་ཤིང་། དབང་པོ་འབྲིང་བར་དོར་གྲོལ་ཚུལ་ནི། འབྱུང་བ་ཕྲ་རགས་དང་འོད་གསལ་གཞིའི་ཐིམ་རིམ་གྱིས་ཆོས་སྐུའི་འོད་གསལ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་པས་ངོས་ཟིན་ཏེ་བར་དོ་དང་པོ་ལ་གྲོལ་བར་འགྱུར་ལ། དེར་མ་གྲོལ་ན་སྙིང་གའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་བཞུགས་པའི་གནད་ཀྱིས་རིགས་ལྔ་ཚོམ་བུའི་སྣང་བ་འཆར་ཏེ། དེར་མ་པང་དུ་བུ་འཇུག་པ་ལྟར་ངོ་འཕྲོད་ནས་བར་དོ་བར་པ་ལ་གྲོལ་ལོ། །དེར་ངོ་མ་འཕྲོད་ཀྱང་སྔར་གདམས་པའི་གནད་མཐོང་བ་ཡིན་ན་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱི་མཐུས་བར་དོ་མཐའ་མ་ལ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་ཕྱུང་སྟེེ་གྲོལ་བའོ། །དབང་པོ་ཐ་མ་རྣམས་ནི། བར་དོ་དང་པོ་དང་བར་པ་ལ་གྲོལ་བར་མ་ནུས་པས་འབྱུང་བཞི་ཕྲ་བའི་ལུས་བླངས་ཏེ་སྲིད་པ་བར་དོར་རྨི་ལམ་གྱི་སྣང་བ་ལྟར་འཁྱམས་ཤིང་། སྐྱེ་གནས་ལ་སྲེད་པ་སྐྱེས་པས་མཚམས་སྦྱར་ནས་མཐོ་རིས་ཀྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་སྟེ། སྔ་མའི་ལམ་གྱི་འཕྲོ་
མཐུད་ནས་ཚེ་དེ་ཉིད་ལ་གྲོལ་བར་འགྱུར་ཞིང་། གལ་ཏེ་ཟབ་མོའི་ལམ་འདི་ལ་ཞུགས་རྗེས་སྒོམ་པའི་རྩོལ་བ་ཞན་པར་གྱུར་ཀྱང་སྡིག་ལྟུང་གིས་མ་གོས་ན་ཤིན་ཏུ་འགྱངས་ནའང་སྐྱེ་བ་བདུན་ནས་མཆོག་འགྲུབ་པར་གསུངས་པས་ཚེ་འདིའི་བདེ་བ་ལ་མ་ཞེན་པར་ཟབ་མོའི་ལམ་སྒོམ་པ་ལ་བརྩོན་པར་བྱ་བ་ཤིན་ཏུ་གཅེས་སོ། །ཞེས་རྫོགས་རིམ་ངེས་དོན་སྙིང་པོའི་ཁྲིད་ཀྱི་ངོ་སྤྲོད་མདོར་བསྡུས་པ་འདིའང་ཟབ་ལམ་ལ་གཅིག་ཏུ་མོས་པའི་དགེ་སློང་སྤོང་བ་པ་བློ་ལྡན་ལྷུན་གྲུབ་ལ་སོགས་པ་དོན་དུ་གཉེར་བ་ཅན་མང་པོས་བསྐུལ་ཞིང་། ཁྱད་པར་བཀའ་དྲིན་མཉམ་མེད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་གཏེར་ཆེན་བླ་མ་མཆོག་གི་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས། གང་གི་ཕྱག་བཞེས་ཀྱི་རྒྱུན་ལྟར་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་དུ་མས་བརྒྱན་པ་གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་ཆེན་པོར་ཟིན་ཐུན་དུ་སྤེལ་བ་སྟེ། གཉོས་ཀྱི་བན་ཆུང་རྨོངས་པ་དྷརྨ་ཤྲཱིའི་སུག་ལས་སོ། །འདིས་ཀྱང་ཟབ་ལམ་གྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ།། །།