དབང་ཆོག་གནམ་ལྕགས་དྲག་མེ།
ཀླུ་བདུད་ནག་པོའི་གདམས་པ་ལས༔ དབང་ཆོག་གནམ་ལྕགས་དྲག་མེ་བཞུགས༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ༔ དབེན་པའི་གནས་སུ་དཀྱིལ་འཁོར་ནི༔ སྒྲུབ་པའི་གཞུང་ལྟར་བཤམས་ནས་ཀྱང་༔ གཡས་སུ་གྲི་གུག་གཡོན་སྦྲུལ་ཞགས༔ ཀླུ་དང་ཁྱུང་གི་ཙཀ་ལི་བསགས༔ སྨན་རག་མཆོད་པ་སྣ་ཚོགས་བཤམས༔ ལས་གཞུང་བསྲང་ཞིང་བསྙེན་སྒྲུབ་གསོ༔ ཏིང་འཛིན་བསྐྱེད་ཅིང་དམིགས་པ་བསྒྱུར༔ ཀླུ་དང་ས་བདག་དབང་བསྡུས་ནས༔ ཟིལ་གྱིས་མནན་ཅིང་བཀའ་ཉན་བསམས༔ བུམ་པ་བསང་སྦྱངས་སློབ་མ་བཀྲུ༔ བགེགས་གཏོར་བསྔོ་ཞིང་མཚམས་གཅོད་བྱ༔ དབང་ཡོན་གོ་ཁྲབ་མཎྜལ་དབུལ༔ དབང་དོན་མཚམས་སྦྱོར་ལོ་རྒྱུས་སྤྲོ༔ སློབ་དཔོན་ལྷར་གསལ་གསོལ་བ་གདབ༔ ཀྱེ་ཁྲོ་བོའི་རྒྱལ་པོ་འབར་བའི་སྐུ༔ གདུག་པ་འདུལ་མཛད་ཧེ་རུ་ཀ༔ འབར་བ་དབང་གི་དཀྱིལ་འཁོར་དུ༔ བདག་ནི་སྨིན་པར་མཛད་དུ་གསོལ༔ ལན་གསུམ༔ ལན་སྦྱིན་པ་ནི༔ ཧཱུྃ༔ ང་ནི་དཔལ་ལྡན་ཧེ་རུ་ཀ༔ ཁྱོད་ཅག་རྡོ་རྗེའི་བུ་ཡིན་ནམ༔ དམ་ཚིག་བཀའ་ལས་མི་འདའ་ཞིང་༔ ཚུལ་བཞིན་སྒྲུབ་པར་བརྩོན་ནུས་སམ༔ ལན་གསོལ་བ༔ དགོངས་ཤིག་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ བདག་ནི་གསང་བའི་ཆོས་ལ་དད༔ བཀའ་ལས་མི་འདའ་དམ་ཚིག་བསྲུང་༔ ལུས་སྲོག་འབེན་བཙུགས་སྒྲུབ་ལ་བརྩོན༔ ཁྱེད་ཀྱིས་རྗེས་སུ་འཛིན་པར་ཞུ༔ དེ་ནས་དམ་ཆུ་བླུད་དེ༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་རྡུལ་དུ་བརླག༔ དེ་བས་ཁྱོད་ཀྱིས་དམ་ཚིག་སྲུངས༔ ནཱ་ག་རཀྴ་ཙིཏྟ་ནི་ཧཱུྃ༔ དེ་ནས་མགོ་ལ་རྡོ་རྗེ་བཞག་སྟེ༔ ཧཱུྃ༔ ང་ནི་རྡོ་རྗེ་འཛིན་པ་སྟེ༔ རྡོ་རྗེ་འཆང་དབང་ང་ཡི་བཀའ༔ ཁྱོད་ཀྱིས་ཚུལ་བཞིན་རྟག་ཏུ་སྲུངས༔ ནམ་ཡང་འདའ་བར་མ་བྱེད་རྒྱ། ས་མ་ཡ་བཛྲ་ཧཱུྃ༔ སྐྱབས་སེམས་ཕོག་ལ་ཡེ་ཤེས་དབབ༔ ཏིཥྛ་བཛྲ་མེ་ཏོག་འཐོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཏོར་མ་ལག་ཏུ་ཐོགས༔ སློབ་བུའི་མགོར་བཞག་འདི་སྐད་དོ༔ ཧཱུྃ༔ ཁྲོ་རྒྱལ་དྲག་པོ་ཧེ་རུ་ཀ༔ སྐུ་དང་གཉིས་མེད་གཏོར་མའི་དབང་༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ ཀླུ་བདུད་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཕེ་ལཾ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་མགྲིན་པར་བཞག༔ ཧཱུྃ༔ ཁྲོ་རྒྱལ་དྲག་པོ་ཧེ་རུ་ཀ༔ གསུང་དང་གཉིས་མེད་གཏོར་མའི་དབང་༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཕེ་ལཾ་ཧཱུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་སྙིང་གར་བཞག༔ ཧཱུྃ༔ ཁྲོ་རྒྱལ་ཀླུ་བདུད་མགོ་དགུ་པ༔ དེ་རིང་ཁྱོད་ཀྱི་སྙིང་ལ་ཤར༔ ཙིཏྟ་ཐུགས་ཀྱི་དབང་ཐོབ་ནས༔ བསྐྱེད་རྫོགས་ལས་སུ་རུང་བར་ཤོག༔ ཨཱོཾ་ཕེ་ལཾ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྱག་མཚན་ལག་ཏུ་གཏད༔ ཧཱུྃ༔ གནམ་ལྕགས་གྲི་གུག་རྡོ་རྗེ་གྲི༔ སྦྲུལ་ཞགས་ཀླུ་རྣམས་འཆིང་ཞིང་སྡོམ༔ ཡོན་ཏན་ཕྱག་རྒྱས་དབང་བསྐུར་བས༔ ཁྲོ་རྒྱལ་དྲག་པོའི་དབང་ཐོབ་ཤོག༔ རྩ་སྔགས༔ རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱ་ཁྱུང་གནས་ལྔར་བཞག༔ ཧཱུྃ༔ ཐུགས་ལས་སྤྲུལ་པའི་བྱ་ཁྱུང་སྐུ༔ ཁྱོད་ཀྱི་གནས་ལྔར་རྒྱས་བཏབ་པས༔ གཟའ་ཀླུ་དབང་བསྡུས་ཟིལ་གྱིས་གནོན༔ རྡུལ་དུ་བརླག་པའི་དབང་ཐོབ་ཤོག༔ ཨཱོཾ་ཁྲོཾ་གྷ་རུ་ཌ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀླུ་རྣམས་གདན་དུ་དབུལ༔ ཧཱུྃ༔ རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས༔ གདོལ་པ་ལ་སོགས་ཀླུ་ཆེན་རྣམས༔ དེ་རིང་ཁྲོ་རྒྱལ་གདན་དུ་སྦྱིན༔ འཕྲིན་ལས་འགུགས་འཆིངས་སྦྱོར་སྒྲོལ་དབང་༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོཾ་ཕེ་ལཾ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དཔལ་གཏོར་སྤྱི་བོར་བཞག༔ ཁྲོ་བོ་ཆེན་པོའི་བདེན་སྟོབས་དང་༔ བཀའ་གཏད་བྱ་ཞིང་ཤིས་པ་བརྗོད༔ དམ་ཚིག་བསྲུང་ཞིང་བསྙེན་སྒྲུབ་འབུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བའི་སྙིང་ཞུན་འདི༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས༔ བཀའ་རྒྱ་བཏབ་སྟེ་བདག་ལ་གནང་༔ བདག་གིས་གཅེས་ཤིང་སྙིང་ལ་གབ༔ འོན་ཀྱང་ཆོས་རྒྱལ་སྐུ་ངོ་ཆེ༔ བར་ཆད་རྐྱེན་འཕྲང་སེལ་ཕྱིར་གདམས༔ འདི་ནས་མ་འོངས་ཕྱི་མའི་དུས༔ རྒྱལ་པོས་རྐྱེན་བྱས་ས་བདག་དང་༔ ཁྱད་པར་ཀླུ་ཡི་གནོད་པ་སྡང་༔ ཙི་ཙི་ཛྭ་ལས་མི་ཕྱེད་འཆི༔ དེ་དུས་ཐུགས་སྲས་ཀླུ་དབང་གི༔ སྐྱེ་བས་ཆོས་འདི་རྙེད་ནས་ཀྱང་༔ བསྟན་དང་སེམས་ཅན་དོན་བྱེད་ཤོག༔ དྲག་སྒྲུབ་ཕུར་པའི་ཆོས་སྐོར་དང་༔ བཀའ་འདི་ཐིག་ལེ་རྩལ་གྱིས་སྲུངས༔ ས་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ བདག་སྤྲང་བནྡྷེ་སཱུརྱ་ཀཱིརྟིས་ནགས་ཤོད་ཅི་མདའ་བྲག་དམར་ཞེས་བྱ་བ་ནས་ས་རྟ་ལ་གདན་དྲངས་ཤིང་ལྕགས་སྤྲེལ་ལ་ཁམས་སྲིང་མོ་རྫོང་གི་ཆགས་རི་ཨོ་རྒྱན་སྒྲུབ་ཕུག་གི་ཀེ་ཚང་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། མངྒ་ལཾ།། །།