ཉིན་ལྔ་བའི་ཆོས་ཁྲིད།
མཚམས་སྦྱོར་གྱི་གདམས་ངག
ཇི་སྐད་དུ་རྫ་དཔལ་སྤྲུལ་རིན་པོ་ཆེས། ཡིད་མཐུན་མི་ཡུལ་ལྗོངས་ན་ལས་དབང་གིས་འདུས་ནས། །བརྩེ་གདུང་ཉམས་དགའ་བཅང་བའི་དགའ་སྟོན་ལ་རོལ་ཀྱང་། །ཟློག་མེད་སྔོན་ལས་དྲག་པོས་བསུ་མ་ཞིག་སླེབ་ཚེ། །དབང་མེད་ཤི་གསོན་སྣང་བ་སོ་སོ་རུ་བྲལ་སོང་། །ཞེས་གསུངས་པ་ལྟར། ལས་གཅིག་གིས་བསྐོས་པའི་མི་དག་འཇིག་རྟེན་མི་ཡུལ་འདིར་མཉམ་དུ་འདུས་ཏེ། ཕ་མ་མིང་སྲིང་། སྤུན་དང་ཤ་ཉེ། བུ་དང་ཚ་བོ་སོགས་ལ་འབྲེལ། ཕན་ཚུན་གཅིག་གིས་གཅིག་ལ་བརྩེ་དུང་དང་དགའ་ཞེན། ཟས་ཞིམ་པོ་ཞིག་ཡོད་ན་དེའི་ཁ་ལ་འགྲོ་དགོས། གོས་ཡག་པ་ཡོད་ན་དེ་ལ་སྐོན་དགོས། གཏམ་སྙན་མོ་ཞིག་གོ་ན་དེ་ལ་བཤད་དགོས་བསམ་ནས། འདང་དང་འདུན་པ། ཉིན་ལམ་ཟླ་ལམ་ཞིག་ལ་སོང་ན་འགྲོ་བ་པོས་ཤུལ་མི་ལ་སེམས་འཁྲེང་། ཤུལ་མ་རྣམས་ཀྱིས་འགྲོ་བ་པོ་ཕྱིར་ཁྱིམ་ལ་མ་འཁོར་གྱི་བར་དུ་ཕན་ཚུན་གཅིག་གིས་གཅིག་ལ་སེམས་འཁྲེང་ཞིང་། ལོ་བརྒྱ་ལ་མཉམ་དུ་བསྡད་ཀྱང་ད་དུང་འབྲལ་མི་ཕོད་པའི་བརྩེ་གདུང་དང་དགའ་ཞེན་འཁོར་བའི་འཆིང་ཐག་གིས་བཅངས་ཡོད། འོན་ཀྱང་ཟློག་མེད་སྔོན་ལས་དྲག་པོ་བྲག་གཟར་མོའི་རྦབ་ཆུ་ཐུར་ལ་བརྒྱུགས་ན་གྱེན་ལ་ལྡོག་མི་ཐུབ་པ་ལྟར་དང་། དགོང་ཕྱི་དྲོའི་ཉི་མ་ནུབ་ཏུ་སོང་ན་ཕྱིར་འཐེན་མི་ཐུབ་པ་ལྟར། འཆི་བདག་གཤིན་རྗེའི་བསུ་མ་སྙིང་རྗེ་མེད་པ་དེ་སྔོན་དུ་བསླེབ་དུས། ངའི་དྲིན་ཆེ་བའི་ཕ་ལོ་ལ་སྐད་ཆ་ཚིག་གཅིགལན་རིང་བའི་མ་ལོ་ལ་སྙིང་གཏམ་ལན་གཅིག ཤ་ཕུ་ནུ་བཟའ་ཟླ་ཚོང་རོགས་ལ་མཇུག་མཐའི་གཏམ་ཚིག་གཅིག་བཤད་དགོས་རུང་བཤད་ས་མེད་པར་དབང་མེད་གཤིན་རྗེའི་ཞགས་ནག་སྐེ་ལ་བསྐོན་ནས་ཤི་གསོན་སྣང་བ་ཁ་ཁ་ཕྱེས་ཏེ་འབྲལ་རྒྱུ་འདི་ཡིད་རེ་སྐྱོ་གསུངས་པ་རེད། ད་དུང་ཁོང་གིས་གསུངས་པ། སྔར་ཞིག་ཡུན་རིང་འགྲོག་པའི་ཕ་མ་དང་གཉེན་བཤེས། །བརྩེ་གདུང་སྙིང་ལ་བཅགས་པ་དུ་མ་ཞིག་ཡོད་ཀྱང་། །ད་ཙམ་གར་ཡོད་འདིར་ཡོད་ཕྱོགས་མགོ་རང་མི་ཤེས། །སྐྱིད་སྡུག་ཅི་རང་ཡོད་སྙམ་སེམས་པ་རང་སྐྱོའོ། །ཞེས་གསུངས། སྔར་འཇིག་རྟེན་ཁམས་ཀྱི་ས་ཆ་སྐྱིད་ཟེར་ན་དབང་མེད་འཁོར་བའི་སེམས་ཅན་མོད། འོན་ཀྱང་སྡུག་ཟེར་ནའང་མཐོ་རིས་མིའི་ལུས་རྟེན། སྐྱིད་ལ་སྡུག་པ་དགའ་སྡུག་འདྲེས་མའི་འཇིག་རྟེན་འདི་ནས། ཕ་དང་མ་ལ་འབྲེལ། བུ་དང་ཚ་བོར་འབྲེལ། སྤུན་དང་མིང་སྲིང་གི་འདུ་ཤེས་རེ་ཡོད་སོང་པས་ཞག་རེ་སོང་ན་འབྲལ་མི་ཕོད། སེམས་བསམ་པ་འཁྲེང་ས། ཤིན་ཏུ་གཅེས་པའི་མི་དེ་ཚོ་གློ་བུར་དབང་མེད་དུ་དུས་ཀྱི་ཕོ་ཉས་ཕྱི་མའི་ལམ་ཆེན་ལ་ཁྲིད་ཤོར་བ་ཡིན་པས། དེ་ཚོ་ད་སྐབས་གང་ཞིག་ཏུ་ཡོད་པ་ཡིན། ཤི་བར་དོའི་སྐབས་སུ་སྐྲག་དངངས་ཅི་འདྲ་ཞིག་མཐོང་ཡོད། ཤི་གསོན་དབུགས་ཀྱི་འགྲོ་འོང་མིད་པ་དཀར་ནག་གི་མཚམས་ནས་ཆད་དུས། གནད་གཅོད་ཀྱི་སྡུག་བསྔལ་གནམ་ས་རི་ལོག་གི་སྣང་བ་ཅི་འདྲ་འདྲ་ཞིག་ཤར་ཡོད། དབུགས་འདོམ་གང་ཕྱིར་འཕངས་ཏེ་དཀར་དམར་སྙིང་ཁ་ནས་འཕྲད་པའི་བར་ལ་རྣམ་ཤེས་བརྒྱལ་དུས། ཆོས་ཉིད་རང་ངོ་ཤེས་པའི་གདམས་པ་ནི་དེ་ལ་མེད། འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་ལ་བསླེབས་དུས། ལྷ་དང་བླ་མ་དཀོན་མཆོག་གིས་སྐྱབས་མགོན་སྐྱོར་མ་རེ་གནང་ཡོད་དམ། ཆོས་ཉིད་ཀྱི་རང་སྒྲ། འཇའ་འོད་ཀྱི་ཟེར་ཐགརྒྱལ་བ་ཞི་ཁྲོའི་སྐུའི་སྣང་བ་ཤར་དུས། སྐུའི་སྣང་བས་སྐྲག་ཟེར་གྱི་འོད་ཀྱིས་དངངས་སོང་ཨེ་ཡོད། ཚེ་འདིར་གདམས་ངག་ཉམས་ལེན་གྱི་གནད་ནི་མེད་པས་ཅི་ཡིན་འདི་ཡིན་མེད་པའི་སྐྲག་དངངས་འདར་གསུམ་གྱི་ངང་ནས་སྲིད་པ་བར་དོར་ཁ་འཁྱམས་སོང་ལོས་ཡོད། དེ་དུས་ཤུལ་མི་བདག་པོས་སྡུག་མཆི་མ་གཉིས་ཀ་དང་བསྒྲགས་ཏེ་ངུ་འབོད་བྱས་ཀྱང་དེའི་ཉམ་ཐག་གི་སེམས་ལ་ཇེ་སྐྱོ་ཇེ་སྡུག སླར་ཡང་སྲོག་ཐེངས་གཅིག་ཆད་པའི་སྡུག་བསྔལ། གསོན་མི་ཡུལ་གྱི་སྐྱིད་པའི་ས་ཆ་དང་ད་དུང་ཡིད་དང་མཐུན་པའི་མཛའ་བཤེས་དང་ཡུན་ཐུང་ཞིག་ཏུ་འགྲོག་ལོང་མ་བྱུང་སྙམ་པ། བསམས་ཤིང་བསམ་ན་སེམས་ཇེ་སྐྱོ་ཡི་ཐོག་ནས། སྔོན་ལས་ཟློག་མེད་ཀྱིས་ཕྱོགས་གང་ས་ཞིག་ལ་དེད་སོང་བ་དང་། བཞི་བཅུ་ཞེ་དགུའི་ཚེ་ཚད་རྫོགས་མཚམས་ནས་མཐོ་དམན་རིགས་དྲུག་ཅི་འདྲ་ཞིག་ལ་རྣམ་ཤེས་འཁྱམས་སོང་ཡོད་ན། ཤུལ་མི་རྣམས་ཀྱིས་དགེ་བའི་ར་མདའ་ཤུགས་དང་ནུས་པ་ཅི་ཡོད་ཕུད་ཁུལ་བྱས་ཀྱང་། དེ་ལས་དཔའ་བོའི་དཔུང་གིས་བསྡུར་ས། མགྱོག་པའི་བང་གིས་འདེད་ས་མ་རྙེད་པར། རང་ཉིད་ཀྱང་གར་འགྲོ་དབང་མེད་ནམ་འཆི་ཆ་མེད་ཤི་གསོན་གཅིག་བས་གཅིག་སྡུག་མོད། འོན་ཀྱང་གསོན་འདི་ནས་ཇི་ཙམ་སྡུག་ཀྱང་མི་ཡུལ་ཡིན་པ་རེད། ཤི་ཕར་རྒྱབ་ལ་སོང་མཁན་དག་ད་ལྟ་གང་ཞིག་ཏུ་ཡོད་མི་ཤེས་པས་དེའི་སྐྱིད་སྡུག་ཅི་འདྲ་མྱོང་གིན་ཡོད་སྙམ་དུས་སེམས་རེ་སྐྱོ་འདུག་གསུངས་པ་རེད། ད་དུང་དཔལ་སྤྲུལ་ཚང་གིས། འཇམ་ལེགས་དར་གྱིས་གཡོགས་ཤིང་ནོར་བུ་ཡི་རྒྱན་སྤྲས། །ལྷ་ཡུལ་ལྷ་ལ་འགྲན་པའི་མཛེས་སྡུག་གི་རི་མོ། །འཆི་བདག་ཆུ་རིས་གསལ་བའི་རླན་གཤེར་གྱིས་བསིལ་ཚེ། །ཁྭ་དང་བྱ་རྒོད་ཁོ་ནས་ཁ་ཟས་སུ་བརྒྱུད་སོང་། །ཞེས་གསུངས་ཏེ། གསོན་འཇིག་རྟེན་མི་ཡུལ་ན་ཡོད་དུས་དྲིན་ཕ་མའི་གཅེས་ཕྲུག ཤ་ཕུ་ནུའི་སྙིང་བཅུད། གོས་མཛའ་མོ་གྱོན། རྒྱན་མཛེས་མོ་བཏགས་ཤིང་། ལང་ཚོ་དར་ལ་བབ་པའི་ལུས་མཛེས་སྡུག་གི་རི་མོ་ལྷ་ཡུལ་གྱི་ལྷ་ལ་འགྲན་པ་ལྟ་བུ་དེ། འཆི་བདག་གི་མདུན་དུ་བསླེབས་ཏེ་སྡུག་སྙིང་འགྱོད་ཀྱི་མཆི་མའི་རླན་གཤེར་དང་མཉམ་དུ་ཞག་གསུམ་བདུན་ཚིག་དང་པོའི་མཚམས་ཤིག་ཏུ་དུར་ཁྲོད་ས་འཁྱག་གི་སྟེང་དུ་བྱ་ཁྭ་ཏ་དང་བྱ་རྒོད་ཀྱི་ཁ་ཟས་སུ་གྱུར་བས། ཉི་མ་དེ་ཡི་ཕྱི་ཉིན་ནས་ཚེ་གཅིག་ལ་གཏན་བྲལ་རེད་སོང་བ་འདི་ལ་བསམ་ན་མདང་གི་རྨི་ལམ་ལྟ་བུ་ཞིག་རེད་གསུངས་པའོ། །དེ་ལྟར་བསམ་ན། ཚེ་མི་རྟག་ནམ་མཁའི་འཇའ་ཚོན་འདྲ། །ནོར་མི་རྟག་རྩྭ་རྩེའི་ཟིལ་པ་བཞིན། །གསུངས་པ་འདི་ཐག་རིང་རྒྱང་གི་སྐད་ཆ་ཞིག་ཡིན་པ་མ་རེད། རང་རང་སོ་སོའི་རང་རྩིབ་ནས་མི་ཚེའི་ལོ་རྒྱུས་ལ་ཕྱི་བལྟས་རེ་བྱས་ན། ཐམས་ཅད་པོ་རྨི་ལམ་སྒྱུ་མ་མི་རྟག་འཁྲུལ་བའི་སྣང་བ་ཡིན་པ་ངོ་རང་ཐོག་ནས་འཕྲོད་བསྡད་ཡོད་ཀྱང་། ལུས་འབྱུང་བཞི་ཤ་ཁྲག་གི་ཕུང་པོ་གདོས་བཅས་གནོད་པ་མང་བ་འདི་ལ་སེམས་ཀྱི་རྒྱུན་དེ་བརྟེན་ནས། དེ་ལྟར་གནས་པའི་ཡུན་ལ་བྲོས་ཟེར་ན་འཆི་མེད་རྒས་མེད་ཀྱི་ལམ་ཞིག་ལ་བྲོས་ས་མི་བརྙེད། སྐྱོབས་ཟེར་ན་རང་གཞན་མཐོ་དམན་བར་གསུམ་ས་འདིའི་སྟེང་དུ་རྒྱུ་བཞིན་ཡོད་ཚད་དབང་མེད་བར་དོའི་སེམས་ཅན་ཉམ་ཐག་པ་ནི་ང་མིན་ང་འདྲ་ཤ་སྟག་རེད། རྨ་ཆུ་ལེབ་མོའི་ཁུག་སོ་ན། །གཅེར་བུ་གཅིག་སྟོང་དགུ་བརྒྱ་ཡོད། །རེ་རེར་བལྟས་ན་རེ་རེའི་སྡུག་ཅེས་པ་ལྟར། ང་བས་ད་དུང་དེ་སྡུག་གམ་སྙམ་པ་ལྟ་བུ། འཆི་བ་སྙིང་ནས་མི་དྲན། དོན་མེད་རྣམ་གཡེང་གི་འཁོར་ལོ། ཆགས་སྡང་དགའ་སྡུག་གི་བྲེལ་ཟིང་གིས་ཚེ་ཉི་མ་ཟད་པར་མ་ཟད། ལས་ཚད་སྡིག་པའི་ཁུར་བོ། བྱས་ཚད་སྡུག་བསྔལ་གྱི་ཁ་སྣོན་རེད་སྙམ་པ། ཁོག་པའི་ནང་ན་སེམས་ཤིག་ཡོད་ཕྱིན་བསམ་བློ་ཞིག་མི་འཁོར་ཐབས་མེད་པ་རེད། གཉིད་ཐུན་གཅིག་གི་རྨི་ལམ་འཁྲུགས་དེ་སད་བཞག་ཚེ། ཨོ་བདེན་མི་འདུག་རྨི་ལམ་ཡིན་འདུག་སྙམ་པའི་དགའ་སྣང་ཡོད་པ་ལྟ་བུ། འཁྲུལ་སྣང་གི་རྨི་ལམ་འདི་སད་ཐབས་ཤིག་དང་། དགའ་སྡུག་སྒྱུ་མའི་རྩེད་མོ་འདྲ་བ་འདི་ཟད་ཐབས་ཤིག་ཅིས་དགའམ་སྙམ་པའི་བསམ་བློ་ཞིག་འཁོར་ན། འཁོར་བའི་སྡུག་བསྔལ་ལ་ཕྱི་ཕྱག་འཚལ་བའི་འགོ་དང་པོ་འདྲ་བོ་དེ་ནས་བཙུགས་པ་རེད། འཇིག་རྟེན་འཁོར་བའི་སྐྱིད་སྡུག་འདི་ལ་ཞེ་སུན་པ་རྐྱང་པ་ཞིག་གིས་ཕན་ཐོགས་མེད། མཛའ་བཤེས་གཉེན་ཉེ་དུས་ཀྱི་ཆོས་ཉིད་དུ་གྱུར་ཏེ་གསོན་བྲལ་རེད་སོང་བ་རྣམས་ཀྱི་དོན་དུ། སྡུག་བསོག་ནས་སྐྱོ་གདུང་གི་མཆི་མ་ཤ་སྟག་བཏོན་པ་ཞིག་གིས་དེ་རྣམས་ལ་ཕན་ཐོགས་ཡོད་པ་ལྟ་ཅི་གནོད་ཀྱི་གཞི་མ་ཞིག་རེད་འགྲོ། སྐྱོ་སྡུག་གིས་ནམ་ཟླ་ཕུད་པ་དང་། ཁྲེལ་མེད་ཀྱིས་འདེང་ཞིག་མི་རྒྱག་པ་གཉིས་ཀ་རེད་མི་འདུག དེ་བས་རང་གཞན་གཉིས་ཕན་ཞིག། རབ་ཡིན་ན་ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་མཉམ་དུ་སྐྱེས་ཏེ་མེ་ཏོག་པདྨའི་ནང་དུ་མཉམ་དུ་འཁྲུངས་བ་ཞིག་བྱུང་ན་དེའི་དུས་སུ་ནད་དང་ན་ཚའི་སྡུག་བསྔལ། ཤི་གསོན་ཁ་བྲལ་བའི་སེམས་ནད་མི་དགོས་པའི་སྟེང་དུ་ཚེ་ལོ་དཔག་མེད་ཀྱི་རིང་ལ་སངས་རྒྱས་འོད་དཔག་མེད་པའི་མདུན་ནས་ཆོས་མཉམ་དུ་ཞུས། མཚམས་རེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཞིང་ཁམས་འདིར་ཡོང་ནས་འདིའི་ས་ཆ་ཡུལ་རིས་དགའ་གཉེན་མཐུན་གསུམ་ལ་ལམ་སྟོན་རེ་བྱེད་ཆོག་གི་སྙམ་ནས་ཚང་མས་སེམས་དཔངས་ཡར་ལ་བསྟོད་དང་། རང་རེ་སྐྱེ་ས་བཟང་པོ་ལྷོ་འཛམ་གླིང་ལས་ཀྱི་ས་པ། སྟོན་པ་ཤཱཀྱའི་རྒྱལ་པོས་ཆོས་གསུངས། དེའི་བསྟན་པ་མ་ནུབ། སློབ་དཔོན་པདྨ་འབྱུང་གནས་དང་པཎ་ཆེན་བི་མ་ལ་མི་ཏྲ་སོགས་ཀྱིས་གསང་སྔགས་ཟབ་མོའི་ཆོས་འཁོར་བསྐོར། དེར་མ་ཟད་ས་སྐྱའི་གོང་མ་རྣམ་ལྔ། བཀའ་བརྒྱུད་མར་མི་དག་གསུམ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། བཀའ་གདམས་གསར་རྙིང་གི་དགེ་བའི་བཤེས་གཉེན། རྗེ་བཙུན་ཙོང་ཁ་བ་ཡབ་སྲས། ཁྱད་པར་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་པ་ཡབ་སྲས་བཅས་པ་བྱོན་སའི་བསྟན་ཞབས་སུ་སྐྱེས། ཆོས་རང་སྐལ་ལ་བབ་པའི་མན་ངག་གི་བདུད་རྩི་འདི་འདྲ་ཞུ་རྒྱུ་ཡོད་པའི་སྐབས་ལ་ཁེལ་བས། ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་ཞེས་པ་ལྟར་ཡིན་པས། ད་སྔ་ཉི་མ་ཡན་ཆད་ས་འདིའི་ཐོག་ན་འཇིག་རྟེན་ཚེ་འདིའི་བྱ་བ་ལ་འབད་བརྩོན་བྱེད་མཁན་མང་འདུག་མོད། སྒྲུབ་མཁན་མང་ཡང་འགྲུབ་མཁན་མི་འདུག འདི་འགྲུབ་ནས་འདི་ཐོན་ཐལ་ཞེས་པ་ཞིག་ཡོད་སྲིད་པ་མ་རེད། འགྲུབ་ངེས་པ་ནི་ངན་སོང་གི་སྣ་འདྲེན་རེད་སྙམ་ནས། རྟ་བརྒྱུགས་བརྒྱུགས་ཀྱིས་བརྙོགས་པ་ཞིག་མེད་པར། མགོ་བཅག་བཅག་གིས་དམུས་པ་ཡིན་སྙམ་སྟེ་འཁོར་བའི་བྱ་གཞག་གླེང་ཚེ་ཞེན་པ་གཏིང་ནས་ལོག་པ་ཞིག་ཡོང་ན་ངན་སོང་ལ་མི་སྐྱེ་བའི་སྔ་ལྟས་འཁོར་བའི་སྡུག་བསྔལ་ལ་ཕྱི་ཕྱག་འཚལ་བའི་གོམ་ཁ་གྱེན་ལ་ཕྱོགས་སོང་བ་རེད། འོན་ཀྱང་འཁོར་བར་ཞེན་ལོག་ཙམ་གྱིས་ཡོང་བ་མིན། དེ་ལས་ཐར་བའི་ཐབས་ཤིག་བཙལ་དགོས། དེ་དགོས་ན་རྒྱལ་བའི་བཀའ་དང་མཁས་པའི་གསུང་དམ་པའི་གདམས་ངག་གི་རྒྱུན་ཡོད་ས་ལ་སྐྱེས་པའི་དོན། ས་འདི་ན་ཆོས་ཡོད་ཀྱང་རང་ཆོས་མེད་དུ་ལྷག་ན་འགྲིག་མི་འདུག ཆོས་ཀྱི་བཅུད་རང་ཉིད་ཀྱིས་ལོན་པར་བྱས་ཏེ་ཚེ་འདི་ཕྱི་རང་གཞན་གཉིས་ཕན་གྱི་དོན་ཆེན་འགྲུབ་པ་ཞིག་རང་བྱ་དགོས། དེས་ན། ཡང་དག་ཐོས་པའི་ཆོས་ཀྱི་མིག་བཙལ་ནས། །གང་ཐོས་ཆོས་དེ་རང་གི་རྒྱུད་དང་བསྲེ། །ཞེས་གསུངས། །སྔོན་འཁོར་བར་འཁྱམས་པའི་སྐྱེ་བ་རེ་རེའི་སྡུག་བསྔལ་ལ་བསམ་བློ་ཞིག་བཏང་ན་རིའི་རྒྱལ་པོ་རི་རབ་ལ་བཀལ་ན་མི་ཁྱག་རྒྱུ་ཞིག་ཡིན་པ་རེད། འོན་ཀྱང་མི་འདོད་བཞིན་དུ་ལན་གྲངས་ཟད་མཐའ་མེད་པར་སྡུག་བསྔལ་མྱོང་གིན་འདུག་པ་འདི། ཤེས་རབ་ཀྱི་མིག་མེད་པས་ཐར་བའི་ལམ་སྣ་མ་ཟིན་པས་འདི་ལྟར་མཐའ་སོང་བ་རེད། དེས་ན་ད་ཐེངས་ཡང་དག་ཐོས་པའི་མིག་ཅིག་བླ་མ་དགེ་བའི་བཤེས་གཉེན་ལས་བཙལ་ཏེ། གང་ཐོས་པའི་ཆོས་དེ་རང་གི་རྒྱུད་དང་བསྲེས་ནས་ཐར་བའི་སྲོག་ཅིག་རང་རྒྱུད་ནས་བཙུགས་ཐུབ་ན། སྙིང་ཉེ་བའི་མཛའ་བཤེས་སྙིང་དམར་ཅན་ཚེ་འདིའི་སྟེང་གི་ཕ་མ་སྤུན་སྲིང་དང་འདྲ་བར་སྐྱེ་བ་རེ་ལ་ཕ་མ་རེ། དེ་བཞིན་དུ་གཉེན་ཉེ་མཛའ་བཤེས་མཐའ་མེད་པ་ཞིག་ཡོད་པས་ཐམས་ཅད་བདེ་འདོད་སྡུག་བསྔལ་གྱིས་མནར་གྱིན་ཡོད་པ་ཤ་སྟག་རེད། དེས་ན་སེམས་ཅན་ལ་དགྲ་གཉེན་དང་ཕྱོགས་རིས་ཀྱི་དབྱེ་བ་ཕྱེ་ཡོང་ས་ཞིག་མི་འདུག་སྙམ་སྟེ། ཀུན་ལ་སྙོམས་པའི་བཏང་སྙོམས་ཚད་མེད་ཀྱིས་མ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་སྙིང་རྗེ་ཤས་མི་བཟོད་པ་ཞིག་སྐྱེས་ཚེ། ཚད་མེད་བཞི་དང་འབྲེལ་བའི་བྱང་ཆུབ་ཐོབ་པ་ལ་དོན་གཉེར་གྱི་འདུན་པ་ཞིག་བསྐྱེད་ན་འགྲུབ་པའི་མཐའ་ཡོད་པའི་སྔོན་རྟགས་རེད་སྙམ་སྟེ། སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ཤིང་། བྱམས་པའི་ལུས་ངག་གི་ལས་དང་མི་འབྲལ་བའི་སྟེང་ནས། སངས་རྒྱས་སྲས་དང་བཅས་པས་ཕྱིན་དྲུག་གི་སྤྱོད་པ་རླབས་ཆེན་ལ་རིམ་གྱིས་ཇི་ལྟར་བསླབ་པ་བཞིན་དུ་རང་གིས་ཀྱང་སྐྱོ་ངལ་མེད་པས་ལམ་ལ་བསླབ་དགོས། སྤྱིར་ཚད་མེད་རྣམ་པ་བཞི་པོ་གང་ཡིན་ཞེ་ན། བྱམས་པ་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་བཞིའོ། །གལ་ཏེ་དེ་བཞི་པོ་ཚད་མེད་པ་ཞིག་མིན་པར་སྤྱིར་བཏང་བ་ཞིག་ཡིན་ན་དེ་ལ་ཚངས་པའི་གནས་པ་བཞི་ཞེས་བྱ། ཚངས་རིས་ཀྱི་ལྷ་ཡུལ་དུ་སྐྱེ་བྱེད་ཀྱི་རྒྱུའོ། །དེ་བཞི་ཚད་མེད་པ་ཞིག་རྒྱུད་ལ་སྐྱེས་ན་ད་གཟོད་ཐར་བ་དང་མྱ་ངན་ལས་འདས་པ་ཐོབ་པའི་བྱང་ཆུབ་སེམས་ཀྱི་རྒྱུ་ཚད་མེད་བཞི་ཞེས་བྱ། བརྩེ་བས་སེམས་ཅན་ལ་ཕན་པ་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ། དེ་གཉིས་ཀ་དང་མི་འབྲལ་བར་འདོད་པ་དགའ་བ། དགྲ་གཉེན་ཆགས་སྡང་ལ་སོགས་པ་ཆོས་བརྒྱད་སྙོམས་པར་འདོད་པ་བཏང་སྙོམས། ཚད་མེད་བཞི་ཉམས་སུ་ལེན་སྐབས་བཞི་པོ་བྱམས་པ་དང་སྙིང་རྗེ་གཉིས་ཀའི་ནང་དུ་བསྡུས་ཏེ་ཉམས་སུ་བླང་ན་ཆོག་པ་རེད། དེ་གཉིས་ཀའི་ནང་དུ་འདུས་ཏེ། ཚད་མེད་བཞིའི་ནང་གི་སྔ་མ་གསུམ་པོ་བདེ་བའི་དགོངས་པ། ཕྱི་མ་ཕན་པའི་དགོངས་པ། མདོར་ན་ཕན་དང་བདེ་བའི་དགོངས་པ་ལས་མ་འདས་པ་ཞིག་ཡིན། སྔོན་དུ་ཚད་མེད་བཞི་བསྒོམ་ན་བྱང་ཆུབ་ཀྱི་སེམས་གོམས་སླ། དེས་ན་ཐོག་མར་ཐམས་ཅད་ཀྱི་སྔོན་དུ་གོང་དུ་ཞུས་པ་བཞིན་བློ་ལྡོག་རྣམ་བཞིས་རང་རྒྱུད་སྦྱངས་བར་བྱས་ཏེ་ཐར་བའི་ལམ་སྣེ་ཟིན་དགོས་པ་ཡིན་པས། འཁོར་བ་འདི་ལ་སྙིང་པོ་མེད་པ་དང་སྡུག་བསྔལ་ཆེ་བ། ཟད་མཐའ་མེད་པའི་སྡུག་མཐའ་རིང་ཞིག་ཤེས་པའི་བློ་དེའི་སྟེང་དུ། སྐྱེ་བ་འདིར་འཕྲལ་དུ་ཕྱི་བཞག་མེད་པར་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་པོ་སྒྲུབ་དགོས་སྙམ་པའི་ཆོད་སེམས་བརྟན་པོ་སུས་ཀྱང་བཟློག་ཏུ་མེད་པ་ཞིག་གིས་དམ་པའི་ཆོས་ཉན་དགོས། གང་ཞིག་གསན་པར་བྱ་བ་ནི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་འདི་ཉིད་འཆད་པའི་སྐབས་རེད། འདི་ལ་ཐོག་མཐའ་བར་དུ་དགེ་བའི་ཆིངས་གསུམ་གྱིས་བཤད་པ་ལས། བར་དུ་དགེ་བར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བཤད་པ་ལས། དེ་ལས་དང་པོ་སོང་ནས་གཉིས་པ་བཤད་པ། དེ་ལ་ཡང་ཚོགས་བསགས་ཐམས་ཅད་ཀྱི་སྒོ་ཡན་ལག་བདུན་དུ་བསྡུས་ནས་བཤད་པ་ལས་ཕྱག་འཚལ་བ་དང་མཆོད་པ་གཉིས་ཀ་སོང་ནས་བཤགས་པའི་སྐབས་ཡིན། དེ་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་བཤད་པ་ལས། དེ་ལས་རང་བཞིན་གྱི་སྡིག་པའི་རིགས་ཐམས་ཅད་བཤད་ནས་བཅས་པའི་ཁ་ན་མ་ཐོ་བ་བཤད་པ། དེ་ལ་ཡང་སོར་བྱང་སྔགས་གསུམ་གྱི་རིམ་པ་ཕྱེས་ནས་གསུངས་བས་སོར་བྱང་གཉིས་སོང་ནས།
གསུམ་པ་གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བ་བཤགས་པ་བཤད་པ།
རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། །ཐེག་ཆེན་གསང་སྔགས་ཀྱི་ལམ་དུ་ཞུགས་པ་ནི་ལམ་མྱུར་ཞིང་ཐབས་མང་བའོ། །འོན་ཀྱང་དེ་ལྟར་ཉེན་ཁ་ཡང་ཡོད་པ་ཞིག་ཡིན། རྒྱུད་ལས། སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང་། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །ཅེས་སོ། །སྦྲུལ་སྨྱུག་དུང་དུ་བཙུད་པ་ལྟར་ཡང་ན་ཡར་ཡང་ན་མར་ལས་འགྲོ་ས་གསུམ་པ་མེད་པའོ། །གསང་སྔགས་ཞུ་བ་པོ་དེ་ཡང་གང་བྱུང་ཅི་བྱུང་ཞིག་གིས་མི་ཆོག་སྟེ། གསང་སྔགས་སེང་གེའི་འོ་མ་འདྲ། །རིན་ཆེན་གསེར་སྣོད་མ་ལགས་པས། །སྣོད་གཞན་ཕལ་བར་བླུག་གྱུར་ན། །སྣོད་ཀྱང་ཆགས་ལ་བཅུད་ཀྱང་འཛག །ཅེས་གསུངས་པས་སོ། །གསང་སྔགས་ཀྱི་སྡོམ་པ་ནི་དབང་གི་སྐབས་ནས་ཐོབ་ཀྱི་ཡོད་པ་ཡིན། སྡོམ་པའི་སྲོག་འཛིན་བྱེད་པ་དམ་ཚིག་ཡིན། རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །ཅེས་གསུངས་ཏེ། གསང་སྔགས་བླ་མེད་ཀྱི་ཐུན་མོང་གི་རྩ་ལྟུང་བཅུ་བཞི། གང་ཞེ་ན། བླ་མ་རྡོ་རྗེ་སློབ་དཔོན་སྨོད་པ་དང་། སངས་རྒྱས་ཀྱི་བཀའ་ལས་འདས་པ། རྡོ་རྗེ་མཆེད་གྲོགས་ལ་འཚེ་བ། བྱམས་སེམས་བཏང་བ། བསམ་བཞིན་དུ་ཁུ་བ་འབྱིན་པ། གཞན་གྱི་གྲུབ་མཐའ་ལ་སྨོད་པ། སྐལ་མེད་ལ་གསང་བ་སྒྲོགས་པ། ཕུང་པོ་ལྔ་སྡུག་བསྔལ་དུ་ལྟ་བ། རང་བཞིན་གྱིས་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ། ཞིང་བཅུ་ཚང་བའི་དགྲ་བོ་སྒྲོལ་ནུས་བཞིན་མི་སྒྲོལ་བ། སྤྲོས་པ་དང་བྲལ་བ་ལ་རྟོག་གེའི་བློས་མཚན་མར་ལྟ་བ། སྣོད་ལྡན་གྱི་སློབ་མ་ཡལ་བར་དོར་བ། དུས་ལ་བབ་ཀྱང་དམ་རྫས་མི་བསྟེན་པ། ཤེས་རབ་ཀྱི་རང་བཞིན་བུད་མེད་སྤོང་བ་སྟེ་བཅུ་བཞི་དང་། ཡན་ལག་སྦོམ་པོ་བརྒྱད། སྣོད་མིན་ལ་གསང་སྔགས་བཤད་པ། རྟོགས་པའི་ཡེ་ཤེས་མེད་བཞིན་དུ་སྔགས་པར་རློམ་པ། སྔགས་ལ་མི་དད་པའི་ནང་དུ་ཞག་བདུན་འདུག་པ། མི་འོས་པའི་རིག་མ་བསྟེན་པ། རྒྱུད་དང་མི་མཐུན་པའི་རིག་མ་ལས་རང་སྟོབས་ཀྱིས་བདུད་རྩི་ལེན་པ། ཚོགས་འཁོར་དུས་སུ་རྩོད་ཤག་བྱེད་པ། སྣོད་ལྡན་ལ་གསང་སྔགས་མི་སྟོན་པ། དད་པས་ཆོས་འདྲི་བ་ལ་ཆོས་གཞན་སྟོན་པ་སྟེ་སྦོམ་པོ་བརྒྱད་དོ། །དེ་ལྟ་བུ་རྩ་ལྟུང་བཅུ་བཞི་དང་ཡན་ལག་སྦོམ་པོ་བརྒྱད་ལ་སོགས་པ་རྒྱུད་སྡེ་སོ་སོའི་སྐབས་ནས་འབྱུང་བའི་གསང་བ་སྔགས་ཀྱི་དམ་ཚིག་ལས་ཉམས་ཤིང་འགལ་བ་ཐམས་ཅད་མཐོལ་ཞིང་བཤགས་སོ། །གསང་སྔགས་ཀྱི་དམ་ཚིག་མ་ཉམས་ཤིང་བསྲུང་ན་ཕན་ཡོན་ཅི་འདྲ་ཞིག་ཡོད་ཅེ་ན། མ་ཉམས་རིང་མཐའ་སྐྱེ་བ་བཅུ་དྲུག་གམ། །མྱུར་ན་ཚེ་འདིའམ་འཆི་ཁ་བར་དོ་རུ། །ཐུན་མོང་གྲུབ་པ་བརྒྱད་དང་དབང་ཕྱུག་བརྒྱད། །མཆོག་གི་དངོས་གྲུབ་ཁ་སྦྱོར་བདུན་ལྡན་ཐོབ། །དེ་ཕྱིར་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། ཁྱད་པར་དུ་གནས་སྐབས་སུ་བསམ་པའི་དོན་འགྲུབ། ཐམས་ཅད་ཀྱིས་ཡིད་དུ་འོང་། འཇིག་རྟེན་སྐྱོང་བའི་ལྷ་ཆེན་པོ་ཐམས་ཅད་ཀྱིས་ཀྱང་གུས་ཤིང་བཀུར། སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱིས་སྲས་དང་སྤུན་དུ་དགོངས་ཏེ་བྱིན་གྱིས་བརླབ་པར་མཛད་པའོ། །དམ་ཚིག་ཉམས་ན་རྡོ་རྗེ་ཁྲག་འཐུང་གིས་མ་རུང་བ་བྱས་ཏེ་དམྱལ་བ་མནར་མེད་མ་གཏོགས་འགྲོ་ས་མེད་པ་ཞིག་བྱེད་པ་ཡིན། འོན་ཀྱང་དབང་དངོས་དེ་སྐུར་ཐོབ་གཉིས་ཀ་མཚན་ཉིད་དང་ལྡན་པ་ཞིག་དགོས་ན། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱི་རྒྱུད་སྨིན་ཅིང་གྲོལ་བ་དབང་བཞིའི་ཆུ་བོའི་བརྒྱུད་པ་མ་ཉམས་པ། མན་ངག་ཉམས་ལེན་གྱི་ཕྱག་བཞེས་ཐམས་ཅད་དང་འབྲེལ་བ། གཞན་ལ་དབང་བསྐུར་ན་ཕ་རོལ་པོའི་རྒྱུད་སྨིན་པར་མ་ཟད་རང་ཉིད་ཀྱི་ནུས་སྟོབས་ཡོན་ཏན་ཟད་པ་མེད་པ་ཞིག་དགོས། ཞུ་བའི་སློབ་མ་དེ་ཡང་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན་དབང་དུས་སུ་ཡེ་ཤེས་ངོ་འཕྲོད་དེ་རྟོགས་གྲོལ་ཅིག་ཆར་དུ་འགྱུར་རྒྱུ་ཡོད་པ་དང། ཡང་ན་བླ་མ་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་ཅིང་སྲོག་ལ་བབ་ཀྱང་དམ་ཚིག་མི་གཏོང་བ་ཞིག་ཡིན་ཕྱིན་དབང་གི་བྱིན་རླབས་འཇུག་ཅིང་། དེ་ལྟར་རིམ་གཉིས་ཀྱི་ལམ་མཐར་ཕྱིན་ཏེ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་ཐུབ་པའོ། །དེ་མིན། གདམས་ངག་སྒྲོན་མེ་ལག་བརྒྱུད་ཟེར་བ་ཡིན་མོད། སྒྲོན་མེ་གཅིག་པུ་ཞིག་ལག་གིས་བཟུང་ནས་དེ་གཅིག་ཤོས་ཀྱི་ལག་ཏུ་བཞག་ཚེ་གཅིག་ཤོས་ཀྱིས་དེ་ཁྱེར་སོང་ཚེ་ཤུལ་ན་ལྷག་ཏུ་མེད་པ་རེད། བྱིན་རླབས་བུམ་པ་གང་བྱོས། བུམ་པ་གང་ཡོད་པ་དེ་བྱོས་བཞག་པས་ཤུལ་ན་ལྷག་ཏུ་མེད་པའི་རིགས། མི་ལ་སྟེར་བཞག་ན་རང་ལ་མེད་འགྲོ་བ་ཞིག་ད་དུང་དབང་སྐུར་བའི་ས་ཚོད་ལ་ཐོན་ཡོད་པ་མ་རེད། དེ་མིན་ཡང་དབང་སྐུར་བའི་བླ་མའི་རྒྱུད་ལ་དབང་དོན་གྱི་ཡེ་ཤེས་ལྟ་ཅི་སྙིང་རྗེ་ཕན་སེམས་ཀྱི་བསམ་པ་བཟང་པོ་ཙམ་ཡང་མེད་པར་མ་ཟད། ཆོ་ག་ཕྱག་ལེན་ཙམ་ཡང་ཆ་མི་ཚང་ཞིང་ཐ་ན་དབང་ཚིག་གི་སྒྲ་ཙམ་ཡང་བརྡ་མི་ཁྲོལ་བ་ཞིག་གིས་སློབ་མ་དད་མེད་འགའ་ཞིག་གི་མགོ་ཐོག་ཏུ་ཆུ་བླུག་པ་ཙམ་གྱིས་དམ་ཚིག་མི་ཚིག་གཉིས་ཀ་ཡོད་རྒྱུ་མ་རེད་བསམ་འདུག ཡོད་ངེས་པ་ཅི་ཞིག་ཡོད་པ་རེད་ཅེ་ན། ཆོས་ལ་དབང་ཟ་བ་དང་གསང་སྔགས་ཁྲོམས་བསྒྲག་གི་ཉེས་ལྟུང་ཆོས་ཀྱིས་ཆོས་བརྒྱད་འཚོལ་བའི་ཆོས་སྤོང་གི་ལས་འབྱུང་བར་ཉེ་བ་ཡིན་ནམ་སྙམ། གང་ལྟར་ཀུན་སློང་དང་རྒྱུད་ཚོད་ལ་རག་ལས་པ་རེད། གང་ཟག་གི་ཚོད་སུས་ཀྱང་ཁ་ཚོན་ཆོད་དཀའ་བ་རེད། མདོར་ན་ཆོས་རྒྱུད་འདི་ལ་ཞུགས་ཕྱིན། སོར་བྱང་སྔགས་གསུམ་ཀྱི་སྡོམ་པ་མ་བླངས་པ་ཞིག་མེད་པས། སྡོམ་གསུམ་འགལ་མེད་གནས་འགྱུར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཞེད་པའི་རིང་ལུགས་ལྟར་དུ། སྡོམ་གསུམ་སོ་སོའི་བསྲུང་བྱ་མ་ཉམས་པར་བསྲུངས་ཏེ། འགལ་ཉམས་བྱུང་ན་དུས་ཐོག་དུ་བཤགས་ཏེ་མདོ་སྔགས་ཟུང་འབྲེལ་གྱི་ལམ་ནས་ཚོགས་བསགས་སྒྲིབ་སྦྱོང་གིས་རྣམ་དག་བདེ་ཆེན་གྱི་ཞིང་གི་མགོན་པོ་འོད་དཔག་མེད་པའི་ཐུགས་དང་དབྱེར་མེད་དུ་འདྲེས་པའམ། ཞིང་དེ་ལ་སྐྱེས་ཏེ་ལམ་རིམ་བགྲོད་ཀྱིས་བྱང་ཆུབ་ཐོབ་དགོས་པ་དེ་སྐབས་འདིའི་གོ་དོན་རེད།
གསུམ་པ་ངོ་མ་ཤེས་པའི་རང་བཞིན་གྱི་སྡིག་ལྟུང་བཤགས་པ།
སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོ་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །ཞེས་པ་ན། རབ་བྱུང་གི་སྡོམ་པ་མ་ཞུས་པའི་ཁྱིམ་པ་ཕོ་མོ་ལ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་འདུལ་ཁྲིམས་སྲུང་རྒྱུ་ལ་སོགས་པའི་བཅས་པའི་ཁ་ན་མ་ཐོ་བའི་སྡིག་པ་མེད་ན་ཡང་། མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །ཞེས་པ་ནི། མི་ཚངས་སྤྱོད་དང་ཕྱོགས་མཚུངས་པའི་འདོད་པས་ལོག་པར་གཡེམ་པ་དང་། མྱོས་འགྱུར་གྱི་ཆང་འཐུང་བ། ཆང་འདི་སྤྱིར་ཉེས་པ་ཆེ་བས། མྱོས་འགྱུར་ཉེས་པ་འཕེལ་འགྱུར་བ། །རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་། །ཞེས་གསུངས་བས། རབ་ཏུ་བྱུང་བ་ལ་བཀག་ཡོད་མོད། རབ་ཏུ་བྱུང་བ་མིན་ཀྱང་ཆང་འདི་ཉེས་དམིགས་ཆེ་བ་རེད། ཆང་གི་ཉེས་དམིགས་ནི་ཅི་འདྲ་ཞིག་ཡིན་ཞེ་ན། སྡིག་པ་ཐམས་ཅད་ཀྱི་འབྱུང་ཁུངས། སྡུག་བསྔལ་ཐམས་ཅད་ཀྱི་གཞི་དང་རྩ་བ་ཡིན། གཏམ་ངན་དང་མི་འདོད་པ་ཡོད་ཚད་པ་འདིས་འདྲེན་པར་བྱེད། སྤྱོད་ངན་འབོད་པའི་ལག་གཡོབ་བྱེད་པ་རེད། འཐབ་རྩོད་ཀྱི་ལམ་དང་སྙིང་གི་མུན་པ་མི་ཟད་པ་ཞིག་འདི་ཡིན་པ་རེད། གནའ་སྔོན་མ་ཞིག་ལ་ས་ཆ་ཞིག་ཏུ་ཡུལ་ཁམས་སྡེ་འབངས་དང་བཅས་པ་ཆང་ཁོ་ནས་ཕུང་འགྲོ་བའི་ས་ཆ་ཞིག་ཡོད་། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་མཐོང་ནས་སྤྲུལ་བ་ཞིག་བྱས་པ་སྟེ། སྤྲུལ་བའི་མི་དེའི་ལག་ཏུ་ཆང་བུམ་པ་གང་བཟུང་ནས་རྒྱལ་བློན་ཐམས་ཅད་ཀྱི་མདུན་གྱི་ནམ་མཁར་སོང་སྟེ། ཆང་གི་བུམ་པ་བསྟན་ཏེ་འདི་ཉོ་འམ་ཞེས་བསྒྲགས་པ་རེད། རྒྱལ་བློན་རྣམས་ཀྱིས་དེའི་ནང་དུ་ཅི་ཞིག་ཡོད་ཅེས་དྲིས་པས། སྤྲུལ་བ་དེས་སྨྲས་པ་འདིའི་ནང་དུ་དོན་ཡལ། དོན་ཉམས། སྨྱོ་ཆུ། ཕུང་ཆུ། འདི་དང་འཕྲད་ན་ནོར་ཟད་པར་བྱེད་ཅིང་རང་གཞན་ཐམས་ཅད་ཕུང་བར་བྱེད་པའི་སྨྱོ་ཆུ་དུག་ཆུ་ངར་མ། མིང་ལ་མྱོས་འགྱུར་གྱི་ཆང་ཟེར་བ་དེ་ཡོད་ཅེས་སྨྲས། རྒྱལ་བློན་སྡེ་འབངས་དང་བཅས་པས་ཆང་འདི་དེ་འདྲ་ཉེས་དམིགས་ཆེ་ཞིང་སྐྱོན་ཆ་ཆེན་པོ་ཅན་ཞིག་ཡིན་ནོ་སྙམ་ནས་དེར་ཤེས། དེའི་ཕྱིས་སུ་ཆང་དུག་བཞིན་དུ་སྤངས་ཏེ་རྒྱལ་ཁམས་ཐམས་ཅད་བདེ་བར་གྱུར། ཆང་འདི་འཐུང་ན་རང་ལུས་རང་གིས་བདག་མི་ཐུབ་པར་འགྱུར་ཏེ། ཡང་སྔོན་ཞིག་ལ་རྐུན་མ་གཉིས་ཀྱིས་ཁྱིམ་ཚང་ཞིག་གི་ཁྱིམ་ཕུགས་ལེན་དགོས་སྙམ་སྟེ། ཐོག་མར་ཁྱིམ་ཚང་དེ་ལ་དངོས་པོ་འགངས་ཆེན་ཅི་ཞིག་ཁྱེར་རྒྱུ་ཡོད་བལྟ་དགོས་སྙམ་སྟེ་རྐང་འཇབ་ལག་འཇབ་ཀྱིས་སྨག་ནག་ནང་ནས་བཙལ། །སྐབས་ཤིག་ལ་ཆང་བསྙལ་ཡོད་སའི་རྫ་མ་ཆེན་པོ་ཞིག་དང་འཕྲད། ཆང་གི་གམ་ལ་སོང་ཚེ་ཆང་སྦངས་ནས་བཙག་རན་ལ་ཉེ། གཉིས་ཀས་ཕན་ཚུན་ལ་ལྐོགས་གཏམ་གྱིས་བཤད་པ་འདི་ཆང་རེད་འདུག་ཞིམ་པ་རེད་འཐུང་ངམ་ཞེས་སྨྲས། གཉིས་ཀས་འཐུང་གྲབ་བྱས། ཡིན་པ་ནི་ཆང་དེ་ཞབས་ནས་མར་ལ་བཙག་དགོས་པ་ཞིག་ཡིན་མོད། གལ་ཏེ་ཞབས་ནས་མར་ལ་བཙག་ན་བདག་པོས་གོ་འགྲོ་བའི་ཉེན་ཁ་ཡོད་པས། ཁ་ནས་ཡར་བཅུས་ཏེ་འཐུང་། བར་སྐབས་ཤིག་ལ་འཐུང་ཚོད་མ་ཟིན་པར་བཟི་ནས། གཅིག་ཤོས་ཀྱིས་སྨྲས་པ་ཁོས་གླུ་ལེན་བསམ་ཞེས་སྨྲས། གཅིག་ཤོས་ཀྱིས་སྨྲས་པ་ཁྱོད་སྨྱོ་བ་ཡིན་ནམ་བདག་པོ་ཚང་གིས་གོ་ན་གསད་ཡོང་། ཁ་རོག་སྡོད་ཅིག་ཅེས་སྨྲས། གཅིག་ཤོས་དེས་ད་དུང་ཆང་འཐུང་གིན་བསྡད། སྐབས་ཤིག་ལ་བསྲན་མ་ཐུབ་པར་གླུ་བླངས། ཆང་ཁ་ནས་བཙག་དུས་འདི་འདྲ་ན། །ཞབས་ནས་བཙག་ན་ཅི་འདྲ་ཞིམ། །ཞེས་གླུ་བླངས་བར་མ་ཟད་བྲོ་འཁྲབ་པས་བདག་པོ་ཚང་གིས་གོ་སོང་བ་རེད། ཁྱིམ་བདག་མི་གཤིས་བཟང་ཞིང་རྒྱུད་འཇམ་ཞིག་ཡིན་པས་རྐུན་མ་གཉིས་ཀ་མ་བརྡུངས་པར་མ་ཟད་ཆང་བརྒྱག་གཅིག་བླུད་ནས་ཕྱིན་ཆད་རྐུ་མ་བྱེད་ཅིག་མ་གཏོགས་སྲོག་འཚམ་པ་མ་རེད་ཅེས་སྨྲས་ཏེ་མངག་ཡོང་བ་རེད། གལ་ཏེ་ཁྱིམ་བདག་རྒྱུད་ངན་ཞིག་ཡིན་ཕྱིན་རྐུན་མ་གཉིས་ཀ་ཆང་གིས་བཟི་ཡོད་པས་དགོང་མོ་དེར་ཆག་སྒོ་རང་གིས་ཉོ་ངེས་ཅན་རེད། ཆང་འདི་ཚེ་འདིར་ཕུང་བྱེད་ཡིན་པར་མ་ཟད་ཕྱི་མར་དམྱལ་བ་ངུ་འབོད་དུ་སྐྱེ་བ་དང་། ཁྱི་དང་སྨྱོན་པའི་ལུས་ལེན། ཉེས་པ་ཀུན་ཀྱི་རྩ་བ་ཡིན་པས་ན་རྩྭ་རྩེའི་ཟིལ་བ་ཙམ་ཡང་བཏུང་མི་རུང། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆང་འཐུང་ང་ཡི་རྗེས་འཇུག་མིན་ཞེས་གསུངས། སངས་རྒྱས་ཀྱི་རྗེས་འཇུག་གྲྭ་པ་རྣམས་ཀྱིས་འཐུང་ག་ལ་རུང་མོད་མི་སྐྱ་ཕོ་མོ་ཡིན་ཡང་མི་རུང་བའི་ཉེས་པ་དང་སྐྱོན་ཆ་གོང་དུ་བཤད་པ་ལྟར་རོ། །འདིར་མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ་གསུངས་པའི། སོགས་ཁོངས་ནང་དུ་སྲོག་གཅོད་པ། རྐུ་བྱེད་པ། བཅོམ་འཕྲོག་རྡུང་གསུམ། ཁ་དུད་སྣ་དུད། ཤོ་སྦག་བརྒྱབ་ནས་རྒྱན་པོ་འགྱེད་པ། བག་མེད་ཀྱི་སྐྱོན་ཆ་གཞན་དག་མདོར་ན་ཀུན་སློང་ཉོན་མོངས་ཅན་གྱིས་བསྐྱེད་ཚད་ཐམས་ཅད་སྟོན་པ་སངས་རྒྱས་ཀྱིས་ཁྱིམ་པས་འདི་མི་ཆོག་ཅེས་བཅས་པ་མཛད་མེད་ནའང་། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་པ་སྟེ། །ཞེས་གསུངས་ཏེ། མ་བཅས་ན་ཡང་སྡིག་པ་ཆེན་པོ་ཅན་ཡིན་པས་ན་རང་བཞིན་གྱི་སྡིག་པ་ཡིན། དེས་ན་དེ་དག་ཐམས་ཅད་ཁྱིམ་པ་རབ་བྱུང་སུས་ཀྱང་བྱེད་མི་རུང་། བྱས་ན་རྣམ་སྨིན་སྡུག་བསྔལ་མྱོང་བའི་གནད་མ་ཤེས་པས། སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། སྡིག་པ་ཡིན་པ་ལ་སྡིག་པ་ཡིན་པར་མ་ཤེས་ཏེ་བྱས་པ་ཐམས་ཅད་མཐོལ་ཞིང་བཤགས་གསུངས། སྤྱིར་ན་སྡིག་དང་ཉེས་པ་ཐམས་ཅད་ལྟུང་བ་འབྱུང་བའི་སྒོ་བཞི་སྟེ། མི་ཤེས་པ་དང་། མ་གུས་པ། བག་མེད་པ། ཉོན་མོངས་པ་མང་བ་སྟེ་དེ་རྣམས་ལས་བྱུང་བ་ཡིན་ཡང་། འདི་ནས་གཙོ་ཆེར་མི་ཤེས་པའི་དབང་གིས་སྡིག་ལྟུང་བྱས་པ་མཐོལ་ལོ་བཤགས་གསུངས་སོ། འདིའི་སྐབས་སུ་མི་ཚངས་སྤྱོད་ཀྱི་སྒྲས་ལོག་གཡེམ་བཀག་པ། འདོད་པའི་ཕྱིར་མ་བསད་པའི་མཚམས་མེད་ཀྱི་ལས་བསགས་པའི་ལོ་རྒྱུས་ཡོད་པ་རེད། དེ་བཞིན་དུ་ཆང་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པ་གོང་དུ་བཤད་པ་བཞིན་ནོ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ང་ལ་སྟོན་པར་ཁས་ལེན་པ་རྣམས་ཀྱིས་ཆང་རྩྭ་རྩེས་ཀྱང་བཏུང་བར་མི་བྱ་ཞེས་གསུངས་སོ། །གཞན་ལ་ཟས་ནོར་གྱི་སྦྱིན་པ་གཏང་ནའང་ཆང་གི་སྦྱིན་པ་གཏོང་མི་རུང་། དུ་བ་སྣ་ཐ་དེ་ཚོ་ཉེས་དམིགས་ཆེ་བར་གཏེར་ལུང་མང་པོ་ལས་གསུངས་པས། གཞན་མ་བསམ་ནའང་རང་གི་སྲོག་རང་གིས་ལོས་གཅེས། གློ་བའི་རྩ་སྦུག་འདིས་འགག་འགྲོ་བ་རེད། ཁྲག་གི་རྒྱུ་བ་དལ་མོ་དང་ཁྲག་ནུར་པོར་གྱུར་ནས་ཁྲག་རྒྱུ་ལམ་དུ་རྒྱུ་མི་ཐུབ་པར་འགྱུར། དེ་ནས་དབུགས་འཚང་པ། ཁྲག་རྩ་ཀླད་པའི་ནང་ནས་འགད་དེ་ཀླད་ཁྲག་འདྲེས་ནས་ཤི་འགྲོ་བ་དེ་ཚོ་ཚང་མ་མང་ཆེ་བ་ནི་དུ་བ་འཐེན་པའི་ཁུངས་ནས་ཡོང་བ་མང་པ་རེད། དུ་བ་འཐེན་པའི་མི་ལ་འཕོ་བ་མི་ཐེབ་གསུངས་པར་མ་ཟད། དུ་འཐེན་གཅིག་ཡོད་ན་དེའི་ཆོས་ར་དེའི་ནང་ན་ཡོད་ཚད་ལ་གནོད་པའི་ཤུགས་རྐྱེན་ཐེབས་འགྲོ་བ་དེ་འདྲའི་རྫས་ངན་བཙོག་པ་ཞིག་ཡིིན། རང་ཐང་གི་བཙོག་མི་བཙོག་གི་ངོས་ནས་བཤད་ན་ཡང། དུ་འཐེན་ཞིག་གི་ཁ་རྩ་ནས་འདུག་པ་ལས་གྲོང་པ་དགུ་ཡི་ཉོབ་ལུད་འཕོ་ས་རུ་གཙང་བ་མིན་ནམ་སྙམ་པ་ལྟ་བུ་ཞིག་ཡིན། གང་སྡུག་རྣམས་ཀྱིས་དུ་བ་འཐེན། ཆང་འཐུང་། མནའ་སྐྱེལ། དེ་དག་བྱེད་པའི་ཁྱིམ་ཚང་ཞིག་ལ་སྐྱིད་ཅིག་མཐོང་རྒྱུ་མེད་པ་ཕར་བལྟས་ཚུར་གསལ་ཡིན། ཚེ་ཕྱི་མའི་སྡུག་བསྔལ་དང་རྣམ་སྨིན་དེ་བས་ལྕི་བ་རེད། དེས་ན་སྐྱེས་པ་ཚང་མས་དུ་བ་སྣ་དུད། ཆང་ཨ་རག ཤོ་སྦག་རྒྱལ་སྐུགས་འཇོག་རྒྱུ་དེ་ཚོ་གཅད་དགོས། ཆོས་རའི་ནང་དུ་འགྲོ་རྒྱུ་མི་འདུག་མ་གཏོགས་ཁས་ལེན་བྱེད་འཇུག་ཡོང་ཁི་སྙམ་ནས་བྲོས་མི་དགོས་དང་བཙན་མི་བཙུགས་མོད། འོན་ཀྱང་རང་མོས་ཀྱིས་རིམ་གྱིས་སྤོང་དགོས། ཚ་བཅད་བྱེད་པས་འཚམས་མི་ཆོད། ཁས་ལེན་འགལ་ན་ཉེས་པ་དེ་བས་ཆེ་བས་ཉེས་པ་ཉིས་བརྩེགས་སུ་འགྱུར་མོད། འོན་ཀྱང་ཆོད་དུས་འདི་རེད་ཅེས་པ་ཞིག་ཤར་རྒྱུ་མེད། སྡིག་པའི་ལས་དེ་མགྱོག་པར་མ་བཤགས་ན་ཡར་ལ་འཕེལ་ཡོང་གི་ཡོད་པ་ཡིན། ཉིན་རེ་གཅད་སྔ་ན་དེའི་ཚོད་ཀྱི་དགེ་བ་ཡང་འཕེལ་རྒྱུ་ཡོད། སེམས་ཐག་ཆོད་རྒྱུ་རེད། བྱ་བ་གང་སྒྲུབ་ན་དེ་རེད། ཨ་མའི་བུ་ཞིག་མིན་དུས་གང་ལ་ཐུག་ན་དཔའ་འཁུམ་ནས་བསྡད་ཡོད། དུ་བ་འདི་རྫས་ངན་རེད། ཡིན་རྒྱུ་ས་སྟེང་ནས་སྐྱེས་པའི་ལྡུམ་རིགས་ཤིག་ཡིན་མོད་། ལྡུམ་རིགས་ཀྱི་ནང་དུ་ཟོས་ན་སྲོག་གཅོད་བྱེད་ཀྱི་ལྡུམ་རིགས་ཀྱང་ཡོད་ལ། ལྡུམ་རིགས་དང་ཤིང་ལོ་འགའ་རེ་ཁར་སོང་ན་སྨྱོ་འགྲོ་བྱེད་ཀྱང་ཡོད། སངས་རྒྱས་སྨན་གྱི་བླ་མའི་བྱིན་རླབས་དང་ཕྲིན་ལས་ཀྱིས་སྨན་དུ་གྱུར་ནས་ནད་རིགས་འཇོམ་བྱེད་ཀྱང་ཡོད། སྔོན་རུ་ཏྲ་བསྒྲལ་བའི་གནས་སྐབས་ན་གསང་སྔགས་ཀྱི་རྫས་སུ་བྱིན་གྱིས་བརླབས་ནས་རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩིའི་སྨན་རིགས་ཀྱང་ཡོད། དེའི་ནང་ནས་དུ་བ་འདི་བདུད་ཀྱི་བུ་མོས་སྨོན་ལམ་ལོག་འདེབས་བྱས་ཏེ་མི་གཙང་བའི་རྫས་ཀྱི་ས་བོན་བཏབ་ནས་སྐྱེས་ཡོང་བ་ཞིག་ཡིན། འདི་འཐེན་པ་ལྟ་ཅི་ཁྱིམ་དུ་བཞག་ན་ཕུགས་ཀྱི་ལྷ་ཉམས། རྒྱུ་ནོར་ཟས་གསུམ་ལ་འགོང་པོ་འཁྲི། སྐྱེས་པ་ཕོ་ཡི་དགྲ་ལྷ་འཕྲག་ལྷ་ཐམས་ཅད་ཉམས་འགྲོ། ལྷ་སྲུང་མ་ཞིག་ཡོད་ན་ཕྱོགས་ལ་གཅར་བ་མ་རེད། དེས་ན་དུ་བ་འཐེན་རྒྱུ་ལ་སོགས་པའི་སྤྱོད་ངན་ཐམས་ཅད་འཛེམ་དགོས། དུད་འཐེན་གྱིས་དུ་བ་མ་བཅད་ན་བདེ་བ་ཅན་ལ་མི་སྐྱེས་སེམས་ཐག་ཡིན། འཕོ་བ་ཐེབ་ན་འོད་དཔག་མེད་པའི་ཞིང་ཁམས་དང་འོད་དཔག་མེད་པའི་ཐུགས་དང་དབྱེར་མེད་དུ་འདྲེས་ཏེ་བཙན་ཐབས་ཀྱིས་དྲང་རྒྱུ་ཡིན་མོད། འཕོ་བ་མི་ཐེབ་རྒྱུ་དུད་འཐེན་དེ་བདེ་བ་ཅན་གྱི་ནང་དུ་ལས་འབྲེལ་མེད་པའི་རྟགས་ཡིན། དེའི་ཕྱིར་དུད་འཐེན་ཡོད་ན་དུ་བ་ཆོད་ནས་བཤགས་པ་གྱིས་དང་། བཤགས་ན་དག་པ་སྡིག་པའི་ཡོན་ཏན་རེད།
བཞི་པ་ངོ་མ་ཤེས་པའི་བཅས་ལྟུང་བཤགས་པ།
སྐྱབས་སྡོམ་དབང་སྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་སྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། །སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་། །ཞེས་པ་ནི། ཕྱི་བ་ནང་བ་སྐྱབས་འགྲོའི་ཁྱད་ཅེས་གསུངས་པ་ལྟར། ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ་སྐྱབས་གཞན་ཟུར་ནས་མི་བཙལ། སྐྱབས་འགྲོའི་དགག་སྒྲུབ་ཆ་མཐུན་དང་བཅས་པའི་བསླབ་བྱ་སྲུང་རྒྱུ་ཡིན་ཞེས་ཁས་བླངས་ཏེ་སྐྱབས་འགྲོའི་སྡོམ་པ་ཞུས། སྔགས་ཀྱི་དབང་བསྐུར་ཐོབ། དབང་གོང་མ་གསུམ་དང་བཅས་པ་ཞུས། དབང་དུས་ཀྱི་དམ་ཚིག་གཙོ་བོས་ཇི་ལྟར་གསུངས་པ་བཞིན་ཞེས་ཁས་བླངས། དེ་བཞིན་དུ་སྐྱབས་སྡོམ་དབང་བསྐུར་ལ་སོགས་ཅེས་པའི་སོགས་སྒྲའི་ནང་དུ་བྱང་ཆུབ་སེམས་སྡོམ་བླངས་ཏེ། དེང་ནས་བྱང་ཆུང་སྙིང་པོའི་བར་དུ་སེམས་ཅན་གྱི་དོན་བྱས་ཏེ་གཞན་དོན་སྒྲུབ་པ་ཡིན། གཞན་གནོད་གཞི་དང་བཅས་པ་སྤོང་གཞན་ཕན་གཞི་དང་བཅས་པ་སྒྲུབ་པ་ཡིན་ཞེས་ཁས་བླངས་པ་ཡིན་ཀྱང། དེ་ཡི་སྡོམ་པ་དམ་ཚིག་སྲུང་མ་ཤེས། །ཞེས་གསུངས་ཏེ། སོར་བྱང་སྔགས་གསུམ་གྱི་སྡོམ་པ་མ་ཞུས་པ་གཅིག་ཀྱང་མེད་མོད། ཞུས་ནས་སྲུང་བྱ་གཅིག་ཀྱང་མི་ཤེས་པའི་དབང་གིས། བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། སོར་བྱང་སྔགས་གསུམ་གྱི་སོ་སོའི་སྐབས་ནས་བཅས་ལྟུང་གི་ཉེས་འགལ་བྱུང་བ་ཐམས་ཅད་མཐོལ་ལོ་བཤགས་གསུངས་སོ། །སོར་བྱང་སྔགས་གསུམ་གྱི་སྡོམ་པ་ལེན་པའི་གྲལ་དུ་འདུག་རྒྱུ་སླ་མོད། དེ་ལུག་ཚེ་ཐར་བྱས་པ་དང་འདྲ་བར་སྒུར་རེ་དེའི་གྲལ་དུ་གཅིག་སོང་བ་ཙམ་དང་། རྣ་རྟགས་བླང་བ་དང་འདྲ་བར་བུམ་རིས་ཤིག་མགོ་ལ་བཞག་ཅིང་ཆུ་ཐིག་གཅིག་འཐུང་བས་ཚར་སོང་བ་ཞིག་མ་ཡིན། བསྲུང་བྱ་དམ་ཚིག་བསྲུངས་ནས་ཐོབ་བྱ་འབྲས་བུ་སྨིན་དགོས་པ་རེད། དབང་ཞུ་གྲངས་མང་ཀྱང། དམ་ཚིག་སྲུང་གྲངས་ཉུང་བ། རྒྱུད་སྡེ་དྲུག་པོ་གང་གི་དབང་ཡིན་ཡང་ཕྱག་དབང་ཞིག་ཞུ་བའི་འདེང་མ་གཏོགས་མེད་པ། འགའ་རེ་ཨ་མཚར་དུ་དབང་གྲལ་དུ་འདུག་པ་འདི་རྟོགས་པའི་བསྟན་པ་ནུབ་པའི་རྟགས་ཡིན་གསུངས་པ་རེད། ལུང་རྟོགས་གཉིས་ཀའི་བསྟན་པ་ནུབ་དུས་སངས་རྒྱས་ཀྱི་བསྟན་པ་ནུབ་པ་ཡིན། དེ་འདྲའི་ས་ན་བསྟན་པ་ཡོད་བསམ་ཡང་རྟགས་ཙམ་འཛིན་པའི་བསྟན་པ་རེད་ཟེར་ཆོག་པ་རེད། མི་སྐྱ་ཕོ་མོ་རྣམས་ཀྱིས་དང་པོ་ཆོས་ཁྲིད་ཉོན། ཆོས་ཁྲིད་སུས་གསུངས་ན་ལས་རྒྱུ་འབྲས་སྤོང་བླང་འདོར་ལེན་གྱི་གནད་ཤེས་ཐབས། ཤེས་རབ་ཀྱི་མིག་གསར་བ་ཞིག་སྦྱིན་པའི་ཆེད་རེད། ཆོས་ཁྲིད་ཀྱི་སྐབས་སུ་དགེ་ངོ་སྡིག་ངོ་ཤེས། སོར་བྱང་སྔགས་གསུམ་གྱི་སྡོམ་དམ་ཚིག་གི་གནད་དང་འགྲོ་ལུགས་ཤིག་ཤེས་ན། ད་གཟོད་དབང་ཞིག་ཞུས་ན་ཞུ་ཤེས་པ་རེད། ཤེས་ཏེ་ཞུས་པ་དེ་ལ་ཐོབ་སྒོ་ཡོང་སྒོ་ཞིག་ཀྱང་ཡོད་པ་རེད། རྫོགས་སངས་རྒྱས་ཀྱི་བསླབ་པ་ལ། །འབད་པ་མེད་ན་ངན་འགྲོར་འགྲོ། །ཞེས་སོ། །སྐྱ་སེར་ཕོ་མོ་སུ་ཡིན་ཡང་དང་པོ་བསྲུང་བྱ་ཤེས་པར་བྱས་ཏེ། ད་གདོད་སྲུང་བ་ལ་འབད་དགོས། དེས་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ངོས་ཟིན་པར་བྱས་ཏེ། ཆོས་ཉིད་ཀྱི་དོན་ལ་བཤགས་བྱ་དང་བཤགས་བྱེད་མེད་ཀྱང་། ཀུན་རྫོབ་སྒྱུ་མ་ཙམ་དུ་བཤགས་ནས་གནས་སྐབས་བདེ་བ་ཅན་དུ་སྐྱེས་ཤིང་མཐར་ཐུག་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་དེ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་མཆོག་ཏུ་གྱུར་པའོ། །འདི་ཡན་ཆད་བཤགས་པའི་ཡན་ལག་གི་ནང་ནས་དང་པོ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོང་ནས།
གཉིས་པ་རྣམ་པར་སུན་འབྱིན་པའི་སྟོབས།
འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཞེས་གསུངས་སོ། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །ཞེས་གསུངས་ཏེ། སྤྱིར་སྔར་བྱས་ཀྱི་ལས་ལ་ལས་ཉེས་རེད་བསམ་པའི་འགྱོད་པ་དྲག་པོ་ཡོད་དགོས། འགྱོད་པ་ལོས་ཡོད་སྔར་བསོད་ནམས་ཆེན་པོ་ཞིག་བསགས། སྨོན་ལམ་མང་པོ་ཞིག་བཏབ་པའི་འབྲས་བུ། ད་ལྟ་ཆོས་ལྡན་གྱི་མི་ལུས་རྙེད་དཀའ་རིན་ཐང་ཅན་ཞིག་ཐོབ་པ་ཡིན་ཡང། རིན་ཐང་ཅན་གྱི་གསེར་གྱི་སྣོད་ལྟ་བུ་འདིའི་ནང་དུ་མི་གཙང་པ་བླུག་པ་ལྟ་བུའི་སྡིག་པ་མི་དགེ་བའི་ལས། འབྲས་བུ་ངན་པ་ཅན་གྱི་སྤྱོད་ངན་ཞིག་དལ་རྟེན་རིན་ཐང་ཅན་འདིས་བྱས་སོང་བས་འགྱོད་པ་མེད་ཐབས་མེད། འགྱོད་པ་མེད་ན་བཤགས་པ་བྱས་ཀྱང་མི་འདག །དེ་ལྟར་འགྱོད་པ་མེད་ན་བཤགས་པས་མི་འདག་པ་ཡིན་པས་ན། སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ཞེས་གསུངས་ཏེ། སྔར་བྱས་ཀྱི་སྡིག་པའི་ཚོགས་མ་ཤེས་ཏེ་ཁོག་པའི་ནང་དུ་མ་ཤེས་པར་དུག་འཐུང་ན་ཤེས་དུས་འཐུང་ཉེས་བྱས་འདུག་མི་བསམ་ཐབས་མེད་ཡིན་པ་ལྟར། ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཞེས་གསུངས་ཏེ། སྐྱེས་རབས་ལས། མ་མཐོང་བཞིན་དུ་སྡིག་པ་བྱས་ན་ཡང་། །དུག་ཟོས་བཞིན་དུ་བདེ་བ་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གི། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་གསུངས་སོ། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས་ཞེས་པའི་ངོ་ཚ་འདི་བདག་གམ་ཆོས་ཀྱི་དབང་དུ་བྱས་པའི་སྡིག་པ་ལ་འཛེམ་པ་དང་། འཇིགས་སྐྲག་འདི་འཇིག་རྟེན་གྱི་དབང་དུ་བྱས་ནས་ཁྲེལ་ཡོད་པ་སྟེ། སྐྱེས་རབས་ཀྱི་ལུང་གོང་དུ་དྲངས་པ་ལྟར། མ་མཐོང་བཞིན་དུ་སྡིག་པ་བྱས་ན་ཡང་། །དུག་ཟོས་བཞིན་དུ་བདེ་བ་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གི། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་གསུངས་བ་ལྟར། ལྷ་དང་འཕགས་པ་རྣམས་ཀྱིས་མི་གཟིགས་པ་ཞིག་མི་སྲིད་པ་པས། ངས་སྡིག་པ་བྱས་པ་སུ་གཅིག་གིས་ཀྱང་མཐོང་ཡོད་ས་མེད་སྙམ་ནས་འདུག་འདུག་རྒྱུ་ཡོད་པ་མ་ཡིན། དུག་མི་མཐོང་ས་ནས་ཟོས་ཀྱང་ཕན་ཐོགས་ཡོད་པ་མ་རེད། དུག་ཟོས་པའི་མི་ལ་བདེ་བ་ཞིག་ཡོད་པ་མ་རེད། གཞན་དག་གིས་མཐོང་མེད་ཤེས་མེད་སྙམ་ན། ལྷ་དང་རྣལ་འབྱོར་ཅན་རྣམས་ཀྱི་རྣམ་དག་གི་མིག་གིས་མི་མཐོང་བ་ཞིག་ཡོད་པ་མ་ཡིན། སྡུག་བསྔལ་གྱི་འབྲས་བུ་རང་ལ་སྨིན་ཡོང་བ་ཡིན།
གསུམ་པ་སོར་ཆུད་པའི་སྟོབས།
ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །ཞེས་གསུངས་སོ། །ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ཞེས་གསུངས་ཏེ། དེ་སྔོན་བྱས་པ་དང་བསགས་པ་ལ་འགྱོད་པའི་སྒོ་ནས་བཤགས་པ་བྱས་ན་ཡང་། ད་ཕྱིན་ཆད་དེ་འདྲ་མི་བྱེད་སྙམ་པའི་སྡོམ་སེམས་བརྟན་པོ་ཞིག་མེད་ན་སྡིག་པ་མི་འདག་པས། སྡིག་པ་རེ་རེ་བསགས་ནས་རེ་རེ་བཤགས་འཇོག་སྙམ་ན་འདག་ཐབས་མེད། མི་འདག་པར་མ་ཟད་སྡིག་པ་ད་དུང་ལྷག་པར་ལྕི་བ་རེད། ཅིའི་ཕྱིར་ཞེ་ན། དགེ་འམ་འོན་ཏེ་མི་དགེ་བ། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །ཞེས་གསུངས། སྡིག་པ་ལ་ཕྱིན་ཆད་སྡོམ་སེམས་བརྟན་པོ་ཞིག་མེད་ན་ལུས་ཀྱིས་མ་བྱས་ཀྱང་སེམས་ཀྱིས་ལས་ཆེན་པོ་ཞིག་བསགས་འགྲོ་བ་ཡིན། དེ་སྔོན་བྱས་ཚར་བ་ཐམས་ཅད་ཚར་སོང། མི་ཤེས་པ་དང་། མི་མཁས་པ། བག་མེད་པ། ཉོན་མོངས་མང་བ་དེ་དག་གི་དབང་གིས་ཉེས་པ་ཤོར་ཡང་། ཐེངས་འདི་ལ་བཤགས་ཚར་རྗེས། དུག་ཤེས་བཞིན་དུ་སླར་མི་འཐུང་བ་ལྟར། ཕྱིན་ཆད་འཆི་བ་སྲོག་ལ་བབ་ཀྱང་སྡིག་པའི་ལས་དེ་དང་དེ་དག་མི་བྱེད་པ། ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །ཞེས་གསུངས་ཏེ། སྤོང་སེམས་ཐོབ་པ་ཚུལ་ཁྲིམས་ཀྱི་མཆོག་ཡིན། དེ་ཡིས་སོར་ཆུད་པའི་སྟོབས་བཤད་ནས།
བཞི་པ་རྟེན་གྱི་སྟོབས།
བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །ཞེས་གསུངས་ཏེ། གཉེན་པོའི་སྟོབས་ལ་བརྟེན་ནས་རང་ངོས་ནས་འགྱོད་པ་དང་བཅས་ཏེ་དེ་ལྟར་བཤགས་ན། བདེ་བར་གཤེགས་པ་རྒྱལ་བ་འོད་དཔག་མེད་སྲས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད། ཟླ་བ་གཟའ་ལས་གྲོལ་བ་བཞིན་དུ་ཡོངས་སུ་དག་ཅིང་གཙང་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས། མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་བཤགས་ཡུལ་རྟེན་གྱི་སྟོབས་སུ་བཟུང་ནས་བཤགས་དགོས། དེ་ལྟར་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ་བྱས་ན་སྡིག་པ་ཇི་ལྟར་ཆེ་ཡང་འདག་སྟེ། གསེར་འོད་ཀྱི་མདོ་ལས། གང་གིས་བསྐལ་བ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་གསུངས་པ་ལྟར། དུས་རིང་པོ་བསྐལ་བ་སྟོང་ཕྲག་མང་པོར་བསགས་པའི་སྡིག་པ་མི་བཟད་པ་ཇི་འདྲ་ཞིག་ཡོད་ཀྱང་། ལན་གཅིག་ལ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ན་དེའི་སྡིག་པ་ཐམས་ཅད་བྱང་སྟེ་འདག་པར་གསུངས། བསྐལ་བ་སྟོང་གི་མུན་ནག་ཡིན་ཡང་མར་མེའི་འོད་གཅིག་གིས་སེལ་ཐུབ་པ་ལྟར་སྡིག་པ་འདག་རྒྱུ་ཡོད། ལན་གཅིག་ལ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ན་དེས་སྡིག་པ་ཐམས་ཅད་བྱང་སྟེ་དག་རྒྱུ་ཡོད་ཅེས་གསུངས། ང་སྡིག་རྒན་ཡིན་པས་གང་བྱས་ཀྱང་དཀའ་འདུག་སྙམ་ནས་སེམས་ཤི་དགོས་པ་མ་ཡིན། ཁྲ་སྡིག་ཅན་དམྱལ་བ་འགྲོ་ཁ་རུ། །བྱེའུ་རྫུབ་མ་རེ་རེའི་མང་ཉུང་མེད། །སྙམ་ནས་སྡིག་པའི་སྟེང་དུ་སྡིག་པ་སྣོན་མི་རུང། སྡིག་པ་བྱེད་དུས་སླ་ཡང་རྣམ་སྨིན་མྱོང་དུས་དཀའ། རྣམ་སྨིན་སྡིག་པ་སྣ་རེ་ཡིན་ཀྱང་བསམ་གྱིས་མི་ཁྱབ་པ་མྱོང་དགོས་པ་རེད། གནའ་སྔོན་མ་མི་ཐུང་སོར་མོའི་ཕྲེང་བ་ཅན་གྱིས་མི་དགུ་བརྒྱ་དགུ་བཅུ་རྩ་དགུ་བསད་ཀྱང་། རྣམ་པར་སུན་འབྱིན་པའི་སྟོབས་ཉམས་སུ་བླངས་ཏེ་སྡིག་པ་དག་ནས་དགྲ་བཅོམ་པའི་གོ་འཕང་ཐོབ། ཁྱེའུ་བདེ་བྱེད་མ་བསད་པའི་སྡིག་ཅན་ཡིན་ཡང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཉམས་སུ་བླངས་ཏེ་སྡིག་པ་དག་ནས་ལྷ་ཡུལ་དུ་སྐྱེས་པར་མ་ཟད་འཕགས་པ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། གཅུང་དགའ་བོ་བུད་མེད་ལ་ཆགས་པའི་སྡིག་ཅན་ཞིག་ཡིན་ཡང་ཉེས་པ་ལས་བཟློག་སྟེ་སོར་ཆུད་པའི་སྟོབས་ཉམས་སུ་བླངས་ནས་སྡིག་པ་དག་སྟེ་དགྲ་བཅོམ་པའི་འབྲས་བུ་ཐོབ། རྒྱལ་པོ་མཐོང་ལྡན་ཕ་བསད་པའི་སྡིག་ཅན་ཞིག་ཡིན་ཡང་རྟེན་གྱི་སྟོབས་ཉམས་སུ་བླངས་ཏེ་སྡིག་པ་དག་ནས་བྱང་ཆུབ་སེམས་དཔའ་གྱུར། གང་ཞིག་སྔོན་ཆད་བག་མེད་གྱུར་བ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུ་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །དེ་རྣམས་དང་དཔེ་བླང་སྟེ་སྡིག་པ་དག་པ་གོང་དུ་བཤད་པ་ལྟར་སྡིག་པ་འདག་རྒྱུ་ཡོད་པ་རེད། ཇི་ལྟར་དག་ཞེ་ན་ཟླ་བ་སྤྲིན་དང་བྲལ་བ་ལྟ་བུ་ཡིན་གསུངས། སྡིག་པ་སྤྲིན་ལྟ་བུས་ཟླ་བ་བསྒྲིབས་ཏེ་མི་མཛེས་པར་བྱས་པ་ཡིན་ཡང་། སྡིག་པ་བཤགས་ན་དག་སྟེ་སྤྲིན་དྭངས་སོང་ཚེ་ཟླ་བ་སྤྲིན་ལས་གྲོལ་བ་ལྟར་ལྷག་པར་མཛེས་པ། སྔོན་སྤྲིན་གྱིས་མ་བསྒྲིབས་པའི་གནས་སྐབས་དང་འདྲ་བར་འགྱུར་དུ་ཡོད་ཅེས་གསུངས། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་སྡིག་པ་འདག་པ་སྟོབས་ལྷག་པར་ཆེ་སྟེ། རྒྱལ་སྲས་ཞི་བ་ལྷས། དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་སོ། །སྡིག་པ་མི་བྱེད་པ་དང་། བྱས་ཀྱང་བཤགས་པ་བྱེད་པ་གཉིས་ཀ་སྐྱེས་བུ་དམ་པ་ཡིན་གསུངས་པ་རེད། དུས་རྒྱུན་དུ་ལྟུང་བ་བཤགས་པའི་མདོ་དང་། བདེ་གཤེགས་སྤྱི་བཤགས། བཤགས་རྒྱུད་ཆོས་དབྱིངས་རབ་འབྱམས་མ་དེ་རྣམས་དང་བསྒྲག་སྟེ་ཡི་གེ་བརྒྱ་བ་བཏོན་ནས་སྟོབས་བཞིའི་དམིགས་རྣམ་དང་བསྒྲག་དགོས། སྙིང་ཐིག་གི་སྔོན་འགྲོ་རྒྱུན་འདོན་བྱེད་པ་ཚོས་རྡོར་སེམས་སྒོམ་བཟླས་དང་སྦྲེལ་ཏེ་བཤགས་པ་ཡིག་བརྒྱ་འབུམ་ཐེར་རེ་བཟླས་ན་བཤགས་པ་དེའི་ཡན་ལ་ཅི་དགོས། སྐབས་འདི་དང་བསྟུན་ན་བདེ་སྨོན་གྱི་བཤགས་པ་འདི་དང་འབྲེལ་བའི་ཚོགས་ཞིང་གི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་འཕྲོས་ཏེ་བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་ཞུ་བ་ལྟར་དག་པར་བསམ་ནས་བསྔོ་བ་སྨོན་ལམ་སྐབས་དང་བསྟུན་དགོས་སོ། །དེའི་ཡན་ཆད་བཤགས་པའི་ཡན་ལག་སོང་ནས།
བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བ།
དེ་ལ་གཉིས་ཏེ། རྗེས་སུ་ཡི་རང་གི་ཕན་ཡོན་དྲན་པ་དང་། རྗེས་སུ་ཡི་རང་དངོས་བཤད་པའོ།།
དང་པོ་རྗེས་སུ་ཡི་རང་གི་ཕན་ཡོན་དྲན་པ།
གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་གསུངས་སོ། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །ཞེས་གསུངས་ཏེ། གང་ཟག་བསོད་ནམས་ཅན་སྔོན་གྱི་སྨོན་ལམ་དུས་སུ་སྨིན་སོང་བ་འགའ་རེས་དུས་སྙིགས་མའི་སྐབས་ལ་སྐྱེ་དགུའི་མཆོད་སྡོང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱི་དོར་བྱེད་པའི་ཆེད་དུ། ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱིས་ཐུབ་པའི་བསྟན་པ་ལུང་རྟོགས་ཀྱི་བདག་ཉིད་ཅན། འཛིན་སྲུང་སྤེལ་གསུམ་གྱི་མཛད་པ་རྨ་མེད་སྐྱོང་བཞིན་ཡོད་པ་དང་། ཡང་ལས་དང་སྨོན་ལམ་མཉམ་གཅིག་ཏུ་འཛོམས་པའི་གང་ཟག་འགའ་རེས། རྟེན་གཞི་གཙུག་ལག་ཁང་དང་ཀུན་དགའ་ར་བ་ལ་སོགས་པ་དགེ་འདུན་འདུས་པའི་བསྟི་གནས། དགེ་འདུན་ལ་བསྙེན་བཀུར་གྱི་ཆེད་དུ་བཞེངས་བ་དང། བརྟེན་པ་སྐུ་གསུང་ཐུགས་རྟེན་བཞེངས་བ། ཡང་དུས་ཀྱི་མཆོད་པ་དང་བཤད་སྒྲུབ་ཀྱི་རྒྱུན་འཛུགས་པའི་ཐེབས་རྩ་འཛུགས་པ་ལ་སོགས་པ། མདོར་ན་བསྟན་སྲོག་གཉིས་པ་ཞིག་མཐུད་པའི་དགེ་རྩ་ཆེ་ཆུང་གང་བྱེད་ཀྱིན་ཡོད་པ་ཐོས་པའི་ཚེ་ན། དེ་ལ་མི་དགའ་བར་ཨ་ཁ་དེས་དེ་འགྲུབ་སོང་། ངའི་དགེ་བ་ལས་དེའི་དགེ་བ་མཐོ་འགྲོ་འདུག དེ་ངའི་ཡན་ལ་ཤོར་ལས་ཆེ་སྙམ་པའི་ཕྲག་དོག ད་དུང་དགོན་པ་ཚོས་གཅིག་གིས་ཅིག་བཞེངས་འདུག་ངེད་ཚང་གི་དགོན་པ་བས་དེའི་ཡན་ལ་དེ་བརྒལ་ཨེ་སོང་སྙམ་ནས་སེམས་མི་བདེ་བ་དེ་འདྲ་མི་བྱེད་པར། ཕྲག་དོག་གི་སེམས་སྤངས་ནས། སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་གསུངས་ཏེ། ད་དུང་མི་དགའ་བ་མེད་པར་མ་ཟད་དགེ་བ་བྱས་པ་ལ་རྗེས་སུ་ཡི་རང་བྱས་ན་དེའི་དགེ་བ་ནས་བཟུང་སྟེ་རང་ཉིད་ལ་དེ་དང་འདྲ་མཉམ་དུ་ཐོབ་པར་གསུངས་སོ། །ཤེར་ཕྱིན་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་གསུངས་སོ། །རྒྱུ་ཚེགས་དཀའ་ལས་གཅིག་ཀྱང་མི་དགོས་པར་བསོད་ནམས་རླབས་ཆེན་གསོག་དགོས་བསམ་ན། མི་གཞན་དག་གིས་དགེ་རྩ་རླབས་ཆེན་སྒྲུབ་བཞིན་ཡོད་པ་མཐོང་ཐོས་བྱུང་ན། དེ་ལ་མི་དགའ་བའི་ཕྲག་དོག་མེད་པར་སྙིང་ནས་དགའ་བས་རྗེས་སུ་ཡི་རང་བྱས་ན་དེའི་བསོད་ནམས་རང་ལ་ཐོབ་ཀྱིན་ཡོད། དེས་ན་དགེ་རྩ་ཆེན་པོ་ཐབས་སླ་མོས་ཐོབ་པའི་ཆེད་དུ་རྗེས་སུ་ཡི་རང་བྱེད་དགོས། དེ་བསམ་པའི་བྱེ་བྲག་ཅིག་ཡིན་པས་བསམ་བློ་གཏོང་བ་ལ་དཀའ་ལས་ཅང་མེད། དེ་ལ་གོ་བ་ཞིབ་ཕྲ་བླངས་ན་ཡི་རང་གི་ཡུལ་དང་ཡི་རང་བྱེད་པའི་བྱེད་པ་པོ་གཉིས་ཀ་རྒྱུད་ཚོད་འདྲ་འདྲ་ཡིན་པའི་དབང་དུ་བཏང་སྟེ་གསུངས་ཡོད། དེ་མིན་ཡི་རང་དང་ཡི་རང་གི་ཡུལ་གཉིས་ཀའི་ནང་ནས་ཡི་རང་གི་བསོད་ནམས་ཆེ་བ་ཡང་ཡོད་དེ། བྱང་ཆུབ་སེམས་དཔས་ཉན་རང་གི་དགེ་བར་ཡི་རང་བྱས་པ་ལྟ་བུ་དང་། ཡི་རང་བྱེད་པ་པོ་ལས་ཡི་རང་གི་ཡུལ་གྱི་བསོད་ནམས་ཆེ་བའང་ཡོད་དེ། སོ་སོའི་སྐྱེ་བོས་སངས་རྒྱས་འཕགས་པའི་དགེ་ཚོགས་ལ་ཡི་རང་བྱས་པ་ལྟ་བུའོ། །ཞིབ་ཕྲས་གོ་བ་བླངས་ན་དེ་འདྲ་ཡོད་པ་རེད།
གཉིས་པ་རྗེས་སུ་ཡི་རང་དངོས་བཤད་པ།
དེ་ལ་གསུམ་སྟེ། སྐྱེ་འཕགས་ཀྱི་དགེ་བ་སྤྱི་ལ་ཡི་རང་བ་དང་། ཐེག་ཆེན་གྱི་དགེ་བ་ལ་ཡི་རང་བ། ཐུན་མོང་གི་དགེ་བ་སྤྱི་ལ་ཡི་རང་བའོ།
དང་པོ་སྐྱེ་འཕགས་ཀྱི་དགེ་བ་སྤྱི་ལ་ཡི་རང་བ།
དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ་། །ཞེས་གསུངས་ཏེ། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །ཞེས་པ་ནི། རྗེས་སུ་ཡི་རང་བྱས་པའི་དགེ་བ་དེ་ནི་འབད་པ་མི་དགོས་པར་བསོད་ནམས་རྒྱ་ཆེན་པོ་ཐོབ་བྱེད་ཡིན་པ་དེའི་ཕྱིར་ན། འཕགས་པ་རྣམས་དང་ཞེས་པའི་འདིའི་སྐབས་ཀྱི་འཕགས་པ་ནི་ཐེག་དམན་ཉན་རང་གི་འཕགས་པ་ཟུང་བཞི་ཡ་བརྒྱད་བསྡུས་པ་ལ་གོ་ན་བདེ་སྟེ། ཅིའི་ཕྱིར་ཞེ་ན། དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ་། །ཞེས་པས་སྦྱོར་ལམ་མན་ཆད་དང་ལམ་མ་ཞུགས་པའི་ཟག་བཅས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བ་གཙོ་བོར་བསྟན་ནས། ཐེག་ཆེན་གྱི་དགེ་བར་རྗེས་སུ་ཡི་རང་བ་འོག་ནས་འབྱུང་མ་རག་པ་ཡིན་པ་རེད། འདིར་སོ་སོའི་སྐྱེ་བོ་ཞེས་པ་འདི་གང་ཡིན་སྙམ་ན། ལས་ཉོན་ཐ་དད་པས་གནས་རིས་ཐ་དད་དུ་འགྲོ་བའམ་འཕེན་པར་བྱེད་པས་ན་སོ་སོའི་སྐྱེ་བོའོ།།
གཉིས་པ་ཐེག་ཆེན་གྱི་དགེ་བ་ལ་ཡི་རང་བ།
བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །ཞེས་གསུངས་སོ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཞེས་གསུངས་ཏེ། དེ་ཡང་འདས་པའི་དུས་ན་ཕྱོགས་དུས་ཐམས་ཅད་དུ་བྱོན་པའི་སངས་རྒྱས་དཔག་ཏུ་མེད་པ་རྩིས་བགྲང་ལས་འདས་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ཡོད་པ་དེ་ཐམས་ཅད་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ། ཚོགས་རྣམ་པ་གཉིས་བསགས། སྒྲིབ་པ་རྣམ་པ་གཉིས་སྦྱངས་ཏེ་མཐར་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་བསགས་པའི་དགེ་བའི་རྩ་བ་ཇི་རྙེད་པ་དང་། སངས་རྒྱས་ནས་ཀྱང་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར། གདུལ་བྱ་སྨིན་པར་མཛད་དེ་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་གྱི་དགེ་བའི་རྩ་བ་དང་། མྱ་ངན་ལས་འདས་ནས་ཀྱང་ཇི་སྲིད་བསྟན་པ་མ་ཞིག་གི་བར་གྱི་དགེ་བའི་རྩ་བ་གང་ལགས་པ། འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །ཞེས་པ་ནི། མདོར་ན་བདེ་བར་གཤེགས་པའི་ཕྲིན་ལས་ནི་སེམས་ཅན་ལ་ཕན་བྱེད་དང་སེམས་ཅན་གྱི་འགྲོ་དོན་འབའ་ཞིག་ཡིན་པས་ན་དེ་ལ་ཡི་རང་ངོ་གསུངས་པ་རེད།
གསུམ་པ་ཐུན་མོང་གི་དགེ་བ་སྤྱི་ལ་ཡི་རང་བ།
མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །གཞན་གྱི་སྲོག་སྐྱབས་སྦྱིན་པ་གཏང་བ་དང་། །སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་སྡུམ་ཞིང་ཞི་དུལ་དྲང་པོ་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང་། །བྱམས་དང་སྙིང་རྗེ་བསྒོམས་ཤིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ། །ཞེས་གསུངས་ཏེ། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །ཞེས་པ་ནི། སྲོག་གཅོད་ལ་སོགས་ལུས་ཀྱི་ལས་གསུམ། རྫུན་ལ་སོགས་པ་ངག་གི་ལས་བཞི། བརྣབ་སེམས་ལ་སོགས་ཡིད་ཀྱི་ལས་གསུམ་སྟེ་མི་དགེ་བཅུ་པོ་སྤོང་བར་དམ་བཅས་པ་ནི་དགེ་བ་བཅུ་ཡིན། དགེ་བཅུ་ཁྱད་པར་བ་དེ་སྲོག་མི་གཅོད་པའི་སྟེང་དུ་གཞན་གྱི་སྲོག་སྐྱོབས་པ། རང་ཉིད་ལ་དབང་བའི་སྒོ་ཟོག་སེམས་ཅན་ཚེ་ཐར་བྱེད་པ། སྒོ་བཤས་རང་གིས་མི་བཤའ་གཞན་ལ་བཤོས་ཤོག་དང་ངས་ཉོ་ཡང་མི་ཟེར་བ། རྩྭ་ས་དང་རྒྱུག་ཆུ་སོགས་ལ་གནས་པའི་སྲོག་ཆགས་ཚེ་ཐར་བྱེད་ཆེ་ཐུབ་ཆུང་ཐུབ་བྱེད་པ། འཁོར་ཡུག་གི་རི་རྒྱ་རྔོན་ཁྲིམས་དེ་རྣམས་ཚང་མས་གཅིག་ཐོག་ལ་བབ་པ་འདྲ་བར་ཁར་སང་བཤད་པ་ལྟར་ཚང་མས་སེམས་ཁུར་བྱས་ན་བསོད་ནམས་ཆེན་པོ་མཉམ་དུ་ཐོབ་པ་ཡིན། སའི་གོ་ལ་འདིའི་སྟེང་ན་མི་ལ་སོགས་པའི་སྲོག་ཆགས་མང་པོ་ཞིག་གི་མཉམ་དུ་འཚོ་གནས་བྱས་ཡོད། ཐམས་ཅད་རང་ཉིད་དང་འདྲ་བར་རང་སྲོག་རང་གིས་གཅེས་པ་ཁོ་ན་ཡིན་པ་རེད། དེའི་ནང་གི་འུ་བུ་ཚོ་མི་ནི་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་པས་བཟང་བ་འདྲ་ཡིན་དགོས། ཁྱད་པར་དུ་སྲོག་ཆགས་གཞན་པ་རྣམས་ཀྱིས་མི་ཤེས་པ་ལས་རྒྱུ་འབྲས་ཀྱི་འགྲོ་སྟངས་དང་སྐྱེ་བ་སྔོན་རྗེས་ཀྱི་སྐྱིད་སྡུག་ལ་འདང་རྒྱག་བྱེད་ཀྱི་རིག་གཞུང་དང་། མ་ནོར་མ་འཁྲུལ་བའི་ལམ་བཙལ་ཐབས་ཡོད་པ་རེད། ཁྱད་པར་དུ་འུ་བུ་ཚོ་ཡབ་ཆེན་སྤྲེལ་རྒན་རྒྱལ་པོ་དང་མ་ཡུམ་བྲག་སྲིན་གཉིས་ཀའི་ཤ་ཁྲག་རིགས་རུས་ལས་ཆད་པའི་གདོང་དྲུག་ཆོལ་གསུམ་གྱི་བོད་མི་མང་ཆེ་བ། སྤྱིར་ནང་ཆོས་དང་ཡང་དགོས་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ལག་ལེན་ལ་འདེབས་པ་ཤ་སྟག་ཡིན་དགོས་པ་ཡིན་པས། མ་རྒན་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཅན་གྱི་སྦྱོར་བ་ལག་ལེན་ལ་འདེབས་ད་དུང་མ་ཐུབ་ཀྱང་། ཁྱིམ་མཚེས་ལ་ཁའི་རི་དྭགས་དང་ཆུ་ནང་གི་ཉ་མོ་འདི་དག་ཇི་ཙམ་སྡུག་ནའང་རང་སའི་སྟེང་དུ་སྲུང་སྐྱོབས་ཤིག་ཐུབ་དགོས་པ་རེད། སྲོག་གཅོད་སྤངས་པའི་སྟེང་དུ་སྲོག་བསྐྱབས་ན་ལྷའི་བུ་ཀུན་དགའི་གཏམ་རྒྱུད་ལྟ་བུ་ན་ནིང་ཞིག་ལ་བཤད་པ་བཞིན། ཆུ་སྲིན་གྱི་ཁ་ནང་དུ་ཚུད་ཀྱང་མི་ཤི་བ། ཆུ་ནང་དུ་མཆོངས་ན་ཆུས་ཐུར་དུ་མི་ཁྱེར་བར་གྱེན་དུ་ཁྱེར་ཡོང་བ། མཚོན་གྱིས་བརྒྱབ་ན་མི་ཆོད་པ། བྲག་མགོ་ནས་མཆོངས་ཀྱང་ཤི་མི་ཐུབ་པ། མེ་ནང་དུ་ལྕེབས་ཀྱང་མི་ཚིག་པ་དེ་འདྲ་བསོད་ནམས་ཅན་གྱི་མཐུ་འགྲུབ་རྒྱུ་ཡོད་པ་རེད། ཚེ་གཅིག་ལ་ན་ནས་འཆི་ཆས་བྱེད། ཚེ་ནད་མགོ་ནས་མི་དྭངས་བ་དང་། བྱིས་པ་མི་འཚམས་ནས་ནམ་ཡིན་ཡང་རོ་རེས་གནན་འདུག་པ། མི་དགོས་ས་ནས་གསར་ཤི་ངན་ཆག་རེད་ཀྱིན་འདུག་པ་འདི་ཚོ་ལའང་ཚེ་ཐར་སྲོག་བླུ་བྱེད་པས་དགའ་ཞིག་རིམ་གྲོ་ཡོད་པ་མ་རེད། སྦྱིན་པ་གཏོང་བའི་མཆོག་ཀྱང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གཏོང་བ་འདི་ཡིན་ཏེ། དྲན་པ་ཉེར་བཞག་ལས། ཚུལ་ཁྲིམས་ཀྱི་ནང་ན་མཐོ་རིས་སུ་སྐྱེ་བའི་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ། སྲོག་སྦྱིན་པའི་ཚུལ་ཁྲིམས་སོ། །ཞེས་གསུངས། སྟོན་པའི་སྐྱེས་རབས་ལས། བྱང་ཆུབ་སེམས་དཔའ་དོམ་ལ་སྐྱེས་སྐབས་རྔོན་པའི་སྲོག་བསྐྱབས་པ་དང་། གཅན་གཟན་ཀུན་ཏས་རྒྱལ་པོ་ཚངས་སྦྱིན་གྱིས་མངག་པའི་རྔོན་པའི་སྲོག་བསྐྱབས་པའི་རྣམ་ཐར་ཇི་འདྲའི་ངོ་མཚར། །སོ་སྐྱེས་ཀྱི་སྐབས་ཡིན་པས་དེ་ཙམ་ཞིག་རང་སྲོག་དང་གཞན་སྲོག་ད་ལྟ་ནས་རྗེ་མ་ཐུབ་ཀྱང་རྗེས་སུ་མཐུན་པའི་ལམ་ལ་སློབ་དགོས། འདི་ནས་རང་རེས་སྦྱིན་པ་ཆེན་པོའི་གཏམ་རྒྱུད་གཅིག་བཤད། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་བོ་ན་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་མཉམ་དུ་བཞུགས་ཡོད་སྐབས་ཤིག་ལ། བཅོམ་ལྡན་འདས་ཀྱིས་གསུངས་པ། ང་རྒས་ཀྱི་ཡོད་པས་བསྙེན་བཀུར་བྱེད་པའི་གཡོག་ཅིག་དགོས་སོ་ཞེས་བཀའ་སྩལ་པས། ཀུན་ཤེས་ཀོོཎྜི་ནྱ་དང་། འོད་སྲུང་དང་། ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་ལ་སོགས་པ་ལྔ་བརྒྱ་ཙམ་ཞིག་གིས། ཁོང་རྣམས་ཀྱིས་བསྙེན་བཀུར་བྱེད་ན་ཞེས་རིམ་པ་བཞིན་དུ་བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་སུ་ཡང་ལ་མ་གནང་། དེའི་ཚེ་མ་འགག་པས་མངོན་ཤེས་ཀྱིས་བཅོམ་ལྡན་འདས་ཀྱིས་ཐུགས་རྩེ་གང་ལ་གཏད་ཡོད་པ་ཅི་དགོངས་ཀྱིན་ཡོད་པ་བརྟགས་ཚེ་ཀུན་དགའ་བོ་ལ་དགོངས་ཡོད་པ་ཤེས་ཏེ། མཆོག་ཟུང་གཉིས་ཀ་ཀུན་དགའ་བོའི་ཐད་དུ་སོང་ནས་ཁྱེད་ཀྱིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་དད་དམ་བཅོམ་ལྡན་འདས་ཀྱིས་ཀྱང་ཁྱེད་འབའ་ཞིག་ལ་དགོངས་སོ་ཞེས་བསྐུལ་ཀྱང་། ཀུན་དགའ་བོས་བདག་ནི་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་མི་སྤྲོ་སྟེ། དེ་ནི་ཤིན་ཏུ་བསྒྲུབ་པར་དཀའོ། །ཡང་མོའུ་འགལ་གྱི་བུས་ནན་གྱིས་བསྐུལ་བས། དེས་སྨྲས་པ་ང་ལ་འདོད་པ་གསུམ་ཡོད་བཅོམ་ལྡན་འདས་ཀྱིས་དེ་གནང་ན་བསྙེན་བཀུར་བྱ་ཞེས་ཞུས་པས། འདོད་པ་གསུམ་པོ་གང་ཞེ་ན། བཅོམ་ལྡན་འདས་ཀྱི་ན་བཟའ་མི་མནབ་པ་རྣམས་ང་ལ་གནང་བ་དང་། བཅོམ་ལྡན་འདས་ཀྱི་མི་གསོལ་བའི་གསོལ་ལྷག་ང་ལ་གནང་བ་དང་། ནམ་འགྲོ་འདོད་ན་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་འགྲོ་ཆོག་པ་དང་གསུམ་པོ་གནང་ན་བསྙེན་བཀུར་བྱ་ཞེས་ཞུས་པས། མཆོག་ཟུང་གཉིས་ཀས་བཅོམ་ལྡན་འདས་ལ་དོན་དེ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་སོ་ལེགས་སོ་ཞེས། ཆོག་པའི་བཀའ་ལན་གནང་། བཅོམ་ལྡན་འདས་ཀྱིས་གསུངས་པ་དགེ་སློང་ཀུན་དགའ་བོ་ནི་གང་ཟག་མཁས་པ་ཡིན་པས་འགའ་རེས་ཟས་གོས་ཀྱི་དོན་དུ་སྟོན་པ་ལ་བསྙེན་བཀུར་བྱེད་དོ་ཞེས་སྨྲ་བར་མི་འགྱུར་བའི་ཕྱིར་དང་། དུས་ཤེས་ཤིང་དུས་རིག་པ་ལགས་ཏེ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ་ཞེས་བཀའ་སྩལ་པ་ན། འཁོར་རྣམས་ཐེ་ཚོམ་དུ་གྱུར་ཏེ། དགེ་སློང་ཀུན་དགའ་བོ་འདི་ཅིའི་རྒྱུ་ཅིའི་རྐྱེན་གྱིས། དུས་ཚོད་ལ་མཁས་པར་གྱུར་ཅེས་གསོལ་བ་ན། སྟོན་པས་གསུངས་པ། སྔོན་བསྐལ་བ་གྲངས་མེད་ཅིག་གི་ཕ་རོལ་ན་གྲོང་ཁྱེར་ཝ་རི་ཏ་ཞེས་བྱ་བ་ན་འཛམ་བུ་གླིང་དུ་དབང་རྒྱུར་བའི་རྒྱལ་པོ་ཞིག་ཡོད། རྒྱལ་པོ་དེའི་བླ་མཆོད་ཀྱི་རིགས་ཡིན་པ་བྲམ་ཟེ་ནྱ་གྲོ་དྷྱ་ཞེས་བྱ་བ་ཡོད། བྲམ་ཟེ་ནྱ་གྲོ་དྷ་ཞེས་བྱ་བ་དེ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོ་དང་འདྲ་བར་བསྙེན་བཀུར་བྱེད་ས་བརྩི་བཀུར་བྱེད་ས། རྒྱུ་ཆེ་ཞིང་ཕྱུག་པོ་རྣམ་ཐོས་ཀྱི་བུ་ལྟ་བུ་ཞིག་ཡིན། དེ་ཚང་ལ་རིགས་རྒྱུད་བཟང་བའི་བུ་མེད་པས་ལོ་བཅུ་གཉིས་ཀྱི་བར་དུ་ལྷ་ལ་གསོལ་བ་བཏབ་པ་ལས། སྐབས་ཤིག་ལ་བུ་ཞིག་སྐྱེས་པ་དེ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། བུའི་མཚན་ལ་བརྟགས་ནས་མིང་ལ་སྦྱིན་པ་ཆེན་པོ་བཏགས། སྦྱིན་པ་ཆེན་པོ་ནར་སོན་ནས་བཟོ་དང་རིག་གནས་སྒྱུ་རྩལ་སྣ་དགུ་ལ་བྱང་ཆུབ་སྟེ་འཁོར་མང་པོས་བསྐོར་ནས་ཉིན་གཅིག་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ལྟད་མོར་སོང་བ་དང་། ལྟད་མོ་ལྟ་རུ་སོང་ཚེ་མི་འདྲ་དང་མི་འདྲ་མང་པོས་ལས་འདྲ་དང་མི་འདྲ་མང་པོ་བྱེད་བཞིན་ཡོད་པར་མཐོང་། དེའི་ནང་ནས་སྤྲང་པོ་ཉམ་ཐག་པ་འགའ་རེས་སློང་མོ་བྱེད་པ། ཤན་པ་དག་གིས་སྲོག་ཆགས་མང་པོ་བསད་དེ་པགས་པ་བཤུ་བ་དང་། ཞིང་པ་རྣམས་ཀྱིས་ཞིང་རྨོས་པའི་ཤུལ་དུ་བྱ་མང་པོས་འབུ་རྣམས་འཐུ་བ་དང་། ཉ་བ་རྣམས་ཀྱིས་ཉ་རྒྱ་བཙུགས་ནས་ཉ་མང་པོ་སྐམ་ལ་ཕྱུངས་ནས་ཉ་རྣམས་ཀྱིས་འགྲེ་ལྡོག་བྱེད་པ་ལ་སོགས་པ། དབུལ་ཕོངས་དང་སྡུག་བསྔལ་མི་དགེ་བའི་ལས་སྣ་ཚོགས་པ་མང་པོ་བསགས་བཞིན་ཡོད་པ་མཐོང་ནས་ཡིད་སྐྱོ་ཞིང་སྙིང་རྗེའི་སེམས་སྐྱེས་ཏེ་ཁྱིམ་དུ་ཕྱིན་ནས། ཁྱིམ་གྱི་ཕ་ལ་གནང་བ་ཞུས་ཏེ་ཁོས་དཀོར་མཛོད་ཀྱི་ནང་ནས་སྦྱིན་པ་ཞིག་གཏོང་དགོས་ཞེས་ཞུས་ཚེ་ཕས་གནང་བ་ཐོབ། དེ་ནས་སྦྱིན་པ་བཏང་བཏང་མཐར་སྐབས་ཤིག་ལ་ཕའི་དཀོར་མཛོད་སུམ་ཆ་གཅིག་མ་གཏོགས་ཟད་སོང་། དེ་ནས་དཀོར་མཛོད་ཀྱི་གཉེར་བ་རྣམས་ཀྱིས་ཕ་ལ་སྨྲས་ཏེ་ད་མཛོད་ཁང་གི་རྒྱུ་ནོར་རྣམས་སྦྱིན་མཚམས་ཤིག་བྱས་ན་མི་དགའ་འམ་ད་ནི་འཛད་ལ་ཉེ་འདུག་ཞེས་སྨྲས་པས། ཡབ་ཀྱིས་བདག་གིས་བུའི་ངོ་མི་ལྡོག་པས་ཁྱེད་རྣམས་ཀྱིས་ཐབས་བྱོས་ཤིག་ཅེས་སྨྲས་པས། དེ་ནས་དེ་དག་གིས་ཐབས་སྣ་ཚོགས་ཀྱིས་མཛོད་སྒོ་ཕྱེ་རོགས་མ་བྱེད། བུ་སྦྱིན་པ་ཆེན་པོས་འདི་རྣམས་ཀྱིས་འདི་ལྟར་བྱེད་པ་འདི་ཡབ་ཀྱི་བཀའ་ཡོད་པར་ངེས་ཤིང་། ལར་ཡབ་ཀྱིས་དཀའ་བས་བསགས་པའི་རྒྱུ་ནོར་འདི་ངས་མེད་པར་བྱེད་འོས་པའང་མ་ཡིན་པས། དེ་བས་ཐབས་གཞན་ཞིག་བཙལ་དགོས། ཅི་འདྲ་བྱས་ན་ལོངས་སྤྱོད་འབད་མེད་དུ་འབྱུང་ཐབས་ཤིག་ཡོད་སྙམ་ནས་མི་ཐམས་ཅད་ལ་སྐད་ཆ་དྲིས་པ་རེད། མི་འགའ་རེས་ཞིང་ལས་བྱས་ན་དགའ་ཞེས་རེད་སྨྲས། འགའ་རེས་ཡང་ཚོང་ལས་བྱས་ན་དགའ་ཞེས་སྨྲས། ཡང་འགའ་རེས་ཕྱུགས་ཟོག་སྤེལ་ན་དེས་དགའ་འམ་ཞེས་སྨྲས། དེ་ལྟར་འདྲ་མིན་ཐམས་ཅད་སྨྲས་ཀྱང་དོན་ངོ་མ་འདི་དགའ་འདུག་སྙམ་པ་ཞིག་གཅིག་ཀྱང་མ་བརྙེད་པ་རེད། འགའ་ཞིག་གིས་རྒྱ་མཚོ་ནང་ནས་ནོར་བུ་བླང་ན་དགའ་ཞེས་སྨྲས་ཚེ་དེ་ཡིད་ལ་བབ་ནས་ཕ་མ་གཉིས་ལ་གནང་བ་ཞུས་པར་ཕ་མ་གཉིས་ཀས་རྒྱ་མཚོའི་ནང་དུ་འགྲོ་བ་ནི་གནོད་པ་མང་བར་མ་ཟད་དེ་འདྲའི་ལས་སླ་མོ་ཞིག་མིན་པས་རྒྱ་མཚོའི་ནང་དུ་མ་འགྲོ་ཞིག་ཅེས་གནང་བ་མ་ཐོབ། བུས་བསམ་པ་འདི་བཞིན་མ་འགྲུབ་ཀྱི་བར་དུ་མི་ལྡང་ངོ་ཞེས་སྨྲས་ཏེ་ཁ་སྦུབ་ཏུ་ཉལ་ཏེ་ཞག་དྲུག་གི་བར་བཟའ་བཏུང་ཟར་མ་འདོད་པས་ཤིར་དོགས་ནས། ཕ་མ་གཉིས་ལའང་ཐབས་མེད་པས་ཉིན་གཅིག་གནང་བ་ཐོབ། དེ་ནས་མི་ལྔ་བརྒྱ་དང་འགྲོགས་ཏེ་སོང་སོང་མཐར། སྐབས་ཤིག་ལ་ཇག་པ་མང་པོ་དང་འཕྲད་དེ་དངོས་པོ་ཚང་མ་ཕྲོགས་སོ། །དེ་ནས་ཡང་སོང་བས་གྲོང་ཁྱེར་ང་ཤུ་བར་ཞེས་པར་ཕྱིན་ནས། དེར་བྲམ་ཟེ་ཀ་བྱི་ལི་ཞེས་པའི་ཁྱིམ་ཚང་ཕྱུག་པོ་ཚང་ཞིག་དང་འཕྲད་ནས་དེ་ཚང་ལ་གསེར་སློང་པ་ན་བྲམ་ཟེ་ཚང་གིས་འདི་ནི་རང་བཞིན་སྐྱེས་བུ་མ་རེད་སྙམ་ནས་གཞན་དང་མ་འདྲ་བ་ཡིན་པར་ཤེས་ཏེ་གསེར་སྲང་སུམ་སྟོང་བྱིན། དེ་ནས་རྒྱ་མཚོ་ཆེན་པོའི་ནང་དུ་གྲུ་གཟིངས་ལ་ཞུགས་ཏེ་སོང་བས་རིན་པོ་ཆེའི་གླིང་དུ་བསླེབས། ཚོང་པ་རྣམས་ལ་རིན་པོ་ཆེ་གང་གི་ཡག་ཡག་བསལ་རོགས་བྱས་ཏེ་བྱིན་ནས་ཕྱིར་འཛམ་བུ་གླིང་དུ་མངག ཚང་མ་མགོ་ཐོན་དུ་ཕྱིར་ཡུལ་ལ་བསླེབས་སོང་། སྦྱིན་པ་ཆེན་པོ་འདོད་དགུ་འབད་མེད་དུ་འཇོ་བའི་ཡིད་བཞིན་གྱི་ནོར་བུ་ཞིག་མ་བརྙེད་བར་དུ་ཕྱིར་ཡུལ་ལ་མི་འགྲོ་སྙམ་ནས། ཀླུའི་རྒྱལ་པོའི་ལག་ནས་ནོར་བུ་སློང་བའི་ཆེད་དུ་སྙིང་སྟོབས་ཆེན་པོ་བསྐྱེད་དེ། ཞག་བདུན་ལ་ཆུས་པུས་མོ་ནུབ་འདུག་ས་ཞིག་ལ་སོང་། ཡང་ཞག་བདུན་ལ་བརླ་མན་ཆད་ནུབ་འདུག་ས་ཞིག་ཏུ་སོང་། ཡང་ཞག་བདུན་ལ་འཕྲག་མགོ་མན་ཆད་ནུབ་འགྲོ་ས་ཞིག་བརྒལ་ནས་སོང་། དེ་ནས་ཞག་བདུན་ལ་ཆུ་རྐྱལ་ནས་སོང་། དེ་ནས་རི་ཞིག་གི་རྩར་བསླེབས། རི་དེའི་ངོར་ཞག་བདུན་དུ་འཛེགས། རི་རྩེར་བསླེབས་ནས་ཐུར་དུ་ཞག་བདུན་ལ་བབ་པས་ཆུ་འགྲམ་ཞིག་ཏུ་བསླེབས། ཆུ་དེའི་ནང་དུ་མེ་ཏོག་པད་མ་གསེར་གྱི་མདོག་ཅན་གྱི་རྩ་བར་དུག་སྦྲུལ་གྱིས་དཀྲིས་པར་མཐོང་ནས། བྱང་ཆུབ་སེམས་དཔའ་དེ་སྐྱིལ་ཀྲུང་ཞིག་བཅས་ཏེ་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་པས། ཀླུ་དེ་དག་གི་ཞེ་སྡང་ཞི་ཞིང་གནོད་པ་དང་བྲལ། དེ་ནས་ཆུ་དེའི་ནང་གི་མེ་ཏོག་པདྨའི་སྟེང་དུ་གོམ་པ་སྤོས་ཏེ་ཡང་ཞག་མ་བདུན་ལ་སོང་། དེ་ནས་པདྨའི་ཆུ་མཚོའི་ཕ་རྒྱབ་ཀྱི་སྲིན་མོའི་གླིང་དུ་ཐོན། དེ་ན་སྲིན་མོ་འཇིགས་སུ་རུང་བ་མང་པོ་ཡོད། དེ་རྣམས་ཀྱིས་མིའི་དྲི་མ་ཚོར་ནས་བརྒྱུགས་ཏེ་ཟ་གྲབ་བྱས་པར། བྱང་ཆུབ་སེམས་དཔས་བྱམས་པའི་སེམས་བསྐྱེད་ཅིག་བསྒོམས་པས་དེ་རྣམས་ཀྱི་གདུག་རྩུབ་ཞི། དེ་ནས་འཇམ་པོའི་ཚིག་གིས་ཁྱེད་གང་ནས་འོང་། གང་དུ་འགྲོ་དྲིས་པས། །དེས་ཁོ་བོ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཚོལ་དུ་ཡོང་བ་ཡིན་པའི་ལོ་རྒྱུས་ཆ་ཚང་བཤད། དེ་རྣམས་ཀྱིས་འདི་རང་བཞིན་གྱི་མི་ཞིག་མ་རེད་རང་བཞིན་གྱི་མི་ཞིག་དང་འདྲ་མི་འདུག་འདི་འདྲའི་སྙིང་སྟོབས་ཆེན་པོ་དང་བསོད་ནམས་ཆེན་པོ་ཅན་ཞིག་རེད་འདུག་ཅེས་སྨྲས་ནས། དགའ་སྟེ་ཀླུའི་ཕོ་བྲང་ལ་ད་དུང་ཐག་ཤིན་ཏུ་རིང་བས་དེ་ལྟར་སོང་ན་ཉོན་མོངས་པར་གྱུར་གྱིས། ཁོ་ཚོས་གང་འཚམ་ཞིག་ལ་བསྐྱལ་འཇོག་ཅེས་སྨྲས་ནས་ནམ་མཁའ་ནས་ཁྱེར་ཏེ་དཔག་ཚད་བཞི་བརྒྱའི་ཕ་རོལ་དུ་བཞག་པ་རེད། དེ་ནས་སོང་བས་ཡུན་རིང་མ་འགོར་བར་དངུལ་གྱི་མཁར་ཞིག་མཐོང་ནས་འདི་ཀླུའི་མཁར་ཡིན་པ་འདྲ་སྙམ་སྟེ་ཐག་ཉེ་སར་སོང་བས། མཁར་དེའི་ཕྱི་རོལ་ན་འོབས་རིམ་པ་བདུན་གྱིས་བསྐོར་ཡོད་པ། འོབས་ཐམས་ཅད་སྦྲུལ་གདུག་པ་ཅན་གྱིས་གང་ཡོད་པར་མཐོང་། དེ་ནས་ཡང་བྱམས་པའི་སེམས་བསྐྱེད་ནས་ཀླུའི་གདུག་པ་ཞི། སྦྲུལ་ཐམས་ཅད་རྐང་པས་བརྫིས་ནས་མཁར་ལ་གཏད་དེ་སོང་། མཁར་དེ་ཀླུ་སྦྲུལ་གཟུགས་ཅན་གཉིས་ཀྱི་ལུས་པོས་དཀྲིས་བརྒྱབ་ནས་མགོ་གཉིས་ཀ་མཁར་སྒོ་ལ་གཏད་དེ་བསྡད་ཡོད་འདུག སྦྱིན་པ་ཆེན་པོ་མཐོང་བ་ན་མགོ་ཡར་བཀྱག་ནས་གདུག་རྩུབ་བསྟན་ཡོང་བས། ཡང་བྱམས་པའི་སེམས་ཤིག་བསྐྱེད་ཚེ་མགོ་མར་དམའ་ནས་ས་ལ་སྣར། དེ་གཉིས་ཀའི་མགོ་ལ་བརྫིས་ཏེ་མཁར་གྱི་ནང་དུ་སོང་། མཁར་གྱི་ཡང་ཐོག་གི་གཙོ་བོ་རིན་ཆེན་སྣ་བདུན་གྱིས་གཞལ་མེད་ཁང་གི་ཚོམ་ཆེན་གྱི་ནང་དུ་ཀླུའི་རྒྱལ་པོ་ཞིག་ཡོད། ནང་དུ་སོང་ཚེ་ཀླུ་དེས་བྱང་ཆུབ་སེམས་དཔའ་མཐོང་བ་དང་སྔངས་ཏེ། འོབས་བདུན་གྱིས་བསྐོར་བས་གཞན་སུ་ཡང་འདིར་འོངས་མི་ནུས་ནའང། འདི་ལྟ་བུ་སུ་ཡིན་སྙམ་སྟེ་ཡར་ལངས་ནས་གུས་པས་བསུས་ཏེ་རིན་པོ་ཆེའི་ཁྲི་སྟེང་དུ་བཞག་ནས་གསོལ་སྣ་མང་པོ་འདྲེན། དེ་ནས་ཀླུའི་རྒྱལ་པོས་ཁྱེད་འདི་རུ་ཅིའི་དོན་དུ་གང་ནས་ཡོང་བ་ཡིན་ཞེས་དྲིས་པས། ང་འཛམ་གླིང་གི་མི་ཡིན་པས་འཛམ་བུ་གླིང་ནས་ཡོང་བ་ཡིན། འཛམ་གླིང་གི་མི་ཐམས་ཅད་དབུལ་ཞིང་ཕོངས་པས་སྡིག་པ་སྣ་ཚོགས་བྱས་ནས་ཕྱི་མ་ངན་སོང་དུ་ལྷུང་བ་དེ་དག་ལ་སྙིང་བརྩེ་བས་ལམ་གྱི་དཀའ་ངལ་ལ་མ་འཛེམ་པར། རྒྱལ་པོ་ཆེན་པོ་ཁྱེད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སློང་དུ་ཡོང་བ་ཡིན། ནོར་བུས་སེམས་ཅན་ལ་ཕན་བཏགས་པའི་བསོད་ནམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བས་ཁྱོད་རང་གི་འདང་རྒྱོབ། བདག་གི་ཡིད་དང་མི་འགལ་བར་རིན་པོ་ཆེ་སྩལ་དུ་གསོལ་ཞེས་སྨྲས་པས། ཀླུའི་རྒྱལ་པོས་སྨྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་སླ་མོ་ཞིག་ཡིན་པ་མ་རེད་རྙེད་དཀའ་མོ་ཡིན་པས། ཁྱེད་འདིའི་དོན་ལ་དཀའ་ལས་འདི་འདྲ་ཞིག་བརྒྱབ་ནས་སེམས་ཅན་གཞན་ལ་ཕན་པའི་ཆེད་དུ་ཡོང་ན། འདི་ནས་ཟླ་བ་གཅིག་ལ་བཞུགས་ཏེ་བདག་གི་མཆོད་པ་བཞེས་ཤིང་ཆོས་བསྟན་ན་ནོར་བུ་རིན་པོ་ཆེ་སྦྱིན་ཞུས། བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་ཁས་བླངས་ནས། ཟླ་བ་གཅིག་གི་ཚེ་ལ་དྲན་པ་ཉེ་བར་བཞག་པའི་ཆོས་ཀྱི་རྣམ་གྲངས་བསྟན་ཞིང་དེའི་རིང་ལ་ཀླུའི་རྒྱལ་པོས་མཆོད་པ་སྣ་ཚོགས་པ་ཕུལ། དེ་ནས་ཟླ་བ་གཅིག་ཚང་བས་ཀླུའི་རྒྱལ་པོས་གཙུག་གི་ནོར་བུ་བཀྲོལ་ནས་སྦྱིན་པ་ཆེན་པོ་ལ་ཕུལ། སྐྱེས་བུ་ཆེན་པོ་ཁྱེད་སངས་རྒྱས་པའི་གནས་སྐབས་སུ་བདག་ཁྱེད་ཀྱི་ཉེ་གནས་ཀྱི་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །སྦྱིན་པ་ཆེན་པོས་ནོར་བུ་འདི་ལ་ནུས་པ་ཇི་འདྲ་ཞིག་ཡོད་པར་དྲིས་པས། འདིས་དཔག་ཚད་ཉིས་སྟོང་གི་འཁོར་ཡུག་གི་ས་མཚམས་སུ་ཅི་དགོས་གང་དགོས་ཐམས་ཅད་དགོས་འདོད་ཆར་བཞིན་དུ་འབེབས་ནུས་ཤེས་སྨྲས། བྱང་ཆུབ་སེམས་དཔའི་ཐུགས་དགོངས་ལ་ནོར་བུ་འདི་མཐུ་ཆེ་མོད་ཀྱི། བདག་གི་བསམ་པ་ཡིད་བཞིན་དུ་སྒྲུབ་མི་ནུས་པར་དགོངས། དེ་ནས་ཀླུའི་རྒྱལ་པོ་འཁོར་བཅས་ཀྱིས་སྐྱེལ་མ་བྱས་ཏེ་ཡང་སོང་སོང་མཐར། སྐབས་ཤིག་ལ་བཻཌཱུརྱ་སྔོན་པོའི་མཁར་ཕྱི་རོལ་གྱི་འོབས་ལ་སོགས་པ་ལམ་འཕྲང་སྔར་ལྟ་བུ་ལ། སྔར་བཞིན་བྱམས་པའི་སེམས་བསྒོམས་ནས་ནང་དུ་ཐར། རྒྱལ་པོ་དེས་ཀྱང་བསུས་ཤིང་བཀུར་སྟི་བྱས་པས། ནོར་བུ་སློང་བ་ལ་ཟླ་བ་གཉིས་སུ་ཆོས་བསྟན་ན་འབུལ་བར་སྨྲས་པ་བཞིན། ཟླ་བ་གཉིས་ལ་བཞུགས་ཏེ་རྫུ་འཕྲུལ་གྱི་རྐང་པའི་ཆོས་བསྟན་པས་ཀླུའི་རྒྱལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔག་ཚད་བཞི་སྟོང་ལ་ཅི་འདོད་ཀྱི་ཆར་འབེབས་ཐུབ་པ་ཞིག་ཕུལ་ཏེ། སངས་རྒྱས་པའི་ཚེ་ན་ཉེ་གནས་སུ་སྨོན་ལམ་བཏབ། །ཡང་དེས་མ་ཚིམས་པར་སྔར་བཞིན་སོང་བས་གསེར་གྱི་མཁར་བཀོད་པ་སྔ་མ་ལྟ་བུ་ཞིག་ཡོད་པ་ལ་སྔར་གྱི་འགྲོ་ལུགས་ལྟར་སོང་བས་བསུ་བ་དང་དྲི་བ་སྔར་ལྟར་བྱས། ཟླ་བ་བཞི་ལ་ཆོས་ཀྱི་རྣམ་གྲངས་མང་པོ་བསྟན་པས་ཀླུའི་རྒྱལ་པོས་གཙུག་གི་ནོར་བུ་བཀྲོལ་ནས་ཕུལ་ཏེ། སངས་རྒྱས་པའི་ཚེ་ཉེ་གནས་ཅིག་ཏུ་འགྱུར་བའི་སྨོན་ལམ་བཏབ། ནོར་བུ་འདིས་དཔག་ཚད་བརྒྱད་སྟོང་གི་འཁོར་ཡུག་ཏུ་ཅི་འདོད་ཀྱི་ཆར་འབེབས་པར་སྨྲས་པས། བྱང་ཆུབ་སེམས་དཔས་ཐུགས་བསམ་ཞིག་བཏང་སྟེ་ཐུགས་དགྱེས་ནས་འཛམ་བུ་གླིང་གི་ཁྱོན་དུ་དཔག་ཚད་བདུན་སྟོང་ལས་མེད་པས། ནོར་བུ་རིན་པོ་ཆེ་འདིས་བདག་གི་འདོད་པ་བསྐང་ངོ་སྙམ་ནས། སྔ་ཕྱིར་རྙེད་པའི་ནོར་བུ་རིན་པོ་ཆེ་གསུམ་པོ་ན་བཟའི་སྣེ་མོ་ལ་བཏགས་ཏེ་ཕྱིར་ཡུལ་ལ་ལོག་ཅིང་ཀླུའི་རྒྱལ་པོ་འཁོར་བཅས་ཀྱིས་སྐྱེལ་མ་མཛད། བྱང་ཆུབ་སེམས་དཔའ་དེ་ལས་ཅུང་ཟད་རིང་ས་ཞིག་ནས་འདི་རྣམས་ནོར་བུ་རིན་པོ་ཆེ་ཡང་དག་པ་ཞིག་ཡིན་ན་བདག་ནམ་མཁའ་ལ་འཕུར་ཐུབ་པར་གྱུར་ཅིག་ཅེས་སྨོན་ལམ་མཛད་པས། འཕུར་ཐུབ་པ་ཞིག་ཏུ་གྱུར། དེ་ནས་ནམ་མཁའ་ལ་འཕུར་ཏེ་རྒྱ་མཚོའི་ནང་གི་གེགས་ཐམས་ཅད་ལས་ཐར་ཏེ་རྒྱ་མཚོའི་འགྲམ་དུ་བསླེབས་སྐབས་ས་སྟེང་དུ་བབ་ནས་ངལ་ཅུང་ཟད་ཅིག་གསོས་པར་དེའི་ཚེ་གཉིད་དུ་ཡུར་སོང་བས། ཀླུ་ཕྲན་རྣམས་ཀྱིས་གྲོས་བྱས་པ། ང་ཚོའི་རྒྱ་མཚོའི་ནང་དུ་ནོར་བུ་རིན་པོ་ཆེ་འདི་གསུམ་མ་གཏོགས་མེད་པས་གལ་ཏེ་འདི་གསུམ་མི་འདིས་ཁྱེར་སོང་ན་མི་ལེགས་པས་ཕྱིར་ལ་རྐུ་དགོས་སྙམ་ནས་ཕྱིར་བརྐུས་སོང་། བྱང་ཆུབ་སེམས་དཔའ་གཉིད་སད་དུས་ནོར་བུ་རྣམས་མེད་པར་མཐོང་ནས། འདི་རྒྱ་མཚོའི་ཀླུས་བརྐུས་པ་སེམས་ཐག་ཆོད་དེ། བདག་གིས་ནུས་པ་ཡོད་ཚད་ཀྱིས་རྒྱ་མཚོའི་ཆུ་བསྐམ་དུ་འཇུག་དགོས་དགོངས་ནས་ནོར་བུ་ལག་ལ་མ་ལོན་གྱི་བར་དུ་ཁ་ཕྱིར་ལ་མི་འཁོར་བའི་དམ་བཅའ་བཞག་སྟེ། རུས་སྦལ་གྱི་ཁོག་པ་རྙིང་བ་ཞིག་མཚོ་འགྲམ་དུ་ཡོད་པ་དེ་བླངས་ནས་རྒྱ་མཚོའི་ཆུ་བཅུ་བཞིན་པའི་སྐབས། རྒྱ་མཚོའི་ལྷ་དེས་སྦྱིན་པ་ཆེན་པོའི་བསམ་པ་ཤེས་ཏེ་གམ་དུ་ཡོང་ནས་རྒྱ་མཚོ་ཆེན་པོའི་ཁ་ཞེང་རྐྱང་རྐྱང་ན་དཔག་ཚད་སྟོང་ཕྲག་སུམ་བརྒྱ་སུམ་ཅུ་ཡོད་པས། ཁྱོད་མི་གཅིག་ལྟ་ཅིི་ཁྱེད་འཛམ་བུ་གླིང་གི་མི་ཐམས་ཅད་ཡོང་ནས་བཅུས་ནའང་སྐམ་ཐབས་མེད་པར་མ་ཟད་ཁ་དམའ་ཐབས་ཙམ་ཡང་ཐོན་པ་མ་རེད་ཁྱོས་བཅུས་པ་དོན་མེད་རེད་ཅེས་སྨྲས། བྱང་ཆུབ་སེམས་དཔས་གསུངས་པ་མི་ཞིག་གིས་ངོ་མ་ཞེ་སྙིང་གི་ལས་ཀ་ཞིག་སྒྲུབ་ན་མི་འགྲུབ་པ་ཞིག་ཡོད་པ་མ་རེད། ངས་རིན་པོ་ཆེ་རྙེད་པས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱ་སྙམ་ཞིང་། དེའི་བསོད་ནམས་ཀྱིས་སངས་རྒྱས་པར་འདོད་དེ། དེ་ལ་སེམས་མ་ཞུམ་ན་སྡུག་གི་རྒྱ་མཚོ་ཅིའི་ཕྱིར་སྐམ་མི་ཐུབ་ཅེས་གསུངས། དེའི་སྐབས་སུ་ལྷ་ཁྱབ་འཇུག་ལ་སོགས་པས་རྒྱང་ནས་བལྟས་ཚེ། བྱང་ཆུབ་སེམས་དཔའ་མི་གཅིག་གིས་རྒྱ་མཚོ་ཆེན་པོའི་ཆུ་བཅུས་ཏེ་འགྲོ་བ་མང་པོའི་དོན་བྱེད་བཞིན་ཡོད་པ་མཐོང་ནས། ལྷ་ཐམས་ཅད་ཀྱིས་གཅིག་གིས་གཅིག་ལ་སྦྲན་ཏེ་ཐམས་ཅད་བྱང་ཆུབ་སེམས་དཔའི་མདུན་དུ་ཡོང་ནས། དེ་རྣམས་ཀྱིས་རང་རང་གི་གྱོན་པ་ཕུད་ནས་ཆུ་ནང་དུ་བྱན་ཏེ་ཕྱིར་ལན་རེ་བླངས་དུས། ལན་ཕོག་གཅིག་གིས་རྒྱ་མཚོའི་ཆུ་དཔག་ཚད་བཞི་བཅུ་ཐམ་པ་ཕྲིས་སོང་། ལན་གཉིས་ཀྱིས་བརྒྱད་ཅུ་ཕྲིས་སོང་། ལན་གསུམ་གྱིས་དཔག་ཚད་བརྒྱ་དང་ཉི་ཤུ་ཕྲིས་སོང་བས། ཀླུ་རྣམས་སྐྲག་ནས་བྱང་ཆུབ་སེམས་དཔའི་མདུན་དུ་ཡོང་སྟེ་རྒྱ་མཚོ་ཆེན་པོའི་ཆུ་སྐམ་པར་མ་བྱེད་ཅིག་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་དེའི་སྐབས་དེར་མཚམས་བཞག ཀླུ་རྣམས་ཀྱིས་སྨྲས་པ་ཁྱེད་ཀྱིས་ནོར་བུ་རིན་པོ་ཆེ་འདིས་ཅི་ཞིག་དགོས་ཤེས་སྨྲས། དེས་སྨྲས་པ། སེམས་ཅན་ལ་ཕན་ཐོགས་པའི་དོན་ཡིན་ཞེས་གསུངས། ཀླུས་སྨྲས་པ། འོ་ན་རྒྱ་མཚོའི་ནང་ན་སེམས་ཅན་མང་དུ་ཡོད་པས་ངེད་རྣམས་ཀྱིས་ཀྱང་ཅི་ཕྱིར་སྦྱིན་སྨྲས། བྱང་ཆུབ་སེམས་དཔས་གསུངས་པ། རྒྱ་མཚོའི་ནང་ན་སེམས་ཅན་ཡོད་མོད་ཀྱི་དེ་ལ་དབུལ་ཕོངས་ཀྱི་སྡུག་བསྔལ་མེད་། འཛམ་བུ་གླིང་གི་སེམས་ཅན་དབུལ་པོ་ཡིན་པས་རྒྱུ་ནོར་གྱི་དོན་དུ་གཅིག་གིས་གཅིག་ལ་གནོད་བསྐྱལ་བས་མི་དགེ་བ་བཅུ་རྫོགས་པར་བྱས་ཏེ་ཤི་ནས་དམྱལ་བར་སྐྱེ་འགྲོ་བས། ཁོང་གིས་དེ་རྣམས་ལ་སྙིང་རྗེ་སྟེ་རིན་པོ་ཆེ་ཨེ་ལོན་བལྟས་པ་ཡིན་ཞེས་གསུངས། ཀླུ་རྣམས་ཀྱིས་སེམས་རྙེད་དེ་ནོར་བུ་གསུམ་པོ་ཁྱེར་ཡོང་ནས་ཕྱིར་ལ་ཕུལ། རྒྱ་མཚོའི་ལྷ་དེས་ཀྱང་སངས་རྒྱས་པའི་ཚེ་ན་ཉེ་གནས་ཀྱི་མཆོག་ཏུ་སྨོན་ལམ་བཏབ། །དེ་ནས་བྱང་ཆུབ་སེམས་དཔར་ནོར་བུ་རིན་པོ་ཆེ་ཐོབ་སྟེ་སྟེང་གི་ནམ་མཁར་འཕུར་ནས་མར་ས་ལ་བབ་དུས། སྔར་གྱི་ཚོང་རོགས་ལྔ་བརྒྱ་བོ་མགོ་ཐོན་ནས་འགྲོ་བཞིན་ཡོད་པ་དང་ཐུག སྔར་གྱི་བྲམ་ཟེ་གསེར་སྲང་སུམ་སྟོང་ཕུལ་མཁན་ཚང་གི་ཁྱིམ་ལ་ཕེབས། བྱང་ཆུབ་སེམས་དཔས་ནོར་བུ་རིན་པོ་ཆེ་ཕྱག་ཏུ་བསྣམས་ནས་ཁྱིམ་དུ་ཕེབས་པས། དེ་ཚང་གི་བང་མཛོད་ཐམས་ཅད་ནོར་སྣ་མང་པོས་གང་། དེ་ཚང་གིས་ཚོང་པ་ལྔ་བརྒྱ་དང་བཅས་པ་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱས། གླང་པོ་ཆེ་ལྔ་བརྒྱ་ལ་རྒྱན་གྱིས་བརྒྱན་ཏེ་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ལ་ཕུལ་ནས་སྐྱེལ་མ་བྱས། སྐབས་དེར་སྦྱིན་པ་ཆེན་པོའི་ཕ་མ་གཉིས་ཀ་བུ་དང་བྲལ་བས་སྡུག་བསྔལ་གྱིས་རྟག་ཏུ་ངུས་པས་གཉིས་ཀའི་མིག་ལོང་། བུ་ཕྱིར་ལ་ཐོན་ནས་ཕ་མ་གཉིས་ཀ་ལ་ཕྱག་འཚལ་ཞིང་དེའི་ལག་པ་ནས་བཟུང་སྟེ་ཁ་བརྡ་བྱས་པས་བུ་ཡིན་པ་ངོ་ཤེས་ཏེ་ཁྱོད་ཀྱིས་ཕ་མ་གཉིས་ཀ་ཤུལ་ནས་བསྐྱུར་ཏེ་བུད་སོང་བས་ངུས་ངུས་ཀྱིས་མིག་ལོང་སོང་། ཁྱོད་རྒྱ་མཚོ་ནང་དུ་སོང་ནས་ཅི་ཞིག་རྙེད་དྲིས་ཚེ། ནོར་བུ་རིན་པོ་ཆེ་ཕ་མ་གཉིས་ཀའི་ལག་ཏུ་བཞག་ནས་བདག་གིས་འདི་རྙེད་དོ་ཞེས་སྨྲས་པ་དང་། ཕ་མས་ལག་ཏུ་བླངས་ནས། འདི་འདྲའི་རྡོ་འུ་ཚང་གི་མཛོད་ཀྱི་ནང་ན་ཅི་འདྲའི་མང་པོ་ཡོད་ཁྱོད་དེའི་དོན་དུ་སྲོག་ལ་བསྡོ་ཅི་དགོས་ཞེས་སྨྲས། བྱང་ཆུབ་སེམས་དཔས་ཕ་མའི་ལག་ནས་ནོར་བུ་ཕྱིར་བླངས་ཏེ་ཕ་མའི་མིག་སྔར་བཞིན་དུ་འགྱུར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས་ཕ་མ་གཉིས་ཀའི་མིག་སྔར་ལས་ཀྱང་གསལ་བ་ཞིག་ཏུ་གྱུར། ཕ་མ་གཉིས་ཀ་དགའ་ནས་ནོར་བུ་རིན་པོ་ཆེ་ཡང་དག་པ་རེད་འདུག་ཅེས་བྱ་བ་ལ་ཡི་རང་བྱས། སྦྱིན་པ་ཆེན་པོས་ནོར་བུ་རིན་པོ་ཆེ་བཟུང་སྟེ་ཕ་མའི་འོག་ན་རིན་པོ་ཆེའི་གདན། སྟེང་དུ་རིན་པོ་ཆེའི་བླ་བྲེ་འོང་བའི་སྨོན་ལམ་བཏབ་པས་ཇི་བཏབ་པོ་འགྲུབ། དེ་ལྟར་དུ་སྨོན་ལམ་བཏབ་སྟེ་བང་མཛོད་སྟོངས་པ་ཐམས་ཅད་གང་བར་བྱས། དེ་ནས་འཛམ་བུ་གླིང་གི་མི་ཐམས་ཅད་ལ་དྲིལ་གྱིས་བསྒྲགས་ཏེ། ཞག་བདུན་གྱི་མཚམས་ནས་ཡོ་བྱད་ཐམས་ཅད་ཆར་བཞིན་དུ་འབེབས་པ་ཡིན། ཐམས་ཅད་ཀྱིས་རང་རང་སོ་སོའི་ཅི་འདོད་ཀྱི་ཡོ་བྱད་རྣམས་ལོངས་ཞེས་བསྒྲགས། དེ་ནས་དུས་ཚོད་ཀྱི་སྟེང་དུ་ཉེ་དུས་སྦྱིན་པ་ཆེན་པོས་ཁྲུས་བྱས་གོས་གསར་བ་གྱོན་ནས། ཐང་ཡངས་ས་ཞིག་ཏུ་རྒྱལ་མཚན་ཞིག་བཙུགས་ཏེ་དེའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་བཏགས། སྤོས་ཕོར་ལག་ཏུ་བཟུང་ནས་སྨོན་ལམ་བཏབ་པ། འཛམ་བུ་གླིང་གི་མི་ཐམས་ཅད་པོ་དབུལ་ཕོངས་ཤ་སྟག་སྟེ། དེ་དག་ལ་ཕན་ཞིག་འདོགས་པའི་ཆེད་དུ་ཡིད་བཞིན་གྱི་ནོར་བུ་འདི་མི་རྫུན་པ་ཞིག་ཡིན་ན། མི་ལ་སོགས་པའི་སྲོག་ཆགས་ཐམས་ཅད་ལ་ཅི་དགོས་པའི་ཡོ་བྱད་ཐམས་ཅད་ཆར་བཞིན་དུ་འབབ་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས། དང་པོ་ཕྱོགས་བཞི་ནས་རླུང་ལངས་ཏེ་མི་གཙང་བའི་ཉལ་ཉིལ་ཐམས་ཅད་ཕྱགས། དེ་ནས་ཆར་ཟིམ་ཟིམ་ཞིག་བབ་སྟེ་རྡུལ་མི་ལྡང་བར་བྱས། དེ་ནས་ཐོག་མར་བཟའ་བཏུང་རོ་བརྒྱ་དང་ལྡན་པ་སྣ་ཚོགས། དེ་ནས་འབྲུའི་རིགས། དེ་ནས་གོས་ཀྱི་རིགས། དེ་ནས་རིན་པོ་ཆེ་སྣ་ཚོགས་ཆར་བཞིན་དུ་བབ་སྟེ་འཛམ་བུ་གླིང་གི་ས་ཆ་ཐམས་ཅད་རྒྱུ་ནོར་གྱིས་གང་སྟེ་མི་ཐམས་ཅད་རྒྱུ་ནོར་གྱིས་ཚིམས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་འཛམ་བུ་གླིང་གི་མི་ཐམས་ཅད་ལ་འདི་ལྟར་གསུངས། ཁྱེད་རྣམས་ཀྱིས་ཟས་ནོར་གྱི་དོན་དུ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ངན་མང་པོ་ཞིག་བསགས་ཏེ་དེའི་རྣམ་སྨིན་ངན་སོང་དུ་འགྲོ་བ་ལ། བདག་ནི་དེ་ལ་སྙིང་རྗེ་ནས་འཇིགས་སྐྲག་དང་སྡུག་བསྔལ་མང་པོ་ཞིག་ཁྱད་དུ་བསད་དེ་རྒྱ་མཚོའི་ནང་ནས་ནོར་བུ་རིན་པོ་ཆེ་བླངས་བ་ཡིན། ད་ནི་ཁྱེད་རྣམས་ལ་ལོངས་སྤྱོད་ཀྱིས་ཕོངས་པ་མེད་པས། ཁྱེད་རྣམས་ཀྱིས་སྒོ་གསུམ་མི་དགེ་བ་ཐམས་ཅད་བསྡམས་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྩོན་འགྲུས་གྱིས་ཤིག་གསུངས་ཏེ་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཆོས་བསྟན། དེ་ཐམས་ཅད་དགེ་བའི་ལས་ལ་བརྩོན་པ་བསྐྱེད་དུ་བཅུག་སྟེ་འཛམ་གླིང་གི་མི་ཐམས་ཅད་སྐབས་དེར་ཤི་འཕོས་ནས་མཐོ་རིེས་ཀྱི་ལྷ་ཡུལ་དུ་སྐྱེས་སོང་བ་ཤ་སྟག་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་གཏམ་རྒྱུད་དེར་གསུངས། དེའི་སྐབས་ཀྱི་སྦྱིན་པ་ཆེན་པོའི་ཕ་མ་གཉིས་ཀ་ད་ལྟའི་ཡབ་ཟས་གཙང་དང་ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀ་ཡིན་ལ། སྦྱིན་པ་ཆེན་པོ་ནི་སྟོན་པ་ཁོང་ཡིན། རྒྱ་མཚོའི་ནང་གི་ལྷ་དེ་མ་འགགས་པ་དང་། དངུལ་གྱི་མཁར་དུ་ཡོད་པའི་ཀླུ་དེ་ཤཱ་རིའི་བུ་དང་། བཻཌཱུརྱའི་མཁར་ནང་དུ་ཡོད་པའི་ཀླུ་དེ་མོའུ་འགལ་གྱི་བུ་དང་། གསེར་གྱི་མཁར་ནང་དུ་ཡོད་པའི་ཀླུ་དེ་ཀུན་དགའ་བོ་རེད། ཀུན་དགའ་བོ་དུས་དེ་ནས་ད་ལྟའི་བར་དུ་དུས་ཤེས་ཤིང་དུས་ལ་མཁས་པ་ཡིན། ད་ཐེངས་འདོད་པ་གསུམ་པོ་ཡང་བསམ་པ་ལྟར་དུ་གནང་བ་སྦྱིན་པ་ཡིན་གསུངས་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ། །ཀུན་དགའ་བོ་དགའ་མགུ་ཡི་རང་ནས་ཇི་སྲིད་འཚོའི་བར་དུ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པར་ཁས་བླངས། གཏམ་རྒྱུད་འདིའི་ཅི་ཞིག་མཚོན་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་པ་ལམ་གྱི་གནས་སྐབས་སུ་སྦྱིན་པ་བཏང་ཚུལ་དང་། ཞོར་དུ་སྙིང་སྟོབས་དང་བརྩོན་འགྲུས་བྱམས་པ་བསྒོམས་པའི་ཕན་ཡོན་སོགས་ཀྱང་བསྟན་ཏོ། དེ་ནས་ཡང་ཐུན་མོང་གི་དགེ་རྩ་སྤྱི་ལ་རྗེས་སུ་ཡི་རང་པ་ནི། སྲོག་གཅོད་སྤོང་བའི་སྟེང་དུ་གཞན་གྱི་སྲོག་བསྐྱབ་པ་སྦྱིན་པ་རྣམ་གསུམ་གྱིས་བསྡུས་པའི་སྦྱིན་པ་གཏོང་བ་དེ་དང་། སྡོམ་པ་སྲུང་བ་ལ་སོ་ཐར་རིགས་བདུན་དབྱེ་བ་ཡོད་པས་དེ་ནི་མཁན་སློབ་ཀྱི་མདུན་དུ་ཁས་བླངས་ཚར་བའི་རང་ལམ་ཀྱི་སྲུང་བྱ་ཐམས་ཅད་སྲུང་དགོས་པའོ། །བསྲུངས་ན་ཕན་ཡོན་ཆེ་ཞིང་། དག་པའི་ཞིང་ཁམས་ཤིག་ནས་བསྐལ་བ་བརྒྱ་སྟོང་ཕྲག་མང་པོའི་ཚེ་ལ་ཚངས་སྤྱོད་ཀྱི་སྡོམ་པ་བསྲུངས་བ་ལས་འདིར་སྔ་དྲོ་ཞིག་ལ་སེམས་མི་ཞུམ་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་ཀྱིས་སྡོམ་པ་བསྲུངས་བ་སྟེ། སེམས་ཅན་ལ་འཚེ་བ་མི་བྱེད་པའི་སྡོམ་པ་སྣ་གཅིག་སྲུང་བ་ཕན་ཡོན་ཆེ་གསུངས། ཡང་དུས་བཟང་བསྐལ་བཟང་གི་སྐབས་སུ་བསྐལ་བ་བྱེ་བ་ཁྲག་ཁྲིག་ཏུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་མཆོད་པ་བས་ཀྱང་དུས་སྙིགས་མའི་བསྟན་པ་ནུབ་པའི་སྐབས་ལ་ཉིན་ཞག་གཅིག་ཏུ་སྲོག་གཅོད་སྤོང་བ་ལྟ་བུའི་བསླབ་པ་སྣ་གཅིག་སྲུང་ན་ཕན་ཡོན་ཆེ་བ་མདོ་ལས་གསུངས་བས། རང་རྒྱུད་ནས་བསླབ་པ་སྣ་རེ་ཡིན་ཀྱང་སྲུང་། གཞན་གྱི་དགེ་བ་སྣ་རེ་བྱས་པ་མཐོང་ཐོས་བྱུང་ཚེ་རྗེས་སུ་ཡི་རང་བྱེད་དགོས་ཏེ། །ཚོམས་ལས། ངག་རྣམས་བསྲུངས་ཤིང་ཡིད་ནི་ལེགས་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་ཆེད་མི་བྱ། །ལས་ལམ་གསུམ་པོ་འདི་དག་རྣམ་སྦྱངས་ན། །དྲང་སྲོང་གསུང་བའི་ལམ་ནི་ཐོབ་པར་འགྱུར། །ཞེས་དང་། ཚུལ་ཁྲིམས་ཡང་དག་པར་བསྡམ་པའི་མདོ་ལས། ཇི་ལྟར་མིག་མེད་གཟུགས་མཐོང་མི་འགྱུར་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་གསུངས་ཏེ། །བདེ་བ་ཅན་དུ་སྐྱེ་བ་ལ་སྨོན་ལམ་རྣམ་པར་དག་པས་མཚམས་མ་སྦྱར་ན་རྒྱུ་གཞན་དག་ཡོད་ཀྱང་སྐྱེ་མི་ཐུབ། སྨོན་ལམ་འགྲུབ་མི་འགྲུབ་ཚུལ་ཁྲིམས་རྣམ་པར་དག་མིན་ལ་རག་ལས་པས། ཕྱི་མ་བདེ་བ་ཅན་ལ་སྐྱེ་འདོད་སྙིང་ནས་ཡོད་ན། རང་རང་གི་སྡོམ་པ་གང་ཁས་བླངས་ཡོད་ན་དེའི་བསྲུང་བྱ་རྣམ་པར་དག་པ་བསྲུང་། གཞན་གྱི་སྲུང་བ་ལ་ཡི་རང་བྱེད། བདེན་པར་སྨྲ་བ་ལས་རྫུན་བཤད་མི་རུང་གཏམ་གང་བཤད་ན་བདེན་པར་སྨྲ་དགོས། རྫུན་གྱི་ཉེས་དམིགས་གོང་དུ་བཤད་པ་ལྟར་རེད། རྫུན་མི་བཤད་པར་བདེན་པར་སྨྲ་བ་ལ་རྗེས་སུ་ཡི་རང་བྱ་རང་གིས་ཀྱང་དེ་ལྟར་བསླབ། སྡེ་བ་དགོན་པ་གང་ཟག་ནང་ཕན་ཚུན་ལ་མི་མཐུན་པའི་འཁོན་གཞི་ཡོད་པ་དེ་ཞི་ཐབས་ལ་རང་གིས་འབད། གཞན་གྱིས་འཁོན་པ་སྡུམ་ན་དེ་ལ་རྗེས་སུ་ཡི་རང་བྱ་དགོས། རྗེས་སུ་ཡི་རང་བྱས་ན་དེ་ལ་དགེ་བ་འདྲ་འདྲ་ཐོབ་པ་གང་ཡིན་ཡང་གཅིག་མཚུངས་རེད། འཁོན་པ་བསྡུམ་ན་ཡང་རང་འདོད་ཀྱི་བསམ་པ་ཆེ་འདོད་གྲགས་འདོད་ཟ་འདོད་མེད་པའི་སྟེང་དུ་དྲང་པོར་བྱ་དགོས། ཁྱད་པར་དུ་རྒྱུ་མེད་ཉམ་ཆུང་གི་སྟེང་དུ་གྱོད་གཡོན་བྱས་ན་ད་ལྟའི་ཉི་མ་འགའ་ཞིག་ལ་དེ་ཕམ་སོང་ཡང་། ཕྱི་མའི་ཡུལ་དུ་བསླེབ་མི་དགོས་པར་ཉི་མ་འགའ་ཞིག་གིས་དེའི་ལེ་ལན་དང་རྒྱུ་འབྲས་འཁོར་ཡོང་བ་རེད། སྤྱིར་བླ་སེར་གྱོད་འཁོན་ཁ་མཆུའི་ནང་དུ་འདྲེས་མི་རུང། ཡས་ཚང་གི་གཉེན་སྒྲིག་ས་ན་བླ་སེར། མས་ཚང་གི་གྱོད་བཤད་ས་ན་བླ་སེར། བླ་སེར་འཇིག་རྟེན་གྱི་བྱ་བའི་ནང་ཐེ་མེད་ས་ཞིག་མེད་དུས། འཇིག་རྟེན་ཇི་འདྲ་ཞིག་འགྲུབ་ཀྱིན་ཡོད་ན་དེའི་ཚོད་ཀྱིས་དོན་གྱི་བསྟན་པ་དམ་པའི་ཆོས་ཕྱོགས་ནས་དེ་ཙམ་ཞིག་ཤོར་གྱིན་ཡོད་པའི་རྟགས་རེད། འོན་ཀྱང་དམེ་འཁྲུགས་འཁོན་ཁ་ཆོས་དམ་གྱིས་གནན་རྒྱུ་དེ་ཚོ་བཀའ་དྲིན་ཆེ། ཆགས་སྡང་གི་གནོད་འཚེ་མེད་ན་སེམས་རྒྱུད་འཇམ་པོ་ཡིན། ཞི་དུལ་གྱི་སྤྱོད་ལམ་རང་ཤུགས་ཀྱིས་ཡོད་པ་རེད། ཞི་ཞིང་དུལ་བའི་སྒོ་ནས་གཏམ་དྲང་པོར་བཤད། དྲང་པོར་བཤད་ན་དགྲ་ཡང་མགུ་ཟེར་བས། བདེན་པའི་ཚིག་ནི་བདུད་རྩི་སྟེ། །བདེན་པའི་ཚིག་ནི་བླ་ན་མེད། །ཅེས་གསུངས་པ་ལྟར། གཏམ་བཤད་ན་དོན་མེད་སྨྱོན་བའི་འཆལ་གཏམ། སྨྱོན་པ་རེད་ཟེར་ན་སྨྱོ་ཡག་རེད་མེད་པ་འདྲ་བ། གཟའ་བོ་རེད་ཟེར་ན་དེ་ཡང་ཅུང་མིན་པ་འདྲ་བ། གཏམ་མགོ་མེད་རྔ་མེད་ཅི་དྲན་གང་དྲན། ཚིག་ལ་མཚོན་ཆ་མེད་ཀྱང་མི་སེམས་ཚལ་བར་གཏོང་བྱེད་དང་གནོད་པ་ཅན་གྱི་ཚིག་བརྟགས་དཔྱད་སྔོན་དུ་མ་སོང་བ་དེ་འདྲ་མི་བཤད་པར། དོན་ཡོད་པ་གཞན་ལ་ཕན་པའི་སྐད་ཆ། སྡིག་ཅན་ཐར་བ་ཐོབ་བྱེད་ཀྱི་སྐད་ཆ། ལྟ་ལོག་ཆོས་དང་འཕྲད་བྱེད། སྡུག་བསྔལ་ཅན་གྱི་སྡུག་སེམས་ནད་ཞི་བྱེད། ཡིད་ཆད་ཉམ་ཐག་གི་སེམས་ཀྱི་རེ་བ་སྐོང་བྱེད། མ་ཤེས་པ་ལ་བསླབ་སྟོན་དང་། མ་རིག་པ་ལ་མཛུབ་སྟོན་བྱེད་ནུས་ན་དེ་ཡག་པ་རེད། རང་གིས་ཆེན་པོ་ཞིག་བྱེད་མ་ཐུབ་ཀྱང་། མི་བློ་ཆེན་ཤེས་རྒྱ་ཅན་གྱིས་མི་གཞན་ལ་ཕན་སེམས་ཀྱི་གཏམ་བཤད་ཀྱིན་ཡོད་པ་ལ་ཡི་རང་བྱེད། དེའི་སྟེང་ནས་འདོད་པ་ཆུང་བར་བྱེད་པ་ཆོག་ཤེས་ཀྱི་གཞི་མ་རེད། འདོད་ཆུང་ཆོག་ཤེས་འཕགས་པའི་ནོར་བདུན་གྱི་ནང་ནས་རེད། འདོད་ཆུང་ཅན་དེ་འཕགས་པའི་རིགས་ཡིན་ཞིང་འདོད་པ་ཟད་ན་འཕགས་པ་དངོས་ཡིན། འདོད་ཆེན་གྱི་སྡུག་བསྔལ་དེ། བྱེ་ཚན་གྱི་ནང་དུ་ཉ་འཕང་པ་ལྟ་བུ་ཞིག་ཡིན། ཆོག་ཤེས་ཀྱི་བདེ་བ་དེ། ལྷའི་ཕོ་བྲང་གི་ནང་དུ་ཙནྡན་གྱི་ཆུ་བསིལ་གཏོར་གྱིན་ཡོད་པ་ལྟ་བུའི་ཁྱད་པར་ཡོད། འདོད་ཆེན་གྱིས་འཇིག་རྟེན་གྱི་ནོར་ལ་སྤྱད་པའི་བདེ་བ་དེས་འདོད་ཆུང་ཆོག་ཤེས་ཀྱིས་འཕགས་ནོར་ལ་སྤྱད་པའི་བདེ་བ་དོ་ཟླ་མེད། འོན་ཀྱང་བདེ་བ་དེ་ཅི་འདྲ་ཞིག་ཡིན་པ་འདོད་ཆུང་ཅན་ཁོ་རང་གིས་མ་གཏོགས་ཤེས་པ་མ་རེད། ཁྱད་པར་དུ་རབ་ཏུ་བྱུང་བས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསུངས་བའི་གཏད་པ་བཞི་ལ་ཕུགས་བཅོལ་རྒྱུ་དེ་གནད་ཆེན་པོ་ཡིན། བྱ་བཏང་རི་ཁྲོད་པ་ཞིག་ལ་གཏད་པ་བཞི་ཡོད་དགོས་གསུངས་པ་དེ་གང་ཡིན་ཞེ་ན། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུག་གྲོག་སྟོངས་ལ་གཏད་ཅེས་གསུངས་པ་རེད། །ཡང་བྱ་བཏང་གི་རི་ཁྲོད་པ་ཞིག་ལ་ཅི་ཞིག་དགོས་ཤེ་ན་བུད་བསྙེག་ཐོབ་གསུམ་དགོས། གང་ནས་བུད་ན་མི་གྲལ་ནས་བུད། གང་ལ་སྙེག་ན་ཁྱི་གྲལ་དུ་སྙེག གང་ཐོབ་ན་ལྷ་གྲལ་ཐོབ་པ་སྟེ་འདི་ལ་བུད་བསྙེག་ཐོབ་གསུམ་ཟེར། ཁྱི་གྲལ་ཞེས་པ་ནི་དམན་ས་འཛིན་པ་ཞིག་ལ་ཟེར། ཡང་བཀའ་གདམས་པའི་དགེ་བཤེས་རྣམ་པས་བྱ་བཏང་གི་རི་ཁྲོད་པ་ཞིག་ལ་རྡོ་རྗེ་གསུམ་དགོས་གསུངས་ཡོད། རྡོ་རྗེ་གསུམ་པོ་གང་ཡིན་ཞེ་ན། ཐེབ་མེད་རྡོ་རྗེ་སྔོན་ལ་བཏང་། ཁྲེལ་མེད་རྡོ་རྗེ་རྗེས་སུ་འཇོག ཡེ་ཤེས་རྡོ་རྗེ་རང་དང་འགྲོག་ཅེས་གསུངས་ཡོད། ཐེབ་མེད་རྡོ་རྗེ་ཞེས་པ་ཚེ་བློས་བཏང་དེ་དབེན་པའི་རི་ལ་སྒྲུབ་པ་བྱེད་དུས་ཕ་མ་གཉེན་བཤེས་སོགས་ཀྱིས་མ་འགྲོ་ཞེས་གཤོལ་བཏབ་ཀྱང་གཤོལ་མི་ཐེབ་པ་ལ་ཐེབ་མེད་རྡོ་རྗེ་ཞེས་བྱ། ཚེ་འདིའི་ཕ་མ་གཉེན་བཤེས་ཀྱང་མ་བསྐྱངས་ཏེ་ཁྲེལ་མེད་རེད་རི་ལ་འགོས་ཐལ་ཨེ་ཟེར་བསམ་ནས་དེ་འདྲ་འཛེམས་མི་འདུག་པ་ལ་ཁྲེལ་མེད་རྡོ་རྗེ་ཟེར། ཡེ་ཤེས་རྡོ་རྗེ་ཞེས་པ་ཆོས་མ་གཏོགས་བྱ་བ་གཞན་པ་བསམ་པ་དང་དྲན་པ་གཉིས་ཀ་མེད་པ། གཟུང་འཛིན་ཐམས་ཅད་སྤངས་པའི་འཛིན་མེད་བྱེད་བསམ་པ་ལས་གཞན་བྱ་ལོང་མེད་པར་ལྷ་ཡིན་ཡང་འཆི་བ་རེད་བསམ་ནས་དེ་ཡིད་ལ་བཞག་སྟེ་ཆོས་མ་གཏོགས་བསམ་རྒྱུ་མེད་པ་དེ་ལ་ཡེ་ཤེས་རྡོ་རྗེ་ཞེས་བྱ། དེ་ལྟ་བུ་རྡོ་རྗེ་གསུམ་དང་གཏད་པ་བཞི་བུད་སྙེག་ཐོབ་གསུམ་སྟེ་བཅུ་པོ་ལ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པས་ཕུགས་ནོར་བཅུ་ཞེས་གསུངས་ཡོད། གཞན་སེམས་ཅན་ལ་བརྩེ་བ་མེད་ཅིང་གཞན་དོན་མི་བྱེད་པ་ནི་ཐེག་པ་དམན་པའི་རིགས་ཡིན། ཐེག་པ་ཆེན་པོའི་ཆོས་ལམ་ལ་ཞུགས་པ་ཞིག་གིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྐད་ཅིག་ཙམ་ཡང་འབྲལ་མི་རུང། བྱམས་སྙིང་རྗེ་གཉིས་ལས་བྱམས་པ་ལ་དབྱེ་ན། སེམས་ཅན་ལ་དམིགས་པའི་བྱམས་པ། ཆོས་ལ་དམིགས་པའི་བྱམས་པ། དམིགས་པ་མེད་པའི་བྱམས་པ་སྟེ་གསུམ། སེམས་ཅན་ལ་དམིགས་པའི་བྱམས་པ་དེ་ནི་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དེ་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཡོད་པ་དང་། དམིགས་པ་མེད་པའི་བྱམས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་སེམས་ཀྱི་སྤྱོད་ཡུལ་དུ་གྱུར་བ་ཞིག་ཡིན། སྐབས་འདིར་བྱམས་པ་དང་པོ་སེམས་ཅན་ལ་དམིགས་པའི་བྱམས་པ་གཙོ་བོར་བྱས་ན། དེའི་དམིགས་པའི་ཡུལ་སེམས་ཅན་ཐམས་ཅད། རྣམ་པའི་བློ་བདེ་བ་དང་འཕྲད་འདོད་ཀྱི་སེམས། དེ་ཇི་ལྟར་སྒོམ་དགོས་ཤེ་ན་རྩ་བ་དྲིན་དྲན་པ་ལ་རག་ལས་པ་ཡིན་པས། སེམས་ཅན་གྱི་དྲིན་བསམ་སྟེ་སྒོམ་དགོས། བྱམས་པའི་ཤུགས་ཀྱིས་མིག་ནས་མཆི་མ་འཁྲིགས་པའམ་ལུས་ནས་བ་སྤུ་ལྡང་བ་ཞིག་ཏུ་བྱམས་པ་ཆེན་པོའོ། །དེ་ལྟ་བུ་འདི་སེམས་ཅན་ཐམས་ཅད་ལ་སྐྱེས་ན་བྱམས་པ་ཚད་མེད་དང་། །རང་བདེ་འདོད་ཀྱི་བློ་མེད་པར་གྱུར་ཏེ་སེམས་ཅན་ཐམས་ཅད་བདེ་འདོད་ཀྱི་ཀུན་སློང་ཞིག་མ་གཏོགས་མེད་དུས་བྱམས་པ་འབྱོངས་བའི་ཚད་དོ། །བྱམས་པ་འབྱོངས་ན་སྙིང་རྗེ་འབྱོངས་བ་ལ་དཀའ་ལས་ཆེན་པོ་ཡོད་པ་མ་རེད། སྙིང་རྗེ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་གསུམ་ཡོད་ན། དེ་ལས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་སེམས་ཅན་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་ལ་སོགས་པ་མཐོང་བས་སྙིང་རྗེ་སྐྱེས་པའོ། །གཉིས་པ་ཆོས་ལ་དམིགས་པའི་སྙིང་རྗེ་རང་འཕགས་པའི་བདེན་པ་བཞི་ལ་གོམས་ནས་རྒྱུ་འབྲས་ཀྱི་འགྲོ་ལུགས་ཤེས་དུས། རྒྱུ་འབྲས་མི་ཤེས་པ་རྣམས་ཅི་འདྲའི་འཁྲུལ་གྱིན་ཡོད་འདུག་བསམ་པའི་སྙིང་རྗེ་བའོ། །གསུམ་པ་དམིགས་པ་མེད་པའི་སྙིང་རྗེ་རང་མཉམ་པར་བཞག་སྟེ་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་དུས། སེམས་ཅན་དངོས་འཛིན་ཅན་ཐམས་ཅད་ལ་ཁྱད་པར་དུ་སྙིང་རྗེ་སྐྱེས་ཏེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལས་རྣམ་པ་གཞན་མ་ཡིན་པ་ལས་སྙིང་རྗེ་སྐྱེ་བ་ཡིན་ན། སྐབས་འདིར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་སེམས་ཅན་ཐམས་ཅད་ཀྱིས་ངན་སོང་གི་སྡུག་བསྔལ་མྱོང་བ་དེ་ལ་སྙིང་རྗེ་བ་གཙོ་བོར་བྱས་པས། དམིགས་པའི་ཡུལ་སེམས་ཅན་ཐམས་ཅད། རྣམ་པ་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་དང་བྲལ་བར་འདོད་པའི་བློ། སྒོམ་ཐབས་རྩ་བའི་མ་དང་སྦྱར་ནས་བསྒོམ་ན། སྙིང་རྗེ་འབྱོངས་བའི་ཚད་ཅི་འདྲ་ཞིག་ཡིན་ཞེ་ན། རང་གཅེས་འཛིན་དོར་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་བློ་ཚིག་ཙམ་མ་ཡིན་པར་སྐྱེས་ན་སྙིང་རྗེ་འབྱོངས་བའི་ཚད་དོ། སྙིང་རྗེ་བསྒོམ་ན་ཕན་ཡོན་ཇི་ལྟར་ཡོད་ཅེ་ན། སྤྱན་རས་གཟིགས་ཀྱི་རྟོགས་བརྗོད་ལས། ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་བཞག་པ་ལྟ་བུར་འགྱུར། གཅིག་གང་ཞེ་ན་སྙིང་རྗེ་ཆེན་པོའོ་གསུངས། སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩ་བ་སྙིང་རྗེ་ལས་བྱུང་བ་ཅན་ཞིག་ཡིན། བྱམས་པས་སེམས་ཅན་ཐམས་ཅད་བདེ་བ་ཐོབ་འདོད་དང་སྙིང་རྗེས་སྡུག་བསྔལ་དང་བྲལ་འདོད་དང་། རང་གི་ཞི་བདེ་མི་བསམ་པར་སེམས་ཅན་གཞན་དོན་ཁོ་ན་བསམ་པ་ཡིན་པས། རང་ལས་གཞན་གཅེས་པར་འཛིན་པ་སྐྱེས་བུ་མཆོག་ཡིན་ཞིང་། དེ་ལྟ་བུ་བྱམས་དང་སྙིང་རྗེ་རང་གིས་སྒོམ། གཞན་གྱི་བསྒོམས་པ་ལ་རྗེས་སུ་ཡི་རང་སྒོམ་ཞིང་བྱ་སྤྱོད་ཆོས་དང་མཐུན་པའི་སྤྱོད་པ་ལ་སོགས་པ་མདོར་ན་འཕགས་དང་སོ་སྐྱེས་ཀྱིས་བསྡུས་པའི་ཟག་བཅས་ཟག་མེད་ཀྱི་དགེ་རྩ། གོང་དུ་ལས་དང་པོ་བ་དང་བསྟུན་ཏེ་སྨོས་པའི་གཙོ་བྱས་པའི་དགེ་རྩ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་ཞེས་གསུངས་སོ། ཚིག་རྐང་རྗེས་མ་འདི་ཐ་མས་གསལ་བྱེད་ཡིན་པས། གོང་མའི་དགེ་བ་རེ་རེ་བཞིན་དུ་རྗེས་སུ་ཡི་རང་བྱ་གསུངས་པ་རེད། འདི་ཡན་ཆད་རྗེས་སུ་ཡི་རང་གི་ཡན་ལག་སོང་ནས།
ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག
ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོ་མ་ལོན་པར། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། །ཞེས་གསུངས་ཏེ། །ཆོས་འཁོར་བསྐོར་བར་བསྐུལ་བ་འདི་ཆོས་སྤོང་གི་ལས་ཀྱི་གཉེན་པོའོ། །སྤྱིར་ཆོས་འཁོར་ལ་བཞེད་ཚུལ་མང་དུ་ཡོད་ཀྱང་། མཐོང་སྒོམ་མི་སློབ་ལམ་ཐམས་ཅད་ཆོས་འཁོར་ལ་བཞག་ན། དེ་དེ་བཞིན་གཤེགས་པས་ཆོས་བསྟན་པ་ལ་བརྟེན་ནས་གདུལ་བྱའི་རྒྱུད་ལ་མངོན་དུ་སྣང་བར་བྱས་པས་ན་དེ་ཆོས་འཁོར་བསྐོར་བའོ། །དེ་དོན་དུ་གཉེར་ཏེ་འདུན་པ་ཤུགས་དྲག་ཏུ་བསྐྱེད་ནས་གསོལ་བ་འདེབས་པ་ཆོས་འཁོར་བསྐོར་བར་བསྐུལ་བའོ། ཕྱོགས་དང་དུས་ཞེས་བྱ་བ་ཚད་དང་རིས་ཀྱིས་བཟུང་བར་བྱ་བ་ཞིག་མ་ཡིན། དཔེར་ན་ཤར་ཕྱོགས་ཀྱི་ཤར་ཕྱོགས་དེའི་ཤར་ཕྱོགས་ཀྱི་ཤར་ཕྱོགས་ལ་སོགས་པ་དེད་དེ་སོང་ན་ཐུག་མེད་མུ་མེད་ཅིག་ཡིན་པ་རེད་མོད། དེའི་མཚོན་ཏེ་ལྷོ་ནུབ་བྱང་གསུམ་མཚམས་བརྒྱད་སྟེང་འོག་དང་བཅས་པ་མུ་མེད་མཐའ་མེད་ཅིག་ཡིན་པ་རེད། ཆེ་ས་ནས་བཤད་ན་ནམ་མཁའི་རྒྱ་ཁྱོན། ཆུང་ས་ནས་བཤད་ན་རྡུལ་ཕྲན་གཅིག་གི་ནང་དུ་རྡུལ་ཇི་སྙེད་ཅིག་ཡོད་པའི་གྲངས་དང་མཉམ་པའི་འཇིག་རྟེན་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཤོང་བའི་རབ་འབྱམས་མཐའ་ཡས་ཀྱི་ཞིང་ན། སྔར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དགུང་ལོ་སོ་ལྔ་བཞེས་པའི་སྐབས་སུ་རྒྱ་གར་རྡོ་རྗེ་གདན་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ། དགོང་ལ་མཉམ་པར་བཞག ཐོ་རངས་བླ་ན་མེད་པའི་ཡེ་ཤེས་བརྙེས། མངོན་པར་རྫོགས་པར་སངས་རྒྱས་པའི་གནས་སྐབས་ན་ཞག་བདུན་ལ་ཆོས་མ་གསུངས་པར། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །གསུངས་བའི་སྐབས་དེར། ལྷ་ཚངས་པ་དང་རྒྱ་བྱིན་གྱིས་སྔོན་གྱི་སྨོན་ལམ་གྲུབ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལྟར། ད་ལྟའི་གནས་སྐབས་སུ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྫོགས་སངས་རྒྱས་པའི་སངས་རྒྱས་གང་དག་གིས། ཆོས་དཀོན་མཆོག་གལ་ཆེན་དུ་ཤེས་པའི་ཕྱིར་དང་གསོལ་བ་འདེབས་པ་པོའི་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་ཆོས་མི་གསུངས་བར་བཞུགས་ཡོད་པ་དག་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་ལ་རྒྱུན་མི་ཆད་པར་བསྐོར་བར་ཞུ་བ་འབུལ་བ། ཕྱོགས་རྣམས་ཀུན་ཀྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །གསུངས་པ་ལྟར་གསོལ་བ་བཏབ་པས། ཕྱོགས་བཅུའི་སངས་རྒྱས་དེ་དག་གི་ཐུགས་མངོན་པར་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཤིང་དགོངས་ནས་ཞལ་གྱིས་བཞེས་ཏེ་བཀའ་ཡི་གནང་བ་ཐོབ་པར་བསམ་ནུས་ན་དངོས་སུ་ཞུས་པ་དང་འདྲ་བའོ། །དེ་བཞིན་དུ་སྙིགས་དུས་སུ་སངས་རྒྱས་དངོས་བྱོན་གྱི་རྒྱལ་ཚབ་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་ཆོས་ཚིག་བཞི་རེའི་ཡན་ཆོད་གསུང་རོགས་རྩོམ་རོགས་ཞུ་བའི་སྣ་འདྲེན་བྱས་ན་སེམས་ཅན་མང་པོ་ལ་ཕན་ཐོགས་པ་དང་། དམ་པའི་ཆོས་འཇིག་རྟེན་གྱི་ཁམས་ནས་མི་ནུབ་པའི་རྐྱེན་བྱས་ཏེ་སེམས་ཅན་མང་པོ་ཞིག་ཐར་བའི་ལམ་ལ་བཀོད་ཐུབ་ཅིང་། ཆོས་འཁོར་བསྐོར་བར་བསྐུལ་ན་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་ཆོས་སྤོང་གི་ལས་སྒྲིབ་དག་སྟེ་ཆོས་མེད་མུན་པའི་བསྐལ་ངན་དུ་མི་སྐྱེ་བར་ཆོས་དང་འཕྲད་པའི་ཕན་ཡོན་དང་དགོས་པ་ལྡན།
དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ།
སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཞེས་གསུངས་ཏེ། །མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་འདིའི་ངོ་བོ་འདུན་པའོ། །སྤྱིར་མྱ་ངན་ལས་འདས་ཞེས་པ་ནི་ལྷག་བཅས་ཀྱི་ས་ལས་ལྷག་མེད་ཀྱི་དབྱིངས་སུ་ཞིག་པ་དེ་ལ་ཟེར་ཞིང་། ལྷག་མ་ཞེས་པ་ཉེར་ལེན་གྱི་ཕུང་པོ་ལ་བཏགས་པ་ནི་སྤྱིར་བཏང་བའི་བཤད་ཚུལ་ཞིག་རེད། སངས་རྒྱས་འཕགས་པ་ལ་ཉེར་ལེན་གྱི་ཕུང་པོ་མི་མངའ་ཡང་ཚུར་མཐོང་གི་སྣང་ངོར་སྐྱེ་འཆི་ལྟར་སྟོན་པའི་ཚུལ་དབང་བཙན་དུ་མཛད་དེ། ཞིང་འགའ་རེ་ནས་གཟུགས་སྐུའི་རྣམ་རོལ་བསྡུས་པ་ཙམ་ལ་མྱ་ངན་ལས་འདས་པ་ཞེས་བཏགས། བློ་དང་ལྡན་པའི་སྐྱེ་བོ་ཐམས་ཅད་ཀྱིས་སེམས་ཅན་ལོང་བ་མགོན་མེད་ཐང་དཀྱིལ་དུ་ལུས་པ་ལྟ་བུ། དེ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཡུན་རིང་དུ་བཞུགས་པར་གསོལ་བ་འདེབས་པ་ནི་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ཡིན། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་འདི་ལོག་ལྟའི་གཉེན་པོ་ཡིན། སྤྱིར་སངས་རྒྱས་དང་ས་ཐོབ་ཀྱི་སེམས་དཔའ་ཆེན་པོ་ཐམས་ཅད་སྐྱེ་འཆི་ལ་རང་དབང་ཐོབ་པ་ཤ་སྟག་ཡིན། འོན་ཀྱང་གདུལ་བྱ་རྟག་འཛིན་ཅན་གྱིས་དུས་རྟག་ཏུ་བཞུགས་ཏེ་ཡོད་པ་ཞིག་རེད་སྙམ་ནས་གལ་ཆེན་དུ་མི་མཐོང་བར་ཆོས་ཀྱི་སྐལ་བ་ཆད་ནས་སེམས་ཅན་གྱི་འགྲོ་དོན་མི་འབྱུང་བ་ཡིན་པས་ན། སེམས་ཅན་གྱི་རྟག་འཛིན་ཟློག་པའི་ཆེད་དུ་བདེ་བར་གཤེགས་པ་རྡོ་རྗེའི་སྐུ་བརྙེས་པ་དེ་ཚོ་ཡང་སྐུ་མྱ་ངན་ལས་འདའ་བའི་དུས་ཚོད་ཡོད་ན། རང་རེའི་ལུས་ཆུ་བུར་ལྟ་བུ་འདི་ལ་རྟག་བརྟན་ཅི་ཡོད་བསམ་སྟེ་མི་རྟག་པའི་འདུ་ཤེས་སྐྱེ་བའི་ཆེད་དུ། མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ལ་མྱ་ངན་ལས་མི་འདའ་བར་ཡུན་རིང་འཇིག་རྟེན་གྱི་ཁམས་སུ་འཚོ་ཞིང་བཞུགས་པར་ཞུ་བ་ཕུལ་ན། བསོད་ནམས་ཆེན་པོ་འབྱུང་བར་མ་ཟད་གསོལ་བ་བཏབ་པའི་རྟེན་འབྱུང་སླུ་མེད་ཀྱིས་དེ་བཞིན་དུ་འགྲུབ་པ་ཡང་ཡོད་དེ། བདག་ཅག་གི་སྟོན་པས་ཀྱང་མྱ་ངན་ལས་འདའ་ཁར་ཟླ་བ་གསུམ་གྱི་དུས་ཚོད་ལ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པ་ལྟ་བུ་དང་། །ཨ་སྐྱོང་བླ་མ་རྟོགས་ལྡན་རིན་པོ་ཆེ་ཚང་སྨན་པས་མགྱོག་པར་འདས་པ་ཐག་བཅད་ཚར་དུས་ངས་བཞུགས་ཞུས་ཕུལ་བས་ཟླ་བ་གཉིས་ལ་ཕྱིར་འཐེན་བྱས་ནས་བཞུགས་སོང་། རང་དབང་ཡོད་ན་དེ་འདྲ་ཡིན་པ་རེད། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་འདི་རྟག་པར་ལྟ་བ་རྣམས་སུན་འབྱིན་པ་དང་ལེ་ལོ་ཅན་རྣམས་བརྩོན་པ་བསྐྱེད་པའི་དགོས་པ་ཡོད། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོང་བར་མི་འགོད་ཅིང་། །བསྐལ་བ་གྲངས་མེད་བཞུགས་པར་གསོལ། །གསུངས་པ་ལྟར། སངས་རྒྱས་བྱང་སེམས་སྤྱི་དང་ཁྱད་པར་དུ་དུས་འདི་ལ་བསྟན་པའི་སྲོག་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་དགེ་བའི་བཤེས་གཉེན་རྣམ་པ། སྙིགས་མའི་སེམས་ཅན་གདུལ་དཀའ་བ་དམུ་རྒོད་པ་འདི་ཚོས་ལོག་སྒྲུབ་བྱས་པ་དང་དམ་སེལ་དམ་ཉམས་ཀྱིས་ལུང་པ་གང་བས། དེ་དག་ཐམས་ཅད་ཀྱིས་དྲིན་ཆེན་ལ་དྲིན་དུ་བརྩི་མི་ཤེས་པར་བཀའ་འགལ་དམ་འགལ་མང་པོ་བུད་ཡོང་དུས་དེ་ཞིང་ཁམས་གཞན་ལ་ཐུགས་གཏད་འགྲོ་རྒྱུ་དེ་འདྲ་ཡོད་སྲིད་པ་རེད། དེ་ལྟར་ན་དེ་ཚོར་བཞུགས་ཞུས་འབུལ་བ་དང་ཞབས་བརྟན་སྒྲུབ་པ་སོགས་བྱས་ན་རང་ཉིད་ཀྱིས་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་དུ་ལོག་ལྟའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་པ་དང་། མ་འོངས་པ་ན་རང་ཉིད་ཀྱིས་ཆོས་འཁོར་སྐོར་བའི་ཚེ་ན་བར་ཆད་མི་འབྱུང་བ་ལ་སོགས་པའི་དགོས་པ་ཆེན་པོ་དང་ལྡན། །འདི་ཡན་ཆད་ཀྱིས་ཕྱག་འཚལ་བ་ལ་སོགས་པ་ཡན་ལག་དྲུག་སོང་ནས། ཡན་ལག་བདུན་པ་བསྔོ་བ་རེད། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་པ་ནི་བསྔོ་བ་སྨོན་ལམ་ཡིན་པས། བསྔོ་བའི་སྐོར་འོག་ནས་བདག་དང་བདག་ལ་འབྲེལ་ཐོག་ཀུན་ལ་སོགས་པའི་སྐབས་ནས་རྒྱས་པར་ས་བཅད་བཞི་བ་དང་བསྟུན་ཏེ་འབྱུང་བ་རེད། འོན་ཀྱང་བསྔོ་བ་ཅི་ལྟར་བྱེད་དགོས་པ་ནི་བསྔོ་བའི་ཡན་ལག་འདི་དང་ཡང་འབྲེལ་ཡོད་པ་ཞིག་ཡིན་པས།
བདུན་པ་བསྔོ་བའི་ཡན་ལག
དེ་ལ་ནང་གསེས་གཉིས་སྟེ། མཐར་ཐུག་བྱང་ཆུབ་མཆོག་ཏུ་སྨོན་ཏེ་བསྔོ་བ་དང་། གནས་སྐབས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སྨོན་ཏེ་བསྔོ་བའོ།།
དང་པོ་མཐར་ཐུག་བྱང་ཆུབ་མཆོག་ཏུ་སྨོན་ཏེ་བསྔོ་བ།
འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་ཀྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་གྱུར་ཅིག །ཅེས་གསུངས་ཏེ། །བསྔོ་བ་ནི་ཐེ་ཚོམ་གྱི་གཉེན་པོ་ཡིན་པ་རེད། རྐང་པ་སྔོན་མ་གཉིས་ཀས་བསྔོ་བ་དང་རྗེས་མ་གཉིས་ཀས་བསྔོ་བ་དེ་དང་འབྲེལ་བའི་སྨོན་ལམ་གྱིས་རྒྱས་བཏབ་པ་ལྟ་བུ་ཞིག་རེད། ད་ལྟ་གསོག་བཞིན་པའི་དགེ་རྩ་འདིས་མཚོན་ཏེ་འདས་མ་འོངས་ཀྱི་བསགས་དང་བསག་འགྱུར་གྱི་དགེ་རྩ་ཐམས་ཅད་དྲན་རིག་ཟག་མེད་ཀྱི་ཡེ་ཤེས་ཀྱིས་རྒྱས་བཏབ་སྟེ། དགེ་བའི་རྩ་བ་དེ་དག་ཐམས་ཅད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ཞིང་བདེ་བ་སྒྲུབ་པའི་རྒྱུ་རུ་བསྔོ་བ་ཡིན་བསམ་མོ། །དེ་ལྟར་བསམ་ནུས་ན་བསྔོ་བ་འདི་ལ་ཕན་ཡོན་ཆེན་པོ་འབྱུང་བ་རེད། ཉག་ཕྲུག་འདས་ལོག་དང་སྟག་ལེབ་བླ་མའི་འདས་ལོག་དེ་ཚོའི་ནང་དུ་བལྟས་དུས་དམྱལ་བའི་སེམས་ཅན་གྱི་ནང་ནས་སེམས་ཅན་མང་པོས་ཆ་བསྐུར་ཏེ་གསོན་མི་ཡུལ་དུ་ཡོད་པའི་ངེད་ཚོའི་བུ་དང་བུ་མོ་ཉེ་རིང་རྩ་གསུམ་ཚོར་སྐད་ཆ་འདི་ཤོད་ཅིག ཁྱེད་རྣམས་ཀྱིས་ངེད་ཅག་ལ་དམིགས་ནས་དགེ་རྩ་རྣམ་དག་རེ་གྱིས་དང་ཕན་ཐོགས་ཆེན་པོ་འདུག་ཅེས་ཆ་མང་པོ་བསྐུར་ཚུལ་ཡོད་པ་རེད། འདས་ལོག་གླིང་བཟའ་ཆོས་སྐྱིད་མཚོ་བར་དོར་བྱོན་མྱོང་བ་རེད། བར་དོའི་གྲོང་ཁྱེར་ཆེན་པོ་ཞིག་གི་ནང་དུ་བྱོན་པས། མི་ལ་ལར་དང་པོ་ཟས་སྐོམ་མེད་པས་སྡུག་བསྔལ་བཞིན་ཡོད་སྐབས་གློ་བུར་དུ་ཟས་གོས་མང་པོ་ཞིག་ཐོན་བཞག་པ་དེ་ལྟར་བྱུང་བས། འདི་གང་ནས་ཐོན་ཡོང་བ་དང་ཅི་འདྲ་རེད་ཅེས་དེར་སྐྱེས་པའི་ཁོ་རང་ཚང་གི་ལུག་རྫི་དེ་ལ་དྲིས་པས། འདི་ཁོ་རང་ཚོའི་བུ་དང་བུ་མོ་ཤུལ་ན་ཡོད་པ་རྣམས་ཀྱིས་ཁོ་ཚོའི་དོན་དུ་ཚོགས་ཞིང་ས་ཁྱད་པར་ཅན་ལ་བསོད་ནམས་བསགས་ཏེ་དགེ་རྩ་བསྒྲུབས་ནས་འདི་རྣམས་ལ་བསྔོ་བ་བྱས་པའི་འབྲས་བུ་སྨིན་པ་རེད་ཅེས་སྨྲས། སེམས་རྣམ་དག་གིས་བསྔོས་པ་བསྔོ་ཡུལ་དེ་ལ་ཐོབ་རྒྱུ་ཡོད་པ་རེད། ཤི་བོ་མིན་ཀྱང་གསོན་ཡིན་ནའང་ཐོབ་རྒྱུ་ཡོད། གནའ་སྔོན་མ་ཞིག་ལ་རྔོན་པ་ཞིག་ཡོད། ཉིན་ཞིག་དེ་རྫ་དོང་འདོམ་པ་བརྒྱ་ཚོ་མང་པོ་ཡོད་པའི་དོང་ནང་ཞིག་ཏུ་ལྷུང་ནས་ཡུན་རིང་པོ་ཞིག་ལ་ཕྱིར་ཡོང་རྒྱུ་མེད་པ་རེད། ཁྱིམ་ཚང་དེས་ཤི་སོང་བ་རེད་སྙམ་ནས་དགེ་རྩ་རྒྱ་ཆེན་བསྒྲུབས་ཏེ་བསྔོ་སྨོན་གྱིས་མཚམས་སྦྱར་བཟང་པོ་བྱས་པས། མི་དེའི་སྣ་སྒོར་མཚམས་མཚམས་སུ་གསུར་དྲི་རེ་ཚོར་ཞིང་། གསུར་དྲི་ཚོར་བཞིན་པའི་སྐབས་སུ་ལྟོགས་སྐོམ་གྱི་སྡུག་མ་མྱོང་བ་རེད། བར་སྐབས་ཤིག་ལ་དཔྱིད་ཀ་སླེབ་སོང་། དེ་འབྲུག་དོང་ཡིན་པས་དཔྱིད་ཀར་འབྲུག་ནམ་མཁར་འགྲོ་དུས་ཁོ་རང་འབྲུག་ཅིག་གི་རྔ་མར་འཐམས་ཏེ་འབྲུག་གིས་དོང་ཁར་འཕང་བཞག་པ་རེད། ཁོ་རང་གསོན་པོར་ཁྱིམ་ལ་ཐོན་པ་དེ་ནི། ཁྱིམ་ཚང་གིས་ཤི་ཚར་སྙམ་ནས་དེའི་དོན་དུ་གསུར་བསྔོ་བྱས་པའི་རྐྱེན་གྱིས་ཡིན་པ་རེད། གསོན་པོ་ཡིན་ཡང་ཐོབ་རྒྱུ་ཡོད་པ་དེ་འདྲ་ཡིན། དགེ་བས་ར་མདའ་བྱེད་པ་དེ་ལྟར་ཕན་ཡོན་ཆེ་བས། ང་ཚོས་ཤི་བོ་གསར་རྙིང་ཚང་མའི་བསྔོ་སྨོན་མང་པོ་རེ་བླ་མ་སྐྱེས་ཆེན་དང་དགེ་འདུན་འདུས་པ་བྱ་བཏང་གི་རྣལ་འབྱོར་རི་ཁྲོད་ཀྱི་སྒོམ་ཆེན་ཚོ་ལ་འཇོག་དགོས་པ་རེད། དམྱལ་བར་ཡོད་ན་ལས་སྒྲིབ་དག་ནས་མཐོ་རིས་སུ་སྐྱེ་ཐུབ་པ་ལ་ཕན་ཐོགས་ཡོད་པ་དང་། མཐོ་རིས་སུ་ཡོད་ན་དག་ཞིང་དུ་སྐྱེ་བ། དག་ཞིང་དུ་ཡོད་ན་མྱུར་དུ་སངས་རྒྱས་པ་ལ་སོགས་པའི་ཕན་ཡོན་དེ་འདྲ་ཡོད་པ་རེད། མདོར་ན་རང་གཞན་སུའི་དོན་དུ་ཡིན་ཡང་ཞིང་དག་པ་བླ་མ་དགེ་འདུན་ཉམ་ཐག་དབུལ་ཕོངས་སོགས་ལ་དངོས་པོ་དག་པ་སྡིག་དང་མ་འདྲེས་པ་རེ་མཆོད་སྦྱིན་བྱས་ཤིང། བསྔོ་བ་དག་པ་རང་གཞན་སེམས་ཅན་ཐམས་ཅད་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་པའི་ཆེད་དུ་བསྔོས་ན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་སྟེ། བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་པོ་འགྲུབ་པ་ཡིན། སེམས་ཅན་དེ་དག་ཀུན་ཀྱང་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་བ་མྱུར་དུ་ཐོབ་པར་གསུངས། བསྔོ་བ་ལ་གང་བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དང་བཅས་པ་འཁོར་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་པས། གང་བསྔོ་བྱ་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བསྒྲུབ་པ་འདིས་མཚོན་པའི་དུས་གསུམ་བསགས་པའི་དགེ་རྩ། གང་ལ་བསྔོ་བ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཅིའི་དོན་དུ་བསྔོ་བ་བདེ་བ་ཅན་ལ་སྐྱེ་བའི་དོན་དུ་བསྔོ་བ། བསྔོ་ཚུལ་ཡང་། ཤེས་རབ་ཆེན་པོས་རྫོགས་བྱང་ལ་དམིགས་ཏེ་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་བསྔོས་ན་དེ་ནི་འཁོར་གསུམ་མི་དམིགས་པའི་ཡེ་ཤེས་ཀྱིས་རྩིས་ཟིན་པའི་སྒོ་ནས་བསྔོས་པ་ཡིན་ཏེ། དེ་ལྟར་འདི་དག་ཀུན་བྱས་ནས། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག །གསུངས་ཏེ། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པའམ་རྨང་ནས་སྤྲུག་པར་གྱུར་ཅིག་གམ་སྟོངས་འགྲོ་བར་གྱུར་ཅིག་བསམ་སྟེ། འཁོར་བའི་མིང་ཙམ་ཡང་མེད་པར་གྱུར་ནས་ཐམས་ཅད་དག་མཉམ་ཡེ་ཤེས་ཆེན་པོའི་རོལ་བར་འབྱམས་ཀླས་པར་གྱུར་ཅིག་བསམ་ནས་བསྔོ་དགོས། ཡན་ལག་བདུན་གྱི་ནང་གི་བསྔོ་བ་སོང་བ་རེད། བསགས་སྦྱངས་སྤེལ་དང་མི་ཟད་པའི་ཐབས་དམ་པ་དེ་ཡན་ལག་བདུན་ཡིན་པས་དེ་དག་སོང་ངོ་། འདིའི་ནང་གི་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། རྗེས་སུ་ཡི་རང་སྟེ་དེ་ལྔ་པོ་ཚོགས་བསགས་དང་། བཤགས་པ་དེ་སྒྲིབ་སྦྱོང་ཡིན། ཡི་རང་གི་ཕྱོགས་གཅིག་རང་གི་དགེ་བ་ལ་དགའ་བ་སྒོམ་པ་དེ་ཡར་སྤེལ་བ་དང་། བསྔོ་བ་དེས་བསགས་སྦྱོང་སྤེལ་བའི་དགེ་བ་ཐམས་ཅད་ཉུང་ཉུང་མང་པོར་སྤེལ་པར་མ་ཟད་འབྲས་བུ་བྱུང་བས་ཟད་པར་གྱུར་བ་ཐམས་ཅད་ནམ་ཡང་མི་ཟད་པར་བྱེད་པའོ། །གོང་ཏུ་བཤད་མ་ཐག་པའི་བསྔོ་བ་ཡང་དག་ཡིན་མིན་གྱི་གནད་ནི་དགེ་བ་རྨི་ལམ་ལྟ་བུ་དང་། བསགས་པ་པོ་རྨི་ལམ་ལྟ་བུ། ལེན་པ་པོ་རྨི་ལམ་ལྟ་བུ་དེ་དག་གི་སྣང་ཚུལ་མ་འགགས་ཤིང་དོན་དུ་བདེན་པར་མི་འཛིན་པ་ཞིག་ལ་འཁོར་གསུམ་ཡང་དག་གི་བསྔོ་བ་ཞེས་བྱའོ། །འདིར་བསྟན་བསྔོ་བ་དང་སྨོན་ལམ་སྦྲེལ་ཏེ་གསུངས་ཡོད་པས། བསྔོ་བ་དང་སྨོན་ལམ་ལ་ཅི་ཞིག་གིས་ཁྱད་པར་ཡོད་ཅེ་ན། བསྔོ་བ་ནི་བསྔོ་བྱའི་རྫས་དེ་ཉིད་ཁྱད་པར་གྱི་གཞིར་བཟུང་སྟེ་དེའི་སྟོབས་ཀྱིས་འདི་དང་འདི་ལྟ་བུ་གྱུར་ཅིག་ཅེས་སྨོན་པ་དང་། །སྨོན་ལམ་ལ་བསྔོ་བྱའི་རྫས་མེད་ཅིང་འདོད་བྱའི་འབྲས་བུ་ལ་དོན་གཉེར་དང་ཐོབ་འདོད་ཀྱིས་འདུན་པའི་སྒོ་ནས་སྨོན་པ་ལམ་དུ་བྱས་པའོ། །རྒྱུ་སྔོན་དུ་སོང་བའི་འབྲས་བུ་ལ་སྨོན་པ་བསྔོ་བ་དང་། རྒྱུ་སྔོན་དུ་སོང་མིན་ལ་མ་ལྟོས་པར་འབྲས་བུ་བདེ་བ་ཞིག་ཐོབ་པར་སྨོན་པ་ནི་སྨོན་ལམ་མོ། བསྔོ་བ་གང་ཡིན་སྨོན་ལམ་ཡིན་པར་མ་ངེས་པ་དང་། སྨོན་ལམ་ཡིན་ཚད་བསྔོ་བ་ཡིན་པས་མ་ཁྱབ་པའོ། །ཀློང་ཆེན་པས། རྒྱུ་དགེ་བ་སྔོན་སོང་ཡོད་མེད་ཀྱིས་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་མཛད་ས་ཡང་ཡོད།
གཉིས་པ་གནས་སྐབས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སྨོན་པ།
དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་འཛད་མེད་དབྱར་གྱི་གང་གཱ་ལྟར། །བདུད་དགྲས་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །ཅེས་གསུངས་ཏེ། གོང་དུ་བཤད་མ་ཐག་པ་ལྟར་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་དམ་པར་འགོད་པ་དང་། ཁྱད་པར་དུ་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱིས་རྩིས་ཟིན་པའི་དགེ་རྩ་དེས། ཁམས་གསུམ་འཁོར་བ་རྨང་ནས་སྟོངས་པའི་རྒྱུ་རུ་གྱུར་ཏེ་དེའི་དགེ་བ་སྐྱེ་བ་གཞན་དང་ཚེ་རབས་གཞན་དུ་སྒུག་མི་དགོས་པར། རང་གཞན་ཐམས་ཅད་ཀྱི་དོན་ཆེན་སྒྲུབ་པའི་ཆེད་དུ་བདག་ལ་ཚེ་འདིར་སྨིན་ནས། ཚེ་འདིའི་སྟེང་དུ་འཕྲལ་རྐྱེན་གྱི་བར་ཆད་ཞུགས་ཏེ་འཆི་མ་རན་པར་འཆི་བ་དང། དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད་གཡང་གཟར་རྦབ་དང་ཐོག་གི་འཇིགས་པ་ལ་སོགས་པ་ཞི་ནས། འབྱུང་བཞིའི་འདུ་ཁམས་འཁྲུག་པའི་ནད་རིགས་བཞི་བརྒྱ་རྩ་བཞིས་མ་གཙེས་པར་ལང་ཚོའི་བཀྲག་མདངས་རྒྱས། ལུས་སྟོབས་དང་ལྡན་པ་སྲེད་མེད་ཀྱི་བུ་ལྟ་བུར་གྱུར་ཏེ། དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་འཛད་པ་མེད་པ་དབྱར་ཁའི་དུས་ཀྱི་ཆུ་བོ་གང་གཱ་བཞིན་དུ་རྒྱས་པ། དེ་ཡང་། དངོས་མེད་ཀྱི་བདུད་དང་དངོས་ཡོད་ཀྱི་དགྲ་ཡིས་འཚེ་བ་མེད་པར་དམ་པའི་ཆོས་སྤྱོད་པ་ཁོ་ནས་མི་ཚེ་འདས་ནས། ཇི་ལྟར་བསམ་པའི་དོན་ཀུན་ཆོས་དང་མཐུན་པའི་སྒོ་ནས་ཡིད་བཞིན་དུ་འགྲུབ་པ་དང་། བསྟན་པ་འདི་ལུང་དང་རྟོགས་པའི་བདག་ཉིད་ཅན་ཡིན་ཞིང། དེ་བཤད་དང་སྒྲུབ་པ་གཉིས་ཀྱིས་འཛིན་དགོས་པ་ཡིན་པས་ན་ལུང་གི་ཆོས་ལ་འཆད་ཉན་འཛིན་སྤེལ། རྟོགས་པའི་ཆོས་ལ་སྒོམ་སྒྲུབ་ཉམས་ལེན་བྱས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། མཐའ་ཡས་འགྲོ་བའི་ཁམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བ་རྒྱ་ཆེན་པོ་ཞིག་འགྲུབ་ནས། མདོར་ན་ཚེ་འདིར་སྐྱེ་བ་བླངས་པ་དོན་མེད་དུ་མ་སོང་པར་མི་ལུས་བླང་བ་རང་གཞན་གཉིས་དོན་འགྲུབ་པའི་དོན་རྒྱ་ཆེན་པོ་དང་ལྡན་པ་སྨོན་འདུན་ཅི་བཞིན་དུ་འགྲུབ་པར་ཤོག་གསུངས་སོ། །འདི་ནས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་མི་བསླུ་བའི་གཏམ་རྒྱུད་ཅིག་བཤད་ན། ཡང་སྟོན་པ་ཐུགས་རྗེ་ཅན་ཡུལ་མཉན་ཡོད་ན་བཞུགས་ཡོད་པའི་སྐབས་ཤིག་ལ། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་ཚང་ཞིག་ལ་བུ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ལུས་ལ་རྒྱན་གྱིས་བརྒྱན་པ་ཞིག་འཁྲུངས། ཁྱེའུ་དེའི་ལུས་པོ་འཁྲུད་དགོས་བསམ་ནས་རྒྱན་ཆ་མར་ལ་བླང་ཚེ་རེ་རེ་བླང་དུས་དེའི་ཤུལ་དུ་རེ་རེ་རང་གྲུབ་ཏུ་གྱུར་ནས། ཡང་རེ་རེ་བླང་དུས་རེ་རེ་རང་གྲུབ་ཏུ་གྱུར་ནས་རྒྱན་མེད་པར་བྱས་དེ་ལེན་ཡོང་རྒྱུ་ཞིག་མེད་པས། མཐར་རྒྱན་ཆ་ལེན་པའི་ཐབས་མེད་པར་རྒྱན་ཆ་དང་བཅས་པར་ཁྲུས་བྱས། ཁྲུས་བྱས་ཚར་ནས་ཡར་ཁྲི་ཐོག་ཏུ་འཇོག་གྲབས་བྱས་ཚེ་ཡང་རང་བཞིན་གྱི་མི་ཡུལ་གྱི་ཁྲི་མ་ཡིན་པར་ལྷའི་མལ་ཁྲི་བཀོད་པ་རྒྱན་དང་བཅས་པ་ཞིག་རང་གྲུབ་ཏུ་བྱུང་། ཁྱེའུ་ཡར་འཇོག་སའི་ཁང་པ་དེ་ཡང་རང་བཞིན་གྱིས་ཁང་པ་མ་ཡིན་པར་ཁང་བཟང་དུ་གནས་འགྱུར་ཏེ་ལྷའི་གཞལ་མེད་ཁང་ཐོག་བརྩེགས་གདུགས་དང་རྒྱལ་མཚན་བ་དན་ཐམས་ཅད་བསྒྲེངས་ཡོད་པ། མེ་ཏོག་སྣ་ཚོགས་པ་ལྷ་ཡུལ་མ་གཏོགས་མེད་པའི་མེ་ཏོག་གི་གཅལ་དུ་བཀྲམ་ཡོད་པ། སྤོས་ཀྱི་ཆུ་དྲི་བཟང་པོ་ཅན་གྱིས་འཁོར་ཡུག་ལ་ཆག་ཆག་བཏབ་ཡོད་པ་དེ་འདྲ་རང་བྱུང་གིས་གྲུབ་ཅིང་དྲི་བསུང་གི་ངད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་ཀྱིན་ཡོད་པ། ཁང་བརྩེགས་ཀྱི་ནང་གི་མལ་ཁྲི་ཡོད་སའི་སྔས་མགོའི་ཕྱོགས་སུ་ལྷའི་མཆོད་སྡོང་རྒྱུ་གསེར་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་པའི་ཁྲ་རྒྱན་གྱིས་བརྒྱན་པ་ཞིག་རང་འགྲུབ་ཏུ་བྱུང་། མཆོད་སྡོང་དེའི་མདུན་དུ་ཡང་གཏེར་གྱི་སྒྲོམ་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྱུར་བུར་གང་བ་ཁ་ཕྱེ་བ་བཞི་བྱུང་སྟེ། དེའི་ཁ་ནས་ཅི་འདྲ་བླངས་ན་འཕེལ་ཏེ་ཟད་དུ་མེད་པ་དེ་འདྲ་རང་འགྲུབ་ཏུ་བྱུང་ཞིང་། ངོ་མཚར་ཅན་གྱི་ཁྱེའུའི་བསོད་ནམས་ཀྱི་མཚན་མ་དེ་ཚོ་ལ་བལྟས་ནས་ཕ་མ་གཉིས་ཀ་ཤིན་ཏུ་དགའ་སྟེ་ཁྱེའུའི་མིང་ལ་དབྱིག་གི་མཚོ་ཞེས་བཏགས་སོ། །རིན་པོ་ཆེའི་གཏེར་མཛོད་མཚོན་པའི་མིང་དེ་བཏགས་པས། ཡུལ་མི་ཐམས་ཅད་ཀྱིས་ཁྱེའུའི་མིང་ལ་དབྱིག་མཚོ་ཞེས་ཕྱོགས་ཐམས་ཅད་ལ་གྲགས། དེ་ནས་བུ་དེ་ནར་སོན་པས་རིག་པ་རྣོ་ཞིང་ཤེས་པ་གསལ་བ། མཁས་ཤིང་མཛངས་པ། ལོ་མཉམ་ན་ཟླའི་བྱིས་པ་གཅིག་གིས་འགྲན་དུ་མེད་པ་བརྟག་པ་བརྒྱད་ལ་སོགས་པ་ཤེས་བྱ་རིག་པའི་རྣམ་གྲངས་མང་པོ་ལ་མི་ཤེས་པ་ཞིག་མེད་པར་གྱུར་སོང་། དེ་ཡར་ནར་སོན་ཏེ་གཞོན་ནུར་གྱུར་ཡོང་བའི་གནས་སྐབས་ན་རྩེ་གྲོགས་ལྷའི་བུ་དང་བུ་མོ་ཁོ་ན་ཡིན་ཞིང་། དེ་ནས་ཡུན་རིང་སོང་བའི་གནས་སྐབས་ཤིག་ན་ཁོ་རང་རང་ཤུགས་ཀྱིས་དཀོན་མཆོག་གསུམ་ལ་དགའ་ཞིང་དད་པ་བྱེད་པ་ཞིག་ཏུ་གྱུར་ནས། བདག་གིས་ལྷ་དང་མིའི་འདོད་པའི་ཡོན་ཏན་ཐམས་ཅད་ལོངས་སྤྱོད་ཟིན་གྱི། ད་ནི་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་དགོས་སྙམ་ནས་སྦྱིན་པ་མང་པོ་བྱིན། བསོད་ནམས་མང་པོ་བསགས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་། རབ་ཏུ་བྱུང་ནས་ས་ཕྱོགས་གང་དུ་བསྡད་ཀྱང་དེ་ན་ཡང་ལྷའི་མལ་ཁྲི་ལ་སོགས་པ་དང་པོ་སྐྱེས་དུས་ཅི་ཡོད་རང་ཤུགས་ཀྱིས་གྲུབ་ཡོང་བ་དེ་འདྲ་ཞིག་ཡིན་ཞིང་། གང་དུ་སོང་ན་དེ་ན་ལམ་གྱི་སྟེང་དུ་མི་མ་ཡིན་རྣམས་ཀྱིས་རས་གསར་པ་གདིང་བར་བྱེད་ལ། མེ་ཏོག་སྣ་ཚོགས་པ་ཡང་མཚམས་མཚམས་སུ་འཐོར་ཡོང་བ་ཡོད་པ་དེ་འདྲ་ཡིན། དགེ་སློང་དེ་སུ་དང་མི་འདྲ་བ་ཞིག་ཡོང་གིན་ཡོད་པས། དེ་དེར་མ་དགའ་ཞིང་དགེ་སློང་རྣམས་ཀྱི་གྲལ་ནས་ངོ་ཚ་བར་གྱུར། དེ་ངོ་ཚ་བཞིན་ཡོད་པ་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་ཁྱོད་རང་ལ་དེ་རྣམས་མེད་ན་དགའ་འདུག་སྙམ་ན་སྙིང་ཐག་པ་ནས་དེ་ལ་མི་ལྟ་བའི་སེམས་བསྐྱེད་ཅིག་དང་མེད་པར་འགྱུར་རོ་གསུངས་པས། དགེ་སློང་གིས་དེ་ལྟར་དུ་སེམས་བསྐྱེད་པས་དེ་རྣམས་མེད་པར་གྱུར། དེ་ནས་དགེ་སློང་དེས་བརྩོན་འགྲུས་བསྐྱེད་དེ་སྒྲུབ་པ་ལ་འབད་པ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པའི་གོ་འཕང་ཐོབ། བཅོམ་ལྡན་འདས་ཀྱི་འཁོར་དགེ་སློང་མང་པོས་བཅོམ་ལྡན་ལ་དེའི་ལས་ཀྱི་རྒྱུ་ཞུས་ཚེ། བཅོམ་ལྡན་འདས་ཀྱིས་གསུངས་པ། སྔོན་ཞིག་ལ་སངས་རྒྱས་འོད་སྲུང་གི་དུས་སྐབས་ཤིག་ཏུ་ཝཱ་རཱ་ཎ་སཱིའི་ཁྱིམ་བདག་ཕྱུག་པོ་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མངོན་པར་དགའ་ནས། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་ཞེས་བྱ་བའི་གཙུག་ལག་ཁང་རྒྱ་ཆེན་པོ་ཞིག་བརྩིགས་ཏེ། སངས་རྒྱས་འཁོར་དང་བཅས་པ་དེའི་ནང་དུ་སྤྱན་དྲངས་ཏེ་མཆོད་པ་ཕུལ་ཞིང་། དེར་མ་ཟད་དེ་བཞིན་གཤེགས་པའི་དབུ་སྐྲ་དང་ཕྱག་སེན་ནང་གཟུངས་ལ་བཞུགས་སུ་གསོལ་བའི་མཆོད་རྟེན་ཞིག་བརྩིགས། འཁོར་ཡུག་ཉམས་དགའ་བའི་ཆེད་དུ་གཙང་ཁང་ཕྱུར་བུ་ཕུག དེ་ལ་ལན་ཀན་དང་རྟ་བབས་དཀར་ཁུང་ཆར་ཁེབས་ལ་སོགས་པའི་རྒྱན་ཆ་མང་པོས་བརྒྱན། གདུགས་དང་རྒྱལ་མཚན་བ་དན་མང་པོས་བརྒྱན་ཡོད་པ་དེ་འདྲ་ཞིག་བྱས་ཏེ། ནང་གི་ས་གཞི་ཐམས་ཅད་ལ་རས་ཀྱི་གཞི་བཏིངས་། ཡང་བདུག་པ་དང་བྱེ་མ་སྤོས་དང་མེ་ཏོག་རོལ་མོའི་སྒྲ་ལ་སོགས་པས་བཀུར་སྟི་བྱས་ནས། མ་འོངས་པ་ན་ཕྱུག་ཅིང་ནོར་མང་པའི་ཁྱིམ་དུ་གཟུགས་བཟང་ཤིང་ལྟ་ན་སྡུག་པ་རྒྱན་གྱིས་བརྒྱན་པ་ཞིག་ཏུ་སྐྱེས་ཤིང་མངལ་གྱིས་དྲི་མས་མ་གོས་པ་དང་། ཁྱིམ་དུ་ལྷའི་མལ་ཁྲི་དང་ཁང་བརྩེགས་ལྷའི་མཆོད་སྡོང་ཕྱོགས་བཞི་རིན་པོ་ཆེའི་གཏེར་དང་བཅས་པར་གྱུར་ཏེ། ཡར་ནར་སོན་ནས་ལྷ་དང་མིའི་འདོད་ཡོན་ལ་ལོངས་སྤྱད་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་འབྲས་བུ་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ། སྨོན་ལམ་དེའི་འབྲས་འགྲུབ་ནས་འདི་དག་འབྱུང་བ་རེད་གསུངས། སྨོན་ལམ་གྱི་མཐུ་དེ་འདྲའི་སྟོབས་བཙན་པོ་ཡིན། འོན་ཀྱང་རྒྱུ་མེད་པར་སྨོན་ལམ་བཏབ་པ་ཙམ་གྱིས་འགྲུབ་པ་མ་རེད། སྨོན་ལམ་འགྲུབ་པའི་རྒྱུ་ཚོགས་ཁྱད་པར་ཅན་བསག་དགོས། ཚོགས་བསགས་དང་འབྲེལ་ན་སྨོན་ལམ་གྱི་མཐུ་འགྲུབ། དེ་ཡང་བྱང་ཆུབ་ཀྱི་སེམས་དང་སྦྲེལ་ན་ཚོགས་རྫོགས་སྟོབས་ཆེ་ཞིང་། འུ་ཚོ་ཐེག་ཆེན་པ་ཐེག་པ་ཆེན་པོའི་ཆོས་མདོ་སྔགས་ཟུང་འབྲེལ་གྱི་ལམ་ལ་ཞུགས་པ་ཆོས་བསོད་ཆེན་པོ་ཡིན་པས། ཆོས་ཐོབ་པའི་ཆོས་བསོད་ཆེ་བ་ལྟར་ཆོས་ཉམས་སུ་ལེན་པའི་བསོད་ནམས་རང་གིས་སྒྲུབ་དགོས། ཁྱེའུ་དབྱིག་མཚོ་ལ་འབད་པ་མེད་པར་གོས་དང་རྒྱན་ཁྲི་དང་མལ་ཆས་གང་འདོད་ཀྱི་ལོངས་སྤྱོད་ལྷ་དང་ལྷ་མོའི་རྩེ་གྲོགས་ཡོད་པ་དེ་དག་སྔོན་སངས་རྒྱས་འོད་སྲུང་འཁོར་བཅས་ལ་བསྙེན་བཀུར་བྱས། བདེ་བར་གཤེགས་པའི་དབུ་སྐྲ་དང་ཕྱག་སེན་གྱི་མཆོད་རྟེན་བཞེངས། དེ་ལ་ཞབས་ཏོག་ཕུལ་བ་ལ་སོགས་པའི་བསོད་ནམས་བསགས་པ་སྔོན་སོང་གི་སྟེང་ནས་སྨོན་ལམ་བཏབ་པས་འགྲུབ་པ་རེད། འུ་ཚོའི་འདུན་པ་གཏད་ས་བདེ་བ་ཅན་གྱི་ཞིང་ཁམས་ནི་ལྷ་དང་མི་ཡི་བདེ་སྐྱིད་དང་ལོངས་སྤྱོད་ལ་ཆ་ཙམ་མམ་ཕྱོགས་ཙམ་ཡང་བསྡུར་ཡོང་ས་མེད་པའི་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཞིང་ཁམས་ཡང་། །སངས་རྒྱས་འོད་དཔག་མེད་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི་སྐྱེ་བ་བཞེས་པའི་སྐབས་སུ། སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་ཐུགས་བསྐྱེད་དེ་མི་ལོ་བྱེ་བའི་བར་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཡོན་ཏན་དང་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཡུལ་ཕྱོགས་དང་བཅས་པ་གཞི་ཅི་ཞིག་ལས་གྲུབ་པ་ཐམས་ཅད་སྐྱོ་ངལ་མེད་པར་གསན་ཏེ། དེ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་གཅིག་ཏུ་བསྡམ་པ་ལྟ་བུའི་ཞིང་ཁམས་ཤིག་གཟུང་བའི་ཆེད་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ལམ་གྱི་སྦྱང་པ་རྫོགས་སྨིན་སྦྱོང་གསུམ་གྱི་སྟོབས་རྫོགས་པར་མཛད་དེ། ཐུན་མིན་གྱི་སྨོན་ལམ་ཅི་ཞིག་བཏབ་ཡོད་ཅེ་ན། ཁོང་གི་མཚན་ཙམ་ཐོས་པའི་གང་ཟག་ཀྱང་ཞིང་ཁམས་བདེ་བ་ཅན་ལ་སྐྱེ་བར་ཤོག སོ་སོའི་སྐྱེ་བོ་ཐ་མལ་བ་ཡིན་ཡང་ཆོས་སྤོང་དང་མཚམས་མེད་བྱས་པ་མ་གཏོགས་པ་བདེ་བ་ཅན་གྱི་ཞིང་ཁམས་དེ་རུ་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་པས། དེའི་ཐུགས་རྗེའི་དཔྱང་ཐག་ནམ་མཁའ་ནས་མར་སྣར་བཞག་པ་ལྟ་བུ་ཞིག་ཡིན་པས་འུ་ཚོ་བདེ་བ་ཅན་ལ་འགྲོ་བསམ་མཁན་ཞིག་ཡིན་ཕྱིན་དེ་ལ་བརྩོན་པ་ལས་གཞན་ཅི་ཡང་མི་དགོས་པ་ལྟ་བུ་ཞིག་ཡིན། གལ་ཏེ་དེ་མེད་ན་རང་རེས་གནམ་ལ་སྐས་བཙུགས་ཏེ་རང་སྟོབས་ཀྱིས་ལམ་ཞིག་རྙེད་དགོས་ན་རྙེད་དཀའ་ཞིང་། ཚེ་འདི་ལ་ཆོས་ཟབ་མོ་ཞིག་དང་འཕྲད་དེ་ཉམས་ལེན་གྱིས་བརྩོན་འགྲུས་བྱེད། ས་ལམ་མཐོན་པོར་ཐོན་ཏེ་ལམ་རྟགས་ཀྱི་ཡོན་ཏན་ཡོད་པ་ཞིག་ཡིན་ན་ཞིང་ཁམས་གང་ལ་འགྲོ་འགྲོ། གར་བཞུགས་དག་པའི་ཞིང་ཁམས་ཡིན་པ་རེད་མ་གཏོགས། སོ་སོའི་སྐྱེ་བོ་སྒྲིབ་གཉིས་ཀྱི་དྲི་མ་ཆ་ཙམ་ཡང་མ་སྤོང་བ་ཞིག་གིས་འབད་བརྩོན་མི་དགོས་པར་དག་པའི་ཞིང་དུ་འགྲོ་ཐུབ་པ་མ་རེད། དེས་ན་འོག་དཔག་མེད་པའི་ཐུགས་བསྐྱེད་སྨོན་ལམ་དང་དེའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་ཞིང་ཁམས་དེ་ལ་སེམས་ཅན་ཐ་མལ་བ་ཡང་སྐྱེ་ཐུབ་པ་འདི་དེའི་སྨོན་ལམ་གྱི་སྟོབས་རེད། ཡང་དཔེ་གཞན་པ་ཞིག་བཞག་ན། བྲག་གཡང་ས་མཐོན་པོ་ཞིག་གི་སྐེད་པ་ནས་མར་ལ་ལྷུང་གྲབ་བྱེད་གྱིན་ཡོད་ཅིང་། རྐང་པའི་སྔ་རྟིང་གི་རྡོག་ཅུང་ཟད་ཅིག་རྟེན་ཚེ་ལག་པ་ཡ་གཅིག་གིས་རྩྭ་ཕུང་ཞིག་ཏུ་བཟུང་ས་ལོན་ཏེ། ཡར་བྲག་སྟེང་དུ་འགོས་དགོས་ན་འགོས་པའི་སྟོབས་དང་ནུས་པ་རང་ལ་མེད། ཡང་མིན་ན་རྩྭ་ཕུང་གོག ཡང་མིན་ན་སྔ་རྟིང་ཅུང་ཟད་ཅིག་འགྱུར་ཏེ་གཅིག་ལྷུང་ཚེ་ཁང་བརྩེགས་བརྒྱད་བརྒྱ་ཙམ་ཞིག་གི་མར་ཞབས་ཀྱི་དུག་མཚོའི་ནང་དུ་ཆུ་སྲིན་མ་རུང་བས་བསྒུག་ཡོད་པས་དེ་ལ་ལྷུང་ཚེ་སྐྱབས་དང་སྐྱོབས་པ་ཞིག་གང་ན་ཡོད། ཤ་ཚལ་བ་ཁྲག་ཐིག་པ་བྱེད་འགྲོ་བ་རེད། དེ་དུས་མྱ་ངན་གྱིས་འོ་དོད་བོས་ཀྱང་ཕན་ཐོགས་ཅི་ཡང་ཡོད་པ་མ་རེད། དེ་ལྟར་ཉེན་ཁ་ཅན་གྱི་བྲག་གཟར་མོའི་ངོ་ནས་ལྷུང་གྲབ་བྱེད་སྐབས་ཤིག་ལ། བྲག་སྟེང་ནས་གཅིག་གིས་ལག་པ་བསྐྱངས་ནས་ཁྱོད་འདི་ལ་འཐོམས་དང་ངས་ཁྱོད་ཡར་ལ་འཐེན་ཆོག་ཅེས་ཟེར་མཁན་ཞིག་ཡོད་ན། གལ་ཏེ་འཐམ་ས་ལོན་དུས་ཐེ་ཚོམ་ཞིག་ག་ལ་སྐྱེ། དེ་བཞིན་སངས་རྒྱས་འོད་དཔག་མེད་པས་སེམས་ཅན་གྱི་དོན་དུ་ཐུགས་བསྐྱེད་ཀྱིས་ཞིང་ཁམས་བཟུང་། སྨོན་ལམ་འགྲུབ་པའི་སྟོབས་ཏེ་གཅིག་གིས་བྲག་མགོ་ནས་མར་ལ་ལག་པ་བསྐྱངས་པ་ལྟ་བུ་དང་། འུ་ཚོའི་ཡིད་ཆེས་ཀྱི་དད་པའི་ཤུགས་དང་ཡིད་ཆེས་ཀྱི་སྟོབས་དེ་ལས་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་འགྲུབ་པ་ལག་པས་ཡར་ལ་འཐམ་པ་ལྟ་བུ་གཉིས་ཀ་འཕྲད་ཚེ། ད་གཟོད་ཞིང་ཁམས་བདེ་བ་ཅན་ལ་རང་མི་རང་ཁྱིམ་ཕ་ཁྱིམ་བུ་འགྲོ་ཡིན། དེས་ན་རང་རེས་ཀྱང་ཕྱོགས་གཅིག་ནས་ཚོགས་བསག་ཕྱོགས་གཅིག་ནས་སྨོན་ལམ་འདེབས་དགོས། སངས་རྒྱས་འོད་དཔག་མེད་པས་ལོ་བྱེ་བ་ཞིག་ལ་ཞིང་ཁམས་མང་པོའི་བཀོད་པ་དང་ཡོན་ཏན་མང་པོ་གསན་བསམ་མཛད་ནས། དེ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡམ་པ་ལྟ་བུའི་ཞིང་ཁམས་བཟུང་བའི་ཆེད་དུ་ཚོགས་གཉིས་བསགས་པའི་འབྲས་བུ་ལ། རང་རེའི་དཀའ་ལས་ཆེན་པོ་ཞིག་རྒྱག་མི་དགོས་པར་ལོངས་སྤྱོད་ཆོག་པར་ཉེ་བ་རེད། སངས་རྒྱས་འོད་དཔག་མེད་པའི་སློབ་པ་ལམ་གྱི་གནས་སྐབས་སུ་བྱ་དཀའ་བའི་སྤྱོད་པ་དེ་ལྟར་མཛད་ནས་གྲུབ་ཡོང་བ་ལ་མཉམ་དུ་ལོངས་སྤྱོད་དགོས་ཚེ། དེ་དང་ཕྱོགས་མཚུངས་པ་རྟེན་དང་བརྟེན་པའི་ཞིང་ཁམས་ཡིད་ལ་བྱེད་པ་དང་ཚོགས་གསོག་པ་སེམས་བསྐྱེད་པ་སྨོན་ལམ་འདེབས་པ་དཀའ་ལས་ཆུང་ཆུང་ཚེ་ཐོག་འདིར་འགྲུབ་ཐུབ་པ་ཞིག་རེད། དེ་ཡང་ཁྱིམ་སྤོང་མི་དགོས་ཤིང་འཇིག་རྟེན་ཁྱིམ་ལས་ཀྱང་སྐྱུར་མི་དགོས་སྒལ་ཚིགས་བྲག་ལ་སྦྱར་མ་ཐུབ་ནའང་འགྲུབ་པ་ཡོད། བསྒྲུབ་ན་ཅི་འདྲའི་མི་ཉམ་ཆུང་ཐབས་སྡུག་ཅིག་ཡིན་རུང་བསྒྲུབ་ཐུབ་པ་དེ་ཚོ་སྒྲུབ་ལོས་དགོས། དེ་མ་བསྒྲུབས་དུས་ཅི་བཤད་ཀྱང་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་གཏིང་ནས་མེད་རྟགས་རེད། དད་པ་མེད་ན་བྱིན་རླབས་མི་འཇུག དགེ་སློང་ལེགས་པའི་སྐར་མ་དང་ལྷའི་སྦྱིན་ཚོ་བཅོམ་ལྡན་འདས་ཀྱི་སྐུ་གཉེན་སྐུ་འཁོར་རེད། མཉམ་འགྲོག་གི་བདུད་ཀྱིས་བསླུས། སྡིག་ལྟ་ངན་པའི་དབང་དུ་ཤོར་བས་བཅོམ་ལྡན་འདས་དང་མཉམ་དུ་གཤིབས་ཀྱང་བྱིན་རླབས་མི་འཇུག་པར་ཉེས་པ་བསགས་པའི་རྐྱེན་དུ་འགྱུར་སོང། ལྷས་སྦྱིན་གྱིས་མཚམས་མེད་པའི་ལས་བསགས་པ་དེ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་མྱོང་བ་རེད། དང་བ་དང་དད་པ་ཡོད་ན་དང་བའི་ཡིད་ཀྱིས་སྲན་རྡོག་འགའ་རེ་སངས་རྒྱས་ལ་ཕུལ་བའི་སྟོབས་ཀྱིས་ཅི་འདྲའི་བསོད་ནམས་ཆེན་པོ་ཐོབ་འདུག གནའ་སྔོན་མ་ཞིག་ལ་ཁྱིམ་བདག་ཞིག་ལ་བུ་ངོ་མཚར་ཅན་གཉིས་སྐྱེས། བུ་སྐྱེས་མ་ཐག་ཏུ་ནམ་མཁའ་ནས་ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་བབ་སྟེ་ཁང་པའི་སྟེང་འོག་ཐམས་ཅད་གང་། ལྟས་བཟང་པོ་དེ་ལ་ལྟོས་ནས་བུ་ཆེ་བའི་མིང་ལ་ལྷའི་མེ་ཏོག་བཏགས། ལྷའི་མེ་ཏོག་ནར་སོན་དུས་སངས་རྒྱས་འཁོར་བཅས་ལ་དད་པའི་སེམས་སྐྱེས་ཏེ་སངས་རྒྱས་འཁོར་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲང་། ཁང་བཟང་གི་ནང་དུ་རིན་པོ་ཆེའི་ཁྲི་དང་ཁ་ཟས་རྣམ་པ་སྣ་ཚོགས་པ་ཅི་འདོད་གང་འདོད་ཐམས་ཅད་ཁོ་རང་གི་བསོད་ནམས་ཀྱི་སྟོབས་ཀྱིས་འབད་མེད་རང་འགྲུབ་དུ་གྲུབ་ཅིང་། དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་བྱོན་ཆོས་བསྟན་ཁྱིམ་གང་གི་མི་ཐམས་ཅད་ལ་རྒྱུན་ཞུགས་ཀྱི་འབྲས་བུ་དེ་ཉིད་དུ་ཐོབ་བོ། །དེ་ནས་ལྷའི་མེ་ཏོག་གིས་ཕ་མ་ལ་གནང་བ་ཞུས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་། དེ་ནས་བརྩོན་འགྲུས་བརྩམས་ཏེ་འབད་པ་ཆེན་པོས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས། དེའི་སྐབས་སངས་རྒྱས་ཀྱི་ཉེ་གནས་ཀུན་དགའ་བོས་ལྷའི་མེ་ཏོག་གི་ལས་ཀྱི་རྒྱུ་ཞུས་ཚེ། བཅོམ་ལྡན་འདས་ཀྱི་ཞལ་ནས། སྔོན་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་སྐབས་ཤིག་ལ། མི་དབུལ་པོ་ཞིག་ཡོད་པ་ཁོ་རང་སངས་རྒྱས་ལ་རབ་ཏུ་དགའ་ཞིང་དད་པའི་སེམས་སྐྱེས་ཏེ། སྤང་དང་ནེའུ་གསེང་གི་སྟེང་ནས་མེ་ཏོག་སྣ་ཚོགས་བཏུས་ཏེ་དགེ་འདུན་ལ་གཏོར་བ་དང་། བསམ་པ་རྣམ་པར་དག་པས་དགེ་འདུན་བཞུགས་པའི་གནས་དེར་ཕྱགས་བརྡར་བརྒྱབ་པ་རེད། རྒྱུ་དེས་བསྐལ་བ་དགུ་བཅུ་རྩ་གཅིག་གི་བར་དུ་གང་དུ་སྐྱེས་ཀྱང་གཟུགས་བཟང་ཞིང་ལྟ་ན་སྡུག་པ། ཅི་བསམ་གང་འདོད་དུ་བཟའ་བཏུང་གོས་རྒྱན་ལ་སོགས་པ་ལོངས་སྤྱད་དུ་ཡོད་པ་དེ་འདྲའི་བསོད་ནམས་ཅན་ཤ་སྟག་ཏུ་སྐྱེ་བ་བླངས་བར་མ་ཟད་རྟེན་དེ་ལ་དགྲ་བཅོམ་པ་ཐོབ་སོང་བ་འདི་རེད། ཀུན་དགའ་བོ་ཞེས་ནན་ཏན་གྱིས་བོས་མཛད་དེ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྦྱིན་པ་ཆུང་ངུ་ཞིག་ལ་བསོད་ནམས་ཆེན་པོ་ཞིག་ཡོད་པ་མ་རེད་སྙམ་ནས་མ་བརྙས་དང་། བསམ་པ་དག་ན་མཆོད་རྫས་ཆུང་ཡང་ལྷའི་མེ་ཏོག་ལྟ་བུ་ཅི་བསམ་འགྲུབ་པའི་འབྲས་བུ་སྨིན་པ་ཡོད་གསུངས། ཞིང་བཀོད་ཀྱི་མདོ་ལས། གང་ཟག་གང་ཞིག་གིས་འཇིག་རྟེན་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་བཤིགས་ནས་རྡུལ་ཕྲ་རབ་ཁོ་ནར་བྱས་ཏེ་དེའི་རྡུལ་ཕྲ་རབ་ཇི་ལྟར་མང་པོ་ཡོད་པ། དེ་ལས་ཀྱང་མང་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་བཀང་སྟེ་སྦྱིན་པ་བཏང་ན་དེའི་བསོད་ནམས་ཀྱི་ཚད་འདི་འདྲ་ཞིག་ཡིན་ཞེས་ཚད་བཟུང་དུ་མེད་ཀྱང་། དེ་བས་ཀྱང་གང་ཟག་འགའ་ཞིག་གིས་འོད་དཔག་མེད་པའི་མཚན་དང་ཞིང་ཁམས་བདེ་བ་ཅན་གྱི་ཡོན་ཏན་ཁྱད་དུ་འཕགས་པ་རྣམས་ཐོས་ནས་དགའ་སྟེ་ཐལ་མོ་ཞིག་སྦྱར་ན་དེའི་བསོད་ནམས་ཆེ་བ་དང། གོང་གི་སྦྱིན་པ་རྒྱ་ཆེན་བཏང་བ་ལས་ཕྱི་མ་དེའི་ཆ་ཤས་ཙམ་ཡང་མི་ཐུབ་པར་གསུངས་བས། བསོད་ནམས་སོགས་དང་མི་སོགས་དད་པ་ལ་ཐུག བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་དང་དེའི་རྒྱུ་སྒྲུབ་ཚེ་དེ་འདྲ་ལས་སླ་མོ་ཞིག་གིས་སྐྱེ་འམ་མི་སྐྱེ་སྙམ་པ་ནི་ཐེ་ཚོམ་རེད། ཐེ་ཚོམ་གྱི་ངང་ནས་རྒྱུ་སྒྲུབ་པ་དག་ནི་བདེ་བ་ཅན་ལ་སྐྱེས་ཚེ་མེ་ཏོག་པདྨའི་སྦུབས་ལས་ལོ་གྲངས་ལྔ་བརྒྱའི་བར་དུ་སངས་རྒྱས་ཀྱི་གསུང་ཐོས་ཀྱང་ཞལ་མི་མཇལ་པའི་སྐྱོན་འབྱུང་བས། ཐེ་ཚོམ་མེད་པའི་དད་པ་ཕྱིར་མི་ལྡོག་པའམ་དད་པ་བརྟན་པོ་ཞིག་གིས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དང་འབྲེལ་བའི་ཚོགས་གཉིས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་བྱང་ཆུབ་ཆེན་པོར་བསྔོས་པའི་མཐུ་དེ་ལ་བརྟེན་ནས། བདག་འཆི་ཁར་འདྲེན་པ་འོད་དཔག་མེད་རྒྱལ་སྲས་ཐུ་བོ་རྣམ་གཉིས་ལ་སོགས་པའི་འཁོར་གྱིས་བསྐོར་བ། མངོན་སུམ་མིག་གི་ལམ་དུ་མཇལ་ཏེ་རྒྱལ་བ་འཁོར་དང་བཅས་པ་ལ་དད་པ་དྲག་པོ་སྐྱེས་པའི་སྟོབས་ཀྱིས། འཆི་ཁ་མནར་གཅོད་ཀྱི་སྡུག་བསྔལ་ཤི་ནས་འཁྲུལ་སྣང་གི་འཇིགས་སྐྲག་མེད་པར། རྒྱལ་སྲས་སེམས་དཔའ་བརྒྱད་པོ་རྫུ་འཕྲུལ་གྱིས་བྱོན་ནས་བདེ་བ་ཅན་དུ་འགྲོ་བའི་ལམ་སྟོན་ལམ་སྣ་འདྲེན་པར་ཤོག་ཅིག ཅེས་ལམ་བསྟན་པ་དེ་ལ་བརྟེན་ནས་བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེས་དུས་རིན་པོ་ཆེ་མེ་ཏོག་པདྨའི་ནང་དུ་བརྫུས་ཏེ་སྐྱེས་ཤིང་ཐེག་ཆེན་གྱི་རིགས་ཅན་དབང་པོ་རྣོན་པོ་ཞིག་དུ་སྐྱེ་བར་ཤོག་ཅིག སྐྱེས་པ་དང་གཟུངས་དང་ཏིང་འཛིན་སྤོབས་པ་ལ་སོགས་པ་ཐོབ་ནས་སངས་རྒྱས་འོད་དཔག་མེད་དང་ཕྱོགས་བཅུའི་སངས་རྒྱས་ཀྱི་མདུན་ནས་ཐེག་ཆེན་གྱི་ཆོས་ཐོབ་པར་ཤོག་ཅིག ཆོས་ཀྱི་དོན་ཁོང་དུ་ཆུད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་སྤྱོད་པར་ཤོག་ཅིག ཞིང་ཁམས་དག་པའི་གནས་དེ་ནས་བརྩེ་བའི་ཤུགས་དྲག་པོས་ཀུན་ནས་བསླངས་ཏེ་མ་དག་པའི་ཞིང་ཁམས་ལ་རྫུ་འཕྲུལ་གྱིས་སོང་ནས་སེམས་ཅན་མང་པོ་འདྲེན་ནུས་པར་ཤོག་ཅིག སྤྱོད་པ་རྨད་དུ་བྱུང་པའི་སྟོབས་རྫོགས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་ཤོག་ཅིག་ཅེས། དེ་ལྟར་བསམ་ནས་རྒྱུན་དུ་སྨོན་ལམ་བཏབ་ན་སངས་རྒྱས་འོད་དཔག་མེད་པའི་ཐུགས་བསྐྱེད་དང་། རང་གི་བསོད་ནམས་ཀྱི་སྟོབས་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱར་བ་ཐམས་ཅད་མཉམ་དུ་འཛོམས་ན་སྨོན་ལམ་འགྲུབ་པ་རེད། དེ་དུས་འཆི་བ་ཞེས་པ་དེ་ཡང་རུ་ཞིག་བཀལ་བའི་སྣང་བ་ཙམ་རེད། འུ་ཚོས་རུ་ངན་བཀལ་བ་འདྲ་ཞིག་ག་ལ་ཡིན། མི་གཙང་བའི་རྫས་མི་གཙང་བའི་ལུས་མི་གཙང་བའི་ལས་ཐམས་ཅད་བསྐྱུར་ཏེ། འཇའ་འོད་གུར་ཁང་གི་ལམ་འཐེན་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ་འགྲོ་ཆོག་པ་རེད། སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་སོགས་ཀྱིས་ལམ་གྱི་སྣ་ཁྲིད་དེ་ལྷ་དང་ལྷ་མོས་མེ་ཏོག་གི་ཆར་ཕབ། བདུག་སྤོས་སྣ་ཚོགས་ཀྱི་དྲི་ཞིམ་འཐུལ་ཞོར་དུ་འགྲོ་བའི་ཆེད་དུ། འུ་ཚོས་ཞིང་ཁྲིད་བཤད། ཞིང་སྒྲུབ་འཚོགས་བདེ་བ་ཅན་ལ་འགྲོ་བྱེད་ཀྱི་རྒྱུ་བཞི་སྒྲུབ་ཀྱིན་འདུག་པ་འདི། རུ་བཀལ་བའི་སྔ་འོར་ཞིག་འཕེན་གྱིན་ཡོད་པ་རེད། དེས་ན་ཐམས་ཅད་ཀྱིས་དགའ་དགའ་སྤྲོ་སྤྲོ་གྱིས། གསོན་ན་དགའ་འདུག་ཚོགས་བསག་སྨོན་ལམ་ཉིན་རེ་བྱེད་སར་ཡོད་ན་བསོད་ཆེན་རེད། ཤི་ན་སྐྱིད་འདུག་འགྲོ་ས་བདེ་བ་ཅན་རེད། མ་ཤི་བསྡད་ཀྱང་སྡུག་བསྔལ་མྱོང་བྱེད་རེད། དེས་ན་ན་དགའ་ཤི་སྐྱིད་རེད། གང་བྱུང་དེའི་ཆོག་རེད། གུ་ཡངས་ཁྲོལ་ལེ། སེམས་ལྷོད་ཤ་རེ་གྱིས་དང་སྐྱིད་པོ་རྗེས་སུ་ཡོད། དེ་རིང་གི་ཆོས་མཚམས་མི་ལུས་དོན་དང་ལྡན་པར་འགྲུབ་པར་ཤོག་ཟེར་ས་འདི་ནས་འཇོག རང་རེས་ཆོས་བཤད་ཆོས་ཉན་ཆོས་སྒྲུབ་གང་སྨྲས་ཀྱང། དམ་པའི་ལྷ་ཆོས་ལ་བློ་ཁ་ཕྱོགས་པ་འདི་མ་འོངས་ཕྱིན་ཆད་ཀྱི་སྐྱིད་ཐབས་བདེ་ཐབས། སྡུག་བསྔལ་མེད་ཐབས། ཚེ་འདི་ལ་ཚེ་ལྷག་ཅི་ཡོད་ཀྱི་ཚེ་སྐེད་ཚེ་སྨད་ཚེ་ཕྱི་མའི་སྐྱེ་བ་ཐམས་ཅད་ལ་སྡུག་བསྔལ་མེད་པའི་བདེ་བ་ཞིག་དོན་གཉེར་གྱི་ཆེད་དུ། བསླུ་མེད་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་ལ་བཟུང་ནས་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་ཀྱི་འདུ་ཤེས་ལ་སོགས་པས་བློ་སྟོབས་ཆེ་ཆུང་ལྟར་དུ་འགའ་རེའི་རང་དོན་ཙམ་ཞིག འགའ་རེའི་རང་གཞན་གཉིས་དོན་ཞིག ཐེག་ཆེན་མདོ་སྔགས་ཀྱི་ལམ་གྱི་ཁྱད་ཆོས་དང་བསྟུན་ཏེ་འགའ་རེའི་སེམས་ཅན་གཞན་དོན། མདོར་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་ཐེག་ཆེན་གྱི་ལམ་ནས་དམ་ཆོས་སྒྲུབ་པ། བརྒྱ་ཡར་བཤད་སྟོང་ཕྱིར་བཤད་གང་བྱས་ཀྱང་མདོ་འགག་རྩ་བ་དེ་འདྲ་ཞིག་རེད། ཁ་བཤད་མཐོ་ཡང་ལག་ལེན་གྱི་སྟེང་ནས། གཅུས་ཕུར་རྩ། སྣ་ཐག་སྣ་རྩ་ལ་གཏུག་ན་དམ་པའི་ལྷ་ཆོས་ལ་ལག་བསྟར་བྱེད་པའི་ཆོས་པ་བཟང་པོ་ཞིག་ལྟ་ཅི། འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་དང་མཐུན་པའི་མི་ཚུལ་ལྡན་ཞིག་གི་ཚད་དུ་ཡང་ཐོན་མེད་པ་འདི། ད་སྔ་ཆོས་རྣ་བས་གོ་མ་མྱོང་བར་ལྷག་སོང་བ་ཞིག་ཀྱང་མ་རེད། ས་ཆོས་ས་ཆོས་ཡུལ་དུ་སྐྱེས་པས་དུས་རབས་སྔོན་མའི་དུས་སྨད་ཀྱི་མི་འདྲ་ཡིན་ན་མི་ཤེས་མ་གཏོགས་ཆོས་གཏན་ནས་གོ་མ་མྱོང་བ་ཞིག་མ་རེད། ཆོས་ཐོས་པ་རྒྱུད་ལ་སྦྱར་ལུགས་ཀྱི་ལག་ལེན་འདེབས་མ་ཐུབ་པར་མདའ་ལན་གཞུ་ལན་གྱིས་ཆོས་ཆེ་ས་ལ་མ་ཐོན། ཆུང་སའི་མ་མགུ་བར་ཐ་མ་ལག་སྟོང་དུ་ལུས་ཡོད། ད་དུང་འདི་ལྟར་མུ་མཐུད་དུ་སོང་ན་ཡར་གྱི་ཤ་རྗེས་མ་ཆོད་མར་གྱི་ཤེའུ་རྗེས་མ་ཆོད་པར། ལམ་མཁན་གཤིན་རྗེས་ལས་མཁན་དང་ངོ་ཤེས་ཨ་ཁུ་ཆོས་རྒྱལ་མ་གཏོགས་མེད་པར་རྡོག་སྣེ་རྡོ་ལ་ཐུག་རྒྱུར་ཐག་རིང་བ་མ་རེད། དེས་ན་རང་རེ་ཆོས་པར་མ་གྱུར་པའི་སྔོན་དུ་མི་བྱེད་ཤེས་དགོས། མི་ལོས་ཡིན་མི་མིན་ན་ཟོག་ཨེ་རེད་སྙམ་ན། རྐང་བཞི་ས་ལ་བཙུག་པའི་ནོག་ལྐོག་ཤལ་དང་ལྡན་པའི་མཚན་ཉིད་ཅན་གྱི་ཟོག་མ་རེད་མོད། རྐང་གཉིས་གྱེན་དུ་འགྲེང་བའི་རྨོངས་མུན་ཅན་གྱི་བྱོལ་སོང་ཞིག་གི་མཚན་ཉིད་ལ་ཉེ་ཡོང་བ་རེད། དེས་ན་དང་པོ་དུད་འགྲོ་ལས་ཁྱད་དུ་འཕགས་པའི་མིའི་རྣམ་དཔྱོད་ཀྱི་རྩལ་དེའི་ཁྱད་ཆོས་ཤིག་འདོན་ཤེས་དགོས། ཚེ་འདིར་མ་གཏོགས་བསམ་མ་ཤེས། དེ་ཡང་ལེགས་པོ་ཞིག་བསམ་མ་ཤེས་ཚེ་དུད་འགྲོ་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་ཤིག་འདོན་མ་ཐུབ་པ་རེད། མི་དང་དུད་འགྲོའི་བར་གྱི་ཁྱད་པར་འབྱེད་བྱེད་དེ་གང་ཡིན་ཞེ་ན། ཆོས་སྒྲུབ་ཤེས་མི་ཤེས་ལ་ཐུག ཚེ་འདིའི་བྱ་བཞག་ལ་ད་དུང་དུད་འགྲོས་མཁས་ས་མང་བ་རེད། འདི་ནས་རང་རེས་དེའི་ལོ་རྒྱུས་ཤིག་བཤད་ན། དཔའ་རྩལ་དྲུག་གི་ཐོག་ནས་བཤད་ན་ཁྲ་དར་མས་བྱེའུ་དང་ཕུག་རོན་གྱི་ཁྱུ་དེད་ན་ཅི་འདྲ་འདྲའི་སྟོབས་རྩལ་ཞིག་འདུག ཁྲ་དེ་ཚོ་གཟུགས་ཆུང་རུང་རྡོ་ཕ་བོང་ལ་གཤོག་ལྕག་བརྒྱབ་ན་གས་འགྲོ་ཞེས་ཟེར་བ་རེད། དེར་མ་ཟད་གླག་རོག་མོ་ཟན་ལ་ཞེན་དུས་གླག་གིས་གླ་བ་དང་རི་བོང་ལུ་གུ་དེ་ཚོ་བཟུང་སྟེ་ནམ་མཁའི་ཁམས་ལ་བཀྱགས་ནས་བར་སྐབས་ཤིག་ལ་མི་ཁྱག་གི་བསམ་ཚེ་འཕང་བཞག་ཚེ་ཡང་གླག་མོས་བར་སྣང་ཁམས་ནས་བཟུང་སྟེ་དེ་ལྟར་བཟུང་རེས་ལག་རེས་ཤ་སྟག་བྱས་ཏེ་ཁྱེར་འགྲོ་བ་རེད། ད་དུང་གླག་ཕོ་བས་མོ་ཡི་རྩལ་མྱུར་འདུག་ཟེར་སྲོལ་རེད། དེ་འདྲའི་སྤྱང་གྲུང་དང་བཅས་ཡོད་པ་རེད། དགྲ་ཐབས་ཀྱི་ཕྱོགས་ནས་བསམ་ན་དུད་འགྲོ་མཁས་ས་ཡོད་པ་རེད། བྲག་ཞིག་གི་རྒྱབ་ཏུ་བྱ་རོག་ཅིག་གིས་ཚང་བཅས་ཡོད་པ་ཉིན་གཅིག་ཕ་མ་མེད་ཤུལ་དུ་འུག་པ་ཞིག་ཡོང་ནས། བྱ་རོག་གི་ཕྲུ་གུ་ཁྱེར་སོང་སྟེ་གཤོག་པའི་ཞབས་ནས་སྙིང་བྲུས་ཏེ་བསད་སོང་བ་རེད། དེའི་ཤ་ལན་དུ་ཕོ་རོག་གཉིས་ཀྱིས་འུག་པ་དེད་ནས་ཤི་བ་སྲོག་ལ་མ་འཛེམ་པར་དེད་དེད་འཛིང་འཛིང་གི་མཐའ་མར་འུག་པ་ཚུར་ལ་བཟུང་ནས་བུ་གསད་ས་ལ་ཁྱེར་ནས་བུ་གསད་གསད་བྱས་ཏེ་བསད་བཞག་པ་རེད། འུ་ཚོ་ཅི་འདྲའི་བུ་ངར་བ་ཞིག་ཡིན་ནའང་དཀའ་བ་རེད་མོད། བློ་རིག་པའི་ཐད་ནས་བྱེ་སྦྲུལ་ཞིག་ནམ་ཡིན་ན་སྦྲུལ་གྱིས་གནོད་བསྐྱལ་གྱིན་ཡོད་ཚེ། ཉིན་གཅིག་བྱེ་སྦྲུལ་གྱིས་ཁོ་རང་གི་ཚང་གི་སྐེད་པ་ཙམ་གྱི་སྟེང་ནས་མར་གནམ་ཁུང་ཞིག་བཏོད་ནས། དེ་ནས་བྱེ་སྦྲུལ་གྱིས་སྦྲུལ་ལ་ནམ་རྒྱུན་དམའ་ཕབས་ཀྱིན་ཡོད། སྦྲུལ་གྱིས་རྗེས་དེད་ཚེ་བྱེ་སྦྲུལ་ཚང་གི་ནང་དུ་བྲོས། སྦྲུལ་གྱིས་ཚང་ནང་དུ་དེད་ཚེ་བྱེ་སྦྲུལ་གནམ་ཁུང་ནང་ནས་གྱེན་ལ་བུད་དེ་ཕྱི་རོལ་ཏུ་སོང་། སྦྲུལ་སྣ་ལྡོག་སྟེ་ཚང་གི་ཕུག་ལ་སོང་ཚེ་བྱེ་སྦྲུལ་གྱིས་གནམ་ཁུང་ནང་ནས་མར་སྦྲུལ་གྱི་སྐེད་པ་ལ་སོ་བཏབ་སྟེ་བསད། ཡང་འཕྱི་བདའ་བ་ཞིག་གིས་འཕྱི་བ་ཞིག་དེད་ཡོང་ནས་ཁུང་བུ་ཞིག་གི་ནང་དུ་བཙུད། འཕྱི་བདའ་བས་བལྟས་ཚེ་ལག་པས་ཟིན་ས་ཞིག་ན་འཕྱི་བ་ཡོད་པས། འཕྱི་བདའ་བས་འཕྱི་བའི་རྐང་པ་ནས་བཟུང་སྟེ་མར་ལ་འཐེན་དུས་འཕྱི་བས་གྲུ་མོ་གཉིས་ཀ་ཐད་ལ་བརྒྱང་ནས་སྲ་བཟུང་སྟེ་ཁ་ཕྱིར་ལ་འཁོར་ནས་མིའི་ལག་པ་ལ་སོ་བཏབ་ནས་རྨ་བྱས། རོགས་པ་རྣམས་གྱིས་འཕྱི་བ་ཟིན་ནམ་ཞེས་དྲིས་པས་ངས་འཕྱི་བ་ཟིན་མ་ཐལ་མོད་འཕྱི་བས་ང་ཟིན་སོང་ཞེས་སྨྲས་པ་རེད། སྡུག་ཐུག་ན་ཐབས་དང་སྙིང་རུས་དེ་འདྲ་གཅིག་ཡོད། གཡག་ཡུ་ལུ་ཞིག་དང་རྭ་ཅོ་ཅན་གཉིས་རྡུང་ཁ་གཏུག་ནས་རྭ་ཅན་ཁེ་སོང་བ་རེད། ཡུ་ལུས་དེ་ལ་ཞེ་འཁོན་བཟུང་ནས་རྩལ་ཉིན་མང་པོ་ཞིག་ལ་སྦྱངས་ནས་ཡང་གཅིག་འཐབ་དུས་གཡག་རྭ་ཅན་མཐའ་མགོ་ནས་འཕང་བཞག་པ་རེད། དེ་མིན་ནའང་དུད་འགྲོ་དགྲ་ཐབས་ལ་མཁས་པ་ཡོད་པ་རེད། སྲིད་སྡེ་སྐྱོང་ལུགས་ཀྱི་ཐད་ནས་བསམ་བློ་བཏང་ན། ས་ཆ་ཞིག་གི་ལྕང་མའི་གསེབ་ཅིག་ན་བྱ་སྐྱ་ཀའི་ཚང་མང་པོ་ཞིག་ཡོད་དེ་འུག་འུ་ཆུང་གིས་འཕྲོག་སོང་བ་རེད། ཚང་བདག་སྐྱ་ཀ་བཟའ་བ་གཉིས་ཀ་སོང་ནས་གཞན་པ་ནས་སྐྱ་ཀ་མང་པོའི་དམག་དཔུང་ཞིག་བོས་ཡོང་སྟེ། དམག་མང་པོ་རུབ་ནས་འུག་འུ་ཆུང་ཡུལ་ཕུད་བཞག་པ་རེད་ཟེར་བའི་གཏམ་རྒྱུད་ཡོད་པ་རེད། གཉེན་དང་བུ་རྒྱུད་སྐྱོང་བའི་ཐད་ནས་དུད་འགྲོ་མཁས་པ་རེད། ཟླ་བ་རེ་རེ་ཙམ་གྱི་ཕ་མཉམ་བུ་མཉམ་རེད་འགྲོ་འདུག འུ་ཚོས་ལོ་མང་པོ་ཞིག་ལ་ཕ་མཉམ་བུ་མཉམ་རེད་ཐབས་མི་ཐོན་པ་རེད། རྒྱུ་ནོར་བསོག་སྐྲུན་གྱི་ཐད་ནས་ཡིན་ནའང་བྱི་ལོང་དང་ཙི་གུ་ཚོས་ས་འོག་གི་གྲོ་མ་ལ་སོགས་པ་གསོག་པ་དང་། དུས་རྒྱུན་དུ་གྲོ་ནས་འབྲས་སྲན་བརྐུས་ཏེ་དེ་འདྲ་གཅིག་བསོག་གི་ཡོད་པ་རེད། གླང་རི་ཐང་པ་ངོ་ནག་གི་མཎྜལ་གྱི་ནང་གི་གཡུ་བྱི་བ་གཉིས་ཀྱིས་བརྐུས་ཏེ་གཅིག་པོས་མ་ཁྱག་པར་གཅིག་པོས་འཐེན། གཅིག་པོས་ཕུལ་བས་གླང་རི་ཐང་པ་གཅིག་འཛུམ་མྱོང་ཚུལ་བཤད་པ་ཡོད། དུད་འགྲོ་འགའ་རེ་རྒྱུ་ལ་ཆགས་ཞེན་ཡང་དེ་འདྲ་ཞིག་ཆེ་བ་རེད། མི་ཞིག་གིས་བྱི་ཚང་ནང་ནས་གཡུ་ཞིག་རྙེད་དེ་ཁྱེར་སོང་བས། ཕྱི་ཉིན་བྱི་ཚང་ནང་ལ་གཅིག་བལྟས་ཚེ་བྱི་བ་རྩྭ་འཇག་མ་ཞིག་གིས་སྐེ་བསྡམས་ཏེ་ཤི་ཡོད་པ་རེད། བཟོ་སྐྲུན་ལས་ཀ་ལ་ཡང་དེ་འདྲ་མཁས་པ་རེད། ཁ་ལ་ཡུག་གི་ཁང་པ་ལས་ལུགས་དང་སྲོག་ཆགས་འགའ་རེའི་ཚང་ལས་ལུགས་ལ་ལྟོས་དང་། ཁ་ལ་ཡུག་གི་ད་དུང་ས་དཔྱད་བཟང་ས་ཚོ་ལྟ་ཤེས་ཟེར་སྲོལ་ཡོད་པ་རེད། ས་དཔྱད་མ་བཟང་ན་ཁང་པ་ལས་པ་མ་རེད། ས་དཔེ་ལྟ་རྒྱུ་ལ་སོགས་པར་དེ་འདྲ་མཁས་པ་དང་། ད་དུང་ནམ་ཟླ་དུས་བཞིའི་འགྱུར་བ་དང་འབྱུང་བཞིའི་རང་བྱུང་གི་འགྱུར་བ་སྔོན་དཔག་བྱེད་པ་ལ་མི་ལས་ཀྱང་དུད་འགྲོ་མཁས་ཤིང་། ད་ལོ་རྒྱ་ཡུལ་དུ་ས་འགུལ་མ་བརྒྱུག་པའི་སྔོན་དུ་འབུ་གྲོག་མ་ཐམས་ཅད་ཀྱིས་རུ་སྤོར་ཏེ་ཉིན་ལམ་མང་པོར་འཕྲེང་བསྒྲིག་ནས་གཤར་སོང་བས། ཞིང་པ་རྣམས་ཀྱིས་ས་འགུལ་རྒྱུགས་གྲབ་མ་རེད་དམ་ཞེས་སྨྲས་པས། ཆེད་མཁས་ཀྱི་ཚན་རིགས་པ་རྣམས་ཀྱིས་འདི་རང་བྱུང་ཁམས་ཀྱི་འགྱུར་བ་གཞན་ཞིག་གིས་རྐྱེན་རེད་ཅེས་འགྲེལ་བཤད་རྒྱག་ལོག་བྱས། ཐ་མ་ཁྱེད་རྣམས་གསོ་བ་ལས་འབུ་གྲོག་མ་གསོས་ན་དགའ་འདུག་ཅེས་པ་ཞིག་རེད་འདུག བྱ་རྒོད་དག་ཀྱང་དགེ་བཤས་ཉག་གི་དུར་ཁྲོད་ནས་བྱ་འབོད་བྱས་དུས་ཐོན་ཡོང་བ་དེ། མི་འགའ་རེར་ཡོད་པའི་མངོན་ཤེས་ཕྱོགས་རེ་བ་དེས་དོ་ཟླ་ཡོད་མེད་མི་ཤེས། འུ་ཚོ་འཇིག་རྟེན་གྱི་མི་ཡིན་ཡང་། འདི་ཕྱི་གཉིས་ཀའི་དོན་སྒྲུབ་མི་ཤེས་པ་དག་ཅི་ཞིག་གི་གྲལ་དུ་རྩི་སྟེ། ཚེ་འདིའི་དོན་ལ་ཕོ་རྒོད་དུ་རྩི་རྒྱུ་ཚོས་དུད་འགྲོ་བཟང་བ་ཞིག་གིས་དོ་ཟླ་ཡང་མི་འོང། བློ་རིག་དྲན་འཁྲུལ་གྱིས་མ་ཐུབ་ན་ཤེད་སྟོབས་ཤུགས་ཀྱིས་ཅི་ཐུབ་སྟེ་གླང་པོ་ཆེ་གཅིག་མི་མང་པོ་ཞིག་འཐམ་ན་ཐུབ་ས་མི་འདུག འོ་ན་གང་གིས་ཁྱད་པར་དུ་འཕགས་ཤེ་ན། ཤེས་རབ་ཀྱིས་ཏེ། འདི་ལྟར་ཚེ་འདི་ཕྱི་དང་རང་གཞན་གཏན་བདེའི་ལམ་སྒྲུབ་ཤེས་པ་ལ་མི་མ་གཏོགས་མེད། དམ་པའི་ཆོས་ཡང་མི་ཡུལ་དུ་དར་བ་རེད། དེས་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དང་འདྲ་བ་ཞིག་ཐོབ་ཡོད་པ་འདི། འཕྲོ་བརླག་མི་བྱེད་པར་དོན་དང་ལྡན་པ་ཞིག་བྱ་དགོས། དལ་འབྱོར་གྱི་མི་ལུས་ཐོབ་སྟེ་དགེ་བའི་ལས་མ་འགྲུབ་པར་ཤི་ན་ནོར་བུ་རིན་ཐང་གཞལ་མེད་ཅིག་རྙེད་ཀྱང་དེ་ལ་གསོལ་བ་མ་བཏབ་པར། འདོད་དོན་མ་བསྒྲུབས། ལོངས་མ་སྤྱད་པར་དོར་བཞག་པ་ལྟ་བུའོ། །ཁྱད་པར་དུ་འུ་ཚོ་བོད་ཆོས་ལྡན་གྱི་ས་ལ་སྐྱེས་པའི་མི། མི་ཐོག་མི་རབས་ཀྱི་རིང་ལ་ཆོས་ལ་སྐྱེས་ཤིང་ཆོས་ལ་རྒས་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ས་ཆའི་མི་ཡིས། མ་མཐའ་རང་འགོ་ཐོན་པའི་ཆོས་རེ་ཤེས་དགོས་པ་རེད་མ་གཏོགས་དེ་མ་ཤེས་ཕྱིན་དེ་མིན་ཤེས་ཡོང་བ་ཅི་ཞིག་ཡོད་ཅི་ཡང་ཡོད་པ་མ་རེད། གནམ་ནས་འཕུར་བྱེད་ནི་ལས་མི་ཤེས། ས་ནས་རྒྱུག་བྱེད་ནི་ལས་མི་ཤེས། མེ་ཐུར་སྒམ་ཞིག་ཀྱང་ལས་མི་ཤེས། རང་ལ་ཡོད་པའི་ཆོས་རིག་གཞུང་རྩ་ཆེན་འདི་མ་ཤེས་ཕྱིན་དེ་མིན་ཅི་ཡང་མི་ཤེས། དེར་མ་ཟད་ཨར་འདམ་དང་ལྕགས་ཀྱི་ཁང་པ་ལས་སྟངས་ཤིག་ཤེས་ན་རང་རེའི་ལུང་པ་འདིའི་ནང་རྐྱང་པ་ནས་ལོ་རེར་སྒོར་མོ་ཁྲི་སྟོང་ཕྲག་ཡན་ཆད་ཀྱི་འཛུགས་སྐྲུན་བྱེད་ཀྱིན་ཡོད། དེ་ས་ཆ་རང་གི་ལག་ལ་སྨིན་སོང་ན་ལེགས་མོད་དེ་འདྲ་ཙམ་ཞིག་ཀྱང་ཤེས་པ་མ་རེད། མདོར་ན་རང་ལག་དུ་ཡོད་ཀྱང་རང་སྒོ་ནས་སྒྲུབ་ཆོག་པའི་ཆོས་དེ་རང་གི་སྒྲུབ་ཤེས་དགོས། དེས་ན་དུད་འགྲོ་ལས་དྲག་ཅིག་བྱེད་དགོས། རང་ཉིད་ཡག་ན་བསམ་མཁན་རྣམས་ཀྱིས་དང་པོ་རང་ཉིད་མི་ཚད་ལྡན་ཞིག་བྱ། དེ་ནས་གོམ་པ་གཉིས་པ་ཆོས་པ་རྣམ་དག་ཞིག་བྱས་ཏེ། ཚེ་འདི་ཕྱི་རང་གཞན་གཉིས་དོན་འགྲུབ་དགོས་པ་རེད། ཆོས་འཇིག་རྟེན་གཉིས་ཀ་ལག་རྒྱབ་ཐོ་ཐུག་མེ་ཆུ་དགྲ་གཤེད་མ་རེད་དམ། མེ་ཆུ་གཉིས་ཀ་མཉམ་དུ་འཇོག་མི་རུང་ཆོས་འཇིག་རྟེན་དེ་འདྲ་མ་ཡིན་ནམ། དེ་གཉིས་ཀ་མཉམ་དུ་སྒྲུབ་ཐབས་ཨེ་ཡོད་དམ་སྙམ་ན་བདེན་པ་རེད། འཇིག་རྟེན་ཆོས་བརྒྱད་ཀྱི་དོན་གཉེར་གཞན་གནོད་གཞི་དང་བཅས་པ་མ་སྤངས་བར་སྒྲུབ་ན་དམ་པའི་ཆོས་དང་རྒྱབ་འགལ་ལོས་ཡིན་མ་གཏོགས། འཇིག་རྟེན་ཡང་དག་གི་ལྟ་བ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ལ་བརྟེན་ནས་མཆོག་གསུམ་སྐྱབས་སུ་འཛིན་ཞིང་ལས་འབྲས་ལ་བླང་དོར་ཚུལ་བཞིན་དུ་བྱེད་པ་དམ་པའི་ཆོས་ཀྱི་རྨང་གཞི་ཡིན། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། འཛེག་ན་ཐར་བ་གམ་ན་གནས། །ཞེས་གསུངས་སོ། །དེས་ན་སངས་རྒྱས་ཀྱི་བསྟན་པ་ནི་མས་ནས་ཡར་ལ་འགོ་བའི་སྐས་ཐེམ་ལྟར་ཐེག་པ་རིམ་བགྲོད་ཀྱི་ལམ་ཞིག་ཡིན་པས་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། སྐྱེས་བུ་གསུམ་གྱི་ལམ་རིམ་ཐེག་པའི་འཇུག་སྒོ་མཐའ་ཡས་པ་ཞིག་གསུངས་པས། རང་རེས་ཀྱང་དང་པོ་ཕོ་མོ་སེར་སྐྱ་རྒན་གཞོན་སུ་ཡིན་ཡང་གཞན་གྱི་སྲོག་མི་གཅད། མི་གེས་ཤི་ནའང་སེམས་ཅན་གྱི་སྲོག་གཅད་པ་མ་རེད་ཅེས་གཞན་གྱིས་ཟེར་བ་རང་གིས་ཀྱང་བསམ་པ་དེ་འདྲ་ཞིག་དགོས། དེའི་སྟེང་དུ་རྐུ་མི་བྱེད་པ་ཞིག་གསེར་སིལ་མ་གཞོང་པ་གང་ལག་ཏུ་བཞག་ན་རྐུ་མི་དྲན་པ་ཞིག་བྱེད་དགོས། དེའི་སྟེང་དུ་རྫུན་ཆེན་པོ་ལྟ་ཅི་རྫུན་ཆུང་ངུ་ཁ་རྫུན་སྣ་རྫུན་མི་བཤད་རྒྱུ་དམ་བཅའ་ལག་ཏུ་ལེན་ཐུབ་པ་ཞིག་རེད་ཐུབ་པའི་སྟེང་ནས། ལྐོག་ལབ་བླ་བཙག་མི་ཡི་སྐྱོན་ཁོ་ན་བཤད་ཀྱིན་མི་འདུག་པ་དེ་འདྲའི་མི་དེས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་བསླབ་པའི་གཞི་ལྔ་སྲོག་གཅོད་མ་བྱིན་ལེན་རྫུན་གསུམ་པོ་སྔར་ནས་ཀྱང་མི་བྱེད། དེའི་སྟེང་དུ་ལོག་གཡེམ་དང་ཆང་རག་སྤངས་བར་མ་ཟད་ཤོ་བག་རྒྱལ་སྐུགས་ཁ་དུད་སྣ་དུད་དེ་ཚོ་སྤོང་ནས། དཀོན་མཆོག་གསུམ་ཤི་ཡང་མི་སྤོང་ཞིང་རྒྱུན་དུ་དཀོན་མཆོག་གསུམ་ལ་མཆོད་ཅིང། རྒྱུ་འབྲས་སྲུང་ན་ད་གཟོད་ཆོས་པ་ཞིག་རེད། ཆོས་དད་པ་ཞིག་རེད་ཟེར་ཆོག དེའི་ཆ་རྐྱེན་མ་འཛོམས་ན་ཅི་བྱས་ཀྱང་ཁ་ཆོས་མ་གཏོགས་དོན་ཆོས་ཤིག་འགྲུབ་དཀའ་བ་རེད། མི་ཡ་རབས་ཤིག་གི་ཆ་ཚད་ཀྱང་མེད་ན་ཆོས་པ་བཟང་པོ་ཞིག་གི་ནང་དོན་ཚང་བ་ནི་མི་རྩེབས་གནམ་གྱི་སྐར་མར་ལག་བསྙབ་རེད། བདེ་བ་ཅན་ནི་མི་དེའི་རིགས་དང་བར་ཐག་ཤིན་ཏུ་རིང་པ་རེད། ཆོས་དང་འཇིག་རྟེན་གཉིས་ཀ་སྤྱིར་བཤད་ན་རྒྱབ་འགལ་ཡིན་ཡང་། གོང་དུ་བཤད་པ་ལྟར་འཇིག་རྟེན་ཡང་དག་གི་ལྟ་བ་ལ་བསྟེན་པའི་ལམ་ཞུགས་ལྷ་མིའི་ཐེག་པ་ནས་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་གི་ལམ་བརྒྱུད་དེ་ཐེག་ཆེན་ཐར་བའི་ལམ་སྣེ་ཞིག་ཟིན་དགོས་པ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བ། དེ་ལ་བསྟེན་ཏེ་རྒྱལ་བའི་དགོངས་པ་རྨ་མེད་དུ་རྟོགས་པ། ཉེས་སྤྱོད་ཆེན་པོ་རང་འགག་ཏུ་འགྲོ་བའི་ཉམས་ལེན་གྱི་གནད་ལ་ཁེལ་དགོས་པ་ཞིག་གིས་དེ་འདྲ་སྒྲུབ་དགོས་པ་རེད་མ་གཏོགས། ཆོས་འཇིག་རྟེན་གཉིས་ཀའི་འབྲེལ་མཐུད་མ་ཤེས་སངས་རྒྱས་སེམས་ཅན་གཉིས་ཀ་རྒྱང་ཆད་འཁོར་འདས་གཉིས་ཀ་ལྟེ་ཆད་ཚེ། སེམས་ཅན་ལ་སངས་རྒྱས་ཐོབ་པ་དང་སངས་རྒྱས་ཀྱི་ཐུགས་རྗེ་སེམས་ཅན་ལ་འཇུག་པ་མེད་ན། གདུལ་བྱ་ཕྲིན་ལས་དང་བཅས་པའི་སྟེང་ནས་འགལ་བ་མང་པོ་ཞིག་འདུ་ཡོང་བས། ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བཟླ་བར་བྱ། །ཞེས་གསུངས་པ་ལྟར། མི་ཞིག་ཡིན་པའི་ཆ་ནས་ཟོག་ལྟར་བདག་པོས་དེད་ན་སྒུ་རུ་རུ། རྐུན་མས་ཁྲིད་ན་སྒུ་རུ་རུ་བྱེད་མི་རུང་། ལེགས་ཉེས་བླང་དོར་ཐམས་ཅད་རང་གི་རྣམ་དཔྱོད་ཀྱི་ཤེས་རབ་ལ་འདྲེན་ཐུབ་པའི་རྩལ་བཏོན་ཏེ་བྱ་བ་ཁྱད་འཕགས་ཤིག་རང་གིས་སྒྲུབ་ཤེས་དགོས་པ་རེད། ས་ཆ་གཞན་དང་མ་འདྲ་བའི་རྫོགས་ཆེན་ཚང་ལ་སྔ་ནས་ད་ལྟའི་བར་དུ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཁྱད་པར་བ་ཅི་ཞིག་ཡོད་ཅེ་ན། བརྟགས་ཤིང་དཔྱད་པ་མང་པོ་མ་བཏང་ན་གྱ་ཚོམ་མ་བརྟགས་མ་དཔྱད་པར་ཅི་ཞིག་གི་ཐད་ནས་ཡིན་ན་ཁས་མི་ལེན་པ་མཁས་པའི་དར་གྱི་ཕྱི་བཞག་ལྟར་སྲོལ་བཟང་ཡོད་པ་རེད། དེ་དམ་པ་གོང་མའི་ཐུགས་བསྐྱེད་དང་ལས་སྨོན་བཙན་པོས་བསྐོས་ཐང་། ཟློག་མེད་ཐོད་པའི་རི་མོ་ཡང་ཡིན་པ་རེད། ཇི་འདྲའི་ཆེན་པོ་རི་འདྲ་བ། མཐོན་པོ་གནམ་འདྲ་བ། ཁོས་རྩེ་མོ་ལྷ་ལ་སླེབས་ཡོད། སྐེད་པ་གཉན་ལ་ཆགས་ཡོད། རྩ་བ་ཀླུ་ཡུལ་ལ་ཟུག་ཡོད་ཅེས་བཤད་ཀྱང་། དང་པོ་བསྟན་འཛིན་གྱི་སྐྱེས་བུས་དག་ཐེར་གྱི་སྟེང་ནས་བསྟན་པ་ལ་བྱི་དོར་བྱེད་པའི་རྣམ་དཔྱོད་དང་སྙིང་སྟོབས་ཀྱི་ཡོན་ཏན་ལ་མངོན་རྒྱུ་ཡོད་མོད་ཡོད་དགོས་པའང་ཡང་རེད། དེ་ཅིའི་ཕྱིར་ཞེ་ན། འུ་ཚོ་སྐྱབས་མེད་མགོན་མེད་ཉམ་ཐག་འཁོར་བའི་སེམས་ཅན་གྱི་སྐྱབས་ཡུལ། ནང་བ་སངས་རྒྱས་པ་ཞིག་ཡིན་ཕྱིན་བློ་གཏད་ས་སྐྱབས་དཀོན་མཆོག་གསུམ་རེད། དེ་ཡང་མཐར་གཏུག་ན་སངས་རྒྱས་དཀོན་མཆོག་གཅིག་ལ་འདུས་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མ་འོངས་པར་ངའི་སྟོན་པ་དང་བསྟན་པ་གཉིས་ཀའི་རྒྱལ་ཚབ་དམ་ཆོས་འདུལ་བའི་བསྟན་པ་ཡིན་གསུངས་པས། འུ་ཅག་བོད་ཀྱི་ས་ཆ་ལ་མཁན་སློབ་ཆོས་གསུམ་ཀྱི་སྐབས་སད་མི་མི་བདུན་རབ་ཏུ་བྱུང་བ་ནས་བརྩམས་ཏེ་དགེ་འདུན་གྱི་སྡེ་དར་སངས་རྒྱས་ཀྱི་བསྟན་པ་ཚུགས། འོན་ཀྱང་རྒྱ་ནག་ཧྭ་ཤང་ལ་སོགས་པས་ལྟ་བ་རྙོག་མ་ཅན་དུ་ཅུང་ཟད་བྱས་ཚེ་སྤྱོད་པ་ཆལ་མ་ཆོལ་ཅན་དུ་འགྱུར་བའི་ཉེན་ཁ་ཡོད་པའི་སྐབས་ལ། མཁས་པ་ཀ་མ་ཤི་ལ་གདན་དྲངས་ཏེ་བསྟན་པ་དག་ཐེར་མཛད། དེའི་རྗེས་སུ་ཡང་ཡུན་རིང་སོང་བའི་དུས་མཚམས་ཞིག་ཏུ་གླང་དར་མས་འདུལ་བའི་བསྟན་པ་བསྣུབས་ཏེ། སྟོད་དབུས་གཙང་གི་ཡུལ་ནས་འདུལ་བའི་བསྟན་པ་བསྣུབ་དུས་སྨར་གཡོ་གཙང་གསུམ་གྱིས་འདུལ་བའི་པོ་ཏི་དྲེལ་རྒྱབ་ལ་བཀལ་ནས་མདོ་སྨད་དུ་བྲོས་ཡོང་བས། བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་ཡར་ལ་གསོས་ཏེ་ཕྱི་དར་གྱི་བསྟན་པ་དར། ཡང་དེའི་རྗེས་སུ་དུས་ཡུན་རིང་པོའི་མཚམས་སུ་བསྟན་པ་དར་ནུབ་ཅི་རིག་པ་ལ་འཕྲད་དེ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཐུགས་བསྐྱེད་ལ་བརྟེན་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་ཏེ་བསྟན་པ་དག་ཐེར་མཛད། སློབ་མ་ཁུ་རྔོག་འབྲོམ་གསུམ་ལ་སོགས་པས་བསྟན་རྒྱུན་བསྐྱངས་ཏེ་བསྟན་པ་དར། དེའི་རྗེས་སུ་ཡང་མར་ལ་ཉམས་ཆས་བྱེད་ཀྱིན་ཡོད་དུས་རྗེ་མཉམ་མེད་ཙོང་ཁ་བ་བྱོན་ཏེ་བོད་མཐའ་དབུས་ཀུན་ལ་སྟོན་པ་བསྟན་པ་གཉིས་ཀའི་བདག་ཉིད་ཅན་གྱི་དམ་ཆོས་འདུལ་པའི་བསྟན་པ་ཡོད་པ་ཞིག་མཛད་སོང་བ་རེད། སྔ་འགྱུར་རྙིང་མ་པར་མཚོན་ན་མཁན་ཆེན་ཞི་བ་འཚོ་ནས་ད་ལྟའི་བར་དུ་བསྟན་པ་ཕྱི་དར་ནས་གཙོ་བོ་སྨད་འདུལ་གྱི་འདུལ་བསྟན་གྱི་སྡོམ་རྒྱུན་རང་ལུགས་ཀྱི་བརྒྱུད་པ་མ་ཆད། ཁྱད་པར་དུ་རྫོགས་ཆེན་སྐུ་ཕྲེང་རིམ་བྱོན་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སྐུ་དུས་ནས་གདན་ས་འདི་གཅིག་པུར་མ་ཟད་མདོ་ཁམས་ཀྱི་ས་ཆ་གཙོ་བོར་བྱས་པའི། དགོན་སྡེ་ཆོས་རྒྱུད་མང་པོ་ཞིག་ལ་འདི་ནས་གྱེས་པའི་འདུལ་བའི་སྡོམ་རྒྱུན་དང་གཞི་གསུམ་གྱི་ཕྱག་ལེན་དར་བ་ཡིན་པས། བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་གཞིར་བཟུང་སྟེ་བསྐྱངས་པ་ཞིག་ཡིན། གྲུབ་དབང་རྫོགས་ཆེན་པའི་གདན་ས་འདི་འདུལ་བསྟན་དར་བའི་རྩ་བ་ལྟར་ཡིན་པ་དང་། དེ་ཡང་ལོ་རྒྱུས་དེབ་ཐེར་ཆོས་འབྱུང་ཁུངས་མ་ཚོ་དང་སྡོམ་བརྒྱུད་ཀྱི་བརྒྱུད་རིམ་ལ་ལྟོས་དང་ཤེས་པ་ཡིན། འདུལ་བསྟན་ལ་རྫོགས་ཆེན་ཚང་གི་གདན་ས་འདི་ནི་སྔ་འགྱུར་རྙིང་མའི་འདུལ་བསྟན་གྱི་མགོ་ལྟར་གྱུར་བ་དང་། རྫོགས་ཆེན་ཚང་གི་གདན་ས་ནས་འདུལ་བསྟན་ཉམས་སོང་ན་རྙིང་མ་ཚང་གི་འདུལ་བསྟན་གྱི་མགོ་ལྟ་བུ་དེ་མེད་སོང་བ་ཡིན། སངས་རྒྱས་ཀྱི་བསྟན་པ་ལ་དང་པོ་དར་བའི་དུས་བར་དུ་གནས་པའི་དུས་ཐ་མ་འཇིག་པའི་དུས་ཡོད་པས། བསྟན་པའི་གནས་ཚད་མི་ལོ་ལྔ་བརྒྱ་བ་ཕྲག་བཅུ་ཡིན་པ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་ཡོད། ཉམས་མི་ཉམས་དེ་གང་ལ་ལྟ་དགོས་པ་རེད་ཅེ་ན། འདུལ་བའི་བསྟན་པ་ལ་ལྟ་དགོས། བསྟན་པ་ཆགས་འཇིག་གི་ཤི་གསོན་གཉིས་ཀའི་འགག་རྩ་འདུལ་བའི་བསྟན་པ་ལ་ཐུག་ཡོད་པས། གདན་ས་འདིའི་ཕྱག་སྲོལ་ལ་རབ་བྱུང་མིན་ཕྱིན་ལུང་པ་འདིའི་ནང་དུ་འདུག་མི་ཆོག་པ་དེ་གྲུབ་ཐོབ་པདྨ་རིག་འཛིན་ནས་ད་ལྟའི་བར་དུ་དར་པ་ཡིན་པས། འདི་འགོས་ནད་ངན་པ་ཞིག་འགོས་ཡོང་གི་བསམ་ནས་དོག་པ་བྱས་པ་མིན་ཡང་འདུལ་བའི་བསྟན་པ་ཉམས་ཡོང་གི་དགོངས་ནས་ཁ་མཚམས་ཕྱེས་པ་ཡིན། དེའི་ཕྱག་ལེན་དེ་ཚོ་ད་དུང་མི་ཉམས་པར་རྒྱུན་འཛིན་མཛད་པའི་ཁྱད་ཆོས་ངོ་མཚར་ཅན་འདི་དག་གཙོ་ཆེ་བ་དམ་པ་གོང་མའི་ཐུགས་བསྐྱེད་དང་སྨོན་ལམ་ལོས་ཡིན་མོད། མང་ཆེ་བ་ད་བཞུགས་ཀྱི་གཞོན་རབས་པའི་རྣམ་དཔྱོད་དང་། ཁྱད་པར་དུ་བླ་སྤྲུལ་བགྲེས་རབས་པ་འདི་ཚོས་མཛད་པ་ཕྲིན་ལས་ཀྱི་བདག་རྐྱེན་ལས་བྱུང་བ་ཡིན་པས། ཅི་འདྲའི་ལྷག་བསམ་ཐུགས་སྟོབས་ཤིག་ཡོད་འདུག་སྙམ་ནས་ཡང་ལྟ་ཤོར་བྱེད་ཅིག་རེད། དུས་ཀྱི་དབང་དང་ལྟ་བའི་སྙིགས་མས་ཉོན་མོངས་ཕྲག་དོག་ཤས་ཆེ་བས། འགའ་རེ་ལ་རྒྱུ་མ་ཚོས་པ་ལས་རྡོལ་ནས་ཐེད་སོང་ན་དགའ་བའི་ལྷ་མ་ཡིན་གྱི་རྒྱུ་མཐུན་ཡོད་མོད། མདོར་ན་རང་སྐལ་ལ་བབ་པའི་བསྟན་པའི་སྲོག་དེ་སྲོག་གིས་སྲུང་རྒྱུ་དེ་འགྲན་ཟླ་བྲལ་བའི་དཔའ་བོའི་ལག་རྗེས་ཐུན་མོང་མ་ཡིན་པ་ཞིག་རེད་སྙམ་གྱིན་འདུག འདི་ཕྱི་རབས་བསྟན་པའི་མིག་རྒྱན་ལ་བཞག་པའི་མཛད་རྗེས་ཡུན་རིང་རྒྱང་གི་བལྟས་ན་བཀྲག་མདངས་ཇེ་ཆེར་འབར་རྒྱུ་ཞིག་ཡིན་ལ། དེས་ན་མི་རབས་རྗེས་མ་ཡིན་ནའང་སྔ་དྲོ་ཕོ་ཆེན་ཤྭ་ཕོས་གངས་གཤགས་ན། ཕྱི་དྲོ་ཤེའུ་ཆུང་ཡུ་མོ་དེ་ལ་འཁོར་ཏེ་རྒྱུན་འཁྱོང་བྱེད་དགོས་པ་ནི་གནད་ཀྱི་དྭངས་མ་ཞིག་ཡིན། དེས་ན་ངས་གོང་དུ་བཤད་པ་ལྟར་མགོན་མེད་ཉམ་ཐག་གི་སེམས་ཅན་གྱི་སྐྱབས་ས་རེ་ས་བསྟེན་ས་སངས་རྒྱས་ཀྱི་བསྟན་པ་ཡིན་པས། བསྟན་པ་བསྟན་འཛིན་གྱི་སྐྱེས་བུའི་རྒྱུད་ལ་ཡོད་པ་ཞིག་ཡིན་པས། དེ་ཡག་པ་བློ་གཏད་ཁེལ་བ་ཞིག་དགོས་པ་ནི་སྤྱི་དོན་སྒེར་དོན་གཉིས་ཀ་ཡིན། དེས་ན་ཚེ་འདི་ཕྱི་གཉིས་ཀ་མི་རབས་སྔོན་རྗེས་ཐམས་ཅད་ཀྱིས་གཏད་ས་ཐུན་མོང་གི་བསྟན་པ་འདི་དྲི་མ་མེད་པ་ཞིག་ཏུ་བྱི་དོར་དག་ཐེར་ཕུད་རྒྱུ་དེ་མཆོད་ཡོན་སྡེ་དང་བཅས་པའི་ཐོག་ལ་བབ་པའི་ལས་ཁུར་ཡིན་ལ། དོན་དག་ཆེན་པོ་ལ་འཕྲད་ཚེ་ཁ་མི་ཧང་མགོ་མི་འཁོར་བར་བློ་རྩེ་གཅིག་ཏུ་སྒྲིམ་རྒྱུའི་ཐད་ནས་ས་འདིའི་མི་ལ་ཁྱད་ཆོས་ཁྱད་པར་བ་ཞིག་ཡོད་ཅེས་མངོན་པར་བསྟོད་ཀྱིན་ཡོད་པ་ཡིན། དེ་དགོས་པ་ཡང་སྟོན་པ་སངས་རྒྱས་ཀྱིས་བཀའ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་སོ། །ཁོང་ཤཱཀྱའི་རྒྱལ་པོའི་སྲས་རེད་བསམ་ནས་ཁྱེད་རྣམས་ཀྱིས་དང་ལེན་བྱེད་མི་དགོས། ཁོང་གི་བཀའ་འདི་གསེར་བཟང་པོ་ལྷད་མེད་བསྲེག་ ཅིང་བདར་ན་ཇེ་ལེགས་སུ་འགྲོ་བ་ལྟར་བརྟགས་ཤིང་དཔྱད་དེ་གཞི་ནས་ཡག་གི་སྙམ་ན་ཁོང་གི་རྗེས་སུ་ཞུགས་ཤིག་གསུངས་པ་དང་། འུ་ཚོས་ནོར་བསྒྲུབས་ནས་ལུས་སྲུང་གི་ཡོད་ཅིང་། ནོར་དང་ལུས་གཉིས་ཀས་སྲོག་སྲུང་གྱིན་ཡོད་ལ། ནོར་དང་ལུས་དང་སྲོག་རྣམས་ཀྱིས་ཆོས་སྲུང་དགོས། ཆོས་ཟེར་ན་རྒྱལ་བའི་བསྟན་པ་ཡིན་ལ། རྒྱལ་བའི་བསྟན་པ་འདི་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་ཡིན་པས་སྐྱེ་དགུ་ཐམས་ཅད་བདེ་བའི་ཆེད་དུ་རྒྱལ་བསྟན་གྱི་སྲོག་བསྲུང་དགོས། རྒྱལ་བསྟན་གྱི་སྲོག་བསྲུང་བའི་ཕྱིར་དུ་རང་གི་སྲོག་གཏོང་ཐུབ་ན་གཏོང་དགོས། ད་དུང་སྲོག་གཏོང་ས་ལོན་ན་བསོད་ནམས་ཆེ་ཞིང་། དེས་ན་སྲུང་དགོས་རྒྱུའི་ཆོས་སྟོན་དང་བསྟན་པ་གཉིས་ཀའི་བདག་ཉིད་དམ་ཆོས་འདུལ་བ་ལ་ངོས་བཟུང་དགོས། སྔོན་འགྲོའི་སྐབས་ནས་དང་པོ་བླ་མ་བརྟགས་ལ་མཁས་པ་ལ་སོགས་པ་ནས་མཚན་ཉིད་ཐེག་པའི་སྐབས་སུ་བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ་ལ་སོགས་པ་དང་། གསང་སྔགས་ཀྱི་དེ་ཉིད་བཅུ་དང་རང་བཞིན་བརྒྱད་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བཤད་པ་དེ་དག་གནད་ཚང་མ་དེ་ལ་འདུས་ཤིང་། རྒྱུ་མཚན་དེ་ཚོ་བསམ་ནས་དམ་པའི་མགོན་དང་བསྟེན། དགེ་བའི་གྲོགས་དང་འགྲོག མཁས་པའི་གཞུང་ལུགས་དང་བསྟུན་ཏེ། རང་གི་རིན་ཐང་རང་གིས་བསྒྲུབས་ཏེ། རིན་ཐང་ཅན་གྱི་ཤེས་རབ་དེ་རང་གིས་འབད་པས་ཡོད་ཐབས་བྱེད་དགོས། ལོ་ཉུང་གསར་སྐྱེས་ཐམས་ཅད་ཀྱིས་ལེགས་ཉེས་རང་གི་རྣམ་དཔྱོད་ཀྱིས་འབྱེད་ཐུབ་པའི་ཤེས་རབ་ཀྱི་མིག་གསར་བ་ཞིག་ཐོབ་པའི་ཆེད་དུ་ཤེས་རིག་ཡོན་ཏན་སྦྱོངས། སྦྱངས་པ་ཕྱིན་ཅི་ལོག་ཏུ་མི་འགྲོ་བའི་ཆེད་དུ་ལྷག་བསམ་གྱི་ལ་རྒྱ། ཉམས་མྱོང་གི་ལག་ལེན། རྒན་རྒོན་བསམ་ཤེས་ཀྱི་གམ་ནས་སྦྱངས་ཏེ། ས་འདིར་མཚོན་ན་ཆོས་འཇིག་རྟེན་གཉིས་གང་ཐད་ནས་འདྲ་འདྲའི་ནང་ནས་མི་འདྲ་ཙམ་ཞིག་ཡོད་པ་འདི། རྒྱུན་ཡུན་དུ་བརྟན་རྒྱུའི་ཆེད་དུ་ལྷག་བསམ་ཕྱ་ར་གྲུ་འདེགས་བྱེད་དགོས་པ་ཡིན། ཕྱ་ར་གྲུ་བཞི་ཞིག་གི་སྟེང་དུ་འབྲུ་དང་ཆུར་བ་ཅི་ཞིག་ཡོད་ཀྱང་བཏེགས་ནས་ས་གཞན་ལ་སྤོ་དགོས་ན་སྣེ་བཞི་ནས་བཟུང་དགོས་པ་རེད་མ་གཏོགས། གཅིག་མངག་བཞག་ན་ཕྱར་སྟེང་གི་ནས་ཆུར་བ་ཅི་ཡོད་བོ་འགྲོ་བ་དེ་དང་གཅིག་མཚུངས་ཡིན། ཐམས་ཅད་མི་གཅིག་བསམ་པའི་སེམས་འདྲ་། ཕྱོགས་གཅིག་སྟ་རེའི་སོ་འདྲ་བྱས་ཏེ། སྡེ་ཡུལ་དགོན་གསུམ་སུ་ཡིན་ཡང་གཅིག་ཐོག་ལ་བབ་པ་འདྲ་ཞིག་གི་ལྷག་བསམ་བསམ་པ་ཕྱོགས་གཅིག་ཏུ་ད་སྔ་ལྟར་དུ་བྱས་ན། སྤྱི་ཆོས་སྒྲུབ་ཞོར་དུ་སྒེར་ཆོས་རང་བཞིན་ཤུགས་ཀྱིས་འགྲུབ་ཡོང་བ་དང་། སྡེ་དགོན་གཉིས་ཀ་ལ་ཚུགས་དང་མཚན་ཉིད་མེད་ས་ཞིག་ནས་ཁྱོད་མི་གཅིག་ཁྱི་ཚང་ནང་ནས་སེང་གེའི་ཕྲུ་གུ་བུད་ཡོང་བའི་གྲལ་དུ་ཨེ་འགྲོ་མི་ཤེས། མདོར་ན་བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤིགས་འོ་མའི་མར་ལོ། ཆོས་བརྒྱུད་འདི་དང་སྡེ་བ་འདི་ཆོས་ར་འདི་ལ་གཏོགས་ཚད་དང་འབྲེལ་ཚད་ཐམས་ཅད། མདོར་ན་རབ་ཏུ་བྱུང་བས་འདུལ་ཁྲིམས་སྲུང་དགོས། བདེ་བར་གཤེགས་པས་བཅས་པའི་བསླབ་པའི་གཞི་ལྔ་མིག་གི་འབྲས་བུ་བཞིན་དུ་སྲུང་དགོས་པ་དང་། སོར་བྱང་སྔགས་གསུམ་གྱི་སྡོམ་པ་ཡར་ལྡན་གྱིས། བསྐྱེད་རྫོགས་ཉམས་ལེན་གྱི་གདེངས་དང་ལྡན་པ་མཆོད་ཡུལ་དད་པའི་ཞིང་ས་རང་གཞན་གཉིས་ཀ་མགོ་མི་གཡོགས་པ་ཞིག་གྱིས། གལ་ཏེ་སྐྱ་གོ་སེར་གོ་གཉིས་ཀ་མཉམ་དུ་བཅད་ན་ཚེ་ཕྱི་མའི་རི་མགོ་ལ་ཡང་ལྟ་བྱེད་པ་ཞིག་མི་རུང་ངོ་སྙམ་ན། ཁྱིམ་ལ་གནས་ཤིང་ཡང་དག་ལྟ་ལ་དད། །དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་ནི། །ཐེག་པ་ཆེན་པོའི་གདུལ་བྱ་ཉིད་ཀྱི་ཕྱིར། །གཡེལ་བ་མེད་པར་མེལ་ཚེ་སྲུང་སྐྱོབས་མཛོད། །ཅེས་འཕྲིན་བཅོལ་མཛད་ས་ཡང་ཡིན། གྲྭ་ཆས་ཐབས་ཆག་ཅིག་གྱོན་པ་བས་ཁྱིམ་པ་བཟང་པོ་བསྟན་དགོན་ལ་ཞབས་ཞུ་སྒྲུབ་མཁན་ཞིག་གིས་དགའ་བ་ཡང་ཡོད། ཡང་ན་མཆོད་ཡུལ་འོས་ངེས་པ་ཞིག་མིན་ན་ཡོན་བདག་གོ་ཆོད་པ་ཞིག་མཆོད་ཡོན་གཉིས་ཀའི་འདི་རེད་སྙམ་པ་ཞིག་བྱེད་དགོས་པ་ལས། ར་མིན་ལུག་མིན་གྱིས་ཅི་ཡང་མི་ཕན་པས། བོད་ཀྱི་མི་རྒྱུད་བཟང་བ་རེ་མ་ཆད་ནའང་དོན་གཅིག་རེད། དགེ་སློང་མ་གསལ་བའི་ཚུལ་ཁྲིམས་ལྟ་བུ་ཡིན་ན་དེ་བས་ཡག་གི མི་སྐྱ་ཁྱིམ་ལ་གནས་པ་ཞིག་ཡིན་ན་མི་དགེ་བཅུ་སྤོང་དགེ་བ་བཅུ་སྒྲུབ། མྱི་བྱེད་ན་མི་རབ་ཕན་སེམས་ཅན། ཆོས་བྱེད་ན་ཆོས་པ་རྒྱུ་འབྲས་ཅན་ཞིག་གྱིས་དང་། བྱ་བ་ལམ་དུ་འགྲོ། ཁ་ལས་རླུང་རྟ་དར། བསང་གསོལ་ཁ་མ་བྱས་ཀྱང་དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མས་བསྐྱབ། གལ་ཏེ་དེ་ལས་བཟློག་ན་གསོལ་ཀ་ཕྲིན་བཅོལ་བརྒྱབ་པར་མ་ཟད་དགྲ་ཆོས་དགྲ་མནན་བྱས་ཀྱང་ཕན་ཐོགས་མེད། ཆོས་སྐྱོང་ཆོས་མཐུན་གྱི་རྒྱབ་ན་ཡོད་ཅིང་ཆོས་མཐུན་གྱི་མི་སྲུང་བ་པོ་ཡིན་པས། སྲུང་མ་གཤེད་དུ་བབ་ནས་དེ་བས་སྡུག་ཅིག་བྱེད་པ་ཡིན། དེས་ན་ལྷ་སྡེ་གཞུང་མ་བསམ་ཤེས་དཀྱུས་མ་རྣམས་ཀྱིས་ད་སྔ་མང་པོ་ཐོས་པས་ཤེས་རྒྱུ་རེད། དེང་སང་སྡེ་སར་རུ་སར་གྱི་མི་མང་པོ་འདུག་ཟེར་བ་དེ་ཚོ་སྡུག་པོ་ཅི་ཡང་མ་ཡིན་སྟེ། རི་སྨུག་པ་ཅན་ལ་རི་དྭགས་འཁོར། མཚོ་རླངས་པ་ཅན་ལ་ཉ་སྲམ་འཁོར་བའི་དཔེ་ལྟར། དེ་རྣམས་ཀྱིས་སྦྲ་སྒོ་ཤར་ལ་བསྟན་ན་ཨེ་དྲོ། སྦྲ་ཕུགས་བྲག་ལ་བརྟེན་ན་ཨེ་བཙན་བསམ་པའི་འདེང་ཞིག་བརྒྱབ་ནས་འདི་རུ་ཡོང་བ་ཡིན་པས་དེ་དག་ལ་ཡ་རབས་ཀྱི་སྤྱོད་བཟང་ལོབ་ཏུ་འཇོག་དགོས་པ་ཡིན། ས་ཆ་ཡ་རབས་ཡིན་ན་ཡ་རབས་ལོབ་འགྲོ་སྟེ། སྐྱེ་རོགས་ཐང་ཤིང་བཟང་ན་དབྱི་མོང་དགུང་དང་མཉམ། །འདྲིས་རོགས་རྨ་བྱ་བཟང་ན་མཇུག་མ་དུག་དང་འདྲིས། །ཞེས་པ་ལྟར་ཡིན། གལ་ཏེ་སྐྱུར་རྒྱུ་མགར་རྒྱུ་ལས་རྒྱུ་སྒྱུར་རྒྱུ་གཅིག་ཀྱང་མེད་པ་ཞིག་ཡིན་ན་ལམ་ཞིག་སྟོན་དགོས་པའི་དུས་ཡིན། ད་ཕན་ཆད་རྐུན་མ་རྣམས་ཀྱི་མིང་ལ་ཁྱི་རྐུན་ཐོགས། ཁྱི་རྐུན་གྱི་ནང་ན་མིང་འདྲ་མིན་ཡོད་པ། རྔ་གཡུག་ཟེར་བ་དང་། ཞོ་རྐུ་ཟེར་བ་ཅི་འདྲའི་མིང་མཚར་པོ་བཏགས་རྒྱུ་ཡོད། དེ་དང་ཆ་མཚུངས་པར་རྫུན་སྐྱལ་གྱི་མིང་ལ་རྫུན་རྒན་རི་འགུལ་དེ་ཚོ་བཏགས་ཆོག་པ་ཡིན། ཁ་ཕར་ལ་འཁོར་ལོང་མེད་པར་བླ་བཙག་འདུག་མཁན་ལ་ཨ་ཁུ་ཁྲོ་ཐང་བཏགས་ན་ཌ་རུ་ལྟ་བུ་ཡིན་ཡང་། ཌ་རུ་བ་སོའི་ཌ་རུ། ཙནྡན་གྱི་ཌ་རུ། ཤིང་གི་ཌ་རུ། བྱིས་པས་རྩེད་མོ་རྩེ་བྱེད་ལ་སོགས་པའི་ཌ་རུ་ཡོད་པས། སྤྱི་སེམས་ཅན་གྱི་མྱི་ཕན་སེམས་བསམ་བཟང་མ་གཏོགས་མེད་པའི་བུ་རབས་དང་། རང་འདོད་ངན་སེམས་ཅན་པོ་མ་རབས་ཡིན། ཡ་རབས་རིགས་ཀྱི་གདོང་ན་པདྨ་མེད། །མ་རབས་རིགས་ཀྱི་ཀླད་ལ་རྭ་མ་སྐྱེས། །ཇི་ལྟ་ཇི་ལྟར་སྤྱོད་པའི་ཁྱད་པར་གྱིས། །འཕྱོན་མའི་བུ་ཡི་རིགས་རྣམས་གསལ་བར་འབྱེད། །ཅེས་གསུངས་ཡོད། མི་ཡ་རབས་དང་པོ་སྐྱེས་དུས་ནས་ཐོད་པའི་ངོ་ན་འདི་ཡ་རབས་ཡིན་ཞེས་བྲིས་ཡོད་པ་མིན་ལ། མ་རབས་ཀྱི་མགོ་ལ་རྭ་ཅོ་སྐྱེས་ནས་ཡོད་པ་ཡང་མིན། འོ་ན་ཡ་རབས་མ་རབས་ཀྱི་ཁྱད་པར་ཇི་ལྟར་ཕྱེ་དགོས་པ་ཡིན་ཞེ་ན། ཇི་ལྟ་ཇི་ལྟར་སྤྱོད་པའི་ཁྱད་པར་གྱིས། །འཕྱོན་མའི་བུ་ཡི་རིགས་རྣམས་གསལ་བར་འབྱེད། །ཅེས་གསུངས་པས། ཕ་མེད་ཚང་གི་བུ་ཕྲུག་དེ་མི་རིགས་གང་ཡིན་བྱ་བ་སྤྱོད་པ་ལ་ལྟོས་དང་ཤེས་གསུངས་པ་ཡིན། ཡ་རབས་དེ་ཆོས་མཐུན་ཕན་སེམས་ཅན་ཞིག་དང། མ་རབས་དེ་སྡིག་ལ་དགའ་བ་གནོད་སེམས་ཅན་ཞིག་ཡིན་པས། ལས་དེ་ལ་བརྟེན་ནས་འབྲས་བུ་སྐྱིད་སྡུག་མི་འདྲ་བ་རང་ཐོག་ཏུ་སྨིན་རྒྱུ་ཡིན་པ་ཆོས་ཁྲིད་ཀྱི་ཞོར་ལ་རང་གར་འཕྲོས་དོན་གྱི་སྐད་ཆ་ཉ་ཉོག་མང་ཐལ། མཚམས་པ་ཁེར་འདུག་མི་དང་མ་ཐུག་པར་ཡུན་རིང་ལོན་སོང་བས་ད་མི་དང་ཐུག་ནས་ཁ་བརྡ་བཤད་དུས་སྔོན་སོང་བག་ཆགས་ཀྱི་རྗེས་དེད་ནས་ཁ་བརྡ་ཉོག་འགྲོ་བཞིན་འདུག་མ་གཏོགས་རི་ཁྲོད་ཀྱི་མཚམས་པ་གྲོགས་བྱ་དང་རི་དྭགས་བྱེད་མཁན་ཞིག་ལ་དེ་འདྲའི་འོས་བབ་དང་འདེང་རྒྱག་ཡོད་དགོས་པ་མིན། རང་རེའི་ཆོས་ཁྲིད་ཀྱི་དུས་ཚོད་མཚམས་རེ་མཚམས་རེ་ཡིན་པ་དང་། ཡང་ཉི་མ་མང་པོ་ཞིག་ལ་ཁྱེད་རྣམས་ཁོམ་པ་མེད་པས། ད་ཡུན་རིང་ཞིག་འགོར་སོང་ཡང་དེ་རྗེས་ཁས་ལེན་གྱི་སྐོར་དེ་རིང་མར་ལ་གཅིག་བསྒྲག་ན། རུ་ཁག་གཉིས་པའི་ཁྱི་ལོ་ནས་ཟེར་དུས། འདིའི་རུ་ཁག་གཉིས་པ་གསུམ་པ་ཟེར་བཞིན་འདུག་པ་འདི། འདིའི་མིང་བཏགས་ལུགས་འདི་ཅི་ཡང་མི་ལོ་བས། ཁྱེད་རང་ཚོས་སྡེ་བ་གང་གི་ཡིན་ན་ཁོང་རྣམ་པ་སར་ཡི་གེ་རྒྱག་དུས་དེའི་མི་ཡིན་ཞེས་མིང་སྨོས་ཏེ་དེ་ལྟར་ཤོད། སྡེ་བའི་མིང་གི་བཟུང་ནས་སྨོས་དང་དགའ་བ་རེད། དང་པོ་གཉིས་པ་ཟེར་མ་འདུག རུ་ཁག་དང་པོ་གཉིས་པ་ཟེར་བཞིན་ཡོད་པ་འདི་རིགས་གནས་གསར་བརྗེའི་དུས་སྐབས་སུ་བཏགས་པའི་མིང་ཞིག་རེད། ད་དེ་ཟེར་དགོས་པ་མ་རེད། གནའ་སྡེ་དར་དཔོན་དར་གྱི་སྐབས་སུ་འབྲོག་རུ་ཤོག་ཆེན་བཅོ་བརྒྱད། ཤོག་ཆུང་གཉིས་དང་ཉི་ཤུ་ཡོད་པའི་ཚོད་དུ་དེང་སང་མེད་ཀྱང་ད་དུང་ཤོག་ཁག་བཅུ་ཙམ་ཞིག་རྩི་རྒྱུ་ཡོད་ཅིང་། དང་པོ་ཚང་ཟེར་པ་འདི་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་ཚུན་ཆད་ལ། ན་གཞུང་ཁོག་པ་དང་གད་ཐོག་རྒྱ་ཤེས་མའི་དུ་ཚོ་གཉིས་ཚོ་བསྡོམས་ཏེ་ཚོ་བ་ཆེན་པོ་གཅིག་བྱས་ནས་དེ་ལ་ན་རྒྱ་གཉིས་ཀ་སྨྲས་ཡོང་བ་དང་། གཉིས་པ་ཚང་ཟེར་བ་འདི་བ་ཁོག་མ་དང་སྲས་ཚ་སྡེ་བ་གཉིས་ལ་ཟེར་བ་རེད། བ་ཁོག་མ་ཟེར་ན། བ་ཡི་ཕྱོགས་ལ་གསེར་གྱི་མེ་ཏོག་འཁྲུངས་ཞེས་མཁན་པོ་མཁས་པ་མང་པོ་འཁྲུངས་མྱོང་བའི་ས་ཆ་ཞིག་ཡིན། དེ་གཉིས་ཀ་ལ་བ་སྲས་གཉིས་ཟེར། ཡིག་ཚང་འགའ་རེའི་ནང་ན་སྲས་བ་གཉིས་ཀ་ཞེས་སྨྲས་འདུག གསུམ་པ་ཚང་ཟེར་བ་དེ་སྟག་མཛེས་སྨུག་རིང་དེ་གཉིས་ཀ་ལ་སྟག་སྨུག་གཉིས་ཟེར། དྲུག་པ་བཀྲ་ནང་གདོང་ནང་གཉིས་ཀ་ལ་བཀྲ་གདོང་གཉིས་ཟེར་བཞིན་ཡོད། མི་མིང་ས་ལ་ཐོགས། ས་མིང་སྡེ་ལ་ཐོགས་པས། ང་རང་ཚོའི་སྡེ་བ་གང་གི་ཡིན་ན་དེའི་མིང་ཟེར་ཆོག ན་གཞུང་ཁོག་པ་དང་གཅིག གད་ཐོག་རྒྱ་ཤེས་མ་དང་གཉིས། བ་ཁོག་སྲས་ཚ་གཉིས་དང་བཞི། སྟག་མཛེས་སྨུག་རིང་གཉིས་དང་དྲུག བཀྲ་ནང་གདོང་ནང་གཉིས་དང་ཤོག་ཁག་བརྒྱད། དེའི་སྟེང་དུ་གཡང་འཁྱིལ་དང་དགུ། ལྔ་དགུ་གཉིས་ཀ་དགོན་མདའི་སྡེ་བ་རེད། སྔོན་ཆད་ཡིན་ན་དགོན་མདའ་ཉིན་མོ་ཕྱོགས་དང་སྲིབ་མོ་ཕྱོགས་ཟེར་ཞིང་། ཆུ་ཉིན་སྲིབ་ཀྱིས་ཕྱེས་ཏེ་སྡེ་བ་གཉིས་ཆགས་ཡོད་པ་ཡིན། དེང་སང་ས་མདོ་ཇེ་ཆེར་སོང་ནས་སྡེ་བ་དེ་གཉིས་གཅིག་པུས་མི་ཚད་པ་འབྲོག་དང་བརྟན་ཆགས་ཀྱི་ཁང་པ་ཐམས་ཅད་ཡར་སྤར་མར་སྤར་མང་པོ་བྱས་ནས་ཆགས་ལུགས་ཡར་འདྲེས་མར་འདྲེས་བྱས་ཏེ་ཆགས་འདུག མིང་ལ་ད་དུང་ལྔ་བ་དགུ་བ་ཟེར་གྱིན་ཡོད་ན་ཡང་། མདོར་གོང་གི་ཕྱོགས་ཁག་དགུ་པོའི་ཁ་ལ་ལྔ་དགུ་གཉིས་ཀ་བསྣན་ཚེ་བཅུ་གཅིག་དང་། དེའི་སྟེང་དུ་འབམ་ཁོག་ན་ཡོད་པའི་འབམ་མཐའ་མའམ་འབམ་རུ་བརྗོད་ན་ཆོག་པ་དེ་དང་བཅུ་གཉིས་ཡོད་ལ་ཁྱོན་བསྡོམས་ན་མོ་དུད་སྟོང་རུ་ཞིག་གིས་མི་ཚད་པ། རང་རང་གི་ཤོག་ཁ་དང་སྡེ་བའི་མིང་འཛིན་དགོས་པ་ཡིན། ཕ་ཁུ་བོའི་ཐོད་རུས་འཇོག་ས་བུ་ཚ་བོའི་ལྟེ་ཐག་གཅད་ས། ས་མིང་མི་ལ་ཐོགས་པ་ཞིག་ཡིན། གནའ་དང་མ་བཤད་ན་འདིའི་ས་གནད་ཀྱི་དཀྱིལ་དུ་སྟོ་རུ་དུད་བདུན་མ་ཆགས་ཡོད་པ་དང་། རྫོགས་ཆེན་དགོན་པ་ཆགས་ཡོད་ས་འདི་སྟོ་རུ་ཨ་དགེའི་དགུན་མཚེར་ཡིན་ཟེར་སྲོལ་ཡོད། རུ་སྡེའི་འགྱུར་བ་དེང་སང་བལྟས་ཡོང་ན་སྟོ་རུ་ཚོ་གཅིག་ཚེམ་སྟོད་དུ་ཆགས། ཚོ་གཅིག་ལེ་ལ་ཕ་རྒྱབ་སྡེ་དགེ་ཁོག་ཏུ་ཆད་བསྡད་ཡོད་ལ། གད་ཐོག་ཡང་དེ་བཞིན་དུ་རེད། ལོ་སུམ་བརྒྱའི་ཡར་སྔོན་དུ་མདོ་ཁམས་སྨད་ཀྱི་ས་ཆ་ལ་གསང་སྔགས་སྔ་འགྱུར་བའི་བསྟན་པ་སྤེལ་བར་བྱ་བའི་ཆེད་དུ་རྫོགས་ཆེན་པདྨ་རིག་འཛིན་བྱོན་ཏེ་གདན་ས་བར་བ་འདི་བཏབ་ནས་སྡེ་དགེ་རྒྱལ་བོ་དང་གཉིས་ཀ་མཆོད་ཡོན་འབྲེལ་ནས་འབྲོག་རུ་ཤོག་ཆེན་བཅོ་བརྒྱད་དང་ཤོག་ཆུང་གཉིས་དང་ཉི་ཤུ་ཞེས་པའི་ཤོག་ཁག་ཉི་ཤུ་དེ་དུས་ལྷ་སྡེ་ལ་ཕུལ་བ་ཡིན། ལོ་རྒྱུས་ཟེར་བ་འདི་མི་རིགས་རིག་གནས་ཀྱི་གྲུབ་ཆའི་གཙོ་བོ་གཅིག་ཡིན་པས། མི་རང་གི་རིགས་རྒྱུད་མ་ཤེས་ན་ནགས་གསེབ་ཀྱི་སྤྲེའུ་འདྲ་ཟེར་ཞིང་། དེ་ཅི་ཞིག་གི་དོན་དུ་བཤད་པ་ཡིན་ན་རང་རེའི་ཤོག་ཁའི་མིང་འཛིན་མི་འཛིན་གྱི་ཐད་ནས་བཤད་པ་ཡིན། ལོ་འགའ་ཞིག་སྔོན་དུ་ལྔ་བ་སྡེ་ཕྱོགས་ཀྱིས་ང་ལ་སྡེ་བའི་མིང་ཐོགས་ཅེས་སྨྲས་པ་དང་། ངས་གཟའ་སྐར་བཟང་བའི་ཉི་མ་ཞིག་ལ་མིང་བཏགས་ཡོད། རྫ་རྡོའི་རི་འདི་ཁྱེད་སྡེ་བའི་མི་ཐོག་སྔོན་མ་ནས་བཟུང་སྟེ་མེས་པོའི་བླ་ཡིད་དུང་དུང་དུ་འཁོར་བའི་བླ་རི་ཡིན་ཞེས་དེ་དང་འབྲེལ་བའི་ཡི་གེ་ཞིག་བྲིས་ལ། ཡི་གེའི་ནང་དོན་དེ་རིང་གསལ་མོ་བཤད་མི་ཤེས་ཀྱང་དེ་དུས་ཀྱི་སྣང་ཤེས་དྭངས་དུས་ཡིད་ངོར་ཅི་ཤར་ཞིག་བྲི་མྱོང་། བླ་མ་ལ་སྡེ་མིང་ཚོ་རྗེ་བའི་འགན་ཁུར་ཅི་ཞིག་ཡོད་རེད་ཅེ་ན། བོད་ཀྱི་མིའི་མིང་དང་བཅས་པ་ཕ་མས་མི་བཏགས་པར་བླ་མས་བཏགས་ན་བཀྲ་ཤིས་པ་ཡིན་ཟེར་སྲོལ་ཡོད་པས་ཡིན་ཞེས་གཞན་ལ་སྨྲོས། དེ་ཚོ་རང་གར་ཟུར་འཕྲོས་ལ་བཤད་པ་ཡིན། དེ་ནས་ལོ་ཀེག་གི་སྟེང་དུ་ཐོན་པ་དང། སྲི་ཐོག་ཏུ་ཐོན་པ། དགུ་མིག་དང་བདུན་ཟུར་ལ་ཁེལ་བ། རྒྱལ་འགོང་གི་འཚེ་བ་ཅན། འདྲེ་དང་གཞི་བདག་གི་གནོད་པ་ཡོད་འདུག་བསམ་སའི་སེམས་ཁ་མི་བདེ་བའི་སྨྱོ་ནད་ཅན་དག་ནུབ་མོར་གཅོད་ཞབས་ལ་སྡོད། དེ་མིན་སུ་ཡིན་ཡང་གཅོད་ཞབས་ལ་སྡོད་དང་ཁྱོད་རང་ལ་རྐྱེན་གེགས་བར་ཆད་ཞི་བ་ལ་ཕན་ཐོགས་ཡོད་པ་ཡིན། དགེ་ཚུལ་སློང་གི་དམ་ཚིག་ལ་གནས་པའི་དགེ་འདུན་པ་མང་པོ་གཅོད་ཀྱི་བཀའ་ལུང་དབང་གསུམ་ཁྲོས་མའི་བསྙེན་ཚད་ཚང་མ་ཡོད་པ་འདི་འདྲ་མཉམ་དུ་འཛོམས་ནས་གསུངས་བཞིན་ཡོད་པ་ཕལ་ཆེར་མདོ་དབུས་ཁམས་གསུམ་ལ་བཙལ་ན་ཡོད་པ་མིན་ཞིང་། བོད་ན་མེད་ན་མཐའ་མའི་ཡུལ་ན་དེ་བས་ཀྱང་མེད་པས་འཛམ་གླིང་ལ་བཙལ་ན་མེད་ཚོད་ཡིན་པས། ལྷ་ཁང་ནང་ནས་ཁ་མ་ཞ། །ཚ་ཆུ་ནང་ནས་ལག་མ་ཞ། །ཟེར་བ་ཡིན་པས་རང་དོན་རང་གི་ཉག་ཤ་བྱེད་དགོས་པ་མ་ཡིན་ནམ། དེ་ཚོ་གཅིག་གིས་གཅིག་ལ་ཤོད་དང་ཕན་ཐོགས་ཡོད་པ་ཡིན། ཁྱད་པར་དུ་སྦྲུམ་མ་ནད་པ་ཡ་མ་དེ་ཚོ་ཁྲིད་ཤོག་དང་འདུས་པའི་བྱིན་རླབས་མེ་དཔུང་འདྲ་ཞེས་པས། བླ་རྒན་ཁེར་བུ་ཞིག་ལ་སྐྱབས་པ་ཡིན་ཞེས་དེ་ལ་ལྗིད་བཀལ་ན་ཡང་དེས་རང་ཉིད་རང་གིས་རང་སྐྱབས་མི་ཐུབ་པ་ང་འདྲ་ཞིག་ཡིན་ཕྱིན་གཞན་པ་སྐྱབས་རྒྱུ་འགོས་ངན་འགེབས་ངེས་ཡིན་པ་རེད། དེའི་དྲག་འདྲ་ཡིན་ན་མི་ཤེས། དོ་དགོང་བརྩིས་པ་ཞིག་གི་གཅོད་ཐུན་ཐེངས་མ་གསུམ་མ་གཏོགས་མེད་པས་ཚང་མ་ཡོངས་རྫོགས་གཅོད་ཞབས་ལ་སྡོད་གཅོད་ཐུན་རེ་ཨེ་ཐོབ་བལྟས་ན་དགའ་བ་ཡིན། ཀུན་བཟང་ཞལ་ལུང་ཚར་ཉེར་ལྔ་ལྟ་མཁན་ལ་དཔའ་དར་ཡོད་ལ། དཔའ་དར་ཅི་ཞིག་ཡོད་ཟེར་ན་དམ་རྫས་ཨ་ཐམ་ཅན་རེ་དང་། འཇམ་དབྱངས་རིལ་བུ་སྒམ་དོ་རེ་ཚེ་སྒྲུབ་རིལ་དཀར་སྒམ་དོ་རེ་འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ་དེབ་རེ་བཅས་ཡོད། ཚར་ལྔ་བཅུ་ཅན་ལ་ཉིས་ལོག་དང་། ཚར་བརྒྱ་ལྟ་མཁན་ལ་བཞི་ལོག་བྱས་ཏེ་སྦྱིན་རྒྱུ་ཡིན། དེའི་ཚར་ཁ་གྲངས་དང་དཔའ་དར་གྱི་སྐོར་གཞུང་ལས་པས་ཞིབ་བཤེར་ཞིབ་ཆ་བྱས་ཚར་དུས་སྤྲད་རྒྱུ་ཡིན། ལྕགས་རྙི་རེ་རེ་ལོན་མཁན་ལ་འཇམ་དབྱངས་རིལ་བུ་སྒམ་རེ་དང་། མང་པོ་ལོན་མཁན་ལ་དམ་རྫས་ཨ་ཐམ་ཅན་ལ་སོགས་པ་ཅི་འདྲའི་ཡར་ལ་སྤར་དགོས་ཡང་གནས་ཚུལ་ངོ་མ་ལ་ལྟ་རྒྱུ་བྱེད། ད་ལོ་དབྱར་ཆོས་ཀྱི་ཆོས་ཁྲིད་མེད་པ་དང་། ཆོས་ཞུ་བ་མེད་པས་ནགས་གསེབ་ཀྱི་ལྕགས་རྙི་རུག་ཐུབ་མེད་ལ། ངས་བསམ་ན་དེ་རིང་ཚེས་པ་དྲུག་རེད། ཚེས་པ་དགུའི་ཉིན་པར་ཚོགས་འཁོར་གྱི་གྲ་སྒྲིག་ཡིན་པས། དེའི་སྔ་དྲོ་འགའ་ཞིག་གིས་ཚོགས་འཁོར་གྱི་གྲ་སྒྲིག་བྱ་ཞིང་། གཞན་སྐྱ་སེར་ཕོ་མོ་མེད་པ་ནགས་གསེབ་དུ་སོང་ནས་ཆུ་ཉིན་སྲིབ་གཉིས་ཀའི་ལྕགས་རྙི་གཅིག་ཤེར་ཡོང་ན་བསམ་འདུགམི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡིན་པར་མ་ཟད་སྲོག་བསླུ་ཚེ་ཐར་ཆེན་པོ་ཞིག་ཏུ་འགྱུར་འགྲོ། ལོ་ཉུང་འགའ་རེ་རང་གི་ས་ཆའི་དགོན་པའི་ནགས་གསེབ་དུ་འགྲོ་ཡང་མྱོང་མེད་ན། སོང་དང་ཚོར་སྣང་དམིགས་བསལ་བ་རེ་ཡོང་རྒྱུ་ཡོད་ན་ཐང་། དེའི་ཉིན་པར་སྔ་དྲོའི་དུས་ཚོད་གཉིས་ལ་དེ་བྱས་ན་ཕྱི་དྲོ་མ་ཎི་དང་གསུར་ཆེན་ཕུད་རྒྱུ་ཡིན་ལ། ལྕགས་རྙི་ལོན་མཁན་ལ་དཔའ་དར་བཏགས་རྒྱུ་ཡོད།