དབུ་མ་རྣམ་ངེས་ལེའུ་བརྒྱད་པ།
ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས་ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པའི་གནས་ལ་མཁས་པར་བྱ་བའི་ལེའུ་སྟེ་བརྒྱད་པའོ།།
འཕྲིན་ལས་གདུགས་དཀར་ལྷ་བརྒྱའི་ལག་པས་བཟུང་། །གྲགས་པའི་རྔ་ཆེན་མཐོན་པོའི་གནས་སུ་བརྡུང་། །ཐུབ་ཆེན་རྒྱལ་བས་བསྔགས་པའི་ཕྲེང་ལྡན་པ། །ཀླུ་སྒྲུབ་ཞབས་ཀྱི་པདྨོར་ཕྱག་བགྱི་འོ། །འཇམ་པའི་དབྱངས་ཀྱིས་ཁྱེད་ལ་ལེགས་འདོམས་པའི། །མཐར་འཛིན་སྙིང་གི་རྨོངས་པ་སངས་བྱེད་དེ། །ལོག་པའི་སྲོལ་དུ་ནམ་ཡང་མི་འབབ་པར། །ཤིང་རྟའི་ལམ་དུ་རིགས་པར་འབེབས་གྱུར་ཅིག །ཅེས་མཆོད་པར་བརྗོད་ཅིང་བརྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གཉིས་པ་ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཆོས་ཀྱི་བདག་མེད་ཀྱི་གོ་དོན་ངོས་བཟུང་། དེ་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གཞན་གྱི་ལུགས་དགག་པ་དང་། རང་གི་ལུགས་བཞག་པའོ། །དང་པོ་ནི། གངས་ཅན་དུ་ཕྱིས་བྱོན་པའི་ཆེན་པོ་དག་ན་རེ། བདེན་མེད་ཀྱི་དོན་སྤྱི་འཆར་བ་ལ་ཐོག་མར་དགག་བྱ་བདེན་གྲུབ་ཀྱི་སྤྱི་འཆར་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས།
བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་བཤད་པའི་ཕྱིར་རོ། །དེ་ཡང་གཉིས་ཏེ། རང་རྒྱུད་པའི་ལུགས་དང་། ཐལ་འགྱུར་བའི་ལུགས་སོ། །དང་པོ་ནི། རང་རྒྱུད་པའི་ལུགས་ལ་རྟགས་ཀྱི་དགག་བྱ་ངོས་འཛིན་པའི་ཚུལ་ནི། རང་རྒྱུད་ཀྱི་གཞུང་ཁུངས་ཐུབ་གཞན་ལས་གསལ་བར་མ་གསུངས་ཀྱང་། དབུ་མ་སྣང་བ་ལས། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་ཡང་། དེ་ལས་ལོག་པའི་རྣམ་པར་སྒྲོ་བཏགས་པའི་འཁྲུལ་པའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། འདིའམ་འདིས་དེ་ཁོ་ན་ཉིད་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད་པའི་ཕྱིར། དེ་སྐད་དུ་ཡང་། མདོ་ལས་ཀྱང་། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་ལ། དེ་ལས་བྱུང་བའི་ཕྱིར། དེས་ཉེ་བར་བསྟན་པ་མཐོང་བའི་དངོས་པོ་རྫུན་པ་ཐམས་ཅད་ནི་ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ། །དེ་ཡང་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་སྨིན་པའི་དབང་གིས་བྱུང་ལ། དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པར་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་བསྟན་པ་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ། །ཞེས་ཀུན་རྫོབ་ཏུ་ཡོད་ཚུལ་དངོས་སུ་གསུངས་པའི་བཟློག་ཕྱོགས་ལ། བདེན་ཚད་གོ་ནུས་པ་ཡིན་ཏེ། དོན་དམ་པར་ཡོད་པ་ཉིད་
དེའི་ལོག་ཕྱོགས་སུ་འཆད་དགོས་པའི་ཕྱིར། དེ་བས་ན་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་སུ་གྲུབ་པ་དེ་ནི་བདེན་པར་གྲུབ་པའི་ཚད་དང་། ཇི་ལྟར་འཛིན་པའི་བློ་དེ་ལ་བདེན་འཛིན་ལྷན་སྐྱེས་ཞེས་བྱའོ། །དེ་ཡང་ཚད་མས་མི་གནོད་པའི་དབང་གིས་བཞག་པ་རྣམས་ཐ་སྙད་དུ་ཡོད་པར་འདོད་ཀྱི། བློའི་དབང་གིས་གང་བཞག་ཐམས་ཅད་ཐ་སྙད་དུ་ཡོད་པར་མི་འདོད་དོ། །བློའི་དབང་གིས་བཞག་ཚུལ་ཡང་དཔེའི་སྒོ་ནས་ཤེས་དགོས་ཏེ་སྒྱུ་མ་མཁན་གྱིས་རྟ་གླང་སོགས་སུ་སྤྲུལ་པའི་ཚེ། སྒྱུ་མ་མཁན་ལ་དེར་སྣང་བ་ཡོད་ཀྱི་ཞེན་པ་མེད། མིག་བསླད་པའི་བལྟད་མོ་བ་ལ་རྟ་གླང་དུ་སྣང་ཞེན་གཉིས་ཀ་ཡོད། མིག་མ་བསླད་པའི་བལྟད་མོ་བ་ལ་སྣང་ཞེན་གཉིས་ཀ་མེད་དོ། །དེ་བཞིན་དུ་དག་པ་སར་གནས་ཀྱི་རྗེས་ཐོབ་ལ་བདེན་པར་སྣང་བ་ཡོད་ཀྱི་ཞེན་པ་མེད། དེ་ཁོ་ན་ཉིད་མ་རྟོགས་པའི་གང་ཟག་ལ་སྣང་ཞེན་གཉིས་ཀ་ཡོད། འཕགས་པ་སློབ་པའི་མཉམ་བཞག་ཡེ་ཤེས་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་ཞེན་གཉིས་ཀ་མེད་དོ། །དེ་ལྟར་བཤད་པ་འདི། ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་འཛིན་པའི་བློ་ལ་ལྟོས་ཏེ། ཤིན་ཏུ་རགས་པ་ཡིན་པས། ཕྲ་བའི་བདེན་འཛིན་ལྷན་སྐྱེས་མ་ཡིན་ནོ། །གཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་བདེན་ཚད་ནི། རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ལ་བྱ་ཞིང་། དེ་ལྟར་འཛིན་པའི་བློ་ལ་བདེན་འཛིན་ལྷན་སྐྱེས་ཞེས་བྱའོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་། ཀུན་རྫོབ་ཏུ་ཡོད་པའི་ཆོས་རྣམས་རྟོག་པས་སྒྲོ་བཏགས་པ་ཙམ་ཡིན་པའི་ཚུལ་ཤེས་དགོས་པས། དེའི་ཤེས་བྱེད་ཀྱང་། ཇི་སྐད་དུ། ཉེ་བར་འཁོར་གྱིས་ཞུས་པ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལ་བྱེད་པོ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམས་བཏགས་པ།
།ཞེས་དང་། རིགས་པ་དྲུག་ཅུ་པ་ལས། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུང་། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །ཅེས་དང་། བཞི་བརྒྱ་པ་ལས། རྟོག་པ་མེད་པར་འདོད་ཆགས་ལས། །སོགས་ལ་ཡོད་ཉིད་ཡོད་མ་ཡིན། །ཡང་དག་དོན་དང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་དང་། དེའི་འགྲེལ་པར། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི་གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་བའི་སྦྲུལ་ལྟར་རང་གི་ངོ་བོས་མ་སྒྲུབ་པར་ངེས་སོ། །ཞེས་ཐག་པ་སྦྲུལ་ལོ་སྙམ་པའི་བློ་བྱུང་བ་དེའི་ཚེ། ཐག་པའི་སྟེང་ན་སྦྲུལ་མེད་ཀྱང་། དེའི་སྦྲུལ་ནི་རྟོག་པས་བཏགས་པ་ཙམ་ཡིན་པ་དེ་བཞིན་དུ། ཕུང་པོ་ལ་བརྟེན་ནས་ངའོ་སྙམ་པ་བྱུང་བ་ན། ཕུང་པོའི་སྟེང་ན་ངའི་མཚན་གཞི་འཛིན་རྒྱུ་མེད་ཀྱང་། དེ་ནི་རྟོག་པས་ཕུང་པོ་ལ་བརྟེན་ནས་བཞག་པ་ཙམ་ཡིན་ཏེ། ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་མཁའ་མ་ཡིན། །རྣམ་པར་ཤེས་མིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །ཞེས་གསུངས་སོ། །དེ་ལྟར་གང་ཟག་རྟོག་པས་བཞག་ལུགས་ཤེས་པ་ན་ཆོས་ཐམས་ཅད་ཀྱང་རྟོག་པས་བཞག་ཚུལ་ཤེས་དགོས་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཞེས་དང་། སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་དང་། །རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེ་ཡང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་གསལ་བར་གསུངས་པས་སོ། །དེ་ལྟར་བྱས་ན་རིན་ཆེན་ཕྲེང་བར། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། །ཚོར་དང་འདུ་ཤེས་འདུ་
བྱེད་དང་། །རྣམ་ཤེས་འབྱུང་བ་ལྟ་བུ་དང་། །བདག་བཞིན་དུ་ནི་བསམ་བྱ་སྟེ། །དེ་ཕྱིར་ཁམས་དྲུག་བདག་མེད་དོ། །ཞེས་དང་། ཐ་སྙད་གདགས་པ་མ་གཏོགས་པའི། །གང་ཞིག་ཡོད་དམ་མེད་འགྱུར་ལ། །འཇིག་རྟེན་དོན་དུ་ཅི་ཞིག་ཡོད། །ཅེས་པ་ལྟར། ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་དུ་རྣམ་པར་གནས་སོ། །ཞེས་སོགས་སྤྲོས་པ་དང་བཅས་ཏེ་སྨྲ་བར་བྱེད་དོ། །འདི་མི་འཐད་པ་ལ་གསུམ་སྟེ། བདེན་གྲུབ་ཀྱི་དོན་སྤྱི་བློ་ཡུལ་དུ་མ་ཤར་བར་བདེན་མེད་ཀྱི་དོན་སྤྱི་མི་འཆར་བར་འདོད་པ་དགག རང་རྒྱུད་བའི་ལུགས་ཀྱི་དགག་བྱ་ངོས་འཛིན་ཚུལ་དེ་ལྟར་འཆད་པ་མི་འཐད། ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་ངོས་འཛིན་ཚུལ་དེ་ལྟར་འཆད་པ་མི་རིགས་པའོ། །དང་པོ་ལ། ལུང་གིས་མི་འཐད། རིགས་པས་མི་འཐད། ཁས་བླངས་ནང་འགལ་བས་མི་འཐད་པའོ། །དང་པོ་ནི། སྤྱོད་འཇུག་གི་ལུང་དེས། ཇི་སྲིད་བདེན་གྲུབ་ཀྱི་ཚད་བློ་ཡུལ་དུ་མ་ཤར་བ་དེ་སྲིད་དུ། བདེན་མེད་ཀྱི་དོན་སྤྱི་བློ་ཡུལ་དུ་མི་འཆར་བར་སྟོན་པ་མ་ཡིན་ཏེ། གཞུང་དེས་ནི། སྤྱིར་དགག་བྱ་བདེན་གྲུབ་མེད་པའི་རྟགས་ཀྱིས་དེ་བཀག་པའི་བདེན་མེད་ཀྱང་རྫུན་པར་སྒྲུབ་པ་ཡིན་པའི་ཕྱིར། དེ་ལྟར་ཡིན་མོད། དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟར་འཆད་པའི་རིགས་པ་དེའི་ཞེ་ཕུགས་ཀྱི་ནུས་པ་ནི། དགག་བྱ་བདེན་གྲུབ་ཡོད་ན། དེ་བཀག་པའི་བདེན་མེད་ཀྱང་རིགས་ངོར་ཡོད་དགོས། བདེན་མེད་རིགས་ངོར་ཡོད་ན་དེའི་དགག་བྱ་བདེན་གྲུབ་ཀྱང་ཡོད་དགོས་ཏེ། དེ་གཉིས་ཕན་ཚུན་གཅིག་ལ་གཅིག་མ་ལྟོས་པར་རང་དབང་དུ་ཡོད་མི་སྲིད་པའི་ཕྱིར་ཞེས་འཆད་པ་ཡིན་ནོ། །དེ་ལྟར་ཡིན་པར་གང་ལས་ཤེས་ཤེ་ན། བཏགས་པའི་དངོས་ལ་མ་རེག་པར། །ཞེས་པའི་གཞུང་དེའི་ཕྱོགས་སྔ་མ་འཆད་པ་ན། གལ་ཏེ་ཚད་མ་ཚད་མིན་ན། །དེས་གཞལ་རྫུན་པར་མི་འགྱུར་རམ། །དེ་ཉིད་དུ་ན་སྟོང་པ་ཉིད། །སྒོམ་པ་དེ་ཕྱིར་མི་འཐད་འགྱུར། །ཞེས་འབྱུང་ལ། དེའི་དོན་ནི། གོང་དུ། རྟོག་དང་བརྟག་པར་བྱ་བ་དག །གཉིས་པོ་ཕན་ཚུན་བརྟེན་པ་ཡིན། །ཇི་ལྟར་གྲགས་པ་ལ་བརྟེན་ནས། །རྣམ་པར་དཔྱད་པ་ཐམས་ཅད་
བརྗོད། །གང་ཚེ་རྣམ་པར་དཔྱད་པ་ཡི། །རྣམ་དཔྱོད་ཀྱིས་ནི་དཔྱོད་བྱེད་ན། །དེ་ཚེ་རྣམ་དཔྱོད་དེ་ཡང་ནི། །རྣམ་དཔྱོད་ཡིན་ཕྱིར་ཐུག་པ་མེད། །དཔྱད་བྱ་རྣམ་པར་དཔྱད་བྱས་ན། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་པར་བརྗོད། །གང་གི་ལྟར་ན་འདི་གཉིས་རྟེན། །དེ་ཉིད་ཤིན་ཏུ་དཀའ་བར་གནས། །གལ་ཏེ་ཤེས་དབང་ལས་དོན་གྲུབ། །ཤེས་ཡོད་ཉིད་ལ་རྟེན་ཅི་ཡོད། །འོན་ཏེ་ཤེས་བྱ་ལས་ཤེས་གྲུབ། །ཤེས་བྱེད་ཡོད་ལ་རྟེན་ཅི་ཡོད། །དེ་ཚེ་ཕན་ཚུན་དབང་གིས་ཡོད། །གཉིས་ཀ་ཡང་ནི་མེད་པར་འགྱུར། །ཞེས་ཡུལ་དང་ཡུལ་ཅན་གྱི་ཤེས་པ་གཉིས་ཀ་བདེན་པར་མེད་དོ་ཞེས་བཤད་པ་ལ་འཕྲོས་ནས་རྩོད་པའོ། །ཇི་ལྟར་རྩོད་ན། གལ་ཏེ་འོ་ན་སྟོང་ཉིད་རྟོགས་པའི་བློ་ཡང་བདེན་པ་མ་ཡིན་ན་རྫུན་པ་དང་སླུ་བར་འགྱུར་ལ། དེ་ལྟ་ན་ཚད་མ་མ་ཡིན་པར་འགྱུར་ལ། དེ་ལྟ་ན་དེའི་གཞལ་བྱ་སྟོང་ཉིད་ཀྱང་རྫུན་པར་འགྱུར་ལ། དེ་ཡང་དེ་ལྟ་ན། སྟོང་པ་ཉིད་བསྒོམ་བྱར་ཁས་བླངས་པ་དང་འགལ་ཞེས་རྩོད་པའོ། །དེའི་ལན་ནི། ཇི་སྐད་དུ། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །དེ་ཕྱིར་རྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་མེད་གསལ་བར་རྫུན། །དཔེར་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་རྫུན་པ་ཡིན། །ཞེས་གསུངས་སོ། །དེའི་དོན་ནི། སྟོང་ཉིད་རྫུན་པར་ཐལ་བ་ལ་འདོད་ལན་འདེབས་པ་ཡིན་ལ། དེའི་ཚུལ་ཡང་དགག་བྱ་རྫུན་པའི་དངོས་པོ་གང་ཡིན་པ་དེ་བཀག་པ་ཡི་དངོས་པོ་མེད་ཀྱང་གསལ་བར་རྫུན་པ་ཡིན་ཏེ། བཏགས་པའི་དངོས་པོ་སྟེ། དགག་བྱ་རྫུན་པ་ལ་མ་རེག་པའམ། མ་ལྟོས་པར་དེ་བཀག་པའི་དངོས་མེད་འཛིན་པའི་བློ་ཚད་མར་གྲུབ་པ་མ་ཡིན་པ་དེའི་ཕྱིར། དེ་ལྟ་ན་ཡང་། དེ་བསྒོམ་བྱ་མ་ཡིན་པར་ཐལ་བ་ལ་ཁྱབ་པ་མ་ངེས་ཏེ། སྟོང་ཉིད་གོམས་པར་བྱས་པས་དངོས་པོར་འཛིན་པའི་རྟོག་པ་སྐྱེ་བའི་གེགས་བྱེད་པ་ཡིན་པའི་ཕྱིར། དཔེར་ན་
རྨི་ལམ་གྱི་བུ་ཤིའོ་སྙམ་པའི་རྟོག་པ་དེ་རྫུན་པ་ཡིན་ཡང་། དེས་དེ་ཡོད་པར་འཛིན་པའི་རྣམ་རྟོག་གི་གེགས་བྱེད་པ་བཞིན་ནོ། །ཞེས་འཆད་པ་ཡིན་ནོ། །མདོར་ན་བཏགས་པའི་དངོས་པོ་ཞེས་པ་བདེན་གྲུབ་ལ་འཆད་པ་མ་ཡིན་ཏེ། དེ་ནི་རྫུན་པ་དང་བདེན་མེད་ཀྱི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་དང་། དེའི་དེ་མ་ཐག་པ་ནས་རྫུན་པའི་དངོས་གང་ཡིན། ཞེས་པ་དང་དོན་གཅིག་པའི་ཕྱིར། དངོས་མེད་འཛིན་མ་ཡིན། །ཞེས་པའི་དོན་ཡང་། དེ་བློ་ཡུལ་དུ་མ་ཤར་ན་དེ་མེད་པ་མི་འཛིན་ཞེས་བྱ་བའི་དོན་མ་ཡིན་ཏེ། དགག་བྱ་བདེན་གྲུབ་རྫུན་པ་ཡིན་ན་དེ་བཀག་པའི་བདེན་མེད་འཛིན་པའི་བློ་ཡང་རྫུན་པ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། གཞུང་འདི་ཉིད་ལས། བཏགས་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །ཞེས་དང་། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང་། བཏགས་པའི་རང་གི་ངོ་བོ་ཡིས། །བཀག་པ་བཏགས་མིན་ཇི་ལྟར་འགྱུར། །ཞེས་དང་། བསྟན་བཅོས་ལས་ཀྱང་། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །སྟོང་མིན་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པ་དེ་དང་། བཏགས་པའི་དངོས་ལ་ཞེས་སོགས་ཀྱི་གཞུང་དེ་དོན་གཅིག་པ་ཡིན་ནོ། །དེ་ལྟ་བས་ན། བདེན་གྲུབ་ཀྱི་སྤྱི་འཆར་རྒྱུ་མ་རྙེད་པ་ན། བདེན་མེད་ཀྱི་སྤྱི་འཆར་རོ། །ཞེས་བྱ་བ་འདི་གཞུང་ལུགས་ཀྱི་དགོངས་པ་ལ་ཡོད་པ་ཡིན་གྱི། དེ་ལས་ཟློག་སྟེ་སྨྲ་བར་མི་བྱ་སྟེ། དེ་ལས་གཞན་དུ་ན་བདེན་མེད་སྒྲུབ་པའི་སྔ་རོལ་ན་བདེན་འཛིན་ལྷན་སྐྱེས་རང་ཆས་སུ་ཡོད་པ་དེ་ཉིད་ཀྱིས་མི་ཆོག་པར་བདེན་འཛིན་ཀུན་བཏགས་འབད་ནས་སྒྲུབ་དགོས་ན་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ཅིའི་ཕྱིར། བདེན་མེད་རིགས་པས་སྒྲུབ་པའི་སྔ་རོལ་དུ་བདེན་གྲུབ་ཀྱི་ཚད་ངེས་པར་བྱེད་དགོས་སོ་ཞེས་ཟེར་བ་དེ་འདྲ་དེ་ནི། ཀླུ་སྒྲུབ་སྲས་དང་སློབ་མར་བཅས་པའི་གཞུང་
ལས་མི་འབྱུང་ངོ་། །གཉིས་པ་རིགས་པས་མི་འཐད་པ་ནི། སྤྱིར་རྟོག་གེའི་གཞུང་ལས་གཞན་སེལ་གྱི་རྣམ་གཞག་འཆད་པ་ན། དགག་བྱ་ཤེས་བྱ་ལ་སྲིད་པ་དང་། མི་སྲིད་པ་གཉིས་ལས། དང་པོའི་དབང་དུ་བྱས་ནས། དགག་པ་དེའི་དོན་སྤྱི་འཆར་པ་དེའི་དགག་བྱ་དེའི་དོན་སྤྱི་འཆར་བ་ལ་ལྟོས་པར་བཤད་པ་ཡིན་མོད། ཅིག་ཤོས་ལ་དེ་ལྟ་མ་ཡིན་ཏེ། ཆོས་གཞི་གྲུབ་པ་གཅིག་གི་དོན་སྤྱི་འཆར་བ་གཞི་མ་གྲུབ་པ་གཅིག་གི་དོན་སྤྱི་འཆར་བ་ལ་ལྟོས་ན་ཧ་ཅང་ཐལ་བའི་ཕྱིར་རོ། །དཔེར་ན་རི་བོང་གི་རྭ་མེད་པའི་དོན་སྤྱི་འཆར་བ། དེའི་དོན་སྤྱི་འཆར་བ་ལ་མི་ལྟོས་པ་བཞིན་ནོ། །དེ་ལྟར་བཤད་པ་དེ་ལས་ཅིར་འགྱུར་ཞེ་ན། སྤྱིར་བཏང་དུ། དགག་བྱ་བདེན་གྲུབ་ཀྱི་དོན་སྤྱི་མ་ཤར་བའི་སེམས་ཅན་མི་སྲིད་དེ། བདེན་འཛིན་གྱི་སྤྲོས་པ་ལྷན་སྐྱེས་རྒྱུད་ལ་མི་ལྡན་པའི་སེམས་ཅན་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ཡང་། དེ་ལ་བདེན་གྲུབ་ཀྱི་ཐ་སྙད་གྲུབ་པ་ལ་ནི། བདེན་མེད་ཀྱི་ཐ་སྙད་ཤེས་པ་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། བདེན་མེད་ནི་ཚད་མས་གྲུབ་པའི་རྒྱུ་མཚན་གྱིས་ངོས་ཟིན་པ་སླ་ལ། བདེན་གྲུབ་ནི་ཚད་མས་མ་གྲུབ་པས་ངོས་ཟིན་པར་མི་ནུས་པའི་ཕྱིར། དཔེར་ན་རི་བོང་གི་རྭ་མེད་པ་ཚད་མས་ངེས་པ་ཡིན་གྱི་རི་བོང་གི་རྭ་ཚད་མས་མི་ངེས་པ་བཞིན། དེ་བཞིན་དུ་བདེན་མེད་ཀྱི་དོན་ཚད་མས་ཤེས་པ་ན། བདེན་གྲུབ་ཀྱི་དོན་ཡང་ཚད་མ་དེ་ཉིད་ཀྱི་སྟོབས་ལས་ཤེས་དགོས་པ་ཡིན་ཏེ། བདེན་གྲུབ་ཀྱི་ཚད་ངོས་ཟིན་པར་ནུས་པའི་བློ་ཚད་ཐུབ་གཅིག་ཡོད་ན་དེ་ལས་འོས་གཞན་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་འདི་ལྟར། དགག་བྱ་བདེན་ཚད་ངོས་འཛིན་པའི་བློ་དེ་ཚད་མ་ཞིག་ཡིན་ནམ། མ་རྟོགས་པའི་བློ་ཞིག་ཡིན། དང་པོ་ལྟར་ན། ཚད་མ་གང་ཡིན་པ་བརྟག་ན་བདེན་མེད་ངོས་འཛིན་པའི་ཚད་མ་ལས་གཞན་ཞིག་ཏུ་བཙལ་ཡང་མི་རྙེད་པས། བདེན་མེད་ངེས་པའི་སྔ་རོལ་དུ་བདེན་ཚད་ངེས་དགོས་པར་འདོད་པ་ཉམས། གཉིས་པ་ལྟར་ན། བདེན་གྲུབ་ཀྱི་ཚད་ངེས་པའི་བློར་འདོད་པ་དེས།
བདེན་གྲུབ་ཀྱི་ཚད་མ་རྟོགས་པར་འགྱུར་ཏེ། དེ་དེ་ལ་མ་རྟོགས་པའི་བློ་ཡིན་པའི་ཕྱིར། གཞན་ཡང་། ཐོག་མར་བདེན་ཚད་ངོས་གཟུང་བ་ལ་དགོས་པ་དང་ནུས་པ་གང་ཡང་མེད་དེ། བདེན་ཚད་ལུང་རིགས་ཀྱི་སྒོ་ནས་གཏན་ལ་མ་ཕབ་ཀྱང་། བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་ཉིད་རིགས་པས་ཁེགས་པ་ན་བདེན་མེད་ཀྱི་དོན་དང་ཐ་སྙད་གཉིས་ཀ་ཡང་ཚད་མས་གྲུབ་པའི་ཕྱིར་དང་། དེ་གཏན་ལ་ཕབ་པ་སྔོན་དུ་མ་སོང་བར་ནི། བདེན་ཚད་ཚད་མ་གང་གི་སྒོ་ནས་ཀྱང་ངོས་ཟིན་པར་མི་ནུས་པའི་ཕྱིར་རོ། །ཡང་ཁྱེད་ལྟར་ན། ཐོག་མར་བདེན་མེད་ངོས་མ་ཟིན་པར་དགག་བྱ་བདེན་གྲུབ་ངོས་མི་ཟིན་པར་འགྱུར་ཏེ། ཇི་སྐད་དུ། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཞེས་བརྗོད་ན་ཅི་ཞིག་གིས་འགོག དེ་གཉིས་རིགས་པ་མཚུངས་པ་ཡང་ཡིན་ཏེ། གཞུང་དེས་ཕྱིར་དགག་བྱ་དེ་དང་དེ་རྫུན་པའི་རྟགས་ཀྱིས་དེ་དང་དེ་བཀག་པའི་ལོག་ཕྱོགས་ཐམས་ཅད་རྫུན་པར་འཆད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ཁས་བླངས་ནང་འགལ་བས་མི་འཐད་པ་ནི། འོ་ན་བདེན་མེད་ཀྱི་ཐ་སྙད་ངེས་པ་ལ། དེའི་དོན་ངེས་པ་སྔོན་དུ་འགྲོ་དགོས་སམ་མི་དགོས། མི་དགོས་ན་དངོས་པོའི་ཐ་སྙད་ངེས་པ་དོན་བྱེད་ནུས་པ་ངེས་པ་ལ་ལྟོས་མི་དགོས་པ་སོགས་ཧ་ཅང་ཐལ་ལོ། །དང་པོ་ལྟར་ན། དེའི་དོན་གང་ཡིན། གལ་ཏེ་རྟེན་འབྲེལ་ལམ་བདེན་པའི་གཅིག་དུ་བྲལ་ལྟ་བུའོ་ཞེ་ན། འོ་ན་དོན་དེ་དང་དེ་རྟགས་སུ་བཀོད་ནས། ཆོས་ཅན་མྱུ་གུ་ལ་སོགས་པའི་སྟེང་དུ། བདེན་མེད་ཀྱི་ཐ་སྙད་བསྒྲུབས་པ་ན། དེ་ཙམ་གྱིས་དེའི་ཐ་སྙད་འགྲུབ་བམ་མི་འགྲུབ། མི་འགྲུབ་ན། མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཐམས་ཅད་ལ་ཡིད་བརྟན་མི་རུང་བར་འགྱུར་རོ། །དང་པོ་ལྟར་ན། བདེན་མེད་ངེས་པའི་སྔ་རོལ་དུ་བདེན་ཚད་ངེས་པ་འགྲོ་དགོས་པ་མ་ཡིན་ཏེ། དེ་མ་
སོང་ཡང་རྟེན་འབྲེལ་ལ་སོགས་པའི་རྟགས་ཀྱིས་དེ་དེར་གྲུབ་པའི་ཕྱིར་རོ། །གལ་ཏེ་བདེན་མེད་ཀྱི་དོན་ངེས་པའི་སྔ་རོལ་དུ་བདེན་ཚད་ངེས་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ་སྙམ་ན། དེ་ཡང་མ་ཡིན་ཏེ། རྟེན་འབྲེལ་གྱི་དོན་ངེས་པ་དང་། གཅིག་བྲལ་གྱི་དོན་དང་། དུ་བྲལ་གྱི་དོན་གང་ཡང་བདེན་གྲུབ་ངེས་པ་ལ་མི་ལྟོས་པའི་ཕྱིར། དཔེར་ན་ཕྱོགས་ཀྱི་ཆ་དང་བཅས་པའི་རྟགས་ཀྱིས་མྱུ་གུའི་རྡུལ་ཕྲན་བདེན་པའི་གཅིག་བྲལ་དུ་ངེས་པ་བདེན་ཚད་ངེས་པ་ལ་མི་ལྟོས་པ་བཞིན། དེ་ཡང་དེ་ལ་ལྟོས་ན་ནི་ཕྱོགས་ཀྱི་ཆ་བཅས་ངེས་པ་ཡང་བདེན་ཚད་ངེས་པ་ལ་ལྟོས་དགོས་པར་ཧ་ཅང་ཐལ་ལོ། །གཞན་ཡང་། གང་ཟག་གི་བདག་མེད་ངེས་པའི་སྔ་རོལ་དུ་གང་ཟག་གི་བདག་ངེས་པ་སྔོན་དུ་འགྲོ་དགོས་པར་འགྱུར་ལ། དེ་ལྟ་ན་གང་ཟག་གི་བདག་མ་དམིགས་པའི་རྟགས་ཀྱིས་ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་དུ་སྒྲུབ་མི་ནུས་པར་འགྱུར་ལ། དེ་ཡང་དེ་ལ་ལྟོས་པ་ཡིན་ན། གང་ཟག་གི་བདག་དེ་སྤྱིར་སྣང་རུང་དུ་ཐལ་བར་འགྱུར་ཏེ། དེ་མ་དམིགས་པར་ངེས་པའི་སྔ་རོལ་དུ་གང་ཟག་གི་བདག་ངེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། ཅི་འོ་ན། གང་ཟག་གི་བདག་སྣང་རུང་མ་ཡིན་ན། དེ་མ་དམིགས་པའི་རྟགས་ཀྱིས་དེ་མེད་ངེས་སུ་སྒྲུབ་མི་ནུས་ཏེ། མདུན་གྱི་གཞི་འདིར་ཤ་ཟ་བཞིན་ནོ་སྙམ་ན། འདི་ནི་ལུང་ཚད་མས་མ་དམིགས་པས་གཞི་དེར་མེད་ངེས་སུ་སྒྲུབ་ནུས་པས་མི་མཚུངས་པའི་ཁྱད་པར་འདི་ཡང་ཞར་ལ་གཟུང་བར་བྱོས་ལ་སྐལ་དོན་ཡིན་ན་ཚད་མས་མ་དམིགས་པས་མེད་ངེས་སུ་སྒྲུབ་མི་ནུས་སོ་སྙམ་དུ་དོགས་པར་མི་བྱའོ། །མདོར་ན་མཐའ་བྲལ་སྒྲུབ་བྱེད་ཀྱི་རིགས་པ་ཐམས་ཅད་ཀྱི་མཐར་ཐུག་པ་གང་དང་གང་ཡིན་པ་དེ་ངེས་པ་དགག་བྱ་བདེན་ཚད་ངེས་པ་ལ་རག་ལས་པར་འགྱུར་ལ། དེ་ལྟ་ན། གཞན་སྐྱེ་འགོག་བྱེད་ཀྱི་རིགས་པ་རྒྱུ་ཡིན་མིན་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་མི་སྐྱེ་བ་ཞེས་བྱ་བ་དེ་ཡང་ཚད་མས་ངེས་པའི་སྔ་རོལ་དུ་ཆོས་བདག་ངེས་པའི་བློ་སྔོན
་དུ་འགྲོ་དགོས་པས་ཧ་ཅང་ཐལ་ལོ། །དེའི་ཕྱིར་ན་བདེན་མེད་རྟོགས་པའི་ཚད་མ་རྒྱུད་ལ་བསྐྱེད་པ་ལ་ནི་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་ཚད་ལྡན་གྱི་གཞུང་ནས་ཇི་ལྟར་འབྱུང་བ་དེ་ཉིད་ལ་བློ་བྱང་བར་བྱས་ནས། བདེན་མེད་རྟོགས་པའི་ཚད་མ་ངང་གིས་སྐྱེ་བ་ཡིན་གྱི། དེ་ལས་ལོགས་སུ་བདེན་གྲུབ་ཀྱི་ཚད་འཚོལ་བ་ལ་ངལ་བ་བརྒྱ་ཕྲག་དུ་མས་འབད་པ་བྱེད་པ་ནི་འབྲས་བུ་མེད་པ་ཁོ་ནའོ། །གཉིས་པ་རང་རྒྱུད་པའི་ལུགས་ཀྱི་རྟགས་ཀྱི་དགག་བྱ་ངོས་འཛིན་ཚུལ་མི་འཐད་པ་ལ་གསུམ་སྟེ། དགག་བྱའི་ཚད་དེ་ལྟར་དུ་འདོད་པའི་ཤེས་བྱེད་དུ་དྲངས་པའི་ལུང་དེ་དེའི་ཤེས་བྱེད་མ་ཡིན་པར་བསྟན། བདེན་ཚད་དེ་ལྟར་འདོད་པ་རིགས་པ་དང་འགལ་བར་བསྟན། ཁས་བླངས་ནང་འགལ་བར་བསྟན་པའོ། །དང་པོ་ནི། དབུ་མ་སྣང་བ་ལས། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ། ཞེས་སོགས་ཀྱི་ལུང་དེས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའི་ཡོད་པ་སྟེ། ཀུན་རྫོབ་ཏུ་ཡོད་པའི་དོན་དུ་བཤད་དོ་ཞེས་ཟེར་བ་ནི། ཆེས་ཤིན་ཏུ་མི་རིགས་ཏེ། ལུང་དེས་ནི་ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་བློ་ཀུན་རྫོབ་པ་དེ་ངོས་བཟུང་ནས། དེའི་དབང་གིས་མཐོང་བའི་དངོས་པོ་རྫུན་པ་ཐམས་ཅད་ཀུན་རྫོབ་བདེན་པར་འཆད་པ་ཡིན་པའི་ཕྱིར་དང་། དེ་ལས་གཞན་དུ་ཁྱེད་ཀྱི་ལྟར་ན་དོན་དམ་པའི་བདེན་པ་གང་ཡིན་ཐམས་ཅད་ཀྱང་། གཞུང་དེའི་སྐབས་ནས་བསྟན་པའི་བློ་དེ་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་ཡིན་པར་ཐལ་བའི་ཕྱིར་དང་། དེའི་སྐབས་ནས་འབྱུང་བའི་བློ་དེ་ཡང་མ་རིག་པ་ལ་འཆད་དགོས་པ་ཡིན་པས། བློ་གནོད་མེད་ལ་འཆད་པ་མི་རིགས་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། གཞུང་དེའི་དོན་འཆད་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། དངོས་པོ་ལ་བདེན་པར་འཛིན་པའི་བློ་ཆོས་ཅན། ཀུན་རྫོབ་ཅེས་བྱ་སྟེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་ཡང་། དེ་ལས་ལོག་པའི་རྣམ་པར་སྒྲོ་འདོགས་
པའི་འཁྲུལ་པའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། འདིའམ་འདིས་དེ་ཁོ་ན་ཉིད་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད་པའི་ཕྱིར་ཞེས་པའོ། །གཉིས་པ་ལ་དེ་དེ་ཡིན་པའི་ལུང་དང་། རིགས་པ་གཉིས་ལས། དང་པོ་ནི། དེ་དེ་ཡིན་པར་ལང་ཀར་གཤེགས་པ་ལས་གསུངས་པའི་ཕྱིར། ཞེས་སྟོན་པ་ནི། དེ་སྐད་དུ། མདོ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་ལ་ཞེས་པའོ། །དེར་ཀུན་རྫོབ་འདོད་ཅེས་པ་ནི། སྒྲིབ་བྱེད་འདོད་ཅེས་པའི་དོན་ཏོ། །གཉིས་པ་ནི་བློ་འཁྲུལ་པ་དེའི་དབང་གིས་སྣང་བའི་དངོས་པོ་ཐམས་ཅད་ཆོས་ཅན། ཀུན་རྫོབ་པ་ཞེས་བྱ་སྟེ། མ་རིག་པ་དེའི་དབང་ལས་བྱུང་བའི་ཕྱིར། ཞེས་སྟོན་པ་ནི། དེ་ལས་བྱུང་བའི་ཕྱིར་དེས་ཉེ་བར་བསྟན་པ་མཐོང་བའི་དངོས་པོ་རྫུན་པ་ཐམས་ཅད་ནི་ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ། །ཞེས་པའོ། །བློ་འཁྲུལ་པ་དེ་ཆོས་ཅན། རྒྱུ་མེད་མ་ཡིན་ཏེ། འཁྲུལ་པའི་བག་ཆགས་སྨིན་པ་ལས་བྱུང་བའི་ཕྱིར། དེ་ཆོས་ཅན། བྱེད་ལས་ཀྱི་ཁྱད་པར་དང་ལྡན་ཏེ། བདེན་འཛིན་ཅན་གྱི་སྲོག་ཆགས་ཐམས་ཅད་ལ་དངོས་པོའི་བདག་ཉིད་བདེན་གྲུབ་ལྟ་བུར་སྟོན་པའི་ཕྱིར། ཞེས་སྟོན་པ་ནི། དེ་ཡང་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་སྨིན་པའི་དབང་གིས་བྱུང་ལ་དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པའི་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་བསྟན་པ་མཐོང་བར་འགྱུར་ཏེ། ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི། དེའི་ཕྱིར་དེ་དག་གིས་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ། །ཞེས་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་འཆད་པ་ལས་གཞན་དུ་ཁྱེད་ཀྱི་ལྟར་ན། སློབ་དཔོན་ཟླ་བ་གྲགས་པས་ཀྱང་། བདེན་འཛིན་གྱི་ངོ་བོར་ཡོད་པ་དེ་ཀུན་རྫོབ་ཏུ་ཡོད་པའི་དོན་དང་། དེའི་ལོག་ཕྱོགས་སུ་ཡོད་པ་དེ་བདེན་ཚད་དུ་བཞེད་
པར་འགྱུར་ཏེ། ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་སོགས་གསུངས་པའི་ཕྱིར། ཞེས་བརྗོད་ན་མཚུངས་པ་ཡིན་ཏེ། དེ་ལ་ལན་ཇི་སྐད་དུ་འདེབས་པ་དེ་ཉིད་སྔ་མ་ལ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །མདོར་ན་རང་རྒྱུད་པའི་ལུགས་ཀྱི་རྟགས་ཀྱི་དགག་བྱ་ངོས་འཛིན་པའི་གཞུང་ཁུངས་ཐུབ་འཚོལ་བའི་ངལ་བ་བརྒྱ་ཕྲག་བྱེད་པ་ནི་དོན་མེད་པ་ཁོ་ན་ཡིན་ཏེ། དེ་འཆད་པའི་གཞུང་ཡོད་པའི་སར་མ་བཙལ་བའི་ཕྱིར། དེ་ཅི་ཞེ་ན། བདེན་མེད་ཀྱི་དོན་འཆད་པའི་གཞུང་གི་ཆ་ཤས་གང་ན་སྣང་བ་དེ་ལ་བལྟས་པས་བདེན་གྲུབ་ཀྱི་ཚད་གོ་བར་འགྱུར་བའི་ཕྱིར་རོ། །དཔེར་ན། དབུ་མའི་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཅེས་སོགས་ཀྱི་གཞུང་དེས་ཡང་དག་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པ་དེ་བདེན་མེད་ཀྱི་དོན་དུ་བཤད་པ་ན། དེ་དང་དེ་གང་རུང་དུ་གྲུབ་པ་དེ་བདེན་ཚད་དུ་གོ་བ་བཞིན་ནོ། །དེ་སྐད་དུ་ཡང་། དབུ་མ་སྣང་བ་ལས། དོན་དམ་པར་སྐྱེ་བ་མེད་དོ། །ཞེས་བྱ་བ་ནི་འདི་དག་ཡང་དག་པའི་ཤེས་པས་སྐྱེ་བར་མ་གྲུབ་བོ། །ཞེས་བཤད་པར་འགྱུར་རོ། །ཞེས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་དུ་གྲུབ་པ་ལ་བདེན་པར་ཡོད་པའི་ཚད་དུ་བཤད་པའི་ཕྱིར་རོ། །དེ་ལྟར་བཤད་པ་འདིས་ནི། ལུགས་འདི་ཁོ་ནར་མ་ཟད་དབུ་མའི་གཞུང་ལུགས་ཆེན་པོ་ཀུན་གྱི་སྤྱི་ལུགས་ཡིན་པའི་ཚུལ་འོག་ནས་འཆད་པར་འགྱུར་རོ། །དེ་ལྟར་བྱས་པ་ན་ཁྱེད་ཅག་གི་བཏང་བའི་རྟོག་དཔྱོད་འདི་ནི། ལྷ་རྣམས་དགའ་བར་བྱེད་པས་བྱས་པ་སྔ་བར་སྣང་སྟེ། ཀུན་རྫོབ་བདེན་པའི་ལོག་ཕྱོགས་བདེན་པར་གྲུབ་པའི་ཚད་དུ་འཇོག་པར་ཁས་བླངས་པའི་ཕྱིར་དང་། བདེན་པར་འཛིན་པའི་བློ་ལ་བློ་གནོད་མེད་དུ་བཤད་པའི་ཕྱིར་དང་། ཤེས་བྱ་ཐམས་ཅད་བདེན་འཛིན་ལ་སྣང་བའི་དབང་གིས་བཞག་པར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་རིགས་པ་དང་འགལ་བ་ལ་གཉིས་ཏེ། བློ་གནོད་མེད་ལ་སྣང་བའི་
དབང་གིས་བཞག་པའི་ཡོད་པ་དེ་ཀུན་རྫོབ་ཏུ་ཡོད་དོན་ཡིན་པ་དགག དེའི་ལོག་ཕྱོགས་བདེན་ཚད་ཡིན་པ་དགག་པའོ། །དང་པོ་ནི། དེ་ལྟར་ཡིན་པ་འོ་ན། བདེན་འཛིན་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དང་། ལོག་པའི་ཀུན་རྫོབ་ཏུ་བཤད་པ་དེ་དག་གང་ཡིན་པ་དེ་ཐམས་ཅད་ཆོས་ཅན། དེར་ཐལ་བར་འགྱུར་ཏེ། ཀུན་རྫོབ་ཏུ་ཡོད་པའི་ཕྱིར། དེ་ཡིན་ཏེ། བདེན་འཛིན་ལྷན་སྐྱེས་ཀྱི་ངོར་ཡོད་པའི་ཕྱིར་དང་། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སོགས་པའི་ངོ་བོར་ཡོད་པའི་ཕྱིར། དེ་སྐད་དུ་ཡང་། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་ཅེས་གསུངས་སོ། །རྩ་བར་འདོད་ནུས་པ་མ་ཡིན་ཏེ། བློ་གང་གི་འཛིན་སྟངས་ལ་ཚད་མས་གནོད་པའི་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་ཡིན་པའི་ཕྱིར། དེ་ཁོ་ནར་མ་ཟད་ཀྱི་ཡང་དག་པའི་ཀུན་རྫོབ་ཏུ་ཁས་ལེན་པ་གང་ཡིན་པ་དེ་སྙེད་ཆོས་ཅན། སྔ་མ་དེ་བཞིན་དུ་ཐལ་བར་འགྱུར་ཏེ་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རོ། །འདོད་ནུས་པ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་མ་རིགས་པས་བསླད་པའི་བློ་འཁྲུལ་པ་ལ་སྣང་བའི་དབང་གིས་ཡོད་པར་བཞག་པ་ཙམ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་རོ། །གཞན་ཡང་། རང་རྒྱུད་པས་ལོག་པའི་ཀུན་རྫོབ་ཀྱི་བདེན་པ་ཁས་མི་ལེན་པའམ། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་གཉིས་ལས་གང་ཡིན། དང་པོ་ལྟར་ན་རང་ཉིད་ཀྱི་གྲུབ་མཐའ་ལས་རྣམ་པར་ཉམས་ལ། གཉིས་པ་ལྟར་ན། ཡང་དག་པའི་ཀུན་རྫོབ་ཏུ་ཐལ་བར་འགྱུར་རོ། །གཉིས་པ་ནི། དངོས་པོར་སྨྲ་བ་རྣམས་ཀྱིས་ཀྱང་རང་རང་འདོད་པའི་དོན་དམ་བདེན་པ་དེ་དག་བདེན་མེད་དུ་རྟོགས་པར་འགྱུར་ཏེ། དེ་དང་དེ་དག་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་དུ་རྟོགས་པའི་ཕྱིར་ཏེ། ཚད་མ་ལ་སྣང་བའི་དབང་གིས་དེར་བཞག་པ་ཙམ་དུ་རྟོགས་པའི་ཕྱིར་རོ། །ཡང་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་མ་ཡིན་པའི་ཡོད་པ་དེ་
བདེན་ཚད་དུ་འཇོག་པར་ཐལ། དེའི་ལོག་ཕྱོགས་ཀུན་རྫོབ་ཏུ་ཡོད་པའི་ཚད་དུ་འཇོག་པའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས་འདོད་ན། རྨི་ལམ་དང་སྒྱུ་མའི་རྟ་གླང་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལོག་པའི་ཀུན་རྫོབ་ཀྱི་མཚན་གཞིར་བཟུང་བ་དེ་ཐམས་ཅད་ཆོས་ཅན། བདེན་པར་གྲུབ་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་གོ་དོན་ཚང་བའི་ཕྱིར་རོ། །མ་གྲུབ་ན། དེ་ཆོས་ཅན། ཡང་དག་པའི་ཀུན་རྫོབ་ཏུ་ཐལ། ཀུན་རྫོབ་གང་ཞིག བློ་གནོད་མེད་ལ་སྣང་བའི་དབང་གིས་ཡོད་པར་བཞག་པ་ཡིན་པའི་ཕྱིར་རོ། །གཞན་ཡང་དངོས་པོར་སྨྲ་བ་རྣམས་ཀྱིས་ལོག་པའི་ཀུན་རྫོབ་རྣམས་བདེན་མེད་དུ་རྟོགས་པར་འགྱུར་ཏེ། དེས་དེའི་སྟེང་དུ་བདེན་མེད་ཀྱི་དོན་དུ་བཤད་པ་རྟོགས་པའི་ཕྱིར། གཞན་ཡང་། བློ་གནོད་མེད་ཅེས་པ། སྣང་ཡུལ་ལ་མ་འཁྲུལ་པའི་བློ་ལ་བྱེད་པ་ཡིན་ནམ། སྣང་ཡུལ་ལ་འཁྲུལ་མ་འཁྲུལ་གང་ཡིན་ཀྱང་རུང་། ཞེན་ཡུལ་ལ་མ་འཁྲུལ་བ་ལ་བྱེད་པ་ཡིན། དང་པོ་ལྟར་ན། ཀུན་རྫོབ་ཏུ་ཡོད་པ་ཐམས་ཅད་སྣང་ཡུལ་ལ་མ་འཁྲུལ་བའི་བློའི་དབང་གིས་བཞག་པར་ཁྱེད་ཀྱིས་ཁས་ལེན་དགོས་པས། ཤེས་བྱ་ཐམས་ཅད་མངོན་སུམ་གྱི་སྣང་ཡུལ་དུ་ཁས་ལེན་དགོས་པར་འགྱུར་བ་དང་། མངོན་སུམ་གྱི་སྣང་ཡུལ་མ་ཡིན་པའི་ཡོད་པ་ཐམས་ཅད་བདེན་གྲུབ་ཏུ་ཁས་ལེན་དགོས་པར་འགྱུར་རོ། །གཉིས་པ་ལྟར་ན། སྒྲ་རྟག་པའི་དོན་སྤྱི་ལ་སོགས་པ་ལོག་པའི་ཀུན་རྫོབ་མཐའ་དག ཐ་སྙད་དུ་ཡང་མེད་པར་འགྱུར་ཏེ། ཞེན་ཡུལ་ལ་མ་འཁྲུལ་བའི་བློ་ལ་སྣང་བའི་དབང་གིས་ཡོད་པར་བཞག་པ་མ་ཡིན་པའི་ཕྱིར་རོ། །ཁྱེད་ཀྱི་དྲང་ངེས་རྣམ་འབྱེད་ལས། རང་རྒྱུད་པ་རྣམས་ཀྱིས་ཐ་སྙད་དུ་ཡོད་པར་འཇོག་པའི་ཤེས་པ་གནོད་མེད་ནི། སྣང་ཡུལ་ལམ་ཞེན་ཡུལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་ལ་མ་འཁྲུལ་བ་ཞིག་ལ་འདོད་ལ། ཞེས་བཤད་པ་དེ་ལྟ་ན། ཀུན་རྫོབ་ཏུ་ཡོད་ན་རང་གི་མཚན་ཉིད་ཀྱིས་གྲུབ་དགོས་པར་
འགྱུར་ཏེ། དེར་ཡོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་ལ་མ་འཁྲུལ་བའི་བློ་ལ་སྣང་བའི་དབང་གིས་ཡོད་པར་བཞག་དགོས་པའི་ཕྱིར། ཡང་ན་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཡོད་པ་ཐམས་ཅད་བདེན་གྲུབ་ཏུ་ཁས་ལེན་དགོས་པར་འགྱུར་ཏེ། སྣང་ཡུལ་དང་ཞེན་ཡུལ་གྱི་གཞལ་བྱ་གང་རུང་གཅིག་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་ཡུལ་ཅན་གྱི་བློ་ལ་སྣང་བའི་དབང་གིས་བཞག་པའི་ཡོད་པ་དེ་ཡིན་ན། བདེན་གྲུབ་ཡིན་དགོས་པའི་ཕྱིར། དེ་ལྟར་ན། སྐབས་འདིར་བློ་ལ་སྣང་བའི་དབང་གིས་ཡོད་པར་འཇོག་ཅེས་པའི་བློ་དེའི་ངོས་འཛིན་གཞུང་དུ་མ་རིག་པ་ལ་བཤད་པ་ལས་འགལ་བ་ཁོ་ནར་བཤད་པས་ནོངས་པར་མ་ཟད་ཀྱི་རེ་འགའ་བློ་ཙམ་ལ་འཆད། རེས་བློ་གནོད་མེད་ལ་བཤད་པས་གྲུབ་མཐའ་གཏིང་མ་ཚུགས་པ་དང་། གནོད་མེད་ཀྱི་དོན་ཡང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞལ་བྱ་འཇལ་བ་ལ་ཁས་བླངས་པས། གཞལ་བྱ་སྤྱི་མཚན་རྣམས་ཐ་སྙད་དུ་ཡང་མེད་པའམ་ཡང་ན་བདེན་གྲུབ་དུ་ཐལ་བ་ལས་མ་འདས་པ་དང་། བདེན་གྲུབ་ཡིན་ན་བློ་གནོད་མེད་ལ་སྣང་དགོས་པ་གཞུང་གི་དགོངས་པ་ཡིན་པ་ལ། དེ་ཡིན་ན་དེ་ལ་མི་སྣང་དགོས་པར་བཤད་པ་དང་། དེའི་ཤུགས་ལ་བློ་གནོད་བཅས་ལ་སྣང་བའི་ཡོད་པ་ཡིན་ན། བདེན་གྲུབ་ཡིན་དགོས་པ་དང་། བདེན་གྲུབ་ཡིན་ན། བློ་གནོད་བཅས་ལ་སྣང་དགོས་པ་སོགས་ལུང་རིགས་དང་མི་མཐུན་པ་དུ་མ་ཞིག་འདིར་འོངས་པས་ཡིད་བརྟན་དུ་རུང་བའི་གནས་སུ་མ་མཐོང་ངོ་། །གཉིས་པ་ནི། ཀུན་རྫོབ་ཏུ་ཡོད་པའི་ཚད་བཤད་པའི་ལོག་ཕྱོགས་ཀྱིས་དགག་བྱ་བདེན་ཚད་ངོས་འཛིན་པ་དེ་ལྟ་ན། ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་བདེན་ཚད་ངོས་འཛིན་པའི་ཚུལ་ཡང་། རང་རྒྱུད་པ་དང་ཁྱད་པར་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། ལུགས་དེ་ལ་ཡང་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའི་ཡོད་པ་དེ་ཀུན་རྫོབ་ཏུ་ཡོད་པ་དང་འཇིག་རྟེན་གྱི་རང་
ལུགས་ལ་ཡོད་པའི་ཚད་དུ་བཤད་པའི་ཕྱིར། ཇི་ལྟར་ཞེ་ན། ཇི་སྐད་དུ། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན། ཞེས་དང་། དེའི་ལོག་ཕྱོགས་བཤད་པ་ན། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས་སོ། །གཞན་ཡང་དེ་སྐད་ཅེས་སྨྲ་བ་དེ་ནི། གསལ་བར་དབང་གིས་ཕྱུག་པའི་སྤྱོད་པ་ཡིན་ཏེ། ཡོད་པའི་ལོག་ཕྱོགས་བཤད་པ་ན་མེད་པ་གོ་བ་ཡིན་གྱི། བདེན་གྲུབ་མི་གོ་བའི་ཕྱིར་དང་། ཡོད་པ་གཞིར་བྱས་པ་ལ་ཀུན་རྫོབ་ཏུ་ཡོད་པ་དང་། དེར་ཡོད་པ་མ་ཡིན་པ་གཉིས་སུ་འབྱེད་པ་ནི་དབུ་མའི་ལུགས་ལས་འདས་པའི་ཕྱིར་རོ། །ཡང་ཁྱེད་ཅག་རྗེས་འབྲང་དང་བཅས་པས་རང་རྒྱུད་པའི་དགག་བྱ་ངོས་འཛིན་པའི་ཚིག་གི་ཟུར་དུ། ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞེས་འཆད་པ་དེ་ནི་རང་ཚིག་འགལ་བའི་ཁུར་གྱིས་ནོན་པ་ཁོ་ན་ཡིན་ཏེ། འོ་ན་བློ་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་མ་ཡིན་པ་དང་། ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་གཞི་མཐུན་ཞིག་ཡོད་པར་འགྱུར་ཏེ། དེའི་ཟུར་དུ་དེ་སྐད་ཅེས་སྨོས་པ་ལ་རྣམ་བཅད་ཡོད་པའི་ཕྱིར། འདོད་པ་དེ་ལྟ་ན། དེ་འདྲའི་གཞི་མཐུན་པ་དེ་ཆོས་ཅན། བློ་ལ་སྣང་བའི་དབང་གིས་བཞག་པར་ཐལ། ཀུན་རྫོབ་ཏུ་ཡོད་པའི་ཕྱིར། ཞེས་བྱ་བ་འདི་ཡང་འཁོར་གསུམ་ཚང་བའི་ཐལ་འགྱུར་ཡིན་པས་ཁྱད་ཀྱིས་བཟློག་པར་མི་ནུས་སོ། །གཞན་ཡང་ཀུན་རྫོབ་ཏུ་ཡོད་པའི་ལོག་ཕྱོགས་བདེན་ཚད་དུ་འཇོག་ན། ཡོད་པ་གཞིར་བྱས་པ་ལ་བདེན་ཚད་ཀྱི་ལོག་ཕྱོགས་ཀྱང་ཀུན་རྫོབ་ཏུ་ཡོད་པའི་ཚད་དུ་ཁས་ལེན་དགོས་པས། དེ་ལྟ་ན་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་ཡིན་གྱི། ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་པ་དེ་ཀུན་རྫོབ་ཏུ་ཡོད་པའི་ཚད་དུ་འཇོག་རིགས་པར་འགྱུར་ཏེ། དེའི་ལོག་ཕྱོགས་དེ་བདེན་གྲུབ་
ཀྱི་ཚད་དུ་བཞག་པའི་ཕྱིར། དེ་འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཇི་སྙེད་པ་ཆོས་ཅན། ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་པར་ཐལ། ཀུན་རྫོབ་ཏུ་ཡོད་པ་ཡིན་པའི་ཕྱིར། ཞེས་འཕངས་ན་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །དེར་ཡང་མ་ཟད་ཀྱི་འདི་ལྟར་མྱུ་གུ་ཆོས་ཅན། དེའི་དབང་གིས་བཞག་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་པར་ཐལ། བདེན་པར་མེད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། དེ་ཆོས་ཅན། དེའི་དབང་གིས་བཞག་པ་ཡིན་པར་དེར་གྲུབ་པར་ཐལ། དེའི་དབང་གིས་བཞག་པ་གང་ཞིག དེར་གྲུབ་པའི་ཕྱིར། སྔ་མ་དེར་ཐལ། ཀུན་རྫོབ་ཏུ་ཡོད་པའི་ཕྱིར། ཕྱི་མ་དེར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། ཞེས་བྱ་བ་འདི་ཡང་འཁོར་གསུམ་རྒྱུད་མར་ཁས་བླངས་པས་ལན་གྱིས་བཟློག་པར་མི་ནུས་སོ། །བདེན་འཛིན་ལྷན་སྐྱེས་ཀྱི་ངོས་འཛིན་དེ་ལྟར་འཆད་པ་ལ་ཡང་ནང་འགལ་བ་འདི་ལྟར། མྱུ་གུ་ལ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་ཆོས་ཅན། བདེན་འཛིན་ལྷན་སྐྱེས་སུ་ཐལ། མྱུ་གུ་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་སུ་ཡོད་པར་འཛིན་པའི་བློ་ཡིན་པའི་ཕྱིར་ཏེ། མྱུ་གུ་ལ་བདེན་པར་འཛིན་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། བདེན་ཚད་ཀྱི་འཇོག་ལུགས་དེ་ལྟར་དུ་ཁས་བླངས་པའི་ཕྱིར། གལ་ཏེ་བདེན་འཛིན་ཀུན་བཏགས་ཀྱིས་བདེན་ཚད་ཇི་ལྟ་བ་བཞིན་དུ་འཛིན་པར་མི་འདོད་ན། དེ་བདེན་འཛིན་གོ་ཆོད་པོ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་ནི་བདེན་མེད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་བར་ཆད་མེད་ལམ་དེས་ཀྱང་། བདེན་འཛིན་གྱི་ཚད་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་འགྱུར་རོ། །དེ་ཡང་དེ་ལྟ་ན། ཐེག་པ་ཆེན་པོའི་སྒོམ་ལམ་གྱིས་ཀྱང་དེ་མ་རྟོགས་པར་འགྱུར་ཏེ། ཐེག་པ་ཆེན་པོའི་མཐོང་ལམ་གྱིས་མ་མཐོང་བའི་ཆོས་ཉིད་ཐེག་པ་ཆེན་པོའི་སྒོམ་ལམ་གྱིས་མཐོང་བར་བྱར་མེད་པའི་ཕྱིར་རོ།
།དེས་དེའི་བདེན་ཚད་རྟོགས་ན་ནི། བདེན་ཚད་འཛིན་པའི་བློ་ཐམས་ཅད་ལྷན་སྐྱེས་སུ་འདོད་པ་དང་འགལ་ལོ། །ཡང་ཁྱེད་ཅག་གང་ཟག་གི་བདག་འཛིན་ཀུན་བཏགས་ཀྱིས་གང་ཟག་གི་བདག་གི་ཚད་ངོས་འཛིན་ཚུལ་ཡོངས་སུ་རྫོགས་པ་དེ་འཛིན་སྟངས་ཀྱི་ཡུལ་དུ་མ་བྱས་པར་འདོད་པའི་རིགས་པ་དེ་ཉིད་ཆོས་ཀྱི་བདག་འཛིན་གྱི་སྐབས་འདིར་ཡང་སྦྱོར་བ་ཞེ་འདོད་ལ་སྣང་བས། གྲུབ་མཐའ་གཏིང་མ་ཚུགས་པ་ཡིན་ཏེ། བདེན་འཛིན་ཀུན་བཏགས་འགོག་བྱེད་ཀྱི་རིགས་པ་དེ་ཉིད་ཀྱིས་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་སུན་དབྱུང་བར་ནུས་ལ། ཅིག་ཤོས་དེས་དེ་སུན་འབྱིན་པར་ཁྱེད་རང་གིས་ཁས་བླངས་པའི་ཕྱིར། དང་པོ་ནུས་པའི་དཔེ་ནི་མྱུ་གུ་མཐའ་བཞི་ལས་སྐྱེ་བ་འགོག་བྱེད་ཀྱི་རིགས་པ་དེ་ཉིད་ཀྱིས། མྱུ་གུ་རང་བཞིན་གྱིས་སྐྱེ་བར་འཛིན་པའི་རྟོག་པ་ལྷན་སྐྱེས་ཀྱི་འཛིན་སྟངས་སུན་འབྱིན་པར་ཁས་བླངས་པ་བཞིན་ནོ། །ཡང་རང་རྒྱུད་པས་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཚད་གྲུབ་ཏུ་ཁས་ལེན་པ་དང་། དགག་བྱའི་ངོས་འཛིན་དེ་ལྟར་འཆད་པ་ཡང་ནང་འགལ་བ་ཡིན་ཏེ། འདི་ལྟར་མྱུ་གུ་ཆོས་ཅན། །ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་པར་འགྱུར་ཏེ། བློ་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་ཡིན་པའི་ཕྱིར། དེའི་ཁྱབ་པ་ཡང་ཁྱེད་ཀྱིས་ཁས་བླངས་ཏེ། ཆོས་ཐམས་ཅད་བློས་བཞག་པ་ཙམ་ཡིན་པའི་དཔེ་དོན་སྦྱོར་བ་ན། བློ་ལ་སྣང་བའི་དབང་གིས་རྟ་གླང་དུ་བཞག་པ་དང་། ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་རྟ་གླང་དུ་གྲུབ་པ་གཉིས་འགལ་བར་ཁས་བླངས་པའི་ཕྱིར། ཅི་སྟེ་དེ་ལྟར་བཤད་པ་དེ་བློ་འཁྲུལ་པའི་དབང་དུ་བྱས་སོ་ཞེ་ན། འོ་ན་དཔེ་དོན་དུ་སྦྱོར་ཚུལ་མི་འགྲིག་སྟེ། ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཚུལ་འཆད་པ་ན་མིག་བསླད་པའི་བལྟད་མོ་བ་དང་། སྒྱུ་མ་མཁན་གྱི་བློ་ལ་སྣང་ཚུལ་དཔེར་བྱས་པའི་ཕྱིར། གཞན་ཡང་། དཔེ་དོན་སྦྱོར་ཚུལ་སྐྱོན་ཆགས་པའི་
ཚུལ་འདི་ལྟར། སྒྱུ་མ་མཁན་ལ་རྟ་གླང་དུ་སྣང་བ་ཡོད་ལ་ཞེན་པ་མེད་པའི་དཔེས། དག་པ་སའི་རྗེས་ཐོབ་ལ་དངོས་པོ་རྣམས་བདེན་པར་སྣང་བ་ཡོད་ལ། ཞེན་པ་མེད་དོ་ཞེས་ཟེར་བ་དེ་ལྟ་ན་སྒྱུ་མ་མཁན་ལ་རྟ་གླང་དུ་སྣང་བ་དེ་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཉིད་དུ་སྣང་བར་ཐལ། དག་པ་སའི་རྗེས་ཐོབ་ལ་ཕྱི་ནང་གི་དངོས་པོ་རྣམས་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་སྣང་བའི་ཕྱིར། རྟགས་ཁས་བླངས་ཏེ། དེ་དེ་ལ་བདེན་པར་སྣང་བའི་ཕྱིར། ཡང་དོན་ལ་སྐྱོན་ཆགས་པའི་ཚུལ་ཡང་འདི་ལྟར། དག་སའི་རྗེས་ཐོབ་ལ་བདེན་པར་སྣང་བ་ཡོད་ན། རྟོག་མེད་ཀྱི་ཤེས་པ་ལ་སྣང་བ་ཡིན་ནམ། རྟོག་པ་ལ་སྣང་བ་ཡིན། དང་པོ་ལྟར་ན། དེ་སྣང་བའི་དེ་ཆོས་ཅན། རྟོག་པར་ཐལ། བདེན་གྲུབ་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེ་ན་བདེན་འཛིན་ཡོད་པར་འགྱུར་ཏེ། དེ་ན་བདེན་གྲུབ་སྣང་བའི་རྟོག་པ་ཡོད་པའི་ཕྱིར། གལ་ཏེ་བདེན་སྣང་ཞེས་བྱ་བ། གཟུང་འཛིན་གཉིས་སུ་སྣང་བ་ལ་འཆད་པ་ཡིན་ནོ་སྙམ་ན། འོ་ན་དབང་ཤེས་ལ་རྟགས་ཀྱི་དགག་བྱ་སྣང་བར་འགྱུར་ཏེ། དེ་འདྲ་དེ་བདེན་སྣང་དུ་ཁས་ལེན་པའི་ཕྱིར། མདོར་ན་སྒྱུ་མ་མཁན་རང་མིག་བསླད་མ་བསླད་ཀྱི་བལྟད་མོ་བ་ལ་ཇི་ལྟར་སྣང་བའི་དཔེ་དེ་ནི། ཁོ་བོ་ཅག་ཀུན་རྫོབ་ཀྱི་བདེན་པས་རིག་པའི་མཐུ་ལས་སྣང་བ་དང་། དེ་དང་བྲལ་བ་རྣམས་ལ་མི་སྣང་བ་དང་། མ་རིག་པ་དང་ལྡན་པ་ལའང་བདེན་མེད་རྟོགས་མ་རྟོགས་ཀྱི་དབྱེ་བས་གཉིས་ཏེ། གང་ཟག་གསུམ་པོ་ལ་ཀུན་རྫོབ་ཀྱི་སྣང་བ་ཇི་ལྟར་འབྱུང་བ་དང་། མི་འབྱུང་བའི་ཚུལ་ལ་སྦྱར་ན་འགྲིག་པ་ཡིན་གྱི་ཁྱེད་ལ་དོན་མེད་དོ། །ཡང་ཐལ་རང་གཉིས་ཀྱི་དགག་བྱ་ངོས་འཛིན་ཚུལ་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་དོ། །ཞེས་ཟེར་བ་དང་། ངོས་འཛིན་ཚུལ་དེ་ལྟར་བྱེད་པ་ཡང་ནང་འགལ་བ་ཡིན་ཏེ། བློ་ལ་སྣང་བ་ཞེས་པའི་དུས་ཀྱི་བློ་དེ་དང་། རྟོག་པས་སྒྲོ་བཏགས་
པ་ཞེས་པའི་དུས་ཀྱི་རྟོག་པ་ཡང་བདེན་འཛིན་ལ་འཆད་དགོས་པའི་ཕྱིར་ཁྱེད་རང་གིས་དེ་དང་དེའི་ཤེས་བྱེད་དུ་དྲངས་པའི་ལུང་དེ་དང་དེ་དག་གིས་དོན་ལ་རྣམ་པར་བརྟགས་ན་ཤིན་ཏུ་གསལ་བའི་ཕྱིར་རོ། །གཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་རྟགས་ཀྱི་དགག་བྱ་ངོས་འཛིན་ཚུལ་མི་འཐད་པ་ལ་གསུམ་སྟེ། ལུང་གིས་མི་འཐད་པ་དང་། རིགས་པས་མི་འཐད་པ་དང་། ཁས་བླངས་ནང་འགལ་བས་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་སུ་བསྟན་པ་ལུང་དེ་དང་དེའི་དོན་མ་ཡིན་པར་བསྟན། ཆོས་ཐམས་ཅད་མིང་ཙམ་དུ་བཤད་པས་རྟོག་པས་སྒྲོ་བཏགས་སུ་འཆད་པ་ལ་མི་ཕན་པར་བསྟན་པའོ། །དང་པོ་ལ་དེ་ལྟར་འཆད་པ་ཉེ་བར་འཁོར་གྱིས་ཞུས་པའི་མདོ་ཡི་དོན་མ་ཡིན་པར་བསྟན། རིགས་པ་དྲུག་ཅུ་པའི་དོན་མ་ཡིན་པར་བསྟན། བརྒྱ་པའི་དོན་མ་ཡིན་པར་བསྟན། བདག་དང་ཆོས་ཐམས་ཅད་སྒྲོ་བཏགས་སུ་མཚུངས་པར་སྟོན་པ་མདོ་སྡུད་པ་དང་རིན་ཆེན་ཕྲེང་བ་སོགས་ཀྱི་དོན་མ་ཡིན་པར་བསྟན་པའོ། །དང་པོ་ནི། མདོ་དེས་མཐོ་རིས་ཀྱི་བདེ་བའི་ཁྱད་པར་སྣ་ཚོགས་པ་རྣམས་རྟོག་པའི་དབང་གིས་བཞག་པར་བཤད་པ་ཡིན་མོད། དེ་ཙམ་གྱིས་ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་སུ་བཤད་པར་མི་འགྲུབ་སྟེ། ལུང་དེ་དག་གིས་ཚིག་གསལ་གྱི་སྟོང་ཐུན་དུ་ཀུན་རྫོབ་བདེན་པ་རྣམས་མ་རིག་པའི་དབང་གིས་བཞག་པ་ཡིན་གྱི། ཚད་མས་ཡོད་པར་བཞག་པ་མ་ཡིན་པ་དང་། དེ་ལྟ་ན་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་འགྱུར་བའི་འཐད་པ་སྟོན་པའི་ཤེས་བྱེད་དུ་དྲངས་པ་ཡིན་པའི་ཕྱིར་རོ། །དེའི་ཚུལ་ཡང་ཇི་ལྟར་ཞེ་ན། མཐའ་བཞིའི་སྐྱེ་བ་བཀག་པ་ལ་འཕྲོས་ནས། སྐྱེ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ན། རྒྱུ་དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་འབྱུང་བ་མེད་པར་འགྱུར་ལ། དེ་ལྟ་ན་འཁོར་བ་མེད་པར་འགྱུར་ཞིང་དེ་ལྟར་ན་དེ་མེད་ན་དེ་ལས་གྲོལ་བའི་དོན་དུ་བརྩོན་པ་ཐམས་ཅད་དོན་
མེད་པར་འགྱུར་རོ། །ཞེས་རྩོད་པའི་ལན་དུ་རྒྱུ་དགེ་མི་དགེ་དང་འབྲས་བུ་བདེ་སྡུག་གཉིས་ཀ་ཡང་ཚད་མས་མ་གྲུབ་བཞིན་དུ་རྣམ་པར་རྟོག་པའི་དབང་གིས་བཞག་པ་ཡིན་ལ། རྟོག་པས་བཞག་པའི་ཆོས་དེ་དག་ཐམས་ཅད་ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་ཡོད་པ་མ་ཡིན་པ་ཉིད་ནི་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་འཆད་པ་ལ་ལུང་དང་། རིགས་པའི་སྒྲུབ་བྱེད་གཉིས་ལས། དང་པོ་ལ། ལུང་རྣམ་པ་ལྔ་ལས། དང་པོ་ལྷག་བསམ་བསྟན་པའི་མདོ་ལས། སྒྱུ་མའི་བུད་མེད་ལ་ཆགས་པ་དང་། ཆགས་བྲལ་གྱི་དཔེས་གསུངས་པ་དང་། གཉིས་པ་འདུལ་བའི་ལུང་ལས། འཁྲུལ་འཁོར་མཁན་གྱི་ན་ཆུང་རི་མོ་མཁན་གྱི་འདོད་ཆགས་ཀྱི་དཔེས་གསུངས་པ་དང་། ལུང་གསུམ་པ་དཀོན་མཆོག་བརྩེགས་པ་ལས། བསམ་གཏན་པ་ལྔ་བརྒྱ་བསམ་གཏན་ལ་འཇུག་པའི་དོན་དུ་སྤྲུལ་པའི་དགེ་སློང་གཉིས་སྤྲུལ་པས་དེ་དག་བསྟན་པ་ལ་ཞུགས་པའི་དཔེས་གསུངས་པ་དང་། བཞི་པ་འཕགས་པ་རྡོ་རྗེ་སྙིང་པོ་ལས། རྩུབ་ཤིང་དང་རྩུབ་བསྟན་ལས་མེ་བྱུང་བའི་དཔེས་འཁོར་བའི་བདེ་སྡུག་ཐམས་ཅད་རྣམ་པར་རྟོག་པ་ལས་བྱུང་བར་གསུངས་པ་དང་། ལྔ་པ་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས། སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱ་སྟེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང་། །གང་དག་ཤི་འཕོས་ངན་སོང་གྲོལ་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི། །གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད། །སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །ཞེས་སོགས་དྲངས་པའི་མཐར། ཚིག་གསལ་ལས། དེའི་ཕྱིར། དེ་ལྟར་ན་དངོས་པོ་ཡོད་པ་མ་ཡིན་པར་རང་བཞིན་ཕྱིན་ཅི་ལོག་གིས་བཞག་པ་རྣམས་ནི། འཁོར་བ་ན་བྱིས་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུར་
འགྱུར་རོ་ཞེས་བྱ་བར་གནས་སོ། །དངོས་པོ་བརྫུན་པའི་རང་བཞིན་ཅན་རྣམས་ཇི་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་ཉིད་ཡིན་པ་དེ་ལྟར་ནི་རྒྱས་པར་དབུ་མ་ལ་འཇུག་པ་ལས་ངེས་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་རིགས་པའི་སྒྲུབ་བྱེད་ནི། ཡང་ཚིག་གསལ་ལས། ཀུན་རྫོབ་ཕྱིན་ཅི་ལོག་ཙམ་གྱི་བདག་གི་ངོ་བོ་ཡོད་པར་རྙེད་པ་ཐར་པ་འདོད་པ་རྣམས་ཀྱི་ཐར་པར་འདྲེན་པར་བྱེད་པའི་དགེ་བའི་རྩ་བ་བསོག་པའི་རྒྱུར་འགྱུར་བ་འདི་ནི་ཇི་སྲིད་དེ་ཁོ་ན་ཉིད་མ་རྟོགས་པ་དེ་སྲིད་དུ་གནས་པར་འགྱུར་མོད། ཁྱོད་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་མི་མཁས་པས་ལ་ལར་འཐད་པ་བཅུག་ནས་རིགས་པ་མ་ཡིན་པ་ལས་དེ་འཇིག་པར་བྱེད་པ་ཡིན་ནོ། །ཁོ་བོ་ཅག་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་མཁས་པའི་ཕྱིར། འཇིག་རྟེན་པའི་ཕྱོགས་ཉིད་ལ་གནས་ཏེ་ཞེས་པ་ནས་ཅི་འཕགས་པ་རྣམས་ལ་རིགས་པ་མི་མངའ་འམ་ཞེ་ན། ཡོད་པའམ་མེད་པ་འདི་སུས་སྨྲས་འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ཅང་མི་གསུང་བ་ཡིན་ཏེ་ཞེས་པ་ནས། གལ་ཏེ་འཕགས་པ་རྣམས་འཐད་པ་གསུང་བར་མི་མཛད་ན་ནི་ཅི་ཞིག་གིས་འཇིག་རྟེན་པས་དོན་དམ་པ་ཁོང་དུ་ཆུད་པར་མཛད་ཅེ་ན། འཕགས་པ་རྣམས་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་འཐད་པ་མི་གསུང་གི འོན་ཀྱང་འཇིག་རྟེན་ཁོ་ན་ལ་རབ་ཏུ་གྲགས་པའི་འཐད་པ་གང་ཡིན་པ་དེ་དག་ཞལ་གྱིས་བཞེས་ནས། དེ་ཉིད་ཀྱིས་འཇིག་རྟེན་ཁོངས་སུ་ཆུད་པར་མཛད། ཅེས་གསུངས་སོ། །འདི་དག་གི་དོན་ལ་རྣམ་པར་བརྟགས་པ་ན། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་རྟོག་པས་སྒྲོ་བཏགས་པ་དང་། འཕགས་པ་རྣམས་ཀྱི་དོན་དམ་པའི་བདེན་པ་ཇི་སྙེད་པ་རྟོག་པས་སྒྲོ་བཏགས་པ་མ་ཡིན་པའི་ཚུལ་གསལ་བར་གསུངས་པ་ཡིན་ནོ། །གཉིས་པ་ནི། རིགས་པ་དྲུག་ཅུ་པའི་ལུང་དེས་ནི། ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་སུ་སྟོན་པ་ལ་ཅི་ཡང་ཕན་པ་མེད་པར་མ་ཟད་
དེ་ལྟར་སྟོན་པ་ལ་གནོད་པ་དང་བཅས་པ་ཡིན་ཏེ། ལུང་དེས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམ་པར་རྟོག་པ་མ་རིག་པ་ལས་བྱུང་བ་དང་། མྱ་ངན་ལས་འདས་པ་ནི་རྣམ་པར་རྟོག་པ་འགགས་པ་ཙམ་གྱིས་རབ་ཏུ་ཕྱེ་བར་བཤད་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །ཞེས་པའི་འགྲེལ་པར། གང་གི་རྐྱེན་མ་རིག་པ་ཡིན་པ་དེ། མ་རིག་པའི་རྐྱེན་ལས་བྱུང་བ་སྟེ། །འཇིག་རྟེན་ནོ། །འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །ཞེས་གསུངས་པས། དོན་དམ་པའི་བདེན་པ་རྟོག་པས་སྒྲོ་བཏགས་སུ་འཆད་པ་ལ་ཅི་ཡང་མི་ཕན་པའི་ཕྱིར་དང་། དོན་དམ་པའི་བདེན་པ་ནི་བརྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་ཡུལ་ལས་འདས་པའི་ཚུལ་ཁོ་ན་གཞུང་དེར་རྒྱས་པར་བཤད་པའི་ཕྱིར་རོ། །གསུམ་པ་ནི། བཞི་བརྒྱ་པའི་ལུང་དེ་ལྟར་དྲངས་པ་དེས་ཀྱང་ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་སུ་སྟོན་པ་ལ་ཅི་ཡང་ཕན་པ་མ་ཡིན་ཏེ། ལུང་དེས་ནི། འདོད་ཆགས་ཀྱི་རང་གང་ལ་དམིགས་ནས་སྐྱེ་བའི་ཡུལ་དེ་ཡིད་འོང་དུ་བཟུང་བ་དང་། ཞེ་སྡང་གིས་རང་གང་ལ་དམིགས་ནས་སྐྱེ་བའི་རྟེན་གྱི་ཡུལ་དེ་ཡིད་མི་འོང་དུ་བཟུང་བ་གཉིས་ཀ་ཡང་རྟོག་པས་སྒྲོ་བཏགས་སུ་སྟོན་པ་ཡིན་གྱི། ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་སུ་སྟོན་པའི་ལུང་མི་སྣང་བའི་ཕྱིར་དེ་སྐད་དུ་ཡང་། རྟོག་པ་མེད་པར་འདོད་ཆགས་ལས། །སོགས་ལ་ཡོད་ཉིད་ཡོད་མིན་ན། །ཞེས་པའི་འགྲེལ་པར། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པ་མེད་པར་མེད་པ་དེ་དག་ནི་གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མེད་པར་ངེས་སོ། །ཞེས་རྣམ་པར་རྟོག་པའི་དབང་གིས་སྒྲོ་བཏགས་པ་ཐམས་ཅད་ཐག་ཁྲ་ལ་སྦྲུལ་བཞིན་དུ་ཚད་མས་མི་འགྲུབ་པར་བཤད་པ་ཡིན་གྱི། ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་སུ་སྟོན་པ་ཅི་ཡང་མི་སྣང་བའི་ཕྱིར་རོ། །གསུམ་པ་ནི།
བདག་རྟོགས་པས་སྒྲོ་བཏགས་པ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་སུ་སྟོན་པ་སྡུད་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོའི་དགོངས་པ་མ་ཡིན་ཏེ། སྡུད་པ་ལས་ནི། ལྷ་སྦྱིན་རང་གི་བདག་དང་སེམས་ཅན་གཞན་གི་བདག་གཉིས་ཀ་ངར་འཛིན་ལ་སྣང་ཚུལ་མཚུངས་པར་སྟོན་པ་ཡིན་གྱི། ཆོས་ཐམས་ཅད་མཚུངས་པར་སྟོན་པ་མི་སྣང་བའི་ཕྱིར་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ནི། བདག་གི་བཏགས་དོན་བཙལ་བས་མི་རྙེད་པ་དང་། ཆོས་ཐམས་ཅད་ཀྱི་བཏགས་དོན་མི་རྙེད་པའི་ཚུལ་མཚུངས་པར་སྦྱར་བ་ཡིན་གྱི། ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་སུ་སྟོན་པ་ཅི་ཡང་མི་སྣང་བའི་ཕྱིར་རོ། །དཔེར་ན། དབུ་མ་འཇུག་པར་བདག་དང་ཤིང་རྟའི་དཔྱད་པ་དེ་དངོས་པོ་ཀུན་ལ་རིགས་འདྲེ་བར་གསུངས་པ་བཞིན་ནོ། །གཉིས་པ་ནི། རིན་ཆེན་ཕྲེང་བ་སོགས་ལས། ཆོས་ཐམས་ཅད་མིང་ཙམ་བརྡ་ཙམ་དང་བཏགས་པ་ཙམ་དུ་གསུངས་པས་ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་སུ་སྟོན་པ་ལ་ཕན་པ་མ་ཡིན་ཏེ། མིང་ལ་སོགས་པ་རྣམས་ནི། དོན་གང་དང་གང་ཡིན་པ་དེ་རྒྱུ་མཚན་དུ་བྱས་ནས་འདོགས་པ་ཡིན་ལ་རྟོག་པས་སྒྲོ་བཏགས་པ་ཞེས་བྱ་བ་ནི། དོན་དེ་དང་དེ་ཡང་དག་པའི་ཀུན་རྫོབ་ཏུ་ཡང་མེད་བཞིན་དུ་ཡོད་པར་སྒྲོ་འདོགས་པ་ལ་འཆད་དགོས་པའི་ཕྱིར། གཉིས་པ་རིགས་པས་མི་འཐད་པ་ནི། ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་ཙམ་ཡིན་ན། ཐམས་ཅད་མཚན་ཉིད་གསུམ་གྱི་ཟླས་ཕྱེ་བའི་ཀུན་བཏགས་ཡིན་པར་འགྱུར་ལ། གཞན་དུ་ན། ཀུན་བཏགས་ལ་འཇོག་བྱེད་སྔོན་མ་གྲགས་པ་གཞན་ཞིག་ཚོལ་དགོས་པར་འགྱུར་རོ། །གཞན་ཡང་དོན་དམ་པའི་བདེན་པ་རྣམས་ནི་རྟོག་པས་སྒྲོ་བཏགས་པ་མ་ཡིན་ཏེ། སྒྲ་དང་རྟོག་པའི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར། དེའི་ལུང་དང་རིགས་པ་ཡང་གོང་དུ་རྒྱས་པར་བརྗོད་ཟིན་
ཏོ། །གཞན་ཡང་། ཆོས་རྣམས་ཀྱི་གནས་ལུགས་དང་རང་བཞིན་ཡིན་ན་རྟོག་པས་སྒྲོ་བཏགས་པ་མ་ཡིན་དགོས་ཏེ། ཇི་སྐད་དུ། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དོན་དམ་པའི་བདེན་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། རང་གི་གནས་ཚུལ་གང་ཡིན་པ་དེ་ཐོག་མ་མེད་པ་ནས་གཞན་དུ་འགྱུར་བ་མེད་པ་དང་། འཕགས་པ་རྣམས་ཀྱིས་ཤེས་མཐོང་གིས་མ་མཛད་པའི་ཚུལ་རྒྱས་པར་གསུངས་ན་རྟོག་པས་སྒྲོ་འདོགས་པ་ལྟ་ཅི་སྨོས། གཞན་ཡང་། སྟོབས་བཅུ་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སྒྲོ་འདོགས་བྱེད་ཀྱི་རྟོག་པ་དེ་སངས་རྒྱས་ཀྱི་ས་ན་ཡོད་པར་འགྱུར་ཏེ། སེམས་ཅན་གྱི་རྟོག་པས་ནི་སངས་རྒྱས་ཀྱི་ཆོས་རྣམས་སྒྲོ་འདོགས་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་། སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་དེ་ཡང་རྟོག་པས་སྒྲོ་བཏགས་སུ་འདོད་ན། སྤྲོས་པ་དང་བྲལ་བའི་ཤེས་བྱ་མི་སྲིད་པར་ཐལ་བ་དང་། རྟགས་ཀྱིས་དགག་བྱ་ངོས་འཛིན་ཚུལ་ཕྱིན་ཅི་ལོག་ཁོ་ནར་སོང་བ་ཡིན་ཏེ། རྟོག་པས་སྒྲོ་བཏགས་པའི་ཆོས་རྣམས་རིགས་པའི་དགག་བྱར་འཇོག་རྒྱུ་ཡིན་པ་ལ། རྟོག་པས་སྒྲོ་མ་བཏགས་པའི་ཆོས་ཤིག་ཡོད་ན་དེ་རྟགས་ཀྱིས་དགག་བྱར་ཁས་བླངས་པའི་ཕྱིར་དང་། དེ་ལྟར་ཁས་ལེན་པ་དེ་ནི་དོན་དམ་པའི་བདེན་པ་མཐའ་དག་རྟགས་ཀྱིས་དགག་བྱར་ཁས་བླངས་པ་ཡིན་ཏེ། དེ་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྟོག་པས་སྒྲོ་བཏགས་པའི་ཆོས་ཡིན་ན། ཀུན་རྫོབ་ཀྱི་བདེན་པ་ཡིན་དགོས་པའི་ཕྱིར་དང་། སྤྱིར་ཡང་སྒྲ་དང་རྟོག་པའི་ཡུལ་དུ་གྱུར་པའི་ཆོས་ཡིན་ན་ཀུན་རྫོབ་ཀྱི་བདེན་པ་ལས་མ་
འདས་པའི་ཕྱིར་རོ། །རྟགས་གཉིས་པ་གྲུབ་སྟེ། དེ་ཐམས་ཅད་ཡུལ་གྱི་གནས་ལུགས་སུ་གྲུབ་པར་ཁས་ལེན་དགོས་ལ། ཡུལ་གྱི་གནས་ལུགས་དང་སྡོད་ལུགས་ནི། དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །གསུམ་པ་ཁས་བླངས་ནང་འགལ་བ་ནི། རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པར་རང་གི་སྡོད་ལུགས་སུ་གྲུབ་པ་དེ་ཆོས་ཅན། བདེན་གྲུབ་ཏུ་ཐལ། བདེན་ཚད་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་བདེན་གྲུབ་མ་ཡིན་ཏེ། ཆོས་ཀྱི་བདག་མེད་ཡིན་པའི་ཕྱིར། ཞེས་བྱ་བ་འདི་བཟློག་པར་མི་ནུས་སོ། །གཞན་ཡང་། རྟོག་པས་སྒྲོ་མ་བཏགས་པའི་ཡོད་པ་ཙམ་དེ་བདེན་ཚད་ཡིན་ནམ། ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་བདེན་ཚད་དུ་འཇོག་གམ། གཉིས་ཀ་ཚོགས་དགོས། དང་པོ་ལྟར་ན་སེམས་ཙམ་པས་འགྱུར་མེད་ཡོངས་གྲུབ་ཐམས་ཅད་བདེན་མེད་དང་། སྤྱི་མཚན་ཐམས་ཅད་དང་ཀུན་བཏགས་པའི་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པར་ཐལ། རྟོག་པས་སྒྲོ་བཏགས་པ་ཙམ་གྱི་ཆོས་སུ་རྟོགས་པའི་ཕྱིར། དབུ་མ་རང་རྒྱུད་པས་མྱུ་གུ་བདེན་གྲུབ་ཏུ་ཁས་ལེན་པར་འགྱུར་ཏེ། དེས་མྱུ་གུ་རྟོག་པས་སྒྲོ་བཏགས་པའི་ཆོས་མ་ཡིན་པར་ཁས་ལེན་པའི་ཕྱིར་ཏེ། མྱུ་གུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པའི་ཕྱིར། གཉིས་པ་ལྟར་ན་རང་རྒྱུད་པས་དངོས་པོ་ཐམས་ཅད་བདེན་གྲུབ་ཏུ་ཁས་བླངས་པར་ཐལ། དེས་དེ་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཁས་བླངས་པའི་ཕྱིར། རྟགས་ཆོས་དངོས་འགལ། ཁྱབ་པ་ཁས་བླངས་ཏེ། དེ་བདེན་གྲུབ་ཀྱི་ཚད་དུ་འཇོག་པ་གང་ཞིག དེའི་ཚད་ཁས་བླངས་ན། དེ་ཁས་བླངས་པས་ཁྱབ་པའི་ཕྱིར། དེ་ལ་གཞན་དག་གིས་སྨྲས་པ། རང་རྒྱུད་པས་རང་ལུགས་ལ་བདེན་གྲུབ་ཁས་མ་བླངས་ཀྱང་། ཐལ་འགྱུར་བས་གཞལ་བ་ན་བདེན་གྲུབ་ཁས་བླངས་པར་སོང་ངོ་ཞེས་ཟེར་བ་འདི་ནི་རྣམ་པ་ཐམས་ཅད་དུ་མི་རིགས་ཏེ། ཐལ་འགྱུར་བ་ལ་
རང་རྒྱུད་པས་མ་ཤེས་པའི་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་ཟབ་ཁྱད་ཅི་ཡང་མི་སྣང་བའི་ཕྱིར། དཔེར་ན། མྱུ་གུའི་སྟེང་དུ་བདེན་པའི་གཅིག་དང་དུ་མ་འགོག་བྱེད་ཀྱི་རིགས་པ་དེ་ལ་མེད་པ་ཅིག་ཤོས་ལ་ཡོད་པར་ཁྱེད་ཀྱིས་འཆད་མི་ནུས་པ་བཞིན་ནོ། །གསུམ་པ་ལྟར་ན། རྟོག་པས་སྒྲོ་བཏགས་པ་མ་ཡིན་པའི་ཡོད་པ་ཙམ་གྱིས་བདེན་གྲུབ་ཀྱི་ཚད་མི་རྫོགས་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞེས་སྣོན་དགོས་ན། རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པའི་གཞལ་བྱ་ཡོད་པར་ཁས་བླངས་པས་ནང་འགལ། ཡང་ཡུལ་རང་ངོས་ནས་གྲུབ་པ་ཙམ་གྱིས་མི་ཆོག་པར་ཅིག་ཤོས་སྣོན་དགོས་ན། རང་ལུགས་ལ་ཡུལ་རང་ངོས་ནས་གྲུབ་པའི་ཆོས་ཡོད་པར་སོང་བས་ནང་འགལ་ལོ། །གཞན་ཡང་། མྱུ་གུ་ལ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་ཆོས་ཅན། བདེན་འཛིན་ལྷན་སྐྱེས་སུ་ཐལ། མྱུ་གུ་རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར་ཏེ། དེ་ལ་བདེན་པར་འཛིན་པའི་བློ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ཡང་འཁོར་གསུམ་ཚང་བའི་ཐལ་འགྱུར་ཡིན་པས་བཟློག་པར་མི་ནུས་སོ། །གཉིས་པ་རང་གི་ལུགས་བཞག་པ་ལ། སྤྱིར་དགག་བྱའི་ཆོས་ངོས་འཛིན་པར་སླ་བའི་ཚུལ་དང་། དེ་ལྟ་ན་ཡང་བདེན་མེད་སྒྲུབ་པའི་ཡན་ལག་ཏུ་དགག་བྱ་ངོས་ཟིན་པ་སྔོན་དུ་འགྲོ་མི་དགོས་པའོ། །དང་པོ་ནི། ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ནི། གང་ཟག་གི་བདག་གོ །མྱུ་གུ་བདེན་མེད་དང་རང་བཞིན་སྐྱེ་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ནི། བདེན་པར་གྲུབ་པ་དང་། རང་བཞིན་གྱིས་སྐྱེ་བའོ། །འོ་ན་དེ་དང་དེའི་ཚད་གང་ཡིན་ཞེ་ན། དེའི་ཚད་ཅེས་བྱ་བ་ནི་ལེགས་པར་སྨྲས་པ་མ་ཡིན་ལ། འོན་ཀྱང་དེ་དང་དེའི་གོ་དོན་ནི་འདི་ལྟར། བདག་དང་
བདེན་པ་ཞེས་བྱ་བ་ནི་རྟོག་པས་བཏགས་པ་ཡིན་ལ། འདོགས་བྱེད་ཀྱི་རྟོག་པ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་རྟོག་པ་དང་། གྲུབ་མཐའ་ངན་པས་ཀུན་ནས་སླངས་པའི་རྟོག་པའོ། །རྟོག་པ་དང་པོས་ནི། ཉེར་ལེན་གྱི་ཕུང་པོའི་སྟེང་དུ་ངའོ་ཞེས་དང་། མྱུ་གུའི་ཡན་ལག་རྡུལ་རྫས་བརྒྱད་པོའི་སྟེང་དུ། མྱུ་གུའོ་ཞེས་ཡན་ལག་ཅན་དུ་སྒྲོ་འདོགས་པར་བྱེད་ལ། རྟོག་པ་གཉིས་པས་ནི། ཕུང་པོའི་སྟེང་དུ་རྟག་ཅིག་རང་དབང་ཅན་གྱི་བདག་དང་། མྱུ་གུའི་སྟེང་དུ་བདེན་པའི་གཅིག་དང་དུ་མ་གང་རུང་དང་། ཡང་མྱུ་གུའི་སྟེང་དུ་མཐའ་བཞི་པོ་གང་རུང་ལས་སྐྱེ་བ་ལ་སོགས་པར་སྒྲོ་འདོགས་པར་བྱེད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར། བདེན་གྲུབ་འགོག་བྱེད་ཀྱི་དགག་བྱའི་གོ་དོན་ནི། མཚན་འཛིན་ལྷན་སྐྱེས་ཀྱི་གཟུང་བྱ་དང་། ཀུན་བཏགས་ཀྱི་གཟུང་བྱ་གང་ཡིན་པ་དེ་ཉིད་དོ། །འོ་ན་གཟུང་བྱ་དེ་དང་དེ་ཚད་མའམ་ཚད་མིན་གྱི་བློ་གང་ལ་བརྟེན་ནས་ངོས་འཛིན་པར་བྱེད་ཅེ་ན། ཚད་མ་མ་ཡིན་པ་ལ་སུ་ཡང་ཡིད་རྟོན་པ་མེད་པའི་ཕྱིར། ཚད་མ་ཁོ་ནའི་སྟོབས་ཀྱིས་ངེས་པར་བྱེད་དགོས་སོ། །ཚད་མ་དེ་ཡང་གང་ཞེ་ན། བདེན་གྲུབ་འཇལ་བའི་ཚད་མ་ནི་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་ཡང་དག་ལ་བརྟེན་པའི་ཚད་མས་བདེན་མེད་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་ན་དེའི་འགལ་ཟླ་བདེན་གྲུབ་ཏུ་ངེས་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། རིགས་པ་མཁྱེན་པས། ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །དོན་གྱི་བཟློག་པ་ཉིད་ལས་ཡིན། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་བདེན་པའི་གཅིག་དང་དུ་བྲལ་ལྟ་བུ་དང་མྱུ་གུ་མཐའ་བཞི་པོ་གང་རུང་ལས་མི་སྐྱེ་བ་ལྟ་བུ་དང་། གང་ཟག་མི་རྟག་དུ་མ་གཞན་དབང་ཅན་ལྟ་བུ་བདག་གཉིས་འགོག་བྱེད་ཀྱི་ཕྱོགས་ཆོས་ངེས་པའི་ཚད་མ་རྣམས་ཀྱིས་ནི་ཀུན་བཏགས་པའི་བདག་གཉིས་ངོས་ཟིན་པར་འགྱུར་རོ། །དེའི་རྟགས་ཀྱིས་དེ་ལྟར་རྟོགས་པའི་རྗེས་དཔག་ལྟ་བུ་
བསྒྲུབ་བྱ་རྟོགས་པའི་ཚད་མ་རྣམས་ཀྱིས་ནི་བདག་འཛིན་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ངོས་ཟིན་པར་འགྱུར་རོ། །དེའི་ཕྱིར་དགག་བྱ་བདེན་ཚད་ངོས་མ་ཟིན་པར་བདེན་མེད་ཇི་ལྟ་བ་བཞིན་དུ་ངོས་འཛིན་པར་མི་ནུས་སོ། །ཞེས་ཟེར་བ་དེ་དག་ནི་ཐལ་རང་གཉིས་ཀྱི་བདག་མེད་ཀྱི་ཁྱད་པར་ལ་ཟབ་མི་ཟབ་ཀྱི་ཁྱད་པར་དབྱེ་འདོད་ཅིང་། བདག་གཉིས་འགོག་བྱེད་ཀྱི་རིགས་པ་ལ་ཟབ་མི་ཟབ་ཀྱི་ཁྱད་པར་མ་རྙེད་པས་དགག་བྱའི་སྒོ་ནས་ཁྱད་པར་འབྱེད་དགོས་སོ་ཞེས་ཟེར་བ་ཁོ་ན་ལ་སྐྱབས་གནས་སུ་མཐོང་ནས་དེ་སྐད་ཅེས་སྨྲས་པར་ངེས་སོ། །གཉིས་པ་ནི། དེ་ལྟ་ན་ཡང་། བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་རྒྱུད་ལ་མ་སྐྱེས་པའི་སྔ་རོལ་དུ་བདེན་གྲུབ་ཀྱི་ཚད་ངེས་པར་ཤེས་པ་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། རང་རྒྱུད་པ་ལྟར་ན། དེ་མ་ཤེས་པ་ཙམ་གྱིས་བདེན་མེད་སྒྲུབ་བྱེད་ཀྱི་ཚུལ་གསུམ་ཚད་མའི་ལམ་དུ་ཚང་བ་ལ་གེགས་བྱེད་པར་ནུས་པ་མ་ཡིན་ལ། དེ་ལ་གེགས་མེད་ན་བདེན་མེད་རྟོགས་པའི་རྗེས་དཔག་རང་གི་ངང་གིས་སྐྱེ་བའི་ཕྱིར་དང་། བདེན་གྲུབ་ངོས་མ་ཟིན་པ་དེ་དེ་སྐབས་ཀྱི་རྟགས་ཀྱི་སྐྱོན་དང་ཕྱོགས་སྐྱོན་གང་དུ་ཡང་མི་རུང་བའི་ཕྱིར་དང་། ཐལ་འགྱུར་བ་ལྟར་ན་དེ་ངོས་མ་ཟིན་པ་ཙམ་གྱིས་བདེན་གྲུབ་འགོག་བྱེད་ཀྱི་ཐལ་གྱུར་གང་དང་གང་ཡིན་པར་བཤད་པ་དེ་སུན་འབྱིན་དུ་འཇུག་པ་ལ་གེགས་བྱེད་པ་ཅི་ཡང་མེད་པའི་ཕྱིར་དང་། མདོར་ན། མྱུ་གུ་བདེན་གྲུབ་ཀྱི་ཚད་རྒོལ་བ་ཕ་རོལ་པོས་ངོས་མ་ཟིན་ཡང་། ཕ་རོལ་པོ་དེ་དེར་ཁས་ལེན་པ་ལ་དེ་འགོག་བྱེད་ཀྱི་རིགས་པ་གཞུང་ལས་ཇི་སྐད་བཤད་པ་བཞིན་དུ་འཕངས་པ་དེས་འཇིག་རྟེན་གྱི་ལོག་པར་རྟོག་པ་བཟློག་ནུས་པའི་ཕྱིར་རོ། །གཞན་ཡང་། དེའི་སྔ་རོལ་དུ་དེའི་ཚད་ངོ་ཤེས་པར་བྱེད་དགོས་སོ་ཞེས་ཟེར་བ་དེ། དབུ་མ་པས་སམ། དངོས་སྨྲ་བས་དེ་ཤེས་དགོས་པ་ཡིན། དང་པོ་ལྟར་ན་མ་ཡིན་ཏེ། དེས་དེ་ཤེས་ཟིན་པའི་ཕྱིར་རོ། །གཉིས་པ་ལྟར་ན། དངོས་སྨྲ་བས་
མྱུ་གུ་ལྟ་བུའི་སྟེང་དུ་བདེན་གྲུབ་ཀྱི་ཚད་ཡོངས་སུ་རྫོགས་པར་ཁས་བླངས་སམ་མ་བླངས། མ་བླངས་ན་དེའི་སྟེང་དུ་དེ་འགོག་པའི་རང་རྒྱུད་ལ་ཤེས་འདོད་མེད་ཅིང་། ཐལ་འགྱུར་ལ་ཁས་བླངས་མེད་པས་དོན་སྤྱི་མ་ཤར་བ་ཡིན་ནོ། །ཁས་བླངས་ན་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་འཇུག་པ་ལ་དེ་ཙམ་གྱིས་ཆོག་མོད། དེ་འགོག་བྱེད་ཀྱི་རིགས་པ་འཇུག་པའི་སྔ་རོལ་དུ་བདེན་གྲུབ་ཀྱི་ཚད་ངེས་པར་བྱས་པ་ལ་དགོས་པ་ཅི་ཞིག་ཡོད། དངོས་པོར་སྨྲ་བ་དག་ཆོས་ཅན་མྱུ་གུ་ལ་སོགས་པའི་སྟེང་དུ་བདེན་གྲུབ་ཀྱི་ཚད་ཡོངས་སུ་རྫོགས་པ་ཁས་ལེན་དུ་གཞུག་པའི་ཆེད་ཡིན་ནོ་ཞེས་ཟེར་བ་ལས་འོས་གཞན་མེད་དོ། །དེ་སྐད་དུ་སྨྲ་བ་དེ་ལས་མི་རིགས་པ་གཞན་ཡོད་པ་མ་ཡིན་ཏེ། དབུ་མ་པས་དངོས་སྨྲ་བ་བདེན་གྲུབ་ཁས་ལེན་དུ་གཞུག་མི་དགོས་པའི་ཕྱིར་རོ། །མདོར་ན། ངོས་འཛིན་པར་སླ་བ་བདེན་མེད་ངོས་འཛིན་པའི་སྔ་རོལ་ཏུ། ངོས་ཟིན་པར་དཀའ་བ་བདེན་གྲུབ་ཀྱི་ཚད་ངོས་འཛིན་པར་བྱེད་དགོས་སོ་ཞེས་ཟེར་བ་དང་། དབུ་མ་པས་དངོས་སྨྲ་བ་དག་ལ་བདེན་ཚད་རྫོགས་པར་ཁས་ལེན་དུ་འཇུག་དགོས་སོ་ཞེས་ཟེར་བ་དེ་དག་ནི། ཟླ་བའི་ཞབས་ཀྱི་སྔོན་ཉིད་ནས་བསལ་ཟིན་པ་ཡིན་ཏེ། ཇི་སྐད་དུ་འཇུག་པ་ལས། དངོས་རྣམས་མཐའ་དག་དངོས་པོར་མེད་པར་རྟོགས་སུ་གཞུག་པར་ནི། །ནུས་པར་ཆེས་སླ་ཇི་ལྟ་དེ་ལྟར་རང་བཞིན་གཞན་དག་ལ། །ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ནོ། །རྟོག་གེ་ངན་པའི་དྲ་བས་འཇིག་རྟེན་ཅི་སྟེ་འདིར་བཅོལ་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཁོ་བོ་ཅག་ལྟར་ན་དབུ་མའི་རྟགས་ཀྱི་དགག་བྱ་ནི། ཡོད་མེད་དང་ཡིན་མིན་ལ་སོགས་པའི་སྤྲོས་པའི་ཚོགས་མཐའ་དག་ཡིན་ལ་དེ་ལ་ཡང་དངོས་ཀྱི་དང་། ཆེད་དུ་བྱ་བའི་དགག་བྱ་གཉིས་ལས། གཉིས་པ་ནི། མཚན་མར་འཛིན་པའི་རྟོག་པ་ཇི་སྙེད་པ་ཡིན་ལ། དང་པོ་ནི། དེའི་གཟུང་བྱ་གང་ཡིན་པ་དེའོ། །དེ་ལའང་
རགས་པ་དང་། ཕྲ་བ་གཉིས་ལས། དང་པོ་ནི། བདེན་གྲུབ་ལ་བྱ་ལ། གཉིས་པ་ནི། བདེན་མེད་དུ་འཛིན་པའི་བློ་ལྟ་བུ་དང་། སྤྲོས་བྲལ་འཛིན་པའི་བློ་ལ་མཚན་མར་སྣང་བའི་ཆ་ལྟ་བུའོ། །དེ་ཡང་བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པ་དང་། ལྷན་སྐྱེས་ཀྱི་བློས་བཏགས་པ་འགོག་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ་ན་ནི། བདེན་འཛིན་ཡུལ་དང་བཅས་པ་དང་། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་རྣམས་ནི་དགག་བྱ་ཡིན་ལ། ཐ་མར་སྤྲོས་པ་ཀུན་བཟློག་པའི་རིགས་པ་དང་། རྣལ་འབྱོར་པའི་བློས་བཏགས་པ་འགོག་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ་ནི། བདེན་མེད་དུ་ཞེན་པའི་རྟོག་པ་ཡུལ་དང་བཅས་པ་དང་། རྣལ་འབྱོར་པའི་ཀུན་རྫོབ་ཏུ་བཞག་པ་དེ་དག་ཀྱང་དགག་པར་བྱ་བ་ཡིན་ནོ། །དེ་ལྟར་བཤད་པ་དེ་ཙམ་གྱིས་བསྒྲུབ་བྱའི་དངོས་ཀྱི་འགལ་ཟླ་དང་། དངོས་ཀྱི་དགག་བྱའི་ཆོས་ཁོ་ན་ལ་བསམ་པར་མི་བྱ་ཞིང་། རྟོག་གེའི་སྐབས་བཞིན་དུ། རྩོད་གཞི་ཆོས་ཅན་དང་། ཤེས་འདོད་ཆོས་ཅན་དུ་བཟུང་བྱ་ཡིན་པ་ཙམ་གྱིས་རྟག་དེའི་དགག་བྱ་ཡིན་པར་འགལ་ལོ་སྙམ་དུ་དོགས་པར་མི་བྱ་སྟེ། མྱུ་གུ་དཔྱད་གཞིར་བཟུང་ནས། གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་རིགས་པ་དེས་ཆོས་ཅན་མྱུ་གུ་དེ་ཉིད་འགོག་པའི་ཕྱིར་རོ། །ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་བཤད་པ་དེར་རྟོག་མེད་ཀྱི་ཤེས་པ་ལ་སྣང་ཙམ་མི་འགོག་པར་རྟོག་པས་མཚན་མར་བཟུང་བ་འགོག་ཅེས་བྱ་བའི་དོན་ཡིན་པས་གཞན་དུ་བསམ་པར་མི་བྱའོ། །དེ་ལྟར་དགག་བྱ་ངོས་བཟུང་ནས། གཉིས་པ་དེ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐལ་རང་ཐུན་མོང་གི་རིགས་པ་རྣམས་བཤད་པ་དང་། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རིགས་པ་ཇི་ལྟར་ཡིན་པའི་ཚུལ་བཤད་པའོ། །དང་པོ་ནི།
དོན་དམ་པ་གཏན་ལ་འབེབས་པའི་དབུ་མའི་རིགས་པ་ནི་རྣམ་པ་བཞི་སྟེ། འདི་ལྟར་གཅིག་དང་དུ་བྲལ་གྱི་གཏན་ཚིགས་དང་། རྡོ་རྗེ་གཟེགས་མའི་གཏན་ཚིགས་དང་། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་དང་། རྟེན་འབྲེལ་གྱི་གཏན་ཚིགས་སོ། །སློབ་དཔོན་ཡེ་ཤེས་སྙིང་པོས་ནི། དེ་དག་ལས་གཞན་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ཞེས་བྱ་བ་ཞིག་ཀྱང་བཞེད་དོ། །དེ་དག་ལས་རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་ནི། མཐའ་གཉིས་ཀ་སེལ་བར་ནུས་ལ། གཞན་རྣམས་ཀྱིས་ནི། ཡོད་པ་སྒྲོ་འདོགས་ཀྱི་མཐའ་ཁོ་ན་སེལ་བར་བྱེད་དོ། །དེ་སྐད་དུ་ཡང་། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་དང་། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་སོ། །དབུ་མ་པ་ཆེན་པོ་རྨ་བྱའི་གསུང་གིས། རྟེན་འབྲེལ་གྱི་གཏན་ཚིགས་ནི་འགལ་ཟླ་དམིགས་པའི་གཏན་ཚིགས་དང་། གཞན་རྣམས་ནི་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཡིན་ནོ། །ཞེས་གསུངས་སོ། །བོད་ཀྱི་སློབ་དཔོན་གཞན་དག་ནི། རྟེན་འབྲེལ་གྱི་གཏན་ཚིགས་ལ། དགག་པའི་གཏན་ཚིགས་དང་། སྒྲུབ་པའི་གཏན་ཚིགས་སུ་གྱུར་པའི་སྐབས་གཉིས་སྲིད་ལ། གཞན་རྣམས་ནི་སྣང་རུང་མ་དམིགས་པའི་གཏན་ཚིགས་སུ་ངེས་པའི་ཕྱིར། དགག་པའི་གཏན་ཚིགས་ཁོ་ནའོ། །ཞེས་གསུངས་མོད་ཀྱང་། ཁོ་བོ་ཅག་ནི་འདི་ལྟར་འདོད་དེ། དབུ་མ་རང་རྒྱུད་པ་ལྟར་ན། འབྲེལ་ཟླ་མ་དམིགས་པ་དང་། འགལ་ཟླ་དམིགས་པའི་གཏན་ཚིགས་གང་ཡིན་ཡང་རུང་སྟེ། སྣང་རུང་མ་དམིགས་པའི་གཏན་ཚིགས་གང་ཡིན་པ་དེ་ཐམས་ཅད་དགག་བྱ་ཚིག་གིས་ཟིན་པར་འགོག་པའི་ཆ་ནས་དགག་པའི་གཏན་ཚིགས་དང་། ཞེ་འདོད་ཀྱི་བསྒྲུབ་བྱ་སྒྲུབ་པའི་ཆ་ནས་སྒྲུབ་པའི་གཏན་ཚིགས་སུ་རྣམ་པར་གཞག་གོ །འོ་ན་བསྒྲུབ་བྱ་ཅི་ཞིག་སྒྲུབ་ཅེ་ན། དོན་དང་ཐ་
སྙད་གཉིས་སོ། །དེ་ཡང་དཔེར་ན། གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་ནི། བདེན་མེད་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་པར་བྱེད་ལ། རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པ་བཞིན་ནོ། །འོ་ན་ཅི་དོན་སྒྲུབ་པའི་ཆ་ནས་སམ། ཐ་སྙད་སྒྲུབ་པའི་ཆ་ནས་སྒྲུབ་པའི་གཏན་ཚིགས་སུ་བཞག་ཅེ་ན། འདིར་ནི་ཐ་སྙད་སྒྲུབ་པའི་ཆ་ནས་དེར་བཞག་པ་ཡིན་ཏེ། བདེན་པར་མེད་པའི་ཡུལ་ཅན་གྱི་ཤེས་པ་དང་བརྗོད་པ་དག་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་དབུ་མའི་རྒྱན་ལས། དེ་ལྟ་བས་ན་སྒྲུབ་པ་དང་། །སྒྲུབ་པ་བཞག་པ་འཁྲུགས་པ་མེད། །ཅེས་དང་། དེའི་འགྲེལ་པར་སྒྲུབ་པ་དང་སྒྲུབ་པའི་ཐ་སྙད་འཇུག་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་སྨྲ་བ་ལ་གནོད་པ་ཅི་ཡང་མེད་དོ། །ཞེས་དང་། དབུ་མའི་སྣང་བ་ལས་ཀྱང་། རང་བཞིན་མེད་པའི་ཡུལ་ཅན་གྱི་ཤེས་པ་དང་བརྗོད་པ་ཉིད་དུ་སྒྲུབ་པར་བྱེད་དེ། དཔེར་ན། ནོག་ལྐོག་ཤལ་དང་ལྡན་པའི་ཕྱིར། འདི་ནི་བ་ལང་ངོ་ཞེས་བྱ་བ་བཞིན་ནོ། །ཞེས་གསུངས་སོ། །སྣང་རུང་མ་དམིགས་པའི་གཏན་ཚིགས་རྣམས་ཞེ་འདོད་ཀྱི་བསྒྲུབ་བྱ་ཐ་སྙད་འབའ་ཞིག་སྒྲུབ་པའི་ཆ་ནས་སྤྱིར་སྒྲུབ་པའི་གཏན་ཚིགས་དང་། བྱེ་བྲག་རང་བཞིན་གྱི་གཏན་ཚིགས་སུ་འཇོག་པ་འདི་ནི་རྣམ་འགྲེལ་ལ་མཛད་པའི་གཞུང་གི་དགོངས་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་དེ་ཡོད་པ་ལས་དེའི། །རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ། །ཅེས་དང་། རྒྱུ་ལས་འབྲས་བུ་སྒྲུབ་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །དབུ་མ་ཐལ་འགྱུར་བ་ལྟར་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ལས་བརྩམས་པའི་གཏན་ཚིགས་ཐམས་ཅད་དགག་པའི་གཏན་ཚིགས་ཁོ་ནར་ངེས་ཀྱི། སྒྲུབ་པའི་གཏན་ཚིགས་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན། རྟེན་འབྲེལ་གྱི་རྟགས་ཀྱིས་དོན་དམ་དུ་ཡོད་པ་དང་། ཐ་སྙད་དུ་མེད་པ་
གཉིས་ཀ་འགོག་པར་བྱེད་མོད་ཀྱི། དེ་དག་གང་དུ་ཡང་མི་སྒྲུབ་པ་བཞིན་ནོ། །དེ་ལྟར་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་པ་ལ་གསུམ་སྟེ། བདེན་གྲུབ་ཀྱི་སྤྲོས་པ་འགོག་བྱེད་ཀྱི་རིགས་པ་བཤད། བདེན་མེད་ཀྱི་སྤྲོས་པ་འགོག་བྱེད་ཀྱི་རིགས་པ་བཤད། སྤྲོས་བྲལ་གྱི་སྤྲོས་པ་འགོག་བྱེད་རིགས་པ་ཁ་བསྐང་སྟེ་བཤད་པའོ། །དང་པོ་ལ། བཞི་ལས། གཅིག་དང་དུ་བྲལ་གྱི་གཏན་ཚིགས་ལ། རྩ་བའི་གཏན་ཚིགས་འགོད། རྟགས་ཆོས་དོན་གསུམ་ངོས་གཟུང་ཚུལ་སྒྲུབ། སྒྲུབ་པའི་ངག་བཀོད་ནས་རྗེས་དཔག་སྐྱེ་བའི་ཚུལ་ལོ། །དང་པོ་ནི། རང་རྒྱུད་པ་ལྟར་ན། དབུ་མ་པས་སྔ་རྒོལ་དང་། དངོས་པོར་སྨྲ་བས་ཕྱི་རྒོལ་དུ་བྱས་ཏེ། ཕྱི་ནང་གི་དངོས་པོ་དེ་དག་ཆོས་ཅན། དོན་དམ་པར་རང་བཞིན་གྱིས་གྲུབ་པ་མེད་དེ། རིགས་པས་དཔྱད་ན་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའི་ཕྱིར་ཞེས་པའོ། །དེ་སྐད་དུ་ཡང་། དབུ་མའི་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་སོ། །གཉིས་པ་ལ་ཆོས་ཅན་གྱི་དོན། བསྒྲུབ་བྱའི་ཆོས་ཀྱི་དོན། གཏན་ཚིགས་ཀྱི་དོན་ནོ། །དང་པོ་ལ། གཏན་ཚིགས་འདི་ནི་དབུ་སེམས་གཉིས་ཀྱི་ཐུན་མོང་གི་རིགས་པ་ཡིན་པས། མི་འདྲ་བའི་ཁྱད་པར་ནི་ཆོས་ཅན་གྱི་སྒོ་ནས་འབྱེད་པ་ཡིན་ནོ། །ཇི་ལྟར་ཞེ་ན། སེམས་ཙམ་པས་དོན་སྨྲ་བའི་ངོར། ཕྱི་རོལ་གྱི་དོན་ཆོས་ཅན་དུ་འཛིན་པ་ཡིན་ལ། རྣལ་འབྱོར་སྤྱོད་པའི་དབུ་མ་པས་ནི། སེམས་ཙམ་རྣམས་བདེན་པའི་ངོར། ཕྱི་རོལ་གྱི་དོན་གྱི་རྣམ་པ་ཅན་གྱི་གཟུང་རྣམ་ཆོས་ཅན་དུ་འཛིན་པ་ཡིན། ངོ་བོ་ཉིད་མེད་པར་སྨྲ་བས་རྣམ་རྫུན་པའི་ངོར། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ཆོས་ཅན་དུ་བཟུང་ནས་གཏན་ཚིགས་འདི་འགོད་པ་ཡིན་ནོ། །གྲུབ་མཐའ་འོག་མ་རྣམས་ལ་མ་ཞུགས་པའི་རྒོལ་བ་དང་། ཉན་ཐོས་སྡེ་པའི་ངོར། ངོ་བོ་ཉིད་མེད་པར་
སྨྲ་བས་གཏན་ཚིགས་འདི་འགོད་པ་སྐབས་སུ་བབ་པའི་ཚེ་ནི་ཕྱི་ནང་གི་དངོས་པོ་མཐའ་དག་ཆོས་ཅན་དུ་བཟུང་བ་རྒྱན་ལས་གསུངས་པ་དེ་ཉིད་དོ། །རྒྱན་དང་བདེན་གཉིས་ལས། གཞུང་གིས་བསྐྱེད་པའི་བྱེ་བྲག་གིས། །ཆོས་ཅན་སྤངས་ནས་མཁས་པ་དང་། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །སྒྲུབ་དང་སྒྲུབ་པའི་དངོས་པོ་འདི། །མ་ལུས་ཡང་དག་འཇུག་པར་འགྱུར། །དེ་ལྟ་མིན་ན་གཞི་མ་གྲུབ། །ལ་སོགས་ལན་ནི་ཇི་སྐད་གདབ། །ཅེས་དང་། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང་། །ཞེས་གསུངས་པའི་དོན་ལ། བོད་ཀྱི་སློབ་དཔོན་གཞན་དག་ནི་རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་ལ། སྤྱིར་ཤེས་འདོད་ཆོས་ཅན་ཚད་མས་གྲུབ་པ་དང་། བྱེ་བྲག་ཏུ་རྒོལ་བ་གཉིས་ཀའི་ཚད་མ་ཅི་འདྲ་ཞིག་གིས་གྲུབ་པའི་འགྲུབ་ཚུལ་མཐུན་སྣང་དུ་གྲུབ་པ་ཞིག་དགོས་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། དབུ་མ་རང་རྒྱུད་པའི་སྐབས་འདིར་ལོག་པའི་ཀུན་རྫོབ་ཇི་སྙད་ཚད་མས་གྲུབ་པར་མི་འདོད་པའི་ཕྱིར་དང་། རྟོག་གེའི་གཞུང་དུ་ཡང་དགག་པའི་གཏན་ཚིགས་རྣམས་ལ་རློམ་ཚོད་ཀྱི་ཆོས་ཅན་ཚད་མས་གྲུབ་པར་ཁས་ལེན་པའི་ངེས་པ་མེད་དོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་གཙོ་བོ་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཆོས་ཅན་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཞེས་བཤད་པ་དེ་ནི། སྤྱིར་སྒྲུབ་པའི་གཏན་ཚིགས་དང་། བྱེ་བྲག་ཏུ་དངོས་པོར་གྱུར་པའི་ཆོས་གཏན་ཚིགས་སུ་བཀོད་པ་རྣམས་ཀྱི་སྟེང་ནས་རྩི་དགོས་པར་དབུ་མ་རྒྱན་གྱི་རང་འགྲེལ་ལས་གསལ་བར་བཤད་དོ། །ཚད་མ་ཅི་འདྲ་ཞིག་གིས་འགྲུབ་པའི་འགྲུབ་ཚུལ་མཐུན་སྣང་དུ་གྲུབ་པ་ཞིག་དགོས་པར་འདོད་པ་ནི་གཏན་མ་ཡིན་ཏེ། དབུ་མ་པ་དང་། དངོས་པོར་སྨྲ་བ་གཉིས་ཕྱི་རོལ་གྱི་དོན་དང་། དོན་སྣང་གི་ཤེས་པ་
སོགས་ཚད་མ་ཇི་འདྲ་ཞིག་གིས་འགྲུབ་པའི་ཚུལ་གཏན་མི་མཐུན་པའི་ཕྱིར། ཇི་ལྟར་ཞེ་ན། དབུ་མ་པ་ལྟར་ན་ནི། དེ་དག་མཐོང་བ་བརྫུན་པས་རྙེད་པ་ཡིན་ལ། གཞན་གྱི་ལུགས་ལྟར་ན་ནི། མཐོང་བ་ཡང་དག་པའི་རྙེད་དོན་དུ་ཁས་ལེན་དགོས་པའི་ཕྱིར། དེ་ཡང་གྲུབ་མཐའ་ལ་མ་ཞུགས་པའི་འཇིག་རྟེན་པས་ནི། ཕྱི་དོན་རགས་པ་རྣམས་དོན་དམ་པའི་བདེན་པར་ཁས་ལེན། དོན་སྨྲ་གཉིས་ཀྱིས་ནི། རྡུལ་ཕྲ་རབ་དོན་དམ་པའི་བདེན་པར་ཁས་ལེན། སེམས་ཙམ་རྣམས་བདེན་པས་ནི་དོན་སྣང་གིས་ཤེས་པ་དང་། རྣམ་བརྫུན་པས་གཉིས་མེད་ཀྱི་ཤེས་པ་དོན་དམ་པའི་བདེན་པར་ཁས་ལེན་ལ། དབུ་མ་པས་ནི། དེ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་པས་གཞི་གཅིག་ཉིད་གཞན་གྱིས་ཀུན་རྫོབ་བདེན་པར་ཁས་ལེན་ཅིག་ཤོས་ཀྱིས་དོན་དམ་པའི་བདེན་པར་ཁས་ལེན་པ་དེ་ལ། ཚད་མ་ཅི་འདྲ་ཞིག་གིས་འགྲུབ་པའི་འགྲུབ་ཚུལ་མཐུན་སྣང་དུ་གྲུབ་པ་འབྱུང་བ་སྲིད་པ་མ་ཡིན་ཏེ། དེའི་ཚེ་ན་དེ་འདྲ་དེ་དབུ་མ་པས་ནི། ཚད་མིན་གྱི་བློས་རྙེད་པའི་དོན་དུ་ཁས་ལེན་ལ། ཅིག་ཤོས་དེ་དང་དེ་དག་གིས་ནི་དེ་དང་དེ་དག་ཚད་མས་རྙེད་པའི་དོན་དུ་ཁས་ལེན་པའི་ཕྱིར་རོ། །འོ་ན་རྒྱན་དང་བདེན་གཉིས་ཀྱི་ལུང་དེ་དང་དེའི་དོན་ཅི་ཞེ་ན། རང་རྒྱུད་ཀྱི་རྟགས་ཀྱི་ཆོས་ཅན་དུ་ནི། སྣང་ལོག་ཀུན་རྫོབ་དང་བཏགས་ལོག་ཀུན་རྫོབ་ཏུ་བཤད་པ་དེ་དག་གང་ཡང་ཆོས་ཅན་དུ་མི་བཟུང་གི དབུ་མ་པས་ཡང་དག་པའི་ཀུན་རྫོབ་ཅེས་ཐ་སྙད་བྱས་ཞིང་། འཇིག་རྟེན་གྱིས་དོན་དམ་པའི་བདེན་པར་ཁས་བླངས་པའི་དོན་དེ་དང་དེ་དག་ཆོས་ཅན་དུ་བཟུང་ནས། བདེན་པར་མེད་པ་བསྒྲུབ་བྱའི་ཆོས་དང་། རྟེན་འབྲེལ་ལ་སོགས་པ་གཏན་ཚིགས་སུ་ཁས་ལེན་པས། ཆོས་ཐམས་ཅད་རང་བཞིན་མེད་པར་སྨྲ་བའི་ཕྱོགས་ལ་རང་རྒྱུད་ཀྱི་གཏན་ཚིགས་འཐད་དོ་ཞེས་པའི་དོན་ནོ། །འོ་ན་ཆོས་ཅན་དེ་ཚད་མ་གང་གིས་འགྲུབ་ཅེ་ན། དེ་ཚད་མས་གྲུབ་པར་འཆད་པ་ནི་རང་རྒྱུད་ཀྱི་
གཞུང་ན་ཡོད་པ་མ་ཡིན་གྱི། འོ་ན་ཅི་ཞིག་ཡོད་ཅེ་ན། མཁས་པ་ནས་བྱིས་པའི་བར་གྱི་ལྷན་ཅིག་སྐྱེས་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་མཐུན་སྣང་དུ་གྲུབ་པར་སྣང་བ་དེ་ཉིད་དོ་ཞེས་འཆད་པ་ཡིན་ནོ། །གཉིས་པ་བསྒྲུབ་བྱའི་ཆོས་ཀྱི་དོན་ནི། བོད་སྔ་མ་དག སྒྱུ་མ་ལྟ་བུ་བསྒྲུབ་བྱའི་ཆོས་སོ། །ཞེས་གསུངས་པ་དང་། གཞན་དག་བདེན་པ་བཀག་ཙམ་གྱི་མེད་དགག་བསྒྲུབ་བྱའི་ཆོས་སོ། །ཞེས་གསུངས་པ་དག་སྣང་ཡང་། ཁོ་བོ་ནི་འདི་ལྟར་འཆད་དེ། གཏན་ཚིགས་འདིས་དགག་བྱ་འགོག་ཚུལ་དང་། བསྒྲུབ་བྱ་སྒྲུབ་ཚུལ་གཉིས་ལས། དང་པོ་ནི། ཆོས་ཅན་དེའི་སྟེང་དུ། བདེན་ཡོད་བཀག་ཙམ་གྱི་མེད་དགག་དེ་ཉིད་ཡིན་ལ། དེའི་ཆ་ནས་དགག་པའི་གཏན་ཚིགས་སུ་བཞག་གོ །གཉིས་པ་ནི། བདེན་པར་མེད་པའི་ཡུལ་ཅན་གྱི་ཤེས་པ་དང་བརྗོད་པ་དག་ཡིན་ལ། དེའི་ཆ་ནས་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་སུ་བཞག་གོ །འདིར་འགོག་རྒྱུའི་བདེན་པ་དང་། རང་བཞིན་ཞེས་བྱ་བ་དེ་ཡང་ཀུན་རྫོབ་ཀྱི་དེ་དང་དེ་ལ་བྱ་བ་ཡིན་གྱི། དོན་དམ་པའི་དེ་དང་དེ་ལ་བྱ་བ་མ་ཡིན་ཏེ། འདིར་ནི་དེ་ཉིད་འབད་པས་སྒྲུབ་པའི་སྐབས་ཡིན་པའི་ཕྱིར། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་རང་བཞིན་མེད་པ་དེ་ཉིད་ལ་ནི་དོན་དམ་པའི་དེ་དང་དེ་ཡིན་པའི་ཐ་སྙད་མཛད་པ་ཡིན་ནོ། །དེའི་ཕྱིར་བདེན་འཛིན་གྱི་སྤྲོས་པ་གཅོད་པའི་སྐབས་འདིར་ཤེས་འདོད་ཆོས་ཅན་ནི། ཀུན་རྫོབ་ཀྱི་བདེན་པ་ཁོ་ནར་ངེས་ལ། དེའི་ཚེ་རང་བཞིན་གྱིས་མེད་དེ། ཞེས་སྒྲུབ་པ་དེའི་ཚེ། ཀུན་རྫོབ་ཀྱི་རང་བཞིན་དེ་ཉིད་ལ་བསམས་པ་ཡིན་ལ། དེ་ཡང་དེ་འཛིན་པའི་ལྷན་ཅིག་སྐྱེས་པའི་རྟོག་པས་ཇི་ལྟར་བཟུང་བའི་འཛིན་སྟངས་ཀྱི་གཟུང་བྱ་དེ་ཉིད་དོ། །དེ་ལྟར་བཤད་པ་ན། ཆོས་ཅན་ཀུན་རྫོབ་པ་དེའི་སྟེང་དུ་ཀུན་རྫོབ་ཀྱི་རང་བཞིན་དེ་ཉིད་ཀྱིས་སྟོང་པའི་ཕྱིར། རང་སྟོང་ཞེས་བྱ་བའི་དོན་ཡང་དེ་ཉིད་ཡིན་ནོ། །དོན་དམ་པའི་བདེན་པ་ལ་ནི། ངོས་འཛིན་ཚུལ་གཉིས་
ལས། ཤེས་བརྗོད་ཀྱི་ཐ་སྙད་བྱས་པ་དང་། དེ་ལས་འདས་པ་ཐ་སྙད་དུ་བྱ་བར་མི་ནུས་པའོ། །དང་པོ་ནི། རང་སྟོང་ཡིན་ཏེ། རྟོག་པས་དོན་དམ་པའི་བདེན་པར་བཟུང་བ་དེ་ཉིད་རྟོག་པ་དེས་ཇི་ལྟར་བཟུང་བའི་བདེན་པ་དེ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །གཉིས་པ་ནི་རང་སྟོང་དང་གཞན་སྟོང་གང་དུ་ཡང་ཁས་ལེན་པ་མ་ཡིན་ཏེ། དེའི་སྟེང་དུ་དགག་བྱ་གང་ཡང་སྒྲོ་འདོགས་པའི་རྟོག་པ་མི་སྲིད་པའི་ཕྱིར་རོ། །འོ་ན་སྟོང་པ་ཉིད་རང་བཞིན་མེད་པར་གྲུབ་པ་དེའི་ཚེ། ཀུན་རྫོབ་དང་དོན་དམ་པའི་རང་བཞིན་གཉིས་ལས་གང་ཞིག་འགོག་པ་ཡིན་ཞེ་ན། ཐ་སྙད་བྱེད་པའི་ཚེ་ནི། དོན་དམ་པའི་རང་བཞིན་ཉིད་འགོག་པར་བྱེད་པ་ཡིན་ལ། ཞེ་འདོད་དང་སོང་ཚོད་ལ་ནི་ཀུན་རྫོབ་ཀྱི་རང་བཞིན་ཉིད་བཀག་པར་སོང་བ་ཡིན་ཏེ། དེའི་སྟེང་དུ་སྟོང་ཉིད་འཛིན་པའི་རྟོག་པས་ཇི་ལྟར་བཟུང་བའི་འཛིན་སྟངས་ཀྱི་གཟུང་བྱ་དེ་ཉིད་འགོག་པའི་ཕྱིར་དང་། དོན་དམ་པའི་བདེན་པ་གོ་ཆོད་པོ་དེ་ནི་རྟོག་པ་ལ་མི་འཆར་ལ། དེ་ལ་མཚན་མ་གང་དུ་ཡང་མི་འཆར་བ་དེ་ནི་དབུ་མའི་རྟགས་ཀྱིས་མི་འགོག་པའི་ཕྱིར་རོ། །གསུམ་པ་རྟགས་ཀྱི་དོན་ནི། བོད་སྔ་ཕྱི་རྣམས་མཐུན་པར་བདེན་པའི་གཅིག་དང་དུ་བྲལ་རྟགས་སུ་འགོད་པ་ཡིན་གྱི། སྤྱིར་གཅིག་དང་དུ་མ་དང་བྲལ་བ་རྟགས་སུ་མི་འགོད་དོ། །ཞེས་གསུང་མོད། དེ་ཡང་ཚིག་ཙམ་དུ་སོང་བས་གོ་བ་མི་སྟེར་བའི་ཕྱིར། འདི་ལྟར་འཆད་དགོས་ཏེ། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པའི་ངོར། གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའོ། །རིགས་པ་དེ་ཡང་གང་ལ་བྱ་ཞེ་ན། མྱུ་གུ་ལྟ་བུ་གཅིག་དང་དུ་མ་གང་དུ་ཡོད་ཅེས་དཔྱོད་པའི་རིགས་པ་དེའོ། །རིགས་པ་དེའི་ངོར་དེ་དང་དེར་ཡོད་ན་རྫས་ཀྱི་གཅིག་དང་དུ་མ་གང་རུང་ཡོད་དགོས་པ་ཡིན་གྱི། ལྡོག་པ་ལ་དེར་ཡོད་པས་དེ་དང་དེར་ཡོད་པའི་གོ་མི་ཆོད་དེ། ལྡོག་པ་ཞེས་བྱ་བ་ནི་བློ་རྟོག་པའི་ཆོས་ཁོ་ན་ཡིན་པས་དངོས་པོར་སྨྲ་བ་དག་གི་ངོར་ཡང་འདི་ལ་བདེན་པའི་དོན་མ་ཚང་བའི་ཕྱིར་རོ། །གསུམ་པ་ཚུལ་
སྒྲུབ་པ་ལ། ཕྱོགས་ཆོས་སྒྲུབ་པ་དང་། ཁྱབ་པ་སྒྲུབ་པའོ། །དང་པོ་ལ་གཅིག་བྲལ་དུ་སྒྲུབ་པ་དང་། དུ་བྲལ་དུ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཕྱི་རོལ་གྱི་དོན་ལ་དང་། ཤེས་པ་ལ་སྒྲུབ་པའོ། །དང་པོ་ལ། རགས་པ་ལ་སྒྲུབ་པ་དང་། རྡུལ་ཕྲ་རབ་ལ་སྒྲུབ་པའོ། །དང་པོ་ནི། ཇི་སྐད་དུ། དབུ་མའི་རྒྱན་ལས། ཐ་དད་ཆོས་ཅན་དང་འབྲེལ་ཕྱིར། །ཁྱབ་རྣམས་གཅིག་པུར་ག་ལ་འགྱུར། །བསྒྲིབས་དང་མ་བསྒྲིབས་སོགས་དངོས་ཕྱིར། །རགས་པ་རྣམས་ཀྱང་གཅིག་པུ་མིན། །ཞེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། དེ་ཉིད་ལས། འབྱར་བ་འམ་ནི་སྐོར་བ་འམ། །བར་མེད་རྣམ་པར་གནས་ཀྱང་རུང་། །དབུས་ནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་བལྟ་བ་ཡང་། །གལ་ཏེ་དེ་ཉིད་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །རྡུལ་ཕྲན་གཞན་ལ་བལྟས་པའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུར། །གཅིག་པུ་ཆ་ཤས་མེད་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བཤད་པ་དེ་དག་ནི་སེམས་ཙམ་པ་དང་རིགས་པ་ཐུན་མོང་བ་ཡིན་ལ། རྣལ་འབྱོར་སྤྱོད་པ་བས་ཕྱི་རོལ་དོན་གྱི་སྟེང་དུ་བདེན་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་དེ་ལས། ཆེས་ཤིན་ཏུ་ཟབ་ཅིང་ཕྲ་བ་ཞིག་དབུ་མ་པ་ལ་བསྟན་རྒྱུ་མེད་པས་དེས་དེའི་སྟེང་དུ་བདེན་མེད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་གཏན་ལ་ཕེབས་པ་ཡིན་ནོ། །ཞེས་བྱ་བ་འདི་ངེས་སོ། །དེ་ལྟ་ན་ཡང་། རིགས་པ་གཞན་ལ་རག་མ་ལས་པར་ཤེས་པ་བདེན་མེད་དུ་གཏན་ལ་འབེབས་མ་ནུས་པ་དེ་སྲིད་དུ་ནི། སེམས་ཙམ་གྱིས་གྲུབ་པའི་མཐའ་ལ་གནས་པ་ཞེས་བྱ་ལ། རིགས་པ་དེ་ཉིད་ཀྱིས་ནང་ཤེས་པ་ལ་ཡང་དཔྱོད་པ་འཇུག་པ་དེའི་ཚེ་ནི། ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་པའི་མཐའ་ལ་ཞུགས་པ་དང་། འཛིན་པ་བདེན་མེད་ལ་ཞུགས་པ་ཞེས་བྱའོ། །གཉིས་པ་ཤེས་པ་བདེན་མེད་དུ་སྒྲུབ་པ་ལ་གཉིས་ཏེ། རྣམ་བཅས་དེར་སྒྲུབ་པ་དང་། རྣམ་མེད་དེར་
སྒྲུབ་པའོ། །དང་པོ་ལ་དོན་གྱི་རྣམ་པ་སྣང་བའི་ཤེས་པ་བདེན་གྲུབ་ཏུ་ཁས་ལེན་པ་ནི། མདོ་སྡེ་པ་དང་སེམས་ཙམ་རྣམ་བདེན་པ་གཉིས་ཐུན་མོང་གི་འདོད་པ་ཡིན་ལ། དེ་ལའང་གཟུང་འཛིན་གྲངས་མཉམ་པ་དག་གི་འདོད་པ་ནི། རྣམ་པའི་གྲངས་དང་མཉམ་པའི་ཤེས་པ་ཁས་ལེན་པས་དོན་སྣང་གི་ཤེས་པ་བདེན་པའི་དུ་མར་འདོད་ལ། སྣ་ཚོགས་གཉིས་མེད་དུ་སྨྲ་བ་དག་གིས་ནི། སྣ་ཚོགས་སུ་སྣང་བའི་རྣམ་པ་དེ་ཉིད་ཤེས་པ་གཅིག་གི་ངོ་བོར་འདོད་པས་བདེན་པའི་གཅིག་ཏུ་ཁས་ལེན་ནོ། །དེ་འགོག་པ་ནི། ཇི་སྐད་དུ། དབུ་མའི་རྒྱན་ལས། ཅི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་ཕྲན་འདྲ་འགྱུར་བས། །དཔྱད་པ་འདི་ལས་བཟློག་པར་དཀའ། །ཞེས་དང་། གལ་ཏེ་སྣ་ཚོགས་དེ་གཅིག་ན། །ནམ་མཁའི་གོས་ཅན་ལུགས་སམ་ཅི། །སྣ་ཚོགས་གཅིག་པོའི་རང་བཞིན་མིན། །རིན་ཆེན་སྣ་ཚོགས་ལ་སོགས་འདྲ། །ཞེས་གསུངས་སོ། །དེ་ལྟར་བཤད་པ་དེ་དག་ནི་གཟུང་རྣམ་བདེན་མེད་དུ་གྲུབ་པའི་རིགས་པ་ཡིན་ལ། དེ་ཡང་སེམས་ཙམ་རྣམ་བརྫུན་པ་དང་ཐུན་མོང་གི་རིགས་པ་ཡིན་གྱི། དེ་དེར་སྒྲུབ་པའི་རིགས་པ་དེ་ལ་མེད་པ་ཞིག ངོ་བོ་ཉིད་མེད་པར་སྨྲ་བ་ལ་ཡོད་པ་མ་ཡིན་ཏེ། རྣམ་འགྲེལ་མཛད་པས་ཇི་སྐད་དུ། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོར་སྣང་ཅན་དངོས་གཅིག་ལ། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་དེ་ཉིད་ཉམས་ཕྱིར་རོ། །གཞན་ལས་གཞན་ཉིད་ཉམས་ཕྱིར་རོ། །རང་བཞིན་མཐོང་མེད་ཕྱིར་གཅིག་མིན། །ཞེས་བཤད་པ་འདི་ཉིད་རྣམ་བརྫུན་པས་གཟུང་རྣམ་བདེན་མེད་དུ་སྒྲུབ་པའི་རིགས་པ་དངོས་ཡིན་པའི་ཕྱིར་དང་། གང་གི་དངོས་པོ་རྣམ་དཔྱད་ན། །ཞེས་སོགས་ཀྱི་ལུང་འདི་དབུ་མ་རྒྱན་གྱི་རང་འགྲེལ་དུ་དྲངས་ནས། བློ་གྲོས་དཀར་པོ་རྣམས་ཀྱིས་དོན་འདི་དེ་དང་དེར་སྨོས་ཏེ། ཞེས་བཤད་པའི་ཕྱིར་རོ། །གཉིས་པ་བློ་རྣམ་མེད་བདེན་མེད་དུ་སྒྲུབ་པ་ནི། ཇི་སྐད་དུ། དབུ་མའི་རྒྱན་ལས། དེ་མེད་ན་ནི་ཤེས་དེ་ཡང་། །རྣམ་པ་མེད་པ་ཉིད་ཀྱིས་འགྱུར།
།ཤེལ་སྒོང་དག་པ་འདྲ་བ་ཡི། །ཤེས་པ་རབ་ཏུ་ཚོར་དུ་མེད། །ཅེས་སྣང་རུང་མ་དམིགས་པའི་གཏན་ཚིགས་གསུངས་ལ། འདི་ནི་ངོ་བོ་ཉིད་མེད་པར་སྨྲ་བའི་ཐུན་མོང་མ་ཡིན་པའི་རིགས་པ་ཡིན་པས་འཕགས་པ་ཉིད་ཀྱི་གཞུང་ལས་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། ཐོག་མ་དབུས་དང་ཐ་མ་ཡང་། །སྐད་ཅིག་བཞིན་དུ་བསམ་བྱས་ན། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་པ་འདི་ཉིད་གསལ་རིག་གི་ངོ་བོ་གཅིག་བྲལ་དུ་སྒྲུབ་པའི་རིགས་པ་ཡིན་ནོ། །དངོས་པོ་གང་ལ་གཅིག་མེད་པ་དེ་ལ་དུ་མ་ཡོད་པ་མ་ཡིན་ཏེ། དུ་མ་ནི་གཅིག་བསགས་པ་ལས་འབྱུང་དགོས་པའི་ཕྱིར། དེ་སྐད་དུ་ཡང་། དབུ་མའི་རྒྱན་ལས། དངོས་པོ་གང་གང་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་ལ། །དེ་ལ་དུ་མ་ཉིད་ཀྱང་མེད། །ཅེས་གསུངས་སོ། །འདིར་གངས་ཅན་པ་ཕྱི་མ་དག ཆོས་ཐམས་ཅད་ཆ་བཅས་སུ་གྲུབ་པ་ན། ཆ་མེད་གཅིག་ཡོད་པ་ཁེགས། དེ་ཁེགས་པ་ན་བདེན་པའི་གཅིག་ཁེགས། དེ་ཁེགས་པ་ན་བདེན་པའི་དུ་མ་ཡང་ཁེགས། དེ་ཙམ་གྱིས་བདེན་མེད་གཏན་ལ་ཕེབས་སོ་ཞེས་སྨྲ་བ་དང་། དགག་བྱ་བདེན་ཚད་ངོས་མ་ཟིན་པར་བདེན་མེད་གཏན་ལ་འབེབས་མི་ནུས་སོ་ཞེས་ཟེར་བ་དང་། ཆོས་གཅིག་གི་སྟེང་དུ་བདེན་མེད་ཚད་མས་གཏན་ལ་ཕེབས་ན། ཆོས་ཅན་མཐའ་དག་གི་སྟེང་དུ་བདེན་མེད་གཏན་ལ་ཕེབས་སོ་ཞེས་ཟེར་བ་དེ་ཐམས་ཅད་ནང་འགལ་བ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ལྟར། མདོ་སྡེ་པ་ཆོས་ཅན། ཁྱད་གཞི་རི་རབ་ཀྱི་སྟེང་དུ་བདེན་པའི་གཅིག་བྲལ་གྱི་དོན་གྲུབ་པར་ཐལ། དེའི་སྟེང་དུ་ཆ་བཅས་ཀྱི་དོན་གྲུབ་པའི་ཕྱིར། འདོད་ན་དེ་ལ་བདེན་པའི་དུ་མ་ཁེགས་པར་ཐལ། དེར་བདེན་པའི་གཅིག་ཁེགས་པའི་ཕྱིར། དེ་ཡང་འདོད་ན། དེའི་སྟེང་དུ་བདེན་མེད་ཀྱི་དོན་གྲུབ་པར་ཐལ།
དེར་བདེན་པའི་གཅིག་དང་དུ་བྲལ་གྱི་དོན་གྲུབ་པའི་ཕྱིར། ཞེས་བྱ་བའི་ཐལ་བ་འདི་དང་། ཡང་། མདོ་སྡེ་པ་ཆོས་ཅན། རི་རབ་ཀྱི་སྟེང་དུ་བདེན་གྲུབ་ཀྱི་ཚད་ངེས་པར་ཐལ། དེའི་སྟེང་དུ་བདེན་མེད་ཀྱི་ཚད་ངེས་པའི་ཕྱིར། ཞེས་བྱ་བའི་ཐལ་བ་འདི་དག་བཟློག་པར་མི་ནུས་སོ། །གཉིས་པ་ཁྱབ་པ་སྒྲུབ་པ་ལ། གཞན་གྱི་ལུགས་མི་འཐད་པ་དང་། རང་གི་ལུགས་བཞག་པའོ། །དང་པོ་ནི། བོད་ཕྱི་མ་དག་ན་རེ། རྟགས་དེ་མཐུན་ཕྱོགས་ཁོ་ན་ཡོད་པ་དང་། མི་མཐུན་ཕྱོགས་ལ་མེད་ངེས་པ་ལ་ཚད་མ་གསུམ་དགོས་ཏེ། བདེན་པའི་གཅིག་དང་དུ་བྲལ་ངེས་པའི་ཚད་མ་དང་། རྟགས་དེ་དང་མི་མཐུན་ཕྱོགས་ཀྱི་གཞི་མཐུན་མི་སྲིད་པར་ངེས་པའི་ཚད་མ་དང་། བདེན་པར་ཡོད་མེད་དངོས་འགལ་དུ་ངེས་པའི་ཚད་མའོ། །འདིར་བྱད་བཞིན་གྱི་གཟུགས་བརྙན་དཔེར་བྱེད་པ་ནི། བྱད་བཞིན་གྱི་གཟུགས་བརྙན་ལ་དངོས་སྨྲ་བས། བདེན་མེད་ཚད་མས་ངེས་པའི་རྒྱུ་མཚན་གྱིས་མཐུན་དཔེར་བྱེད་པ་མ་ཡིན་ཏེ། གཞི་གཅིག་གི་སྟེང་དུ་དབུ་མའི་ལྟ་བ་ཚད་མས་གཏན་ལ་ཕེབས་ན། ཚད་མ་དེའི་བྱེད་པས་ཚད་མ་གཞན་ལ་ལྟོས་མེད་དུ་བློ་ཁ་ཕྱོགས་པ་ཙམ་གྱིས་ཆོས་ཐམས་ཅད་ཀྱི་སྟེང་དུ་བདེན་མེད་ངེས་པར་འགྱུར་བའི་ཕྱིར། འོ་ན་མཐུན་དཔེར་བྱེད་པ་ཅི་ཞེ་ན། དབུ་མའི་ལྟ་བ་མ་གོ་བ་དག་གིས་ཀྱང་། བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་མི་བདེན་པར་ངེས་པས་དེ་དཔེར་བྱེད་པ་ཡིན་ནོ། །འདི་ཙམ་ཡང་མ་ཤེས་པར་བླུན་པོ་ཤེས་རབ་བྲལ་བ་དག་མཐུན་དཔེ་སྒྲུབ་པས་ཤིན་ཏུ་ཚེགས་ཆེ་བར་སྣང་ངོ་། །ཞེས་ཟེར་རོ། །འདི་སྐད་ཅེས་ཟེར་བ་འདི་ནི་སྤྱིར་རྟགས་ཀྱི་རྣམ་གཞག་མ་གོ་བ་དང་། གྲུབ་པའི་མཐའ་ལ་ཞུགས་པ་དང་མ་ཞུགས་པ་དག་གི་བདེན་མེད་ཀྱི་རྣམ་གཞག་ཁས་ལེན་ཚུལ་གྱི་ཁྱད་པར་རྣམས་ཕྱིན་ཅི་ལོག་ཏུ་འཆད་པའི་གཏམ་ཁོ་ན་ཡིན་པས་ཁས་བླངས་ནང་འགལ་བ་དང་། ལུང་དང་རིགས་པ་
དང་འགལ་བ་དག་ཕྱོགས་དེ་ལ་ཆར་བཞིན་འབབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། གཏན་ཚིགས་འདིའི་རྗེས་འགྲོ་དང་ལྡོག་ཚུལ་ཚད་མས་ངེས་ཤིང་དེ་སྐོར་གྱི་རྗེས་དཔག་རྒྱུད་ལ་མ་སྐྱེས་པའི་ཕྱི་རྒོལ་དེ་ཆོས་ཅན། རྩོད་གཞི་ཆོས་ཅན་དེ་བདེན་མེད་དུ་ཚད་མས་ངེས་ཟིན་པར་ཐལ། དེ་བདེན་པའི་གཅིག་དང་དུ་བྲལ་ཡིན་པར་ཚད་མས་ངེས། རྟགས་དེ་དང་བདེན་ཡོད་ཀྱི་གཞི་མཐུན་མི་སྲིད་པར་ཚད་མས་ངེས། བདེན་པར་ཡོད་མེད་དངོས་འགལ་དུ་ཚད་མས་ངེས་པའི་ཕྱིར། ཞེས་པའི་ཐལ་བ་འདི་དང་། ཡང་རྒོལ་བ་དེ་ཆོས་ཅན། རྟགས་དེ་དང་མི་མཐུན་ཕྱོགས་ཀྱི་གཞི་མཐུན་ཡོད་མེད་ཐེ་ཚོམ་ཟ་བར་ཐལ། རྩོད་གཞི་ཆོས་ཅན་གང་ཡིན་པ་དེ། རྟགས་དེ་དང་བདེན་ཡོད་ཀྱི་གཞི་མཐུན་དུ་དགོས་པའི་ཕྱིར། ཞེས་པའི་ཐལ་བ་འདི་དང་། ཡང་དེ་ཆོས་ཅན། བྱད་བཞིན་གྱི་གཟུགས་བརྙན་བདེན་མེད་དུ་ཚད་མས་མ་ངེས་པར་ཐལ། དེ་བདེན་ཡོད་མ་ཡིན་པར་ཚད་མས་ངེས་པ་གང་ཞིག བདེན་པར་ཡོད་མེད་ཕན་ཚུན་སྤངས་པའི་དངོས་འགལ་དུ་ཚད་མས་ངེས་པའི་ཕྱིར། རྟགས་སྔ་མ་ཁས་བླངས་པའི་ཚུལ་ནི། དེ་དེར་ངེས་པར་ཐལ། དེ་བདེན་པའི་གཅིག་དང་དུ་བྲལ་དུ་ཚད་མས་ངེས་པ་གང་ཞིག དེ་དང་བདེན་ཡོད་ཀྱི་གཞི་མཐུན་མི་སྲིད་པར་ཚད་མས་ངེས་པའི་ཕྱིར། རྟགས་གཉིས་པ་ཁས་བླངས། དང་པོ་མ་གྲུབ་ན། དེ་ཆོས་ཅན། དེ་སྐོར་གྱི་རྗེས་འགྲོ་ཚད་མས་མ་ངེས་པར་ཐལ། དེ་སྐོར་གྱི་རྟགས་མཐུན་དཔེ་ཆོས་ཅན་ལ་རྗེས་སུ་འགྲོ་བར་ཚད་མས་མ་ངེས་པའི་ཕྱིར། ཞེས་བྱ་བའི་ཐལ་བ་འདི་དང་ཡང་རྟགས་འདིའི་ཁྱབ་འབྲེལ་ཚད་མས་ངེས་པའི་ཕྱི་རྒོལ་དེ་ཆོས་ཅན། ཚད་མ་གཞན་ལ་ལྟོས་མེད་དུ། མྱུ་གུ་ལ་སོགས་པའི་ཆོས་ཐམས་ཅད་བདེན་མེད་དུ་ཚད་མས་ངེས་པར་ཐལ་བ་དང་། བྱེ་བྲག་ཏུ་གཟུགས་བརྙན་བདེན་མེད་དུ་ཚད་མས་ངེས་པར་ཐལ། གཞི་གཅིག་གི་སྟེང་དུ་དབུ་མའི་ལྟ་བ་ཚད་
མས་གཏན་ལ་ཕེབས་པའི་ཕྱིར། དེ་ཕེབས་པར་ཐལ། རྟགས་བདེན་པའི་གཅིག་དང་དུ་བྲལ་གྱི་སྟེང་དུ་བདེན་གྲུབ་ཚད་མས་ཁེགས་པའི་ཕྱིར། ཞེས་བྱ་བའི་ཐལ་བ་འདི་དང་། ཡང་དེ་ཆོས་ཅན། སྤྱིར་བདེན་མེད་ཚད་མས་ངེས་པར་ཐལ། དེ་སྐོར་གྱི་རྟགས་འདི་དང་བདེན་མེད་ཀྱི་འབྲེལ་པ་ཚད་མས་ངེས་པའི་ཕྱིར། ཞེས་པའི་ཐལ་བ་འདི་དང་། ཡང་དེ་ཆོས་ཅན། བདེན་པའི་གཅིག་དང་དུ་བྲལ་ཡིན་ན་བདེན་མེད་ཡིན་པས་ཁྱབ་པ་ཚད་མས་ངེས་པར་ཐལ། རྟགས་དེ་དང་ཆོས་གཉིས་ཀ་ཚད་མས་ངེས། རྟགས་དེ་དང་བདེན་ཡོད་ཀྱི་གཞི་མཐུན་མི་སྲིད་པར་ཚད་མས་ངེས་པའི་ཕྱིར། འདོད་ན། གང་བདེན་པའི་གཅིག་དང་དུ་བྲལ་ཡིན་པ་དེ་ཐམས་ཅད་བདེན་མེད་དུ་ཚད་མས་ངེས་པར་ཐལ། དེ་ཡིན་ན་བདེན་མེད་ཡིན་པས་ཁྱབ་པ་ཚད་མས་ངེས་པའི་ཕྱིར། ཞེས་པའི་ཐལ་བ་འདི་རྣམས་བཟློག་པར་མི་ནུས་སོ། །རིགས་པ་དང་འགལ་བ་ནི། གཟུགས་བརྙན་དེ་དེ་སྐོར་གྱི་མཐུན་ཕྱོགས་མ་ཡིན་པར་འགྱུར་ཏེ། གཏན་ཚིགས་འདི་རྒོལ་བ་གང་ལ་འགོད་པ་སྐབས་སུ་བབ་པའི་རྒོལ་བ་དེས་དེ་སྐོར་གྱི་བསྒྲུབ་བྱའི་ཆོས་ལྡན་དུ་ཚད་མས་མ་ངེས་པའི་ཕྱིར། ཡང་དེ་སྐབས་ཀྱི་རྒོལ་བ་དེས་དེ་སྐོར་གྱི་རྟགས་དེ་དེ་སྐབས་ཀྱི་མཐུན་ཕྱོགས་ལ་ཡོད་པར་མ་ངེས་པར་ཐལ། རྟགས་དེ་མཐུན་དཔེ་ལ་ཡོད་པར་མ་ངེས་པའི་ཕྱིར་རོ། །གསུམ་པ་ལུང་དང་འགལ་བ་ནི། ཕྱི་རྒོལ་བས་ཚུལ་གསུམ་གཏན་ལ་ཕེབས་པ་ལ་ཚད་མ་དེ་གསུམ་ངེས་པ་དགོས་པ་མ་ཡིན་ཏེ། དེ་ལྟར་སྟོན་པའི་ཁུངས་ཐུབ་ཀྱི་ལུང་མེད་པའི་ཕྱིར་དང་། ཡོད་དུ་ཆུག་ཀྱང་ཚད་མ་དེ་གསུམ་སྐྱེས་པ་དེའི་ཚེ་ནི། ཚུལ་གསུམ་དྲན་ལམ་དུ་འཕངས་ཟིན་པས། གཏན་ཚིགས་འགོད་པ་ལ་མ་ལྟོས་པར་རྗེས་དཔག་ངང་གིས་སྐྱེ་བའི་ཕྱིར། ཡང་ཆོས་གཅིག་བདེན་མེད་དུ་རྟོགས་ན་རིགས་པ་དེ་ཉིད་ཀྱིས་ཐམས་ཅད་བདེན་མེད་དུ་རྟོགས་དགོས་ཞེས་ཟེར་བ་སྤྱིར་དབུ་མའི་ལུགས་དང་བྱེ་བྲག་རང་རྒྱུད་
ཀྱི་ལུགས་གཏན་མ་ཡིན་ཏེ། ཞི་འཚོ་ཡབ་སྲས་ཀྱིས་ནི་གོང་དུ་དྲངས་པ་ལྟར་རྣམ་འགྲེལ་མཛད་པའི་གཞུང་ལས་འབྱུང་བའི་གཅིག་དང་དུ་བྲལ་གྱི་གཏན་ཚིགས་དེ་ཉིད་སོར་གཞག་ནས་ཕྱི་རོལ་གྱི་དོན་དང་། བློ་རྣམ་བཅས་བདེན་མེད་དུ་སྒྲུབ་པར་མཛད་པ་ཡིན་གྱི། དེ་ལས་རིགས་པ་ཟབ་མོ་འདོན་རྒྱུ་མི་སྣང་བའི་ཕྱིར་དང་། འཕགས་པའི་གཞུང་ལས། གཅིག་གི་ལྟ་པོ་གང་ཡིན་པ། །ཞེས་སོགས་བཤད་པ་དེ་ཡང་བདེན་མེད་ཙམ་ལ་དགོངས་པ་མ་ཡིན་གྱི། ཡུལ་སྤྲོས་བྲལ་དང་ཡུལ་ཅན་མངོན་སུམ་ལ་དགོངས་པའི་ཕྱིར་དང་། རྗེས་དཔག་རྣམས་ནི་སེལ་བས་འཇུག་པའི་ཕྱིར་རོ། །འོ་ན་གྲུབ་མཐའ་ལ་མ་ཞུགས་པ་དང་། ཞུགས་པ་དག་གི་བདེན་མེད་རྟོགས་ཚུལ་གྱིས་རིམ་པ་ཇི་ལྟ་བུ་ཞེ་ན། བཤད་པ། ལྷན་ཅིག་སྐྱེས་པའི་མ་རིག་པ་ཅན་གྲུབ་པའི་མཐའ་ལ་གཏན་མ་ཞུགས་པ་དག་གིས་ཀྱང་གཟུགས་བརྙན་དང་སྒྱུ་མ་དང་མིག་ཡོར་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་རྣམས་ལ་བདེན་པར་མེད་པའི་དོན་ནི་ལུང་དང་རིགས་པ་ལ་མ་ལྟོས་པར་རང་གི་ངང་གིས་འཆར་པ་ཡིན་ཏེ། དེ་ལས་གཞན་དུ་ན་ལུང་ལས་སྒྱུ་མའི་དཔེ་བརྒྱད་ཀྱི་སྒོ་ནས་རང་བཞིན་མེད་པའི་དོན་གཏན་ལ་ཕེབས་པ་དེའི་ཚེ་ན། དཔེ་དེ་དག་སུ་ཞིག་གི་ངོར་མཐུན་དཔེ་ཡང་དག་ཏུ་འགྲོ་བ་ཡིན་ཞེས་བསམ་དགོས་པ་ཡིན་ནོ། །འོན་ཀྱང་དེའི་ཐ་སྙད་ནི། དཔེ་དེ་དང་དེའི་སྟེང་དུ་ཡང་རྟགས་ཀྱིས་སྒྲུབ་དགོས་པ་ནི་སྲིད་དོ། །ཡང་གྲུབ་པའི་མཐའ་ལ་ཞུགས་པ་དག་ལ་ཡང་། ཉན་ཐོས་སྡེ་པས་ནི་རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་ཀྱང་བདེན་མེད་དུ་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ། ཁྱོད་ཀྱིས་འདི་ནི་ཇི་ལྟར་འདོད་དེ་ལྟར། །མི་བདེན་པ་ཡི་རྒྱུ་ལ་རྟེན་བྱས་ནས། །ཞེས་སོགས་དང་། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །ཞེས་དང་། སློབ་དཔོན་སེང་གེ་བཟང་པོས་ཀྱང་། ཇི་ལྟར་ཕྱི་རོལ་གྱི་
དོན་དུ་སྨྲ་བ་རྣམས་ཀྱི་ལུགས་ལ་ཞེས་དགེ་སྡིག་སོགས་དོན་དམ་དུ་མ་གྲུབ་པ་ཉན་ཐོས་སྡེ་པའི་ལུགས་སུ་བཤད་པའི་ཕྱིར་རོ། །སེམས་ཙམ་པས་ནི་རྡུལ་ཕྲ་རབ་ཀྱང་བདེན་པར་མེད་པ་དང་། རྣམ་བརྫུན་པས་ནི་དོན་སྣང་གི་ཤེས་པ་ཡང་བདེན་མེད་དུ་གཏན་ལ་ཕེབས་པ་ཡིན་ཏེ། ཇི་སྐད་དུ། སློབ་དཔོན་སེང་གེ་བཟང་པོས་རྣལ་འབྱོར་ས་བཞིའི་སྐབས་ནས་འབྱུང་བ་བཞིན་ནོ། །ཉན་ཐོས་སྡེ་པས་རགས་པ་བདེན་མེད་དུ་ཁས་ལེན་པ་དེ་དང་། དབུ་མ་པས་དེ་དེར་ཁས་ལེན་པ་མིང་མཐུན་ཡང་དོན་མི་མཐུན་ནོ་ཞེས་བརྗོད་པར་མི་བྱ་སྟེ། དབུ་མའི་རྒྱན་དུ་གསུངས་པའི་རགས་པ་བདེན་མེད་དུ་སྒྲུབ་པའི་རིགས་པ་མཐར་ཐུག་ནི། བསྒྲིབས་དང་མ་བསྒྲིབས་སོགས་དངོས་ཕྱིར། །རགས་པ་རྣམས་ཀྱང་གཅིག་པུ་མིན། །ཞེས་བཤད་པ་དེར་ཐུག་པ་ཡིན་ལ། དེ་དང་རྣམ་འགྲེལ་ལས། ལག་སོགས་གཡོ་ན་ཐམས་ཅད་དག །ཅེས་པ་ནས། དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། །ཞེས་པའི་བར་གྱིས་རིགས་པ་དེ་ལ་ཟབ་མི་ཟབ་ཀྱི་ཁྱད་པར་ཅི་ཡང་མི་སྣང་བའི་ཕྱིར་རོ། །དེ་ལྟ་ན་ཡང་དངོས་པོར་སྨྲ་བའི་གཞུང་ན་བདེན་མེད་དེ་དག་བདེན་མེད་དུ་སྒྲུབ་པའི་རིགས་པ་མེད་པ་ནི། གཞུང་གོང་འོག་ལས་འབྱུང་བའི་བདེན་མེད་ཙམ་དང་སྤྲོས་པ་དང་བྲལ་བ་ཞེས་བྱ་བའི་ཁྱད་པར་དེ་ཡིན་ནོ། །གཉིས་པ་རང་གི་ལུགས་བཞག་པ་ལ་གཉིས་ཏེ། རྗེས་འགྲོ་སྒྲུབ་པ་དང་། ལྡོག་པ་སྒྲུབ་པའོ། །དང་པོ་ལ། མཐུན་དཔེ་གཟུགས་བརྙན་གྱི་སྟེང་དུ། གཏན་ཚིགས་བདེན་པའི་གཅིག་དང་དུ་བྲལ་ནི། དེ་སྐབས་ཀྱི་རྒོལ་བ་མཁས་བླུན་གང་གིས་ཀྱང་། མངོན་སུམ་གྱིས་འགྲུབ་པས་དེ་དེར་རྟགས་ཀྱིས་སྒྲུབ་མི་དགོས་ལ། དེའི་སྟེང་དུ་རང་བཞིན་མེད་པའི་ཐ་སྙད་ནི་རྟགས་ཀྱི་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ན། དཔེ་བུམ་པའི་སྟེང་དུ་མི་རྟག་པ་བསྒྲུབ་བྱར་བཤད་ཀྱི་བྱས་པ་དེར་མ་བཤད་པ་
བཞིན་ནོ། །འོ་ན་ཇི་ལྟར་སྒྲུབ་ཅེ་ན། མེ་ལོང་ངམ་ཆུ་དྭངས་པའི་ནང་གི་གཟུགས་བརྙན་དེ་ཆོས་ཅན། རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། མེ་ལོང་ངམ། ཆུ་དྭངས་པའི་དངོས་པོར་ཡང་ཡོད་པ་མ་ཡིན། དེ་ལས་གཞན་པའི་དངོས་པོར་ཡང་ཡོད་པ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མེ་ལོང་གི་གནས་ཚུལ་དང་མི་མཐུན་པའི་ཕྱིར། གཉིས་པ་གྲུབ་སྟེ། མེ་ལོང་གི་གོ་སར་གཟུགས་བརྙན་གཉིས་མི་གནས་པའི་ཕྱིར། ཞེས་བྱ་བའི་རིགས་པ་དེ་ཉིད་ཀྱིས་དཔེ་གཟུགས་བརྙན་དེ་དེ་སྐོར་གྱི་མཐུན་ཕྱོགས་སུ་སྒྲུབ་པར་བྱེད་དོ། །དེ་དེར་གྲུབ་པ་ན་རྟགས་མཐུན་ཕྱོགས་ལ་རྗེས་སུ་འགྲོ་ཞེས་བྱ་བ་དེ་ཡང་གྲུབ་པ་ཡིན་ཏེ། དཔེ་དེའི་སྟེང་དུ་གཏན་ཚིགས་དེ་ནི་སྔོན་ཉིད་ནས་མངོན་སུམ་གྱིས་གྲུབ་ཟིན་པའི་ཕྱིར་རོ། །དཔེར་ན་བུམ་པ་དོན་བྱེད་པ་དང་བྱས་པར་མངོན་སུམ་གྱིས་གྲུབ་ཟིན་པ་བཞིན་ནོ། །འདིར་གང་དག བླུན་པོ་ཤེས་རབ་དང་བྲལ་བ་དག་དཔེ་སྒྲུབ་པ་ཚེགས་ཆེ་བར་སྣང་ངོ་། །ཞེས་ཁོ་བོ་ཅག་གི་རྗེ་བཙུན་དམ་པ་སྔོན་བྱོན་པ་འགའ་ཞིག་ལ་བསམས་ནས་སྨྲས་པ་ཡིན་མོད་དེ་སྐད་སྨྲ་བ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་འཚོས་ཞལ་གྱིས་བཞེས་དགོས་པར་འགྱུར་ཏེ། དབུ་མ་རྒྱན་གྱི་རང་འགྲེལ་ལས། ཇི་སྐད་དུ། གཏན་ཚིགས་གྲུབ་ཏུ་ཟིན་ཡང་། ཆོས་གཉིས་ཀ་དང་ལྡན་པའི་དཔེ་མ་གྲུབ་པ་མ་ཡིན་ནམ། ཇི་ལྟར་ཞེ་ན། ཞེས་པ་ནས། གཟུགས་གཞན་འབྱུང་བ་ཡང་རིགས་པ་མ་ཡིན་པ་ཉིད་དེ། གཟུགས་རྣམས་ལྷན་ཅིག་མི་གནས་པའི་ཕྱིར་ཏེ། ཞེས་སོགས་དཔེ་སྒྲུབ་བྱེད་ཀྱི་རིགས་པ་རྣམས་རྒྱས་པར་གསུངས་པའི་ཕྱིར་རོ། །གཉིས་པ་ལྡོག་པ་སྒྲུབ་པ་ནི། རྟགས་དེ་མི་མཐུན་པའི་ཕྱོགས་ལ་ཞུགས་པ་མ་ཡིན་ཏེ། སྤྱིར་ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པའི་ཕྱིར་རོ། །དེ་དགོས་ཏེ། གཅིག་དང་དུ་མ་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། དེ་སྐད་དུ་ཡང་། རྒྱན་ལས།
འདི་མཐུན་པའི་ཕྱོགས་ལ་ཡོད་པར་གྱུར་དུ་ཟིན་ཡང་། མི་མཐུན་པའི་ཕྱོགས་ལས་བཟློག་པར་ཇི་ལྟར་ངེས་ཤེ་ན། གཅིག་དང་དུ་མ་མ་གཏོགས་པ། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ཚུལ་སྒྲུབ་པའི་རིགས་པ་དེ་དག་གིས་ཚུལ་གསུམ་ཤེས་ཤིང་དྲན་ལམ་དུ་འཕེན་པར་མ་ནུས་པ་དེ་ལ་སྒྲུབ་པའི་ངག་བཀོད་ནས། རྗེས་དཔག་བསྐྱེད་པར་བྱ་བ་ལ་ལུགས་གཉིས་ཏེ། རང་རྒྱུད་པའི་ལུགས་དང་། ཐལ་འགྱུར་བའི་ལུགས་སོ། །དང་པོ་ནི། གང་རིགས་པས་དཔྱད་པའི་ཚེ་གཅིག་དང་དུ་མ་གང་རུང་དང་བྲལ་ན། རང་བཞིན་མེད་པས་ཁྱབ། དཔེར་ན་གཟུགས་བརྙན་བཞིན། ཕྱི་ནང་གི་དངོས་པོ་འདི་དག་ཀྱང་དེ་དང་བྲལ་བའི་ཕྱིར་དེ་མེད་དོ། །ཞེས་བྱ་བ་ནི་རང་བཞིན་དང་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་སོ། །འོ་ན་རྗེས་དཔག་འདིའི་དངོས་ཀྱི་གཞལ་བྱ་གང་ཞེ་ན། བདེན་ཡོད་བཀག་ཙམ་གྱི་མེད་པར་དགག་པ་དེ་ནི་ཕྱོགས་ཆོས་ངེས་པའི་དུས་སུ་གྲུབ་ཟིན་པའི་ཕྱིར། རྗེས་དཔག་འདི་གང་ལ་ཚད་མར་སོང་བའི་གཞལ་བྱ་མ་ཡིན་ན། འོ་ན་འདིའི་གཞལ་བྱ་ཅི་ཞེ་ན། བདེན་པར་མེད་པའི་ཡུལ་ཅན་གྱི་ཐ་སྙད་དེ་ཉིད་ཡིན་ཏེ། དེ་ཉིད་གཏན་ཚིགས་འདིའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དབུ་མའི་རྒྱན་ལས། གཏན་ཚིགས་འདི་ལ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་པ་ཡང་མེད་དེས་གྲུབ་པའི་ཡུལ་ཅན་ཤེས་པ་དང་། སྒྲ་ཡི་ཐ་སྙད་རྣམས་སྒྲུབ་པའི་ཕྱིར་ཏེ། དཔེར་ན་འདི་ནི་བ་ལང་སྟེ། ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ཇི་སྐད་སྨྲས་པའི་འཐད་པ་རྣམས་ཀྱིས་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་བསྟན་དུ་ཟིན་ཡང་། ཐ་སྙད་འདོགས་པར་མི་བྱེད་པ་དེ་དག་ལ་འདི་དེ་ལྟར་ཤེས་པ་དང་སྒྲའི་ཐ་སྙད་ཀྱི་ཡུལ་ཉིད་དུ་སྒྲུབ་སྟེ། དམིགས་སུ་
ཡོད་པའི་མཚན་ཉིད་དུ་གྱུར་པ་ལས་མི་དམིགས་པས་མེད་ཅེས་བྱ་བ་ལྟ་བུའོ། །ཞེས་གསུངས་སོ། །དབུ་མ་ཐལ་འགྱུར་བ་ལྟར་ན་གཏན་ཚིགས་ནི་ཇི་ལྟར་འགོད་ཀྱི་གསལ་ཁ་མེད་ཀྱང་། དབུ་མ་ལ་འཇུག་པར་རྡོ་རྗེ་གཟེགས་མའི་གཏན་ཚིགས་ཀྱི་འགོད་ཚུལ་གསུངས་པ་ལ་དཔགས་ནས་ཤེས་པར་བྱ་སྟེ། དེ་ཡང་འགོད་ཚུལ་རང་རྒྱུད་པ་དང་ཁྱད་པར་མེད་ལ། ཁྱད་པར་ནི་རང་རྒྱུད་དུ་མི་འདོད་ཀྱི་གཞན་གྲགས་ཀྱི་གཏན་ཚིགས་ཞེས་བྱ་བའི་ཐ་སྙད་འདོགས་པ་ཡིན་ཏེ། རྟགས་དང་ཁྱབ་པ་གཉིས་ཀ་ཕ་རོལ་པོའི་མཚན་འཛིན་གྱི་ངོར་གྲུབ་པ་ཡིན་གྱི། རང་ལུགས་ལ་ཁས་མི་ལེན། ཆོས་ཅན་གྱི་སྟེང་དུ་བདེན་ཡོད་བཀག་པ་ཙམ་ལས་གཞན་བདེན་མེད་བསྒྲུབ་བྱའི་ཆོས་སུ་བྱས་ནས་སྒྲུབ་པར་ཁས་མི་ལེན་པའི་ཕྱིར། དེ་ལྟར་ན། རང་རྒྱུད་པའི་ལུགས་ལ་རྗེས་དཔག་ནི་བདེན་མེད་དུ་ཞེན་པའི་རྣམ་པ་ཅན་དང་། དེ་ཉིད་རིག་ཤེས་ཀྱང་ཡིན་ལ། ཐལ་བ་པ་ལྟར་ན། བདེན་གྲུབ་བཀག་པའི་ཆ་ནས་རིག་ཤེས་དང་། དེར་ཞེན་པའི་ཆ་ནས་རྗེས་དཔག་དང་། མཚན་འཛིན་གྱི་རྟོག་པ་ཡིན་པའི་ཕྱིར། སྤང་བྱ་ཁོ་ནའོ་ཞེས་གསུང་། དབུ་མ་པ་ཆེན་པོ་རྨ་བྱ་གསུང་བ་ལྟར་ལེགས་སོ། །དེ་ལྟར་གཏན་ཚིགས་འདིས་དངོས་པོ་བདེན་གྲུབ་ཁེགས་པ་ན། དངོས་མེད་བདེན་གྲུབ་ཀྱང་ཁེགས་པ་ཡིན་ཏེ། དཔེར་ན་མོ་བཤམ་གྱི་བུ་མེད་ན་དེའི་ཤི་བ་མེད་པ་བཞིན། དེ་སྐད་དུ་ཡང་། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །ཅེས་གསུངས་སོ། །དེ་ལྟར་ན། གཏན་ཚིགས་འདི་ནི་ཡབ་སྲས་མཇལ་བའི་མདོ་དང་། ལང་ཀར་གཤེགས་པའི་མདོ་སྡེ་ལས། ཇི་ལྟར་གསུངས་པ་བཞིན་དུ། བདག་ཉིད་ཆེན་པོ་ཞི་བ་འཚོ་ཡབ་སྲས་ཀྱིས་བརྩལ་དུ་སྟོན་ནས་བཤད་པ་ཡིན་ནོ། །གཉིས་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ལ་རང་རྒྱུད་པ་ལྟར་ན། རྩ་བའི་གཏན་ཚིགས་དགོད། ཚུལ་སྒྲུབ། སྒྲུབ་
པའི་ངག་བཀོད་ནས་རྗེས་དཔག་སྐྱེད་པའི་ཚུལ་སྔ་མ་བཞིན་ནོ། །དེ་ལའང་ལུགས་གཉིས་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ལྟར་ན། མིག་སོགས་མཐའ་བཞི་ལས་མི་སྐྱེ་བར་སྒྲུབ་པ་ལ་རྩ་བའི་རྟགས་བཀོད་ནས་ཚུལ་གསུམ་ཤེས་པའི་འོག་ཏུ་སྒྲུབ་པའི་ངག་འགོད་པ་ཡིན་ལ། མཐའ་བཞི་ལས་མི་སྐྱེ་བ་རྟགས་སུ་འགོད་ནས་རང་བཞིན་སྐྱེ་མེད་དུ་སྒྲུབ་པའི་གཏན་ཚིགས་འགོད་པ་མི་གསལ་ཡང་། འགྲེལ་པ་ག་ལས་འཇིགས་མེད་དང་། ཞི་བ་འཚོ་ཡབ་སྲས་ཀྱི་དགོངས་པ་དང་། རྔོག་ལོ་ཆེན་པོ་ལ་སོགས་པ་བོད་ཀྱི་དབུ་མ་རང་རྒྱུད་པ་ལྟར་ན། འདི་ལ་ཡང་། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་འགོད་པར་བཞེད་པས་འདི་ལྟར་བྱ་སྟེ། ཕྱི་ནང་གི་དངོས་པོ་གང་དག་ཆོས་ཅན། ཡུལ་དུས་གྲུབ་པའི་མཐའ་གང་ན་ཡང་རང་བཞིན་གྱིས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། དོན་དམ་པར། བདག་ལས་ཀྱང་སྐྱེ་བ་མ་ཡིན། གཞན་ལས་སྐྱེ་བ་ཡང་མ་ཡིན། གཉིས་ཀ་ལས་སྐྱེ་བ་མ་ཡིན། རྒྱུད་མེད་པར་སྐྱེ་བ་ཡང་མ་ཡིན་པའི་ཕྱིར། གཉིས་པ་ལ་ཕྱོགས་ཆོས་སྒྲུབ་པ་དང་། ཁྱབ་པ་སྒྲུབ་པའོ། །དང་པོ་ལ་ཕྱོགས་སྔ་མ་ནི། མུ་སྟེགས་གྲངས་ཅན་པ། རྣམ་འགྱུར་ཐམས་ཅད་སྤྱི་གཙོ་བོ་ལས་སྐྱེ་བར་འདོད་ལ། དེ་ཡང་རྒྱུའི་དུས་ན་མི་གསལ་བའི་ཚུལ་གྱིས་ཡོད་ཅིང་། ཐམས་ཅད་རང་བཞིན་གཅིག་ཡིན་ལ་འབྲས་བུའི་དུས་སུ་ནི་དེ་ཉིད་མངོན་པར་གསལ་བའི་ཚུལ་གྱིས་བྱུང་བ་ཡིན་ལ། གནས་སྐབས་རྫས་ཐ་དད་པ་ཡིན་ནོ་ཞེས་འདོད་དོ། །རང་སྡེ་དངོས་པོར་སྨྲ་བ་རྣམས། རྒྱུ་རྫས་གཞན་ལས་འབྲས་བུ་རྫས་གཞན་སྔར་མེད་གསར་དུ་སྐྱེ་བར་འདོད་དོ། །དབུ་མ་རང་རྒྱུད་པ་རྣམས། རང་ལུགས་ལ་གཞན་སྐྱེ་ཁས་མི་ལེན་ཡང་། འཁྲུལ་ངོའི་སྐྱེ་བ་དེ་ལ་གཞན་སྐྱེ་ཞེས་མིང་གིས་འདོགས་པར་འདོད། གྲངས་ཅན་དང་། མུ་སྟེགས་གཅེར་བུ་པ་རང་གཞན་གཉིས་ཀ་ལས་སྐྱེ་བར་འདོད་དོ། །རྒྱང་ཕན་དང་སྤྱོད་པ་པས། རྒྱུ་མེད་དུ་འབྱུང་
བར་འདོད་དོ། །དེ་འགོག་པ་ལ་ལུགས་གཉིས་ལས། ལེགས་ལྡན་འབྱེད་ནི། མིག་སོགས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན། འདིར་གཏན་ཚིགས་དང་ཆོས་ཅན་ནི་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་ལ། བསྒྲུབ་བྱའི་ཆོས་ནི་དོན་དམ་གྱི་དབང་དུ་བྱས་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ་དོན་དམ་པར་ཞེས་སྨོས་པར་ཡིན་གྱི། ཐ་སྙད་དུ་བདག་སྐྱེ་ཁས་ལེན་པ་ནི་མ་ཡིན་པས་འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཡང་མིག་སོགས་ཆོས་ཅན། དོན་དམ་པར་གཞན་ལས་མི་སྐྱེ་སྟེ། གཞན་ཡིན་པའི་ཕྱིར། དཔེར་ན་བུམ་སྣམ་བཞིན་ནོ། །དེ་ཆོས་ཅན། གཉིས་ཀ་ལས་མི་སྐྱེ་སྟེ། རེ་རེ་ལས་སྐྱེ་བ་བཀག་ཟིན་པའི་ཕྱིར། དེ་ཆོས་ཅན། རྒྱུ་མེད་དུ་སྐྱེ་བ་མ་ཡིན་ཏེ། དེ་ལྟར་སྟོན་པའི་རྗེས་དཔག་མེད་པའི་ཕྱིར་དང་། འཇིག་རྟེན་གྱི་གྲགས་པས་གནོད་པའི་ཕྱིར། ཞེས་བཞེད་པ་ཡིན་ནོ། །ཐལ་འགྱུར་བ་ལྟར་ན། རྩ་བའི་གཏན་ཚིགས་མི་འགོད་པར་མ་ཟད་མཐའ་བཞིའི་སྐྱེ་བ་འགོག་པ་ལ་ཡང་། དེ་ལས་མི་སྐྱེ་བ་བསྒྲུབ་བྱའི་ཆོས་སུ་བྱས་ནས་གཏན་ཚིགས་འགོད་པར་མི་མཛད་ཀྱི། འོ་ན་ཅི་ཞེ་ན། མཐའ་བཞི་ལས་སྐྱེ་བ་ལ་གནོད་བྱེད་ཀྱི་ཐལ་འགྱུར་འཕེན་པར་མཛད་པའོ། །ཇི་ལྟར་ཞེ་ན། འཇུག་པ་ལས། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་གྱུར་ན་ནི། མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང་། །ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། །ཞེས་པའོ། །གཉིས་པ་གཞན་སྐྱེ་དགག་པ་ལ། རྒྱུ་འབྲས་གཞན་ཡིན་ན་དུས་མཉམ་དུ་ཐལ་བ་དང་། སྔ་ཕྱི་བ་ལ་གཞན་སྐྱེ་མི་འཐད་པའོ། །དང་པོ་ནི། ཇི་སྐད་དུ། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། །གཞན་ཉིད་མེད་པར་ས་བོན་གཞན་པ་ཉིད་དུ་ག་ལ་འགྱུར། །ཞེས་པའོ། །གཉིས་པ་ལ། དེ་ཁོ་ན་ཉིད་དུ་དང་། ཐ་སྙད་དུ་དགག་པའོ། །དང་པོ་ནི། ཇི་སྐད་དུ། གཞན་ལ་རྟེན་ནས་གལ་ཏེ་གཞན་ཞིག་
འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས། །ཞེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་སྐྱེད་ཅེས་སྨྲ་བྱེད་ཅིང་། །ཤིང་ཡང་གཙུགས་སོ་སྙམ་དུ་རྟོག་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་སོ། །འདིར་བོད་ཕྱི་མ་དག་ན་རེ། རང་རྒྱུད་པས་ཐ་སྙད་དུ་གཞན་སྐྱེ་ཁས་ལེན་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི་དེའི་འདོད་པ་མ་ཤེས་པ་ཡིན་ཏེ། རྒྱུ་འབྲས་རྫས་གཞན་ཐ་སྙད་དུ་ཡང་རང་ལུགས་ཀྱི་ཚད་མས་གྲུབ་པར་མི་བཞེད་པའི་ཕྱིར། འོན་ཀྱང་འཇིག་རྟེན་པས་རྒྱུ་འབྲས་རྫས་གཞན་དུ་ཁས་བླངས་སོ། །ཞེས་གསུང་བ་ཡིན་ཞིང་། དེ་ཉིད་རང་ལུགས་ལ་ཁས་ལེན་པ་མ་ཡིན་ཏེ། རང་ལུགས་ཀྱི་ཀུན་རྫོབ་འཇོག་ཚུལ་ལ་ཡང་དེ་ཁས་མི་ལེན། དོན་དམ་པའི་འཇོག་ཚུལ་ལ་ཡང་ཁས་མི་ལེན་པའི་ཕྱིར། དང་པོ་ཁས་མི་ལེན་ཏེ། ཀུན་རྫོབ་ནི་མ་བརྟགས་གཅིག་པུ་ཉམས་དགའ་བ་ཉིད་ཀྱི་ཚུལ་དུ་ཁས་ལེན་པ་ཡིན་གྱི་རྫས་གཅིག་དང་ཐ་དད་ལ་སོགས་པའི་དཔྱད་པ་བཅུག་ནས་ཁས་མི་ལེན་པའི་ཕྱིར་རོ། །སློབ་དཔོན་ཟླ་བ་ལྟར་ན་འཇིག་རྟེན་པས་ཀྱང་རྒྱུ་འབྲས་རྫས་གཞན་དུ་ཁས་བླངས་པ་མེད་དེ། འཇིག་རྟེན་གྱི་ལྷན་ཅིག་སྐྱེས་པའི་བློས་ནི་གཅིག་དང་ཐ་དད་ལ་སོགས་པའི་དཔྱད་པ་མི་འཇུག་པར་ས་བོན་ལས་མྱུ་གུ་སྐྱེ་བ་ཙམ་ཞིག་ཁས་ལེན་པའི་ཕྱིར་རོ། །ཞེས་བཞེད་པ་ཡིན་ནོ། །མདོར་ན། ཐལ་འགྱུར་བའི་ལུགས་ཀྱིས། འཇིག་རྟེན་གྱི་ལྷན་ཅིག་སྐྱེས་པའི་རྟོག་པ་ལ་གང་གྲགས་པ་དེ་ཉིད་ཀུན་རྫོབ་ཀྱི་བདེན་པར་འཇོག་པ་དང་། རང་རྒྱུད་པས་འཇིག་རྟེན་དང་གྲུབ་མཐའ་སྨྲ་བས་སྒྲོ་མ་བཏགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ཙམ་ལ་ཀུན་རྫོབ་ཀྱི་བདེན་པར་བཞག་པ་དེ་གཞིར་འཇོག་པ་ཤེས་པར་བྱས་ནས།
རང་རྒྱུད་པ་ལྟར་ན། འཇིག་རྟེན་པའི་རྟོག་པ་ལྷན་སྐྱེས་ཀྱིས་གཞན་སྐྱེ་ཁས་བླངས་ཀྱང་རང་ལུགས་ཀྱི་ཀུན་རྫོབ་བདེན་པ་ལ་རིགས་པས་དཔྱད་པའི་ཉེས་པ་མེད་པ། ཐལ་བ་པ་ལྟར་ན་འཇིག་རྟེན་པས་དེ་ལྟར་མཐའ་གཅིག་ཏུ་ཁས་བླངས་ན་ཐ་སྙད་ཀྱི་བདེན་པ་ལས་ཉམས་པའི་ཉེས་པ་ཡོད་པར་བཞེད་པ་ཡིན་ནོ། །དེ་སྐད་དུ་ཡང་། དབུ་མ་སྣང་བ་ལས། གཞུང་ལུགས་ཀྱི་གཞན་ཉིད་མ་གྲུབ་པས་གཞན་ལས་མི་སྐྱེའོ་ཞེས་བསྟན་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཡང་ན་མདོ་སྡེ་སྤྱོད་པའི་དབུ་མ་པ་དག་གིས། གནས་སྐབས་སུ་གཞན་སྐྱེ་སོགས་འཇིག་རྟེན་པའི་ལུགས་ཞལ་གྱིས་བཞེས་པ་དེའི་ཚེ། དེ་དབུ་མ་པའི་རང་ལུགས་སུ་འཇོག་པ་མ་ཡིན་ཏེ། དཔེར་ན་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པས་འཇིག་རྟེན་གྱི་གྲགས་པ་གནས་སྐབས་སུ་ཞལ་གྱིས་བཞེས་པ་བཞིན་ནོ། །གསུམ་པ་གཉིས་ཀ་ལས་སྐྱེ་བ་དགག་པ་ནི། ཇི་སྐད་དུ། གཉིས་ལ་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །ཞེས་གསུངས་སོ། །བཞི་པ་རྒྱུ་མེད་ལ་སྐྱེ་བ་དགག་པ་ནི། ཇི་སྐད་དུ། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་བསྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་གསུངས། གཉིས་པ་ཁྱབ་པ་སྒྲུབ་པ་ནི། རང་རྒྱུད་པ་ལྟར་ན། དོན་དམ་པའི་སྐྱེ་བ་ཡིན་ན་མཐའ་བཞི་པོ་གང་རུང་གི་སྐྱེ་བ་ཡིན་པས་ཁྱབ་སྟེ། སྐྱེ་བ་ལ་རིགས་ལས་དཔྱད་ན་རྒྱུ་ཡོད་པར་སྐྱེ་བ་དང་། རྒྱུ་མེད་པར་སྐྱེ་བ་གཉིས་སུ་ཁ་ཚོན་ཆོད། རྒྱུ་ལ་བདག་གཞན་གཉིས་སུ་ཁ་ཚོན་ཆོད་པའི་ཕྱིར་རོ། །རང་རྒྱུད་པས་ཐ་སྙད་དུ་མ་བརྟགས་གཅིག་པུར་ཉམས་དགའ་བའི་སྐྱེ་བ་ཁས་ལེན་ལ་དེ་གཞན་སྐྱེ་ཡིན་པར་འདོད་པ་ནི་མ་ཡིན་ཏེ། སྣང་ཙམ་གྱི་སྐྱེ་བ་དེ་ཐམས་
ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ལ། གཞན་ལ་སྐྱེ་བ་ལ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པའི་ཕྱིར། གཞན་དུ་ན། གཞན་སྐྱེ་དོན་དམ་དུ་ཡོད་པའི་དོན་དམ་པའི་བདེན་པ་གང་རུང་དུ་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ངོར་གཞན་སྐྱེ་ཡོད་པ་དང་མེད་པ་ནི་ཐལ་རང་གི་ལུགས་སོ་སོ་བའོ། །གཉིས་པ་ཐལ་འགྱུར་བའི་ལུགས་ལ་ཁྱབ་པ་སྒྲུབ་ཚུལ་ནི། དབུ་མ་པ་རང་ལུགས་ལ་སྐྱེ་བ་ཡིན་ན་མཐའ་བཞི་པོ་གང་རུང་གི་སྐྱེ་བ་ཡིན་དགོས་ཏེ། དེ་ཡིན་ན་རིགས་པས་དཔྱད་པའི་སྐྱེ་བ་ཡིན་དགོས་ལ། དེ་ཡིན་ན་བཞི་པོ་གང་རུང་ཡིན་དགོས་པའི་ཕྱིར། དང་པོ་དགོས་ཏེ། ཀུན་རྫོབ་བདེན་པའི་སྐྱེ་བས་རང་ལུགས་ཀྱི་སྐྱེ་བའི་གོ་མི་ཆོད་པའི་ཕྱིར། དེ་མི་ཆོད་དེ། ལྷན་ཅིག་སྐྱེས་པའི་མ་རིག་པས་བཏགས་པའི་མཐའ་བཞིའི་སྐྱེ་བ་དེ་ཡང་ཀུན་རྫོབ་ཀྱི་བདེན་པར་བཞག་དགོས་པའི་ཕྱིར། དེ་དགོས་ཏེ། དེ་འདྲ་དེ་ལྷན་ཅིག་སྐྱེས་པའི་མ་རིག་པའི་ངོར་བདེན་པར་གྲུབ་པ་ཡིན་པའི་ཕྱིར། མཐའ་བཞིའི་སྐྱེ་བ་ལ་རྟོག་པ་ཀུན་བཏགས་ཀྱིས་བཏགས་པ་དང་། རྟོག་པ་ལྷན་སྐྱེས་ཀྱིས་བཏགས་པ་གཉིས་གཉིས་སུ་ཡོད་པའི་རྒྱུ་མཚན་ཡང་། རྒྱུ་འབྲས་ངོ་བོ་གཅིག་ཏུ་ཞེན་པའི་རྟོག་པ་ལྷན་སྐྱེས་དང་། ཐ་དད་དུ་ཞེན་པའི་རྟོག་པ་ལྷན་སྐྱེས་གཉིས་ཀ་དམིགས་པའི་ཕྱིར། ཇི་སྐད་དུ། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་པ་དེ་ནི། མཐའ་གཅིག་པུ་དེར་མ་ངེས་པའི་དོན་ཡིན་གྱི། གཞུང་དེའི་འཕྲོས་སྔ་མ་ལས་བདག་སྐྱེ་འཇིག་རྟེན་པའི་རྟོག་པ་ལྷན་སྐྱེས་ཀྱིས་ཡོད་པར་བསལ་བའི་ཕྱིར་དང་མཐའ་བཞིའི་སྐྱེ་བ་རྟོག་པ་ལྷན་སྐྱེས་ཀྱི་འཛིན་སྟངས་ལ་མེད་ན། དེ་བཀག་པས། རང་བཞིན་གྱི་སྐྱེ་བ་མི་ཁེགས་པར་འགྱུར་རོ། །གསུམ་པ་རྗེས་དཔག་སྐྱེད་པའི་ཚུལ་ལ་གཉིས་ཏེ། རང་རྒྱུད་པའི་ལུགས་དང་། ཐལ་འགྱུར་བའི་ལུགས་སོ། །དང་པོ་ནི། དོན་དམ་པར་མཐའ་བཞི་པོ་གང་
རུང་ལས་སྐྱེ་བ་མེད་ན། རང་བཞིན་གྱི་སྐྱེ་བ་མེད་པས་ཁྱབ། དཔེར་ན་རུས་སྦལ་གྱི་སྤུ་བཞིན། ཕྱི་ནང་གི་དངོས་པོ་མཐའ་དག་མཐའ་བཞི་ལས་སྐྱེ་བ་མེད་པའི་ཕྱིར། རང་བཞིན་གྱི་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་རྒྱུའམ་ཁྱབ་པར་བྱེད་པ་མ་དམིགས་པའི་གཏན་ཚིགས་སོ། །གཏན་ཚིགས་འདིས་དགག་བྱ་རང་བཞིན་གྱིས་སྐྱེ་བ་ཙམ་ཞིག་བཀག་ནས། བསྒྲུབ་བྱ་དེ་མེད་པར་ངེས་པའི་ཤེས་པ་དང་བརྗོད་པ་དག་སྒྲུབ་པར་བྱེད་པ་ཡིན་ལ་དེའི་ཕྱིར་གཏན་ཚིགས་དེ་ལ་བརྟེན་པའི་རིགས་ཤེས་རྗེས་དཔག་དེ་ལྟར་དུ་ཞེན་པར་བྱེད་པ་ཡིན་ནོ། །གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཅེས་སོགས་ཀྱི་རིགས་པས་ནི། མཐར་ཞེན་པ་དེ་ཉིད་ཀྱང་བཀག་ནས་སྤྲོས་བྲལ་དུ་སྒྲུབ་པའི་ཚུལ་འོག་ནས་འབྱུང་ངོ་། །གཉིས་ཐལ་བ་པ་ལྟར་ན་གཏན་ཚིགས་དེ་ལྟར་འགོད་པ། བསྟན་བཅོས་ཀྱི་ཐོག་མར་བདག་ལས་མ་ཡིན། ཞེས་སོགས་ཀྱི་དོན་ནི་མ་ཡིན་ཏེ། སྐབས་དེར་མཐའ་བཞིའི་སྐྱེ་བ་མེད་པའི་དམ་བཅའ་བཞག་ནས། དེའི་ལོག་ཕྱོགས་ལ་གནོད་བྱེད་སྟོན་པའི་སྐབས་ཡིན་གྱི། མཐའ་བཞིའི་སྐྱེ་བ་ཁེགས་མ་ཟིན་པའི་ཕྱིར། དེ་མ་ཟིན་པས་དེ་ལྟར་མི་འགོད་པའི་རྒྱུ་མཚན་ནི་དེའི་ཚེ་དེ་ལྟར་བཀོད་ན་གཞན་ལ་གྲགས་སུ་མི་རུང་བའི་ཕྱིར་དང་། རྟགས་ཁྱབ་རྒོལ་བའི་བློ་ངོར་གྲུབ་མ་ཟིན་པའི་སྔར་གཏན་ཚིགས་དེ་ལྟར་བཀོད་ན་རང་རྒྱུད་ལས་མ་འདས་པའི་ཕྱིར། དེ་སྐད་དུ་ཡང་འཇུག་འགྲེལ་ལས་འདིར་མ་ཡིན་ཞེས་བྱ་བ་འདི་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་རང་ལས་སྐྱེ་བ་དང་འབྲེལ་གྱི་ཡོད་པ་དང་ནི་མ་ཡིན་ཏེ། དེ་དགག་པ་དོན་གྱིས་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་དམ་བཅའ་བ་གསུམ་ཅར་ཡང་སྦྱར་བར་བྱའོ། །ཞེས་གསུངས་པས་སོ། །དེར་དོན་གྱིས་གྲུབ་ཅེས་པ་ནི། མཐའ་བཞིར་སྐྱེ་བ་ཁེགས་པ་ན་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་གྲུབ་ཅེས་བྱ་བའི་དོན་ནོ། །དེ་བཞིན་དུ། ཇི་སྐད་དུ། དེ་ཉིད་དུ་ན་བདག་དང་གཞན་དང་གཉིས་ཀ་ལས་
སྐྱེ་དང་། །རྒྱུ་ལ་མ་ལྟོས་ཡོད་མིན་པས་ན་དངོས་རྣམས་རང་བཞིན་བྲལ། །ཞེས་པའི་དོན་ཡང་། མཐའ་བཞིའི་སྐྱེ་བ་ཁེགས་པ་ན་རང་བཞིན་སྐྱེ་མེད་ཀྱི་དོན་རྟོགས་པའི་རྗེས་དཔག་སྐྱེས་སོ། །དེའི་ཕྱིར་རང་བཞིན་སྐྱེ་མེད་ཀྱི་དོན་ནི་དེས་གྲུབ་ལ། དེའི་ཐ་སྙད་ནི་མི་འགྲུབ་པའི་ཕྱིར། གཞན་ལ་གྲགས་ཀྱི་སྒྲུབ་པའི་ངག་ཀྱང་བཀོད་པར་མི་བཞེད་དོ། །ཞེས་བཤད་ན་ཡང་དགོངས་པར་སོང་ལ། ཡང་ན་གཅིག་དང་དུ་བྲལ་གྱི་སྐབས་སུ་བཤད་པ་ལྟར། གང་མཐའ་བཞི་ལས་མི་སྐྱེ་ན་རང་བཞིན་གྱིས་སྐྱེ་བ་མེད་པས་ཁྱབ། ཅེས་སོགས་ཀྱི་ངག་ཡན་ལག་ལྔ་ལྡན་དུ་བཀོད་པས། རང་བཞིན་གྱིས་སྐྱེ་བའི་ཐ་སྙད་ཀྱང་ཁེགས་པའི་རྗེས་དཔག་སྐྱེད་པར་བྱེད་དོ། །དེའི་ཕྱིར། དེ་དུས་ཀྱི་རིགས་ཤེས་དེས་རང་གི་གཞལ་བྱ་དེ་ལ་ཞེན་པ་དང་མཚན་མར་མི་འཛིན་པས་ཞེན་པ་དེ་འགོག་བྱེད་ཀྱི་རིགས་པ་ཕྱི་མ་ཡང་མི་དགོས་པར་བཞེད་པ་ཡིན་ནོ། །དེ་ལྟར་གཞན་གྲགས་ཀྱི་གཏན་ཚིགས་འགོད་པ་འདི་ཡང་། ཇི་སྐད་དུ། དེ་ཉིད་དུ་ན། ཞེས་པ་ནས། རང་བཞིན་བྲལ་ཞེས་པའི་བར་གྱི་དོན་ནོ། །ཞེས་ཀྱང་བཤད་པར་ནུས་སོ། །འོ་ན་ཐལ་བ་པས། གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ། དམ་བཅའ་ཁས་ལེན་ནམ་ཞེ་ན། མཐའ་བཞིའི་སྐྱེ་བ་བཀག་ཙམ་ལ་དམ་བཅའ་ཞེས་བཏགས་པ་ཡིན་གྱི། དམ་བཅའ་མཚན་ཉིད་པར་མི་བཞེད་དེ། བསྒྲུབ་བྱ་བརྗོད་པའི་ངག་མ་ཡིན་པའི་ཕྱིར་རོ། །གསུམ་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ལ་གསུམ་ལས། དང་པོ་རྟགས་འགོད་པ་ནི། དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། རྒྱུ་དུས་སུ་ཡོད་པ་ཡང་མི་སྐྱེ། དེར་མེད་པ་ཡང་མི་སྐྱེ་བའི་ཕྱིར། གཉིས་པ་ལ། ཕྱོགས་ཆོས་སྒྲུབ་པ་ནི། ཇི་སྐད་དུ། བསྟན་བཅོས་ལས། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་པ་གཟུང་དུ་ཡོད་རིགས་ན། །ཚོགས་པ་ཉིད་ལ་གཟུང་དུ་མེད། །ཅེས་དང་། ཅི་སྟེ་དེ་ནི་མེད་པར་ཡང་། །རྐྱེན་དེ་དག་
ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང་། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་བསྟན་བཅོས་ལས་ནི་མུ་གཉིས་ལས་མ་གསུངས་ལ། འཇུག་པར་ནི། འདི་ལ་ཡང་། མུ་བཞི་གསུངས་ཏེ། དེ་ཉིད་ལས། ཡོད་ན་སྐྱེད་བྱེད་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ། །གཉིས་ཉིད་ལ་དེས་ཅིས་བྱ་གཉིས་དང་བྲལ་ལའང་དེས་ཅི་བྱ། །ཞེས་གསུངས་ལ། འདི་ལ་རྩ་བའི་གཏན་ཚིགས་འགོད་པ་དང་། ཚུལ་གསུམ་ཤེས་ཟིན་པའི་འོག་ཏུ་སྒྲུབ་ངག་འགོད་པར་ནི་མ་བཤད་ལ། ཐོབ་ན་སྦྱར་བར་བྱའོ། །ཁྱབ་པ་ནི། ཕན་ཚུན་སྤངས་པའི་དངོས་འགལ་བར་དུ་ཕུང་པོ་གསུམ་པ་ཁེགས་པའི་ཕྱིར་རོ། །དེ་ལྟར་ན། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ནི་གསུམ་སྟེ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་ནི་རྒྱུ་མ་དམིགས་པ་དང་། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ནི་འབྲས་བུ་མ་དམིགས་པ་དང་། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་ནི་ཁྱབ་བྱེད་མ་དམིགས་པའོ། །ཞེས་འཆད་པར་ནུས་ལ། དེ་ལྟ་ན་ཡང་། རྣམ་འགྲེལ་མཛད་པའི་གཞུང་ལས། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་སོ། །ཞེས་གསུངས་ལ། རང་རྒྱུད་པའི་སྐབས་འདིར་ནི་གཉིས་པོ་དེ་ཐ་སྙད་འབའ་ཞིག་སྒྲུབ་ཁོ་ནའོ། །གསུམ་པ་འགལ་ཟླ་དམིགས་པ་རྟེན་འབྲེལ་གྱི་གཏན་ཚིགས་ལ། རྟགས་དགོད་པ་སོགས་གསུམ་མོ། །དང་པོ་ནི་སྣང་བ་ཙམ་འདི་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་ནོ། །ཡང་། ལྷ་དང་སྐྱེ་བ་སྔ་ཕྱི་སོགས་ཆོས་ཅན། ཐ་སྙད་དུ་ཡང་མེད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། རང་རྒྱུད་པ་ལྟར་ན། སྔ་མ་དགག་པའི་གཏན་ཚིགས་དང་། ཕྱི་མ་སྒྲུབ་པའི་གཏན་ཚིགས་སོ། །ཐལ་བ་པ་ལྟར་ན། གཉིས་ཀ་ཡང་དགག་པའི་གཏན་ཚིགས་ཡིན་ཏེ། དགག་བྱ་རང་བཞིན་གྱིས་ཡོད་པ་དང་། ཐ་སྙད་ཀྱི་མེད་པ་གཉིས་ཀ་གང་བཀག་
ཀྱང་། དེའི་ཤུལ་དུ་ཆོས་གཞན་མི་འཕེན་པའི་ཕྱིར་རོ། །དེ་ཡང་མེད་པ་བཀག་ཤུལ་དུ་ཡོད་པ་དང་། ཡོད་པ་བཀག་ཤུལ་དུ་མེད་པ་འཕེན་པ་ནི། དངོས་པོར་སྨྲ་བ་དང་། དབུ་མ་རང་རྒྱུད་པས་ཀྱང་། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རིགས་པ་འཆད་པ་སྐབས་སུ་བབ་པ་དེའི་ཚེ་ཡིན་གྱི། ཐལ་འགྱུར་བའི་ལུགས་ནི། གནས་སྐབས་ཐམས་ཅད་དུ་མ་ཡིན་ནོ། །གཉིས་པ་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་སྒྲུབ་པ་དང་། ཁྱབ་པ་སྒྲུབ་པའོ། །དང་པོ་ལ། རྟེན་འབྲེལ་གྱི་མཚན་ཉིད་ནི་ལྟོས་ནས་གྲུབ་པའོ། །དབྱེ་ན་གཉིས་ཏེ། ངོ་བོ་ལྟོས་པ་དང་། རྣམ་འཇོག་ལྟོས་པའོ། །དེ་གཉིས་ཀྱི་མཚན་ཉིད་ནི། ཇི་སྐད་དུ། རིན་པོ་ཆེའི་ཕྲེང་བ་ལས། འདི་སྐྱེས་པས་ན་འདི་སྐྱེས་དཔེར། །མར་མེ་སྐྱེས་པས་འོད་བཞིན་ནོ། །འདི་ཡོད་ན་ནི་འདི་འབྱུང་དཔེར། །ཐུང་དུ་ཡོད་ན་རིང་པོ་བཞིན། །ཞེས་གསུངས་སོ། །འདི་གཉིས་གང་རུང་གིས་མ་ཁྱབ་པའི་ཤེས་བྱ་མི་སྲིད་པའི་ཕྱིར། ཆོས་ཐམས་ཅད་རྟེན་འབྲེལ་དུ་གྲུབ་བོ། །བོད་ཀྱི་སློབ་དཔོན་ཁ་ཅིག རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པར་འདོད་པ་ནི་དབུ་མའི་ལུགས་མ་ཡིན་ཏེ། ཇི་སྐད་དུ། བསྟན་བཅོས་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །ཞེས་གསུངས་སོ། །མངོན་པ་ཀུན་ལས་བཏུས་ལས། རྟེན་འབྲེལ་གྱི་མཚན་ཉིད་རྐྱེན་གསུམ་ལས་སྐྱེས་པར་གསུངས་པ་དེ་ནི། དངོས་པོ་སྨྲ་བའི་ལུགས་ཡིན་པས། འདི་ཁུངས་སུ་མི་རུང་ངོ་། །གཉིས་པ་ཁྱབ་པ་སྒྲུབ་པ་ལ། དབུ་མ་པ་ཆེན་པོ་རྨ་བྱའི་གསུང་གི །རང་བཞིན་གཞིར་བྱས་པ་ལ་རྟེན་འབྱུང་དགག་པ་དང་། རྟེན་འབྱུང་གཞིར་བྱས་པ་ལ་རང་བཞིན་དགག་པའོ། །དང་པོ་ལ། རང་བཞིན་ཞེས་པ་ནི། ཁྱད་པར་གསུམ་དང་ལྡན་པ་ཡིན་ཏེ། ངོ་བོ་རྐྱེན་གྱིས་མ་སྐྱེད་པ་དང་། རྣམ་འཇོག་གཞན་ལ་མ་ལྟོས་པ་དང་། དངོས་པོ་གཞན་དུ་མི་འགྱུར་བའོ། །དེ་སྐད་དུ་ཡང་། རང་བཞིན་དག་ནི་བཅོས་མིན་དག
།གཞན་ལ་ལྟོས་པ་མེད་པ་ཡིན། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་གཉིས་ཏེ། ཀུན་རྫོབ་ཀྱི་རང་བཞིན་དང་། དོན་དམ་པའི་རང་བཞིན་ནོ། །དང་པོ་ནི་མེའི་ཚ་བ་དང་། ཆུའི་གཤེར་བ་བཞིན་ནོ། །ཀུན་རྫོབ་ཀྱི་རང་བཞིན་དེ་ལ། ཀུན་རྫོབ་ཀྱི་རྟེན་འབྲེལ་མི་རུང་བའི་ཚུལ་ནི། མེའི་ཚ་བ་དེ་ངོ་བོ་རྐྱེན་གྱིས་སྐྱེད་ན་ཆུའི་ཚ་བ་བཞིན་དུ་ཐལ་བར་འགྱུར་བ་དང་། རྣམ་འཇོག་གཞན་ལ་ལྟོས་ན་སྔ་ཕྱིའམ་རིང་ཐུང་བཞིན་དུ་གཞན་ལ་ལྟོས་ནས་ཚ་བ་ཉིད་དུ་བཞག་པར་ཐལ་བ་དང་། དངོས་པོ་གཞན་དུ་འགྱུར་ན། སྐབས་འགའ་ཞིག་ཏུ་མི་ཚ་བར་ཐལ་བའི་ཕྱིར་རོ། །དེ་ལྟར་བཤད་པ་དེ་ཡང་། འཇིག་རྟེན་གྱི་ངོར་དཔེ་སྒྲུབ་པ་ཡིན་གྱི། དབུ་མ་པ་རང་གི་ལུགས་ལ་ནི། དེ་དེའི་རང་བཞིན་མ་ཡིན་ཏེ། ངོ་བོ་རྐྱེན་གྱིས་སྐྱེད་པ་ལ་སོགས་པའི་ཕྱིར་རོ། །གཉིས་པ་དོན་དམ་པའི་རང་བཞིན་ལ་གཉིས་ཏེ། རང་བཞིན་དངོས་དང་། རང་བཞིན་མེད་པ་ལ་རང་བཞིན་དུ་སྒྲོ་བཏགས་པའོ། །དང་པོ་ནི། རིགས་པས་དཔྱད་བཟོད་ལ་བྱ་ལ། དེ་ལ་ནི་རྟེན་འབྲེལ་མི་རུང་སྟེ། གཞན་ལ་མི་ལྟོས་ན་རྟེན་འབྲེལ་དུ་འགལ་བའི་ཕྱིར། གཉིས་པ་ནི། ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་ལ་རང་བཞིན་ཞེས་བྱ་བའི་ཐ་སྙད་ཀྱིས་བཏགས་པ་དེ་ནི་རང་བཞིན་དངོས་མ་ཡིན་ཏེ། རང་བཞིན་མེད་པ་ལ་དེའི་ཐ་སྙད་བྱས་པའི་ཕྱིར། ཐ་སྙད་དེ་གང་གིས་བྱས་ན། རང་བཞིན་མེད་པ་དེ་འཛིན་པའི་རྟོག་པ་འཁྲུལ་པས་བྱས་པ་ཡིན་ཏེ། མངོན་སུམ་གྱིས་གཞལ་བའི་གནས་ལུགས་སྟོང་པ་ཉིད་དེ་ནི་ཐ་སྙད་ལས་འདས་པའི་ཕྱིར། དེ་ཡང་གནས་ཚུལ་སེམས་པ་ལ་ཞུགས་ཤིང་། དེ་སེམས་པ་མཐར་མ་ཐུག་པ་དེར་ནི་རང་བཞིན་མེད་པ་ཞེས་བྱ་བའི་ཐ་སྙད་དེ་ལ་ཡང་། རང་བཞིན་འགོག་དགོས་ལ། དེ་ཡང་རྟེན་འབྲེལ་གྱི་རྟགས་ལས་འོས་གཞན་མེད་པས། དེའི་ཕྱིར་རང་བཞིན་མེད་པ་ལ་རྟེན་འབྲེལ་འགོག་པའི་གཏན་
ཚིགས་མེད་དོ། །གཉིས་པ་རྟེན་འབྲེལ་ལ་རང་བཞིན་དགག་པ་ལ་གསུམ་སྟེ། རྣམ་འཇོག་ལྟོས་པ་ཕན་ཚུན་བརྟེན་པ་དགག ངོ་བོ་ལ་ལྟོས་པ་གྲུབ་མ་གྲུབ་བརྟགས་ནས་དགག དེ་གཉིས་ཀ་དུས་མཉམ་པ་དང་མི་མཉམ་པ་ལ་བརྟགས་ནས་དགག་པ་དང་གསུམ་གསུངས་སོ། །དང་པོ་ནི། ཇི་སྐད་དུ། བསྟན་བཅོས་ལས། གལ་ཏེ་དངོས་པོ་གང་ལྟོས་གྲུབ། །དེ་གཉིས་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་གྲུབ་ན། །གང་ལ་ལྟོས་ནས་གང་ཞིག་གྲུབ། །ཅེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། དངོས་པོ་ལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་གྲུབ་ལ་ལྟོས་བྱས་ན། །འདི་ནི་ལྟོས་པར་མི་རིགས་སོ། །ཞེས་གསུངས་སོ། །གསུམ་པ་ནི། འདོད་ཆགས་དང་ནི་ཆགས་པ་དང་། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཅེས་གསུངས་སོ། །གསུམ་པ་ནི། གང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ན། རང་བཞིན་མེད་པས་ཁྱབ། དཔེར་ན་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན། བྱིས་པ་དང་འཕགས་པའི་ཐ་སྙད་ལ་གྲགས་པའི་དོན་དམ་པའི་བདེན་པ་རྣམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་དོ། །ཞེས་བྱ་བའི་རྟགས་ལ་བརྟེན་ནས་རྗེས་དཔག་བསྐྱེད་པར་བྱེད་དོ། །རང་རྒྱུད་པ་ལྟར་ན། གཏན་ཚིགས་འདི་འགོད་པའི་དུས་ཕྱོགས་ཆོས་ཁས་ལེན་ཡང་། ཐལ་བ་པ་ལྟར་ན། གཞན་གྲགས་ཡིན་པའི་ཕྱིར། ཕྱོགས་ཆོས་རང་ལུགས་ཀྱི་ཚད་མས་གྲུབ་པར་ཁས་མི་ལེན་ནོ། །དེའི་ཚེ་གནས་ཚུལ་སེམས་པ་མཐར་ཐུག་པ་དེའི་ཚེ་ན། རྟེན་འབྲེལ་ཙམ་དང་རང་བཞིན་མེད་པ་དང་། སྟོང་པ་ཉིད་ལ་སོགས་པར་ཡང་ཁས་ལེན་པ་མ་ཡིན་ནོ། །ལྔ་པ་མུ་བཞི་སྐྱེ་འགོག་ནི། ཇི་སྐད་དུ། སློབ་དཔོན་ཡེ་ཤེས་སྙིང་པོས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་
བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་གསུངས་པ་ལ། བདེན་གཉིས་རྣམ་འབྱེད་ཅེས་བྱ་བའི་བསྟན་བཅོས་དེར་ནི་བདེན་མེད་སྒྲུབ་བྱེད་ཀྱི་རང་རྒྱུད་ཀྱི་གཏན་ཚིགས་ལས་གཞན་མ་བཤད་དོ། །འདི་ཉིད་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་འབྱུང་ངོ་། །དེ་ལྟར་བདེན་གྲུབ་ཀྱི་མཚན་མ་འགོག་བྱེད་ཀྱི་རིགས་པ་བཤད་ཟིན་ནས། གཉིས་པ་བདེན་སྟོང་གི་མཚན་མ་འགོག་བྱེད་ཀྱི་རིགས་པ་ནི། འདི་ལྟར་འོ་ན། ཀུན་རྫོབ་བདེན་འཛིན་གྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་དང་། དེའི་དམིགས་པར་གྱུར་པའི་ཆོས་ཅན་རྟེན་འབྲེལ་སྣ་ཚོགས་པ་དེ་ཡང་རིགས་པས་དཔྱད་པའི་ཚེ་ཡོད་པ་མ་ཡིན་པ་དེ་ལྟ་ན། དེ་དང་དེས་སྟོང་པའི་སྟོང་ཉིད་དེ་ཡོད་པར་ཁས་ལེན་ནམ་ཞེ་ན། བཤད་པ། སྤྱིར་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་སྟོང་ཉིད་ཡོད་པར་གཟུང་ངོ་ཞེས་དང་། དེར་གཞལ་ལོ་ཞེས་པ་ནི། གནས་སྐབས་ཐམས་ཅད་དུ་བརྗོད་པར་མི་བྱ་ལ་དེ་ལྟ་ན་ཡང་བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ་ན་ནི། ཤེས་བརྗོད་ཀྱི་ཐ་སྙད་འདོགས་པ་ན་དེ་ཡོད་དོ་ཞེས་དང་། དེ་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་ཁས་ལེན་པར་བྱེད་ལ། ཐ་མ་སྤྲོས་ཀུན་བཟློག་པ་དེའི་ཚེ་ན་ནི། དེ་འདྲ་དེ་དོན་དམ་པའི་བདེན་པ་ལྟ་ཞོག ཡོད་པ་ཙམ་དུ་ཡང་ཁས་མི་ལེན་པས། དེ་དེ་ཡིན་པ་འགོག་བྱེད་ཀྱི་རིགས་པ་ནི། འདི་ལྟར་དགག་བྱ་བདེན་གྲུབ་བཀག་པའི་བདེན་སྟོང་དེ་ཁྱད་གཞིར་བཟུང་ནས་གང་དུ་གྲུབ་དཔྱོད་པའི་རིགས་ངོར་དེ་ཆོས་ཅན། དེ་བཀག་ཤུལ་དུ་འཕངས་པའི་བདེན་སྟོང་ཡོད་པ་མ་ཡིན་ཏེ། དགག་བྱེད་ཡོད་པ་མ་ཡིན་པའི་ཕྱིར་རོ། །དཔེར་ན་མོ་གཤམ་གྱི་བུ་ཡོད་པ་མ་ཡིན་ན། དེའི་ཤི་བ་ཡོད་པ་མ་ཡིན་པ་བཞིན་ནོ། །དེ་སྐད་དུ་ཡང་། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ།
།ཞེས་གསུངས་སོ། །དེ་ཡང་ཇི་སྐད་དུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཅེས་སོགས་གསུངས་པ་དེ་ཉིད་དོ། །གཞན་དག གཞུང་འདིས་སྟོང་ཉིད་བདེན་གྲུབ་འགོག་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་མ་ཡིན་ཏེ། རིགས་པ་འདི་འཆད་པ་སྐབས་སུ་བབ་པ་དེའི་ཚེ་ན། ཁྱབ་བྱེད་བདེན་གྲུབ་ཁེགས་ཟིན་པའི་ཕྱིར་རོ། །དེ་ལྟར་ན། རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་བདེན་པར་ཡོད་མེད་ཀྱི་སྤྲོས་པ་དང་བྲལ་བ་ཡིན་ནོ། །གསུམ་པ་སྤྲོས་བྲལ་གྱི་མཚན་མ་འགོག་བྱེད་ཀྱི་རིགས་པ་ནི། འོ་ན་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་སྤྲོས་བྲལ་གྱི་མཚན་མ་མི་འཛིན་མོད། ཤེས་བརྗོད་ཀྱི་ཐ་སྙད་འདོགས་པ་དེའི་ཚེ། དེ་ཉིད་སྤྲོས་བྲལ་དུ་ཁས་ལེན་ནུས་སམ་ཞེ་ན། གནས་ཚུལ་ལ་སེམས་པ་མཐར་མ་ཐུག་པའི་ཚེ་དེ་ལྟར་ཁས་ལེན་ནུས་མོད། མཐར་ཐུག་པའི་ཚེ་ནི་འདི་ལྟར། སྤྲོས་བྲལ་ཁྱད་གཞིར་བཟུང་ནས་ཡོད་མེད་དཔྱོད་པའི་རིགས་པ་དེའི་ངོར་ཆོས་ཅན་སྤྲོས་པ་ཐམས་ཅད་བཀག་ཤུལ་དུ་འཕངས་པའི་སྤྲོས་བྲལ་ཞེས་བྱ་བ་དེ་ཡང་ཡོད་པ་མ་ཡིན་ཏེ། དགག་བྱ་སྤྲོས་པ་དེ་ཡོད་པ་མ་ཡིན་པའི་ཕྱིར། ཞེས་བྱ་བའི་རིགས་པ་ལ་བརྟེན་ནས། རྟོག་པས་གང་དུ་ཡང་མི་འཛིན་ཅིང་། སྒྲས་གང་དུ་ཡང་མ་བརྗོད་པའི་དོན་གོམས་པར་བྱས་པས་སྤྲོས་མེད་ཀྱི་ཡེ་ཤེས་ངང་གིས་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་སྐད་དུ་ཡང་། བསྟན་བཅོས་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དང་། བརྗོད་པར་བྱ་བ་བཟློག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རིགས་པ་བཤད་པ་ལ་འོ་ན་ཅི། དབུ་མ་ཐལ་འགྱུར་བ་དག་གནས་ཚུལ་གྱི་དོན་སེམས་པ་ལ་ཞུགས་པ་དེའི་ཚེ། བསྒྲུབ་པར་བྱ་བ་དང་། དམ་བཅའ་བ་དང་། ཁས་ལེན་པ་གང་ཡང་མི་
བཞེད་ན། ལུང་དང་རིགས་པ་ལ་བརྟེན་ནས་གནས་ལུགས་ཀྱི་དོན་རྟོགས་པའི་ལྟ་བ་སྐྱེད་པའི་རིགས་པ་ཇི་ལྟ་བུ་ཞེ་ན། དེའི་རིགས་པ་ནི་གཉིས་ཏེ། ཚུལ་གསུམ་པ་ཅན་གྱི་རྟགས་ལ་བརྟེན་ནས་རྗེས་དཔག་སྐྱེད་པའི་རིགས་པ་དང་། འཁོར་གསུམ་ཚང་བའི་ཐལ་འགྱུར་ལ་བརྟེན་ནས་གཞན་གྱི་ལོག་རྟོག་སེལ་བའི་རིགས་པའོ། །དང་པོ་ལ། ཚུལ་གསུམ་ཚང་བ་ནི་གཞུང་གཞན་ལས། གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་བྱེད་དོ། །ཞེས་འབྱུང་ཡང་ལུགས་འདི་ལ་ནི་རྒོལ་བ་གང་གི་རྒྱུད་ལ་རྗེས་དཔག་སྐྱེད་དགོས་པའི་རྒོལ་བ་དེའི་བློ་ངོར་གཏན་ཚིགས་དེའི་ཚུལ་གསུམ་རྒོལ་བ་དེ་ཉིད་ལ་གྲགས་པའི་ཚད་མས་གྲུབ་པ་ཙམ་གྱིས་ཆོག་པ་ཡིན་གྱི། དབུ་མ་པ་ཡི་ལུགས་ཀྱི་ཚད་མས་དེ་གསུམ་གྲུབ་དགོས་པ་མ་ཡིན་ཏེ། དོན་དམ་པའི་ཚད་མས་ཀུན་རྫོབ་ཀྱི་བདེན་པ་མི་འཇལ་བའི་ཕྱིར། དེས་ན་གཏན་ཚིགས་འདི་ལ་གཞན་ལ་གྲགས་ཀྱི་གཏན་ཚིགས་དང་། རྗེས་དཔག་ཅེས་ཚིག་གསལ་འཇུག་གཉིས་ལས་འབྱུང་ངོ་། །དེ་ཇི་ལྟར་འགོད་པའི་ཚུལ་ནི་གོང་དུ་བཤད་ཟིན་པ་ལྟར། ཚུལ་གསུམ་རྒོལ་བའི་བློ་ཡུལ་དུ་ཚང་བར་བྱས་ནས་ དེའི་འོག་ཏུ ་གཏན་ཚིགས་འགོད་པ་ཡིན་གྱི། དེའི་སྔ་རོལ་ཏུ་རྩ་བའི་གཏན་ཚིགས་འགོད་པ་ནི་མ་ཡིན་ཏེ། དེའི་ཚེ་གཏན་ཚིགས་དེའི་ཚུལ་གསུམ་དབུ་མ་པ་རང་གི་ཚད་མས་མི་འགྲུབ་ཅིང་། རྒོལ་བ་གཞན་གྱི་ངོར་ཡང་གྲུབ་མ་ཟིན་པའི་ཕྱིར་ཏེ། ཇི་སྐད་དུ། གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། །ཞེས་དང་། རང་གྲགས་མ་སྐྱེས་གཏན་ཚིགས་ཀྱིས་གནོད་པ། །ཞེས་པའི་སྐབས་ནས་འབྱུང་བ་བཞིན་དང་། དེ་ཉིད་དུ་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་དང་། །རྒྱུ་ལ་མ་ལྟོས་ཡོད་མིན་པས་ན་དངོས་རྣམས་རང་བཞིན་བྲལ། །ཞེས་འབྱུང་བ་ལྟ་བུའོ། །དེ་ཡང་འདི་ལྟར།
མཐའ་བཞི་པོ་གང་རུང་ལས་མི་སྐྱེ་ན་རང་བཞིན་གྱིས་སྐྱེ་བ་མེད་པས་ཁྱབ། དཔེར་ན་ཐལ་བའི་རལ་པ་བཞིན། མྱུ་གུ་ཡང་མཐའ་བཞི་སྐྱེ་བ་དང་བྲལ་བས་རང་བཞིན་གྱིས་སྐྱེ་བ་མེད་དོ། །ཞེས་བཀོད་པ་དེའི་ཚེ་ན་ཆོས་ཅན་དང་ཕྱོགས་ཀྱི་ཆོས་དང་ཁྱབ་འབྲེལ་གསུམ་ཀ་རང་ལུགས་ལ་ཁས་ལེན་པ་མ་ཡིན་ཏེ། གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ། ཀུན་རྫོབ་ཀྱི་དངོས་པོ་ཅི་ཡང་ཁས་མི་ལེན་པའི་ཕྱིར་རོ། །དེའི་ཤེས་བྱེད་ཀྱང་རང་བཞིན་གྱི་སྐྱེ་བ་བཀག་ཤུལ་དུ། རང་བཞིན་སྐྱེ་མེད་ཁས་བླངས་ན་སྨན་ཉིད་དུག་ཏུ་སོང་བ་དང་འདྲ་བར་གསུངས་པའི་ཕྱིར་དང་། ཀུན་རྫོབ་ཀྱི་གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ། ཆོས་ཅན་དེའི་དངོས་པོ་གང་དུ་ཡང་མ་རྙེད་པ་ཞིག་དགོས་པ་ཡིན་གྱི། དངོས་པོའམ་དངོས་མེད་གང་རུང་དུ་རྙེད་ན་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་གསུམ་ཀ་གཞན་ལ་གྲགས་པ་ཡིན་ཏེ། མྱུ་གུ་ལ་སོགས་པའི་ཆོས་ཅན་ཀུན་རྫོབ་པའི་ངོ་བོ་ནི་རྒོལ་བ་དེ་ཉིད་ཀྱི་མཚན་འཛིན་ལྷན་སྐྱེས་ཀྱི་བཟུང་བ་དེ་ཉིད་ཡིན་ལ། ཕྱོགས་ཆོས་དང་། ཁྱབ་འབྲེལ་ནི། དབུ་མའི་རིགས་པས་རྒོལ་བ་དེའི་བློ་ངོར། ངེས་པར་འཛིན་དུ་བཅུག་པ་ཡིན་པའི་ཕྱིར། འོ་ན་ཚུལ་གསུམ་ངེས་པའི་རྟོག་པ་རྒོལ་བ་གཞན་ལ་ཆེད་དུ་གཉེར་ནས་བསྐྱེད་པ་བྱ་བ་དེ་ལྟ་ན། བསྒྲུབ་བྱ་ངེས་པའི་རྟོག་པ་ཡང་ཆེད་དུ་གཉེར་ནས་བསྐྱེད་པར་བྱ་བ་ཡིན་ནམ་ཞེ་ན། དགག་བྱ་བཀག་པ་ན་དེའི་ལོག་ཕྱོགས་ངེས་པའི་རྟོག་པ་ངང་གིས་སྐྱེ་བ་སྲིད་མོད། དེ་སྐྱེ་བ་འདིར་དགོས་པའི་གཙོ་བོ་མ་ཡིན་ཏེ། གཞན་ལ་གྲགས་པའི་གཏན་ཚིགས་དེས་བསྒྲུབ་བྱ་ཅི་ཡང་མི་བསྒྲུབ་པའི་ཕྱིར་དང་། བདེན་མེད་ངེས་པའི་རྟོག་པ་དེ་རྟགས་ཀྱི་ཆེད་དུ་བྱ་བའི་དགག་བྱ་ཡིན་པའི་ཕྱིར་དང་། བདེན་མེད་ངེས་པའི་རྟོག་པ་འདིར་བསྒྲུབ་བྱར་བྱས་ན། བདེན་མེད་དེ་ཉིད་ཀྱང་རང་བཞིན་
གྱིས་ཡོད་པ་མ་ཡིན་པར་སྒྲུབ་བྱེད་ཀྱི་རིགས་པ་ཕྱི་མ་དེས་ཀྱང་། དེ་དེར་ངེས་པའི་རྟོག་པ་ཆེད་དུ་གཉེར་ནས་བསྐྱེད་བྱ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན། མཚན་འཛིན་འགོག་བྱེད་ཀྱི་དབུ་མའི་རིགས་པ་ཐུག་མེད་ཇི་ཙམ་དུ་སྦྱར་ཡང་མཚན་འཛིན་སེལ་བའི་ཐབས་མི་རྙེད་པས་སྨན་ཉིད་དུག་ཏུ་སོང་བ་ལ་སེལ་བྱེད་ཀྱི་གཉེན་པོ་མི་རྙེད་པའི་དཔེ་དང་སྦྱར་ནས་གསུངས་པའི་དགོངས་པ་དེ་ཉིད་ཡིན་པས་སོ། །དེ་སྐད་དུ་ཡང་། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་སུན་ནི་འབྱིན་བྱེད་དམ། །འོན་ཏེ་ཕྲད་ནས་ཡིན་ཞེས་སྨྲས་ཟིན་ཉེས་པ་འདིར་གང་ལ། །ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱིས་བདག་ལ་ཕྱོགས་འདི་ནི། །ཡོད་པ་མིན་པས་ཐལ་བར་འགྱུར་བ་འདི་ནི་སྲིད་མ་ཡིན། །ཞེས་དང་། གལ་ཏེ་རང་གིས་བསྒྲུབ་བྱ་གོ་བྱེད་གཏན་ཚིགས་དངོས་གྲུབ་དང་། །དངོས་སུ་གོ་བྱ་ཉིད་འགྱུར་བསྒྲུབ་བྱའི་ངོ་བོའང་ཡོད་གྱུར་ན། །ཕྲད་པ་ལ་སོགས་རིགས་པ་ཉེ་བར་སྦྱོར་བར་འགྱུར་ཞིག་ན། །དེ་ཡང་ཡོད་པ་མིན་པས་ཁྱེད་ཀྱི་ཡིད་ཆད་འབབ་ཞིག་ཡིན། །ཞེས་གསུངས་སོ། །གལ་ཏེ་འོ་ན་ཇི་སྐད་དུ། དེ་ནི་ཡོད་པ་ཇི་ལྟར་དེ་བཞིན་འདིར་ཡང་ཤེས་རབ་གདོང་། །སྦྱར་བར་བྱ་ལ་ནུས་པ་མཐོང་བར་གྱུར་པའི་གཏན་ཚིགས་ནི། །འཐད་པ་དང་བྲལ་ལས་ཀྱང་བསྒྲུབ་བྱ་རྟོགས་ཞེས་ཤེས་པར་བྱ། །ཞེས་གསུངས་པ་མིན་ནམ་ཞེ་ན། དེ་ནི་དགག་བྱ་བཀག་ཙམ་ལ་བསྒྲུབ་བྱའི་མིང་གིས་བཏགས་པ་ཡིན་ཏེ། འཐད་པ་དང་བྲལ་ཞིང་གཏན་ཚིགས་དེ་ཉིད་ཀྱང་སྒྲུབ་བྱེད་མཚན་ཉིད་པ་མ་ཡིན་པར་བཤད་པའི་ཕྱིར། འོ་ན་དེ་ལྟར་བསྒྲུབ་བྱ་མཚན་ཉིད་པ་ཁས་མི་ལེན་དུ་ཆུག གཞན་ལ་གྲགས་ཀྱི་གཏན་ཚིགས་ཡང་དག་རྣམས་སྒྲུབ་བྱེད་མཚན་ཉིད་པར་མི་འཇོག་པ་ཅི་ཞེ་ན། བསྒྲུབ་བྱ་མི་སྒྲུབ་པའི་རྒྱུ་མཚན་གྱིས་སོ། །དེའི་ཤེས་བྱེད་ཀྱང་ཕྱོགས་ཆོས་ངེས་པའི་རྟོག་
པ་དེས་ཀྱང་མྱུ་གུའི་སྟེང་དུ་གཅིག་དང་དུ་མ་བཀག་ཙམ་གྱི་ཆ་ནས། ཕྱོགས་ཆོས་ངེས་པའི་རྟོག་པར་སོང་བ་ཡིན་གྱི། གཅིག་དང་དུ་བྲལ་དུ་ཞེན་པའི་ཆ་ནས་དེར་འཇོག་པ་མ་ཡིན། ཁྱབ་འབྲེལ་ངེས་པའི་རྟོག་པ་དེ་ཡང་གཅིག་དང་དུ་བྲལ་ལ་རང་བཞིན་བཀག་ཙམ་དང་། མཐའ་བཞི་གང་རུང་ལས་མི་སྐྱེ་བ་ལ་སྐྱེ་བ་བཀག་ཙམ་གྱི་ཆ་ནས་དེར་འཇོག་པ་ཡིན་གྱི། དེ་དེར་ཞེན་པའི་ཆ་ནས་དེར་འཇོག་པ་མ་ཡིན་པའི་དོན་ནོ། །གངས་ཅན་པ་ཕྱི་མ་གང་དག གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་བཞི་པོ་དེ་དག་གི་ཚུལ་གསུམ་རྒོལ་བ་གཉིས་ཀས་གྲུབ་པ་དང་། དེ་ཐམས་ཅད་ཀྱིས་རང་ལུགས་ཀྱི་བསྒྲུབ་བྱ་སྒྲུབ་པ་དང་། བསྒྲུབ་བྱ་རྟོགས་པའི་རྗེས་དཔག་གི་ངོ་བོ་ཞེན་བློ་ཡིན་པ་དང་། ཞེན་བློ་དེ་ཉིད་རིགས་ཤེས་ཡིན་པ་དང་། དེ་ཉིད་ཀྱིས་དོན་དམ་པའི་བདེན་པ་དངོས་སུ་གཞལ་བ་དང་། དེའི་དངོས་ཀྱི་གཞལ་བྱ་དེ་ཉིད་དོན་དམ་པའི་བདེན་པ་གོ་ཆོད་པོར་འདོད་པ་ལ་ཐལ་རང་གཉིས་ཀ་ཁྱད་པར་མེད་ཅིང་། རང་རྒྱུད་དང་གཞན་གྲགས་ཀྱི་ཁྱད་པར་ནི། ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་མི་འདོད་ཀྱི་སྒོ་ནས་འབྱེད་པ་ཡིན་ནོ་ཞེས་གཏམ་དུ་བྱ་བ་རྒྱ་ཆེར་འགོད་པ་དག་སྣང་མོད། དེ་དག་གིས་ནི་བློ་གྲོས་ཀྱི་ལང་ཚོ་ཆེས་ཤིན་ཏུ་གཞོན་ནུ་མར་གྱུར་པ་དག་མགུ་བ་བསྐྱེད་པར་ནུས་ཀྱི། གསུང་རབ་ཀྱི་དོན་རྣམ་པར་དཔྱོད་པ་ལ་ཆེས་ཤིན་ཏུ་རྒན་པོའི་ན་ཚོད་དང་ལྡན་པར་གྱུར་པ་དགའ་བ་སྐྱེད་པའི་ཡན་ལག་མ་ཡིན་པས་འདིར་དོར་བ་ཡིན་ནོ། །མདོར་ན། གཏན་ཚིགས་དེས་བསྒྲུབ་བྱ་ཆེད་དུ་གཉེར་ནས་མ་བསྒྲུབས་ཀྱང་བསྒྲུབ་བྱ་ངེས་པའི་རྟོག་པ་ངང་གིས་སྐྱེས་པ་དེ་ལ་རྗེས་སུ་དཔག་པའི་ཚད་མ་ཞེས་བྱ་ཞིང་། དེ་ཡང་རྗེས་དཔག་མཚན་ཉིད་པ་ཡིན་མོད། ཚད་མར་འཇོག་པ་ནི་དགག་བྱ་བཀག་ཙམ་ལ་མི་སླུ་བའི་ཆ་ནས་ཡིན་གྱི།
བསྒྲུབ་བྱ་རྟོགས་པའི་ཆ་ནས་མ་ཡིན་ཏེ། དེའི་ཆ་ནས་མཚན་འཛིན་དུ་སོང་བས་སྤང་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་དགག་བྱ་འགོག་པའི་ཐལ་འགྱུར་ལ། མཚན་ཉིད་ནི་འཁོར་གསུམ་རྒོལ་བའི་བློ་ངོར་ཚང་བས་རང་གང་ལ་འཕངས་པའི་རྒོལ་བ་དེའི་ལོག་རྟོག་སེལ་ནུས་པའོ། །འཁོར་གསུམ་ནི་རྟགས་རྒོལ་བ་དེ་ཉིད་ལ་གྲགས་པའི་ཚད་མས་མ་གྲུབ་ཀྱང་ཁས་བླངས་པ་དང་ཐལ་ཆོས་ཀྱི་ལོག་ཕྱོགས་རྒོལ་བ་དེ་ཉིད་ལ་གྲགས་པའི་ཚད་མས་གྲུབ་ཅིང་། གྲུབ་པ་ལྟར་ཁས་ཀྱང་བླངས་པའོ། །ཁྱབ་པ་ནི་རྒོལ་བ་དེ་ཉིད་ལ་གྲགས་པའི་ཚད་མས་གྲུབ་པའོ། །དེ་ལ་དབྱེ་ན། ཐལ་འགྱུར་མཚན་ཉིད་པ་གཞན་གྱི་དམ་བཅའ་སུན་འབྱིན་པ་འགལ་བ་བརྗོད་པའི་ཐལ་འགྱུར་དང་། རྒྱུ་མཚན་མཚུངས་པའི་མགོ་སྙོམས་གཉིས་གཞན་གྱི་གཏན་ཚིགས་སུན་འབྱིན་པ་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པའོ། །དང་པོ་ནི། ཇི་སྐད་དུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང་། །རྒྱུ་མེད་པ་ནི་འགའ་ཡང་མེད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ནི་ཇི་སྐད་དུ། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ལ་གཉིས་ཏེ། གཞན་གྱི་སྒྲུབ་བྱེད་འགོད་ཚུལ་བསྒྲུབ་བྱ་དང་མཚུངས་པ་དང་། རང་ལ་སྐྱོན་འདོགས་ཚུལ་བསྒྲུབ་བྱ་དང་མཚུངས་པའོ། །དང་པོ་ནི། ཇི་སྐད་དུ། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། ཇི་སྐད་དུ།
སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་ནུས་པ་ནི་རྒྱུ་མཚུངས་པའི་མགོ་སྙོམས་ཀྱིས་འབྱིན་པས། འདི་གཉིས་ནི་གཞན་ཕྱོགས་སུན་འབྱིན་པ་ཁྱབ་འཇུག་གི་མདུང་ཐུང་ལྟ་བུའི་རིགས་པ། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པ་ནི་རང་ཕྱོགས་མེད་པ་ལ་རང་ཕྱོགས་ཀྱི་མིང་བཏགས་ནས་རང་ཕྱོགས་བསྲུང་བའི་གོ་ཆ་ལྟ་བུའི་རིགས་པ། གཞན་ལ་གྲགས་ཀྱི་རྗེས་དཔག་ནི། རྒོལ་བ་གཉིས་རྒྱུད་གཅིག་ཏུ་བྱེད་པ་དཔང་པོ་ལྟ་བུའི་རིགས་པའོ། །ཞེས་ཞང་ཐང་སག་པ་གསུང་ངོ་། །ཞེས་སློབ་དཔོན་དག་འཆད་དོ། །དོན་དེ་དག་ཀྱང་ཅུང་ཟད་རྒྱས་པར་བཤད་ན་འདི་ལྟར། གྲངས་ཅན་བདག་ལས་སྐྱེ་བར་ཁས་ལེན་པ་ལ། ཕྱི་ནང་གིས་དངོས་པོ་རྣམས་ཆོས་ཅན། སྐྱེ་བ་དོན་མེད་པར་ཐལ། རྒྱུའི་དུས་ན་ཡོད་པའི་ཕྱིར། ཞེས་པ་འགལ་བ་བསྡུད་པའི་ཐལ་འགྱུར་དང་། དེ་ལ་ཁྱབ་པ་མ་ངེས་ན། མངོན་པར་གསལ་བའི་དུས་ན་ཡོད་པ་སྐྱེ་མི་དགོས་ན། མི་གསལ་བའི་དུས་ན་ཡོད་པའང་སྐྱེ་མི་དགོས་ཞེས་པ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་དང་། མངོན་པར་གསལ་མི་གསལ་གྱིས་ཁྱད་པར་ཡོད་དོ་ཞེས་འབྱེད་ན། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའོ། །ཡང་དངོས་པོར་སྨྲ་བ་གཞན་དག་གཞན་སྐྱེ་ཁས་ལེན་པ་ལ། ས་བོན་ལས་མྱུ་གུ་མི་སྐྱེ་བར་ཐལ། ས་མྱུག་གཉིས་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། ཞེས་འགལ་བ་བསྡུད་པའི་ཐལ་འགྱུར་དང་། དེ་ལ་ཁྱབ་པ་མ་ངེས་ན། ས་བོན་ལས་མྱུ་གུ་སྐྱེ་བ་དང་། སྣང་བ་ལས་མུན་པ་སྐྱེ་བ་གཉིས་མཚུངས་དགོས་ཏེ། དེ་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་དུ་མཚུངས་པའི་ཕྱིར། ཞེས་རྒྱུ་མཚན་མཚུངས་པའི་མགོ་སྙོམས་པ་དང་། དེ་དང་དེ་ལ་དེ་དང་དེ་སྐྱེད་པའི་
ནུས་པ་ཡོད་མེད་ཀྱི་སྒོ་ནས་འབྱེད་ན། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའོ། །ཡང་རྒྱང་ཕན་འཇིག་རྟེན་རྒྱུ་མེད་དུ་ཁས་ལེན་པ་ལ། འཇིག་རྟེན་ཆོས་ཅན། མངོན་སུམ་གྱིས་བཟུང་དུ་མེད་པར་ཐལ། རྒྱུ་མེད་ཡིན་པའི་ཕྱིར། ཞེས་པ་འགལ་བ་བརྗོད་པའི་ཐལ་འགྱུར་དང་། ཁྱབ་པ་མ་ངེས་ན། ནམ་མཁའི་ཨུཏྤ་ལའི་ཁ་དོག་ཀྱང་གཟུང་དུ་ཡོད་པར་ཐལ། འཇིག་རྟེན་རྒྱུ་མེད་ཡིན་ཡང་གཟུང་དུ་ཡོད་པའི་ཕྱིར། ཞེས་པ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་དང་། དེ་གཉིས་ལ་ངོ་བོ་ཡོད་མེད་ཀྱིས་འབྱེད་ན་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའོ། །གྲངས་ཅན་དང་གཅེར་བུ་པ་གཉིས་ཀ་ལས་སྐྱེ་བར་ཁས་ལེན་པ་ལ་ས་བོན་ལས་མྱུ་གུ་མི་སྐྱེ་བར་ཐལ། དེ་གཉིས་རང་བཞིན་གཞན་ཡིན་པའི་ཕྱིར། ཁྱབ་པ་མ་ངེས་ན། མེ་ལྕེ་ལས་མུན་པ་སྐྱེ་བར་ཐལ། གཞན་ཡིན་ཡང་དེ་ལས་དེ་སྐྱེ་བའི་ཕྱིར། དེ་གཉིས་ལ་སྐྱེ་བའི་ནུས་པ་ཡོད་མེད་ཀྱིས་འབྱེད་ན། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའོ། །དེ་ལྟར་ན། གཞན་གྱི་ལོག་རྟོག་དགག་པའི་ཐལ་བ་གསུམ་པོ་དེས་ཕྱོགས་ཆོས་དང་ཁྱབ་པ་གཞན་གྱི་བློ་ངོར་བསྒྲུབས་ནས། དེའི་འོག་ཏུ ་གཞན་ལ་གྲགས་ཀྱི་གཏན་ཚིགས་ཀྱིས་རྗེས་དཔག་བསྐྱེད་པར་བྱེད་དོ། །དེ་ཡང་འགལ་བ་བརྗོད་པས་ནི་ཁས་བླངས་ཀྱི་རྟགས་ལས་མི་འདོད་པའི་ཐལ་བ་འཕེན་པ་ཡིན་ལ། རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱིས་ཐལ་བ་དེའི་ཁྱབ་པ་གཞན་གྱི་བློ་ངོར་དཔེའི་སྟེང་དུ་ངེས་པར་བྱས་པ་ཡིན་ལ། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པས་ནི། ཐལ་བ་དེ་ལྟར་འཕངས་པ་ལ་གཞན་གྱིས་ཚེར་མ་འབྱིན་མི་ནུས་པར་བསྟན་པ་ཡིན་ནོ། །དེའི་ཕྱིར་ཐལ་འགྱུར་བའི་རིགས་པ་ནི་བཞི་པོ་དེར་གྲངས་ངེས་པ་ཡིན་ནོ། །བོད་ཀྱི་དབུ་མ་ཐལ་འགྱུར་བ་དག་
ལྡོག་པ་གཅིག་པའི་དཔུང་ཕུལ་ཞེས་བྱ་བ་གཅིག་དང་རིགས་པ་ལྔར་འཆད་ཀྱང་། །དེ་ལ་བོད་གཞན་དག་གི་དཔུང་ཕུལ་ཞེས་བྱ་བའི་མིང་ཉིད་ཀྱིས་མི་མཁས་པས་བྱས་པར་གོར་མ་ཆག་གོ་ཞེས་གསུང་ཡང་། རྒྱུ་མཚན་མཚུངས་པའི་མགོ་སྙོམས་དང་དོན་ལ་ཁྱད་པར་མེད་དོ། །འོ་ན་ཅི་གཞན་ལ་གྲགས་ཀྱི་རྗེས་དཔག་ཅེས་བྱ་བ་དེ་ཐལ་འགྱུར་དང་། རང་རྒྱུད་གཉིས་ལས་གང་ཡིན་ཞེ་ན། བོད་ཀྱི་སློབ་དཔོན་གཞན་དག་ན་རེ། ཐལ་འགྱུར་དུ་ཁས་ལེན་དགོས་ཏེ་གཞན་དུ་ན། རང་རྒྱུད་དུ་ཐལ་བར་འགྱུར་བའི་ཕྱིར། ཞེས་གསུང་ཡང་། ཐལ་འགྱུར་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་ཚིག་གསལ་ལས། མིག་སོགས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར། ཞེས་པ་འདི་ཡང་གཞན་གྲགས་སུ་བཤད་ལ། དེ་ཐལ་འགྱུར་དུ་བྱས་ན་ཁས་བླངས་མེད་པའི་ཐལ་འགྱུར་དུ་སོང་བས། དབུ་མ་པ་རང་ལ་བཟློག་པའི་ཕྱིར་དེ་ལྟར་ན་འདི་ཐལ་འགྱུར་མ་ཡིན་ཡང་སུན་འབྱིན་ཡིན་ལ། སུན་འབྱིན་ལ་ཐལ་བར་བརྗོད་པ་དང་། རྣལ་མར་བརྗོད་པ་གཉིས་ལས། འདི་ནི་ཕྱི་མའི་དབང་དུ་བྱས་པའོ། །དེ་ལྟར་རིགས་པས་རྣམ་པར་དཔྱད་པ་བྱས་པའི་འབྲས་བུ་ནི། གཞན་གྱི་ལོག་པར་རྟོག་པ་སེལ་བ་གཙོ་བོ་ཡིན་གྱིས། དེའི་ལོག་ཕྱོགས་ལ་ངེས་པ་སྐྱེད་པ་ནི་དེའི་དགོས་པ་མ་ཡིན་ཏེ། ངེས་པ་དེ་ཉིད་ཀྱང་མཚན་འཛིན་ཡིན་པས། རིགས་པ་དེ་དག་གིས་ཆེད་དུ་བྱ་བའི་དགག་བྱ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། རྟོག་རྣམས་ལོག་པར་འགྱུར་བ་གང་ཡིན་ཏེ། །རྣམ་པར་དཔྱད་པའི་འབྲས་བུ་མཁས་རྣམས་གསུང་། །ཞེས་འབྱུང་བ་ཡིན་ནོ། །མདོར་བསྡུ་ན། དབུ་མ་རིན་པོ་ཆེའི་ཕྲེང་བ་དང་། བཤེས་པའི་སྤྲིང་ཡིག་ལ་སོགས་པར། བསོད་ནམས་མ་ཡིན་པ་དང་པོར་
བཟློག་པ་དེའི་ཚེ། ཀུན་རྫོབ་ཀྱི་བདེན་པ་རྣམས་ཐ་སྙད་དུ་མེད་པ་དགག་བྱར་བྱས་ནས། དེ་ཐ་སྙད་དུ་ཡོད་པར་བསྒྲུབས་སོ། །དབུ་མ་རིགས་པའི་ཚོགས་སུ་ནི། བར་དུ་བདག་བཟློག་པའི་རིགས་པས་ཀུན་རྫོབ་ཀྱི་བདེན་པ་རྣམས་དགག་བྱར་བྱས་ནས། དོན་དམ་བདེན་པ་རྣམས་འབད་པས་བསྒྲུབས་སོ། །ཐ་མར་སྤྲོས་པ་ཀུན་བཟློག་པའི་རིགས་པས་ནི། དོན་དམ་པའི་བདེན་པ་དེ་ཉིད་དགག་བྱར་བྱས་ནས། སྤྲོས་པའི་ཚོགས་ཀུན་བཀག་ཀྱང་། བསྒྲུབ་བྱ་ནི་ཅི་ཡང་མ་བསྒྲུབས་སོ། །དེ་ལྟ་བུའི་རིམ་པ་གསུམ་པོ་དེ་རིམ་གྱིས་སྟོན་པ་རང་རྒྱུད་ཀྱི་ལུགས་དང་། ཅིག་ཅར་དུ་འཆད་པ་དཔལ་ལྡན་ཟླ་བའི་ལུགས་སོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །འདིར་སྨྲས་པ། ཆོས་ཀུན་རང་བཞིན་མེད་པའི་ཚུལ་བསླབས་ནས། །ཆོས་ཚུལ་ཡོངས་ཀྱི་སྙིང་པོ་བླ་མེད་པ། །ཆོས་ལ་བདག་མེད་ཇི་བཞིན་བཤད་པ་འདི། །ཆོས་ཀྱི་རྒྱལ་པོའི་གོ་འཕངས་དོན་དུ་བསྔོ། །རང་དུ་རློམ་དང་གཞན་ལ་ཕྲག་དོག་དང་། །རང་གཞུང་སྒྲུབ་དང་གཞན་གཞུང་འཇིག་པ་དང་། །རང་གིས་མ་ཤེས་གཞན་གྱི་དཔེ་བཙལ་ནས། །རང་གཞན་གྲུབ་མཐའི་རྣམ་དབྱེ་འདི་མ་བྱས། །མཐའ་ཡས་ལུང་གི་འབྱུང་ཁུངས་དབུ་མའི་ཚོགས། །མཐའ་མེད་རིགས་པའི་གྲུབ་ཆེན་སྡེ་བདུན་གཞུང་། །མཐའ་དག་རྣམ་དཔྱོད་སྐྱེ་བ་འཛིན་མཁས་པས། །མཐའ་དབུས་མེད་པའི་ཆོས་འདིའི་ཕ་མཐའ་ཤེས། །ཞེས་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པའི་གནས་རྣམས་ལ་མཁས་པར་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།