Nitartha Digital Library
Tibetan
 
previousསྐབས་བཞི་པའི་ངག་དོན་བཤད་པ།next

སྐབས་བཞི་པའི་ངག་དོན་བཤད་པ།

ཐམས་ཅད་མཁྱེན་པ་ཉིད་གསུམ་སོགས་ལ། རྣམ་ཀུན་ཆོས་ཅན། མཁྱེན་གསུམ་གྱི་མཇུག་ཏུ་སྟོན་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ནས་དབང་དུ་བྱ་བའི་ཕྱིར་ཁྱོད་སྒོམ་པའི་ཕྱིར། གཞི་ཤེས་པའི་སོགས་ལ། སྐབས་འདིའི་རྣམ་པ་ཆོས་ཅན། གཞི་དང་མ་འབྲེལ་བའི་རྣམ་པ་ཡན་གར་བ་མ་ཡིན་ཏེ། མི་མཐུན་ཕྱོགས་ཀྱི་གཉེན་པོར་གྱུར་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཁྱབ་སྟེ། གཞི་དང་མ་འབྲེལ་བའི་རྣམ་པ་ནི། མི་མཐུན་ཕྱོགས་ཀྱི་གཉེན་པོར་མི་རུང་བའི་ཕྱིར། དབྱེ་ན་གསུམ་ཡོད་དེ། གཞི་ཤེས་ལམ་ཤེས་རྣམ་མཁྱེན་གྱི་རྣམ་པ་གསུམ་དུ་ཡོད་པའི་ཕྱིར། མེད་པའི་རྣམ་པ་ནས་སོགས་ལ། གཞི་ཤེས་ཀྱི་རྣམ་པ་ཆོས་ཅན། དབྱེར་ན་ཉེར་བདུན་ཡོད་དེ། བདེན་པ་དང་པོ་གསུམ་ལ་བཞི་བཞི་དང་། ལམ་བདེན་པ་བཅོ་ལྔ་ཡོད་པའི་ཕྱིར། དེ་སོགས་ལ། མེད་པ་ནས་མི་རྫི་བའི་བར་གྱི་རྣམ་པ་བཞི་ཆོས་ཅན། སྡུག་བདེན་གྱི་རྣམ་པ་ཡིན་ཏེ། སྡུག་བདེན་གྱི་མཚན་ཉིད་ལ་ལོག་ཕྱོགས་སུ་སྒྲོ་འདོགས་སེལ་བྱེད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གནས་མེད་ནས་མིང་མེད་ཀྱི་བར་གྱི་རྣམ་པ་བཞི་ཆོས་ཅན། ཀུན་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་སོགས་ལ། འགྲོ་བ་མེད་པ་ནས་སྐྱེ་བ་མེད་པའི་བར་གྱི་རྣམ་པ་བཞི་ཆོས་ཅན། འགོག་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་སོགས་སོ། །ཉོན་སྒྲིབ་སོགས་ལ། གཞི་ཤེས་ཀྱིས་བསྡུས་པའི་ལམ་བདེན་ཆོས་ཅན། དབྱེ་ན་གསུམ་ཡོད་དེ། ཉོན་སྒྲིབ་ཀྱི་གཉེན་པོ་ཟག་མེད་དང་། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་སྒོམ་ལམ་ཟག་བཅས་དང་མཐོང་ལམ་ཟག་མེད་གཉིས་ཡོད་པའི་ཕྱིར། ཁྱོད་ལ་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་འབྱེད་པ་མ་འབྲེལ་བ་མ་ཡིན་ཏེ། ཁྱོད་ཀྱི་རང་སངས་རྒྱས་ཀྱི་མངོན་རྟོགས་ཀྱང་བསྡུས་པའི་ཕྱིར། དང་པོ་སོགས་ལ་བྱེད་པ་པོ་མེད་པ་ནས། འདུལ་བ་པོ་མེད་པའི་བར་གྱི་རྣམ་པ་བཞི་ཆོས་ཅན། ལམ་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་སོགས་སོ། །གཉིས་པ་སོགས་ལ། རྨི་ལམ་ནས་སྒྱུ་མའི་བར་གྱི་རྣམ་པ་ལྔ་ཆོས་ཅན། ཤེས་སྒྲིབ་གཟུང་རྟོག་སྤྱིའི་གཉེན་པོ་ཡིན་ཏེ། ཕྱི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། གསུམ་པ་སོགས་ལ། ཀུན་ནས་ཉོན་མོངས་པ་མེད་པ་ནས། མི་གཡོ་བའི་བར་གྱི་རྣམ་པ་དྲུག་ཆོས་ཅན། སྤང་བྱ་སོ་སོར་ངེས་པའི་གཉེན་པོ་ཡིན་ཏེ། རང་གི་ལོག་ཕྱོགས་སུ་སྒྲོ་འདོགས་པའི་མི་མཐུན་ཕྱོགས་བྱེ་བྲག་ངེས་པའི་གཉེན་པོ་ཡིན་པའི་ཕྱིར། རྒྱུ་དང་ལམ་དང་སོགས་ལ། སྐབས་འདིའི་བདེན་བཞིའི་གོ་རིམ་ཆོས་ཅན། སྐབས་གཞན་གྱི་བདེན་བཞིའི་གོ་རིམ་དང་མི་མཐུན་པས་སྐྱོན་ཅན་མ་ཡིན་ཏེ། ཀུན་བྱང་གི་ཕྱོགས་ལ་བརྟེན་པའི་རྒྱུ་འབྲས་དོན་གྱིས་གོ་རིམ་ཡིན་པའི་ཕྱིར། ལམ་ཤེས་ཀྱི་རྣམ་པ་ཆོས་ཅན། སུམ་ཅུ་རྩ་དྲུག་ཡོད་དེ། ཀུན་བདེན་གྱི་བརྒྱད། ལམ་བདེན་གྱི་བདུན། སྡུག་བདེན་གྱི་ལྔ། འགོག་བདེན་གྱི་བཅུ་དྲུག་རྣམས་སུ་ཡོད་པའི་ཕྱིར། འདོད་ཆགས་དང་བྲལ་བ་སོགས་ལ། འདོད་ཆགས་དང་བྲལ་བ་ནས་སེམས་ཅན་མེད་པའི་བར་གྱི་རྣམ་པ་བརྒྱད་ཆོས་ཅན། ཀུན་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་ལ་མངོན་པར་ཞེན་པའི་གཉེན་པོར་གྱུར་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། རྒྱུ་གང་ཡིན་པ་སོགས་ལ། མ་འོངས་པའི་ཕུང་པོ་སོགས་ལ་འདུན་པ་དང་། ད་ལྟར་བ་ལ་ཆགས་པ་དང་། ཡང་སྲིད་ལ་མངོན་པར་དགའ་བ་ཆོས་ཅན། རྒྱུ་ཡིན་ཏེ། ཡང་སྲིད་འབྱུང་བྱེད་ཡིན་པའི་ཕྱིར། འདོད་ཆགས་སོགས་གསུམ་ཆོས་ཅན། ཀུན་འབྱུང་ཡིན་ཏེ། ཡང་སྲིད་ཀྱི་ལས་སོག་བྱེད་ཡིན་པའི་ཕྱིར། ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་ཆོས་ཅན། རབ་སྐྱེ་ཡིན་ཏེ། ཆགས་སོགས་སྐྱེད་བྱེད་ཡིན་པའི་ཕྱིར། སེམས་ཅན་དུ་མངོན་པར་ཞེན་པ་ཆོས་ཅན། རྐྱེན་ཡིན་ཏེ། ཉོན་མོངས་ཀུན་བསྐྱེད་བྱེད་ཡིན་པའི་ཕྱིར། ཚད་མེད་སོགས་ལ། ཚད་མེད་ནས་ཆགས་མེད་ཀྱི་བར་གྱི་རྣམ་པ་བདུན་ཆོས་ཅན། ལམ་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་ལ་ལོག་ཕྱོགས་སུ་སྒྲོ་འདོགས་སེལ་བྱེད་ཡིན་པའི་ཕྱིར། ཚད་མེད་དང་མཐའ་གཉིས་དང་མ་འབྲེལ་བའི་རྣམ་པ་ཆོས་ཅན། ལམ་བདེན་ལ་ལམ་གྱི་རྣམ་པ་ཡིན་ཏེ། སེམས་ཅན་ལ་ཐར་པའི་གོ་སྐབས་འབྱེད་པ་དང་ཇི་ལྟར་གོ་སྐབས་འབྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར། ཐ་མི་དད་དང་མཆོག་དུ་འཛིན་པ་མེད་པའི་རྣམ་པ་ཆོས་ཅན། རིགས་པའི་རྣམ་པ་ཡིན་ཏེ། ཆོས་དབྱིངས་ཐ་མི་དད་དུ་རྟོགས་པའི་རིགས་པ་དང་། དེའི་རྒྱུ་མཚན་ཡིན་པའི་ཕྱིར། རྣམ་པར་མི་རྟོག་པ་དང་གཞལ་དུ་མེད་པའི་རྣམ་པ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ཏེ། རྣམ་རྟོག་ཉེ་བར་ཞི་བའི་སྒྲུབ་པ་དང་ཇི་ལྟར་སྒྲུབ་པའི་རྒྱུ་མཚན་ཡིན་པའི་ཕྱིར། ཆགས་པ་མེད་པའི་རྣམ་པ་ཆོས་ཅན། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། ཆོས་གང་ལའང་ཆགས་པ་མེད་པས་གདོན་མི་ཟ་བར་མྱ་ངན་ལས་འདས་པར་འབྱིན་བྱེད་ཡིན་པའི་ཕྱིར། མི་རྟག་པ་སོགས་ལ། མི་རྟག་པ་ནས་མཚན་ཉིད་མེད་པའི་བར་གྱི་རྣམ་པ་ལྔ་ཆོས་ཅན། སྡུག་བདེན་གྱི་རྣམ་པ་ཡིན་ཏེ། སྡུག་བདེན་གྱི་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ལ་ལོག་ཕྱོགས་སུ་སྒྲོ་འདོགས་གཅོད་བྱེད་ཡིན་པའི་ཕྱིར། འགོག་པའི་སོགས་ལ། ནང་དང་ཕྱི་དང་གཉིས་ཀ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་ཆོས་ཅན། འགོག་བདེན་གྱི་འགོག་པའི་རྣམ་པའི་ངོ་བོ་ཡིན་ཏེ། ཟག་བཅས་ཀྱི་དངོས་པོ་མ་ལུས་པ་འགག་པས་རབ་ཏུ་ཕྱེ་བའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། ཞི་བའི་རྣམ་པ་སོགས་ལ། སྟོང་པ་ཉིད་སྟོང་པ་ཉིད་ནས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བར་གྱི་རྣམ་པ་བརྒྱད་ཆོས་ཅན། ཞི་བའི་རྣམ་པའི་ངོ་བོ་ཉིད་ཡིན་ཏེ། བཏགས་པའི་མངོན་ཞེན་གྱི་དྲི་མ་ཞི་བས་ཕྱེ་བའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། གྱ་ནོམ་གྱི་སོགས་ལ་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་ཆོས་ཅན། གྱ་ནོམ་པའི་རྣམ་པའི་ངོ་བོ་ཡིན་ཏེ། བྱེད་པ་པོ་གཞན་གྱིས་མ་བྱས་པར་རང་བཞིན་གྱིས་སྐྱོན་དང་བྲལ་བའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། ངེས་པར་འབྱུང་བའི་སོགས་ལ་ཆོས་ཐམས་ཅད་རང་གི་མཚན་ཉིད་དང་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་ཆོས་ཅན། ཇི་ལྟར་ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། མཚན་གཞི་མཚན་ཉིད་དུས་རྣམས་སུ་འཁྲུལ་པའི་ཞེན་པ་གསུམ་བཀག་པས་རབ་ཏུ་ཕྱེ་བའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ཆོས་ཅན། གང་ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། ངེས་པར་འབྱུང་བའི་རང་བཞིན་དུ་གྱུར་པའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། དེ་ལྟར་སོགས་ལ། སྟོང་ཉིད་བཅུ་དྲུག་གི་རྣམ་པ་ཆོས་ཅན། འགོག་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་ལ་ལོག་ཕྱོགས་སུ་སྒྲོ་འདོགས་སེལ་བྱེད་ཡིན་པའི་ཕྱིར། དྲན་པ་ཉེར་བཞག་སོགས་ལ། རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། བརྒྱ་དང་བཅུར་དབྱེར་ཡོད་དེ། གཞི་ཤེས་ཀྱི་སོ་བདུན། ལམ་ཤེས་ཀྱི་སོ་བཞི། རྣམ་མཁྱེན་གྱི་ཐུན་མོང་མ་ཡིན་པའི་རྣམ་པ་སོ་དགུ་རྣམས་སུ་ཡོད་པའི་ཕྱིར། དངོས་པོ་ལ་རྟོག་པའི་ལམ་སོགས་ལ། དྲན་པ་ཉེར་བཞག་བཞི་ཆོས་ཅན། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡིན་ཏེ། བདེན་བཞི་ལ་འཇུག་པའི་ཆེད་དུ། ལུས་སོགས་ཆོས་བཞི་ལ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་རྟོག་པའི་ཤེས་རབ་ཡིན་པའི་ཕྱིར། དེའི་འོག་ཏུ་རྩོལ་བ་ལས་བྱུང་བའི་སོགས་ལ། ཡང་དག་སྤོང་བ་བཞི་ཆོས་ཅན། རྩོལ་བ་ལས་བྱུང་བའི་ལམ་ཡིན་ཏེ། སྤང་གཉེན་ཉམས་པ་དང་འཕེལ་བའི་རྒྱུར་གྱུར་པའི་བརྩོན་འགྲུས་ཡིན་པའི་ཕྱིར། ཏིང་ངེ་འཛིན་ཡོངས་སུ་སྦྱོང་སོགས་ལ། རྫུ་འཕྲུལ་རྐང་བཞི་ཆོས་ཅན། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ཡིན་ཏེ། སེམས་ལས་སུ་རུང་བར་བྱེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། མངོན་པར་རྟོགས་པའི་སྦྱོར་བའི་སོགས་ལ། དྲོད་རྩེས་བསྡུས་པའི་དད་སོགས་དབང་པོ་ལྔ་ཆོས་ཅན། མངོན་པར་རྟོགས་པར་སྦྱོར་བའི་ལམ་ཡིན་ཏེ། འཕགས་ལམ་སྐྱེད་པ་ལ་དབང་བྱེད་པའི་ལམ་ཡིན་པའི་ཕྱིར། མངོན་པར་རྟོགས་པ་དང་འབྲེལ་སོགས་ལ། བཟོད་མཆོག་གིས་བསྡུས་པའི་དད་སོགས་སྟོབས་ལྔ་ཆོས་ཅན། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ཡིན་ཏེ། མི་མཐུན་ཕྱོགས་ཟིལ་གྱིས་མནོན་པའི་སྒོ་ནས་འཕགས་ལམ་སྐྱེད་པ་ལ་དབང་བྱེད་པའི་ལམ་ཡིན་པའི་ཕྱིར། མངོན་པར་རྟོགས་པའི་ལམ་སོགས་ལ། བྱང་ཆུབ་ཡན་ལག་བདུན་ཆོས་ཅན། མངོན་པར་རྟོགས་པའི་ལམ་ཡིན་ཏེ། བདེན་པའི་དེ་ཁོ་ན་ཉིད་སྔར་མེད་གསར་དུ་རྟོགས་པས་རབ་ཏུ་ཕྱེ་བའི་ལམ་ཡིན་པའི་ཕྱིར། རྣམ་པར་དག་པ་སོགས་ལ། འཕགས་ལམ་ཡན་ལག་བརྒྱད་ཆོས་ཅན། རྣམ་དག་ངེས་འབྱིན་གྱི་ལམ་ཡིན་ཏེ། བདེན་པའི་ཆོས་ཉིད་མཐོང་ཟིན་གོམས་པར་བྱེད་པའི་ལམ་ཡིན་པའི་ཕྱིར། གཉེན་པོའི་ལམ་སོགས་ལ། འཕགས་ལམ་གྱིས་བསྡུས་པའི་སྟོང་པ་བདག་མེད་ཀྱི་རྣམ་པ་ཆོས་ཅན། ལྟ་བས་བྱས་པའི་གཉེན་པོ་ཡིན་ཏེ། བདག་དང་བདག་གིར་ལྟ་བའི་དངོས་གཉེན་ཡིན་པའི་ཕྱིར། སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ཏེ། ངོ་བོ་དང་དོན་གཞན་གྱི་བདག་གིས་སྟོང་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། འགོག་པ་དང་ལམ་གྱི་རྣམ་པ་བརྒྱད་ཆོས་ཅན། འཇིག་ལྟའི་རྒྱུ་ལས་བྱུང་བའི་རྣམ་རྟོག་གི་གཉེན་པོ་ཡིན་ཏེ། ཐར་པ་དང་། དེའི་ཐབས་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་དངོས་གཉེན་ཡིན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ཏེ། གང་གི་མཚན་མ་མེད་པ་དང་། མཚན་མ་མེད་པ་གང་ཡིན་པའི་ངོ་བོ་ཇི་ལྟ་བ་བཞིན་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཀུན་བདེན་གྱི་རྣམ་པ་བཞི་དང་མི་རྟག་སྡུག་བསྔལ་གྱི་རྣམ་པ་ཆོས་ཅན། ཁམས་གསུམ་ལ་སྨོན་པའི་གཉེན་པོ་ཡིན་ཏེ། འཁོར་བ་རྒྱུ་འབྲས་ཀྱི་ཉེས་དམིགས་ཇི་ལྟ་བ་བཞིན་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡིན་ཏེ། རྟགས་སྔ་མའི་ཕྱིར་རོ། །དེ་ལྟར་སོགས་ལ། རྣམ་ཐར་སྒོ་གསུམ་ཆོས་ཅན། གཉེན་པོའི་ལམ་ཡིན་ཏེ། ཐར་པའི་གེགས་ཀྱི་གཙོ་བོ་གསུམ་སྤོང་བྱེད་ཀྱི་ལམ་ཡིན་པའི་ཕྱིར། སྤྲུལ་པའི་ལམ་སོགས་ལ། གཟུགས་ཅན་གཟུགས་ལ་ལྟ་བ་དང་། གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་ཐར་ཆོས་ཅན། སྤྲུལ་པའི་ལམ་ཡིན་ཏེ། ཕྱི་རོལ་གྱི་གཟུགས་འདོད་རྒུར་སྤྲུལ་སྒྱུར་མི་ནུས་པའི་སྒྲིབ་པ་སྤོང་བྱེད་ཀྱི་ལམ་ཡིན་པའི་ཕྱིན། གཟུགས་སྡུག་པ་དང་སོགས་ལ། སྡུག་པའི་རྣམ་ཐར་ཆོས་ཅན། སྡུག་མི་སྡུག་སྤྲུལ་པ་ལ་དགའ་མི་དགའི་མཉེན་པོ་ཡིན་ཏེ། གཟུགས་སྡུག་མི་སྡུག་བར་མ་རྣམས་སྡུག་པར་རོ་གཅིག་དུ་མོས་པར་བྱེད་པའི་རྣམ་ཐར་ཡིན་པའི་ཕྱིར། མཐོང་བའི་ཆོས་སོགས་ལ། གཟུགས་མེད་ཀྱི་སྙོམས་འཇུག་བཞི་དང་འགོག་སྙོམས་ཆོས་ཅན། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ཡིན་ཏེ། བྱང་འཕགས་མཐོང་ཆོས་ལ་ཏིང་ངེ་འཛིན་གྱི་བདེན་པ་ལ་གནས་པའི་ཕྱིར། སྙོམས་པར་འཇུག་གིས་དེ་དག་གི་རྣམ་སྨིན་སྔོན་དུ་བྱ་བའི་ཕྱིར་མི་འཇུག་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ལམ་སོགས་ལ། འདས་ལམ་གྱིས་བསྡུས་པའི་མཐར་གནས་ཀྱི་སྙོམས་འཇུག་དགུ་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་ཡིན་ཏེ། འཕགས་པ་ཁོ་ནའི་རྒྱུད་ལ་སྐྱེ་བའི་ལམ་ཡིན་པའི་ཕྱིར། སྤོང་བའི་ལམ་སོགས་ལ། མཐོང་ལམ་ཆོས་བཟོད་བཞི་ཆོས་ཅན། སྤོང་བའི་ལམ་ཡིན་ཏེ། མཐོང་སྤང་གི་དངོས་གཉེན་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ལམ་སོགས་ལ། ཕར་ཕྱིན་བཅུ་ཆོས་ཅན། སངས་རྒྱས་ཉིད་ཀྱི་ལམ་ཡིན་ཏེ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་ཡིན་པའི་ཕྱིར། རྣམ་མཁྱེན་སོགས་ལ། རྣམ་མཁྱེན་གྱི་རྣམ་པ་སོ་དགུ་པོ་ཆོས་ཅན། ཐུན་མོང་མ་ཡིན་པའི་ལམ་ཡིན་ཏེ། འཕགས་ཆུང་འོག་མ་གསུམ་ལས་ཕུལ་དུ་བྱུང་བའི་ཁྱད་པར་གྱི་ལམ་ཡིན་པའི་ཕྱིར། དེ་ལ་ནི་གནས་དང་སོགས་ལ། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། གནས་དང་གནས་མིན་མཁྱེན་པའི་སྟོབས་ཡིན་ཏེ། ཀུན་བྱང་གིས་བསྡུས་པའི་རྒྱུ་འབྲས་ཀྱི་ཡུལ་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་ཡིན་ཏེ། རྣམ་སྨིན་གྱི་ངོ་བོ་དང་རབ་དབྱེ་རྒྱ་ཆེན་པོ་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཡིན་ཏེ། གདུལ་བྱ་བྱང་ཆུབ་གསུམ་གང་ལ་གང་མོས་ཀྱི་ཡུལ་ལ་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། ཁམས་དུ་མ་མཁྱེན་པའི་སྟོབས་ཡིན་ཏེ། ངེས་མ་ངེས་ཀྱི་རིགས་སྣ་ཚོགས་ཆགས་ཐོགས་སོགས་སོ། །དབང་པོ་མཆོག་དང་མཆོག་མིན་མཁྱེན་པའི་སྟོབས་ཡིན་ཏེ། གདུལ་བྱའི་དབང་པོ་རབ་འབྲིང་ཐ་མ་གསུམ་ཆགས་ཐོགས་མེད་སོགས་སོ། །ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཡིན་ཏེ། ཐེག་པ་གསུམ་དང་འགྲོ་བ་ལྔ་བགྲོད་པར་བྱེད་པའི་ལམ་ཆགས་ཐོགས་མེད་སོགས་སོ། །ཀུན་འབྱུང་མཁྱེན་པའི་སྟོབས་ཡིན་ཏེ། བསམ་གཏན་སྙོམས་འཇུག་སོགས་ཀྱི་རོ་མྱང་ཉེས་དམིགས་ངེས་འབྱུང་རྣམས་ཆགས་ཐོགས་མེད་སོགས་སོ། །སྔོན་གནས་རྗེས་དྲན་གྱི་སྟོབས་ཡིན་ཏེ། རང་གཞན་གྱི་ཚེ་རབས་སྔ་མའི་གནས་སྐབས་ལ་ཆགས་ཐོགས་སོགས་སོ། །འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཡིན་ཏེ། འགྲོ་བ་མཐའ་དག་མ་འོངས་པའི་སྐྱེ་བར་འཇུག་པའི་གནས་སྐབས་ལ་ཆགས་ཐོགས་མེད་སོགས་སོ། །

ཟག་ཟད་མཁྱེན་པའི་སྟོབས་ཡིན་ཏེ། ཐེག་པ་གསུམ་གྱི་རྣམ་གྲོལ་ལམ་ལ་ཆགས་ཐོགས་མེད་པར་འཇུག་པའི་ཡེ་ཤེས་ཡིན་པའི་ཕྱིར། ང་ནི་སངས་རྒྱས་སོགས་ལ། མི་འཇིགས་པའི་རྣམ་པ་ཡིན་ཏེ། འཁོར་གྱི་ནང་དུ་རང་དོན་སྤངས་རྟོགས་ཕུན་ཚོགས་དང་། གཞན་དོན་ངེས་འབྱུང་ལམ་དང་། དེའི་མི་མཐུན་ཕྱོགས་སྟོན་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར། འཁྲུལ་པ་སོགས་ལ། འཁྲུལ་པ་མི་མངའ་བ་ནས་མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་བར་གྱི་རྣམ་པ་དྲུག་ཆོས་ཅན། སྤྱོད་པས་བསྡུས་པའི་སངས་རྒྱས་ཀྱི་མ་འདྲེས་པ་ཡིན་ཏེ། སྒོ་གསུམ་གྱི་གནས་ངན་ལེན་མ་ལུས་པར་སྤངས་པའི་སྒོ་ནས་ཉན་རང་ལས་སྤྱོད་པ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། འདུན་པ་སོགས་ལ། འདུན་པ་ནས་རྣམ་གྲོལ་གྱི་བར་ཉམས་པ་མི་མངའ་བའི་རྣམ་པ་དྲུག་ཆོས་ཅན། རྟོགས་པས་བསྡུས་པའི་མ་འདྲེས་པ་ཡིན་ཏེ། ཉམས་པ་དྲུག་མི་མངའ་བའི་སྒོ་ནས་ཉན་རང་ལས་རྟོགས་པ་ཁྱད་པར་བྱེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། སྐུ་དང་ཞེས་སོགས་ལ། སྒོ་གསུམ་གྱི་ཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲངས་པའི་རྣམ་པ་ཆོས་ཅན། ཕྲིན་ལས་མ་འདྲེས་པ་ཡིན་ཏེ། ལུང་མ་བསྟན་གྱི་སྒོ་གསུམ་གྱི་ལས་སྤངས་པའི་སྒོ་ནས་ཉན་རང་ལས་ཕྲིན་ལས་ཁྱད་པར་བྱེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། འདས་པ་དང་ཞེས་སོགས་ལ། དུས་གསུམ་གྱི་ཤེས་བྱ་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་རྣམ་པ་གསུམ་ཆོས་ཅན། ཡེ་ཤེས་མ་འདྲེས་པ་ཡིན་ཏེ། དུས་གསུམ་གྱི་ཤེས་བྱ་འདོད་པ་ཙམ་གྱིས་ཤེས་ཤིང་རྣམ་པ་ཐམས་ཅད་ཤེས་པའི་སྒོ་ནས་ཉན་རང་ལས་ཡེ་ཤེས་ཁྱད་པར་དུ་འཕགས་པར་བྱེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། སངས་རྒྱས་ཐམས་ཅད་སོགས་ལ། མི་གནས་པའི་མྱང་འདས་ཆོས་ཅན། སངས་རྒྱས་ཀྱིས་བཤད་པའི་དེ་བཞིན་ཉིད་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་རྣམས་ཁྱོད་སྔོན་དུ་བྱ་བའི་ཕྱིར་དུ་གདུལ་བྱ་ལ་ཆོས་འཁོར་བསྐོར་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་ལ་སོགས་ལ། འབྲས་ཡུམ་ཆོས་ཅན། ཆོས་ཐམས་ཅད་ལ་མངའ་བསྒྱུར་པའི་རང་བྱུང་ཡིན་ཏེ། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་འཁོར་བསྐོར་བའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་སོགས་ལ། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་ཅན། སངས་རྒྱས་ཀྱི་རྣམ་པ་ཡིན་ཏེ། ཤེས་བྱ་ཇི་སྙེད་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་ཡིན་པའི་ཕྱིར། ཐམས་ཅད་ཤེས་པ་ཉིད་སོགས་ལ། ཉན་རང་གི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཆོས་ཅན། ཉོན་མོངས་པའི་ཟག་མེད་ཡིན་ཏེ། ཉོན་མོངས་པ་ཆེད་དུ་གཉེར་ནས་སྤོང་བའི་ལམ་ཡིན་པའི་ཕྱིར། བྱང་སེམས་ཀྱི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། ཉོན་མོངས་པའི་ཟག་བཅས་ཡིན་ཏེ། དེ་ཆེད་དུ་གཉེར་ནས་མི་སྤོང་བའི་ལམ་ཡིན་པའི་ཕྱིར། བྱང་སེམས་ཀྱི་ལམ་ཤེས་ཆོས་ཅན། རྟགས་དང་སྒྲུབ་བྱ་སྔ་མ་ལྟར་རོ། །ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། ཟག་མེད་ཡིན་ཏེ། སྒྲིབ་གཉིས་ཀྱི་བག་ཆགས་དང་བཅས་པ་སྤངས་པའི་ལམ་ཡིན་པའི་ཕྱིར། སངས་རྒྱས་སོགས་ལ། འདས་དང་ད་ལྟར་གྱི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྲུན་ཞིང་སྦྱངས་པའི་གང་ཟག་ཆོས་ཅན། ཤེར་ཕྱིན་གྱི་གཞུང་ཉན་པའི་སྣོད་ཡིན་ཏེ། དེའི་ཚིག་དོན་ཐོས་ཤིང་རྟོགས་སུ་རུང་བ་དེ་ཡིན་པའི་ཕྱིར། སངས་རྒྱས་རྟེན་སོགས་ལ། སྒོ་གསུམ་གྱི་བསྙེན་བཀུར་གྱིས་སངས་རྒྱས་མཉེས་པར་བྱེད་པའི་གང་ཟག་ལྷ་སྦྱིན་ཆོས་ཅན། ཡུམ་གྱི་གཞུང་འཛིན་པའི་སྣོད་ཡིན་ཏེ། དེ་ལྟ་བུའི་གང་ཟག་ཡིན་པའི་ཕྱིར། སངས་རྒྱས་ལ་ཐེ་ཚོམ་གྱི་དོན་འདྲི་བ་དང་། སྦྱིན་སོགས་སྒྲུབ་པ་དང་ལྡན་པའི་ལྷ་སྦྱིན་ཆོས་ཅན། རིམ་བཞིན་ཡུམ་གྱི་དོན་ཐོས་བསམ་གྱིས་མི་བརྗེད་པ་དང་། སྒོམ་བྱུང་གིས་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཡིན་ཏེ། དེ་ལྟ་བུའི་གང་ཟག་ཡིན་པའི་ཕྱིར། གཟུགས་ལ་སོགས་ལ་མི་གནས་སོགས་ལ། བྱང་སེམས་ཀྱི་ཡུམ་སྦྱོར་ཆོས་ཅན། མི་གནས་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ཀྱི་ཆོས་རྣམས་རང་བཞིན་མེད་པར་རྟོགས་ནས་གནས་བྱར་མི་དམིགས་པའི་སྦྱོར་བ་ཡིན་པའི་ཕྱིར། རྣལ་འབྱོར་བཀག་པའི་སྦྱོར་བ་ཡིན་ཏེ། མི་གནས་པའི་སྦྱོར་བ་དེ་ཉིད་ཀྱང་མི་དམིགས་པའི་རྟོགས་པའི་སྦྱོར་བ་ཡིན་པའི་ཕྱིར། ཟབ་པའི་སྦྱོར་བ་ཡིན་ཏེ། གཞིས་བསྡུས་པའི་གཟུགས་སོགས་ཀྱི་དེ་བཞིན་ཉིད་ཟབ་པར་རྟོགས་པའི་སྦྱོར་བ་ཡིན་པའི་ཕྱིར། གཏིང་དཔག་དཀའ་བའི་སྦྱོར་བ་ཡིན་ཏེ། ལམ་གྱིས་བསྡུས་པའི་གཟུགས་སོགས་ཀྱི་ཆོས་ཉིད་གཏིང་དཔག་དཀའ་བར་རྟོགས་པའི་ཕྱིར། ཚད་མེད་པའི་སྦྱོར་བ་ཡིན་ཏེ། རྣམ་པས་བསྡུས་པའི་གཟུགས་སོགས་ཀྱི་ཆོས་ཉིད་ཚད་མེད་པར་རྟོགས་པའི་ཕྱིར། ཚོགས་ལམ་གྱིས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། ཚོགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཡིན་ཏེ། ཡུམ་ཟབ་མོ་ལ་དངངས་སྐྲག་མངོན་གྱུར་དང་ལྡན་པའི་སྦྱོར་བ་ཡིན་པའི་ཕྱིར། དྲོད་ཀྱིས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། ལུང་བསྟན་པའི་སྦྱོར་བ་ཡིན་ཏེ། ཡུམ་ཟབ་མོ་ལ་དངངས་སྐྲག་མངོན་གྱུར་མི་སྐྱེ་བའི་སྦྱོར་བ་ཡིན་པའི་ཕྱིར། རྩེ་མོས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། ཕྱིར་མི་ལྡོག་པའི་སྦྱོར་བ་ཡིན་ཏེ། དྲོད་ལས་རྟོགས་པ་ཁྱད་པར་ཅན་ཐོབ་ཅིང་ཤེར་ཕྱིན་གྱི་དགེ་རྩ་སྨིན་པའི་སྦྱོར་བ་ཡིན་པའི་ཕྱིར། བཟོད་པས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། ངེས་པར་འབྱུང་བའི་སྦྱོར་བ་ཡིན་ཏེ། ཉན་རང་གི་སར་མི་ལྟུང་བའི་རྒྱུ་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཐོབ་པའི་སྦྱོར་བ་ཡིན་པའི་ཕྱིར། ཆོས་མཆོག་གིས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། བར་ཆད་མེད་པའི་སྦྱོར་བ་ཡིན་ཏེ། གཟུང་འཛིན་གྱི་མཚན་མ་དང་བྲལ་བའི་ཆོས་དབྱིངས་མྱུར་དུ་རྟོགས་པར་འགྱུར་བའི་སྦྱོར་བ་ཡིན་པའི་ཕྱིར། ས་དང་པོས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། བྱང་ཆུབ་དང་ཉེ་བའི་སྦྱོར་བ་ཡིན་ཏེ། ཟག་མེད་ཀྱི་ཆོས་སྔར་མེད་གསར་དུ་སྐྱེ་བའི་རྟེན་དུ་གྱུར་པ་དེ་ཡིན་པའི་ཕྱིར། ས་དང་པོ་ནས་བདུན་པའི་བར་གྱི་ཡུམ་སྦྱོར་ཆོས་ཅན། མྱུར་བའི་སྦྱོར་བ་ཡིན་ཏེ། ཆོས་སྐུའི་མི་མཐུན་ཕྱོགས་གཟུང་འཛིན་གྱི་རྟོག་པ་སྤོང་བའི་སྦྱོར་བ་ཡིན་པའི་ཕྱིར། ས་བརྒྱད་པའི་ཡུམ་སྦྱོར་ཆོས་ཅན། གཞན་དོན་གྱི་སྦྱོར་བ་ཡིན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནུས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། འཕེལ་འགྲིབ་མེད་པའི་སྦྱོར་བ་ཡིན་ཏེ། སྐྱོན་ཡོན་ཀུན་རྫོབ་དུ་འཕེལ་འགྲིབ་བྱེད་ཀྱང་དོན་དམ་པར་འཕེལ་འགྲིབ་མེད་པར་རྟོགས་པ་དེ་ཡིན་པའི་ཕྱིར། ཆོས་དང་ཆོས་མིན་མི་མཐོང་བའི་སྦྱོར་བ་ཡིན་ཏེ། དགེ་སྡིག་བླང་དོར་གྱི་ཆོས་རྣམས་ཡང་དག་པར་མི་དམིགས་པའི་སྦྱོར་བ་ཡིན་པའི་ཕྱིར། གཟུགས་སོགས་བསམ་མི་ཁྱབ་དུ་མི་མཐོང་བའི་སྦྱོར་བ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་པའི་རྣམ་པར་རློམ་པ་མེད་པའི་སྦྱོར་བ་ཡིན་པའི་ཕྱིར། མཚན་གཞི་མཚན་ཉིད་མཚོན་བྱའི་ངོ་བོར་རྣམ་པར་མི་རྟོག་པའི་སྦྱོར་བ་ཡིན་ཏེ། མཚན་གཞི་སོགས་ཆོས་གསུམ་པོ་དེ་དག་མི་དམིགས་པའི་སྦྱོར་བ་ཡིན་པའི་ཕྱིར། ས་དགུ་པའི་ཡུམ་སྦྱོར་ཆོས་ཅན། འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་ཡིན་ཏེ། སོ་སོ་ཡང་དག་རིག་བཞིའི་སྒོ་ནས་ཆོས་བསྟན་པས་གདུལ་བྱའི་སྐལ་བ་དང་མཚམས་པར་འབྲས་བུ་ཐོབ་བྱེད་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ས་བཅུ་པའི་ཡུམ་སྦྱོར་ཆོས་ཅན། རྣམ་པར་དག་པའི་སྦྱོར་བ་ཡིན་ཏེ། སྒྲིབ་གཉིས་མ་ལུས་པར་སྤངས་པའི་སྦྱོར་བ་ཡིན་པའི་ཕྱིར། དུས་ཚིགས་ཀྱིས་མཚམས་བཅད་ནས་ཡུམ་ལ་ཐོས་སོགས་བྱེད་པའི་ལྷ་སྦྱིན་གྱི་སྦྱོར་བ་ཆོས་ཅན། ས་འཚམས་ཀྱི་སྦྱོར་བ་ཡིན་ཏེ། དེ་ལྟ་བུའི་སྦྱོར་བ་ཡིན་པའི་ཕྱིར། བདུད་ཀྱི་མཐུ་བཅོམ་སོགས་ལ། ཡུམ་གྱི་སྦྱོར་བ་ཕྱིན་ཅི་མ་ལོག་པར་བསྒོམ་པའི་བྱང་སེམས་ཆོས་ཅན། སྐྱེ་བ་ཕྱི་མར་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་འཐོབ་སྟེ། ཚེ་འདིར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་འབྱུང་སྟེ། འདིར་སྦྱོར་དངོས་རྗེས་གསུམ་ལ་སངས་རྒྱས་ཀྱིས་དགོངས་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་སངས་རྒྱས་ཀྱི་མངོན་དུ་མཛད་པའི་ཡོན་ཏན་འབྱུང་སྟེ། འདིར་ཡེ་ཤེས་ཀྱིས་མཁྱེན་ཅིང་སྤྱན་གྱིས་གཟིགས་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མ་རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན་འབྱུང་སྟེ། འདིར་བྱང་ཆུབ་དང་ཉེ་བའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་སངས་རྒྱས་དང་མི་འབྲལ་བའི་དོན་ཆེན་པོ་སོགས་ཀྱི་ཡོན་ཏན་ཐོབ་སྟེ། འདིར་དེ་དག་དང་རྗེས་སུ་མཐུན་པའི་ཕན་ཡོན་ཆེན་པོ་ཐོབ་པའི་ཕྱིར། ཕྱི་མར་རང་གང་དུ་སྐྱེ་འགྱུར་གྱི་ཡུལ་ལུང་བསྟན་པའི་ཡོན་ཏན་འབྱུང་སྟེ། འདིར་ཤེར་ཕྱིན་གཞན་ལ་བསྟན་པས་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་ཟག་མེད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཡོན་ཏན་འབྱུང་སྟེ། འདིར་གཉེན་པོའི་ཆོས་ཤེར་ཕྱིན་གྱི་སྦྱོར་བ་ཡོངས་སུ་རྫོགས་པ་ཐོབ་པའི་ཕྱིར། ༼འདིར་མ་དཔེ་ཅུང་ཟད་ཞིག་མ་གསལ་བས་ཐབས་བྲལ།༽རྣམ་མཁྱེན་གྱི་གཏམ་བརྗོད་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་བདུད་ཀྱིས་མི་ཕྱེད་པའི་ཡོན་ཏན་འབྱུང་སྟེ། འདིར་སངས་རྒྱས་ཀྱིས་སྦྱོར་བ་བསྒོམས་པའི་གྲོགས་མཛད་པ་ཐོབ་པའི་ཕྱིར། ཕྱི་མར་དགེ་རྩ་ཉན་རང་སོགས་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་འབྱུང་སྟེ། འདིར་འཇིག་རྟེན་ལས་འདས་པའི་ཆོས་འཚོལ་བ་སོགས་ཀྱི་དགའ་བ་རྒྱ་ཆེན་པོ་སྐྱེ་བའི་ཕྱིར། ཕྱི་མ་ལ་སེམས་ཅན་བྱང་ཆུབ་ལ་འགོད་པ་སོགས་དམ་བཅའ་བའི་དོན་ཇི་ལྟ་བ་བཞིན་སྒྲུབ་པའི་ཡོན་ཏན་འབྱུང་སྟེ། འདིར་རང་གི་དམ་བཅས་པའི་ཚིག་ལ་སངས་རྒྱས་ཀྱི་རྗེས་སུ་ཡི་རངས་ཐོབ་པའི་ཕྱིར། ཕྱི་མར་རྣམ་སྨིན་རྒྱ་ཆེན་པོ་འཛིན་པའི་ཡོན་ཏན་འབྱུང་སྟེ། འདིར་ཤེར་ཕྱིན་གྱི་ཚིག་དོན་ལ་ངེང་པ་རྙེད་པའི་ཕྱིར། སྐྱོན་གྱི་སོགས་ལ། ཡུམ་གྱི་ཚིག་དོན་ཚེགས་ཆེན་པོས་ཐོབ་པ་ཆོས་ཅན། སྦྱོར་བའི་སྐྱོན་ཡིན་ཏེ། སྦྱོར་བ་སྒོམ་པའི་འགལ་རྐྱེན་ཡིན་པའི་ཕྱིར། བཅུ་ཚན་དང་པོ་གཉིས་ལ་དེ་བཞིན་དུ་སྦྱར་རོ། །དཔོན་སློབ་གང་རུང་ཡུམ་འབྲི་བ་སོགས་ལ་འདུན་པ་དང་ལྡན་ཞིང་། གང་རུང་སྙོམས་ལས་དང་ལྡན་པ་ཆོས་ཅན། སྦྱོར་བའི་སྐྱོན་ཡིན་ཏེ། སྦྱོར་བ་སྒོམ་པའི་མཐུན་རྐྱེན་མ་ཚང་བ་ཡིན་པའི་ཕྱིར། གང་གིས་མཚོན་པར་བྱེད་སོགས་ལ། ཤེས་ཁྱད་བྱེད་པ་གསུམ་ཆོས་ཅན། སྦྱོར་བའི་བྱེད་མཚན་སོགས་ཡིན་ཏེ། སྦྱོར་བ་དེ་སངས་རྒྱས་སྐྱེ་བྱེད་དུ་མཚོན་བྱེད་ཡིན་པའི་ཕྱིར། ངོ་བོ་ཉིད་བཅུ་དྲུག་ཆོས་ཅན། སྦྱོར་བའི་ལས་མཚན་ཡིན་ཏེ། ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་སོགས་ལ་སྐབས་འདིའི་ཤེས་རྣམ་བཅུ་དྲུག་ལ་ཕྲག་གསུམ་ཆོས་ཅན། མཁྱེན་གསུམ་གྱི་སྦྱོར་བའི་ཤེས་རྣམ་ཡིན་ཏེ། མཁྱེན་གསུམ་སྦྱོར་བས་གཞི་དང་ལམ་དང་རྣམ་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་རྟོགས་པའི་ཆ་ཡིན་པའི་ཕྱིར། གཞི་ཤེས་སྦྱོར་བས་ཡུམ་ལས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་དང་། གཞི་ཤེས་སྦྱོར་བས་ཞེས་ཀུན་ལ་སྦྱར་རོ། །ཕུང་པོ་ལྔའི་འཇིག་རྟེན་དོན་དམ་པར་འཇིགས་པ་མེད་པར་ཤེས་པ་དང་། སེམས་ཅན་གྱི་སེམས་དོན་དམ་པར་སྤྲོས་བྲལ་དུ་ཤེས་པ་དང་། སེམས་ནང་དུ་བསྡུས་པར་དོན་དམ་པར་སྐྱེ་མེད་དུ་ཤེས་པ་དང་། སེམས་ཕྱིར་གཡེངས་པ་སྐྱེ་མེད་དུ་ཤེས་པ་དང་། སེམས་མི་ཟད་པའི་རྣམ་པ་ཤེས་པ་དང་། སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བར་ཤེས་པ་དང་། སེམས་རྒྱ་ཆེན་པོ་དང་། སེམས་ཆེན་པོ་དང་། སེམས་ཚད་མེད་པ་དང་། སེམས་བསྟན་དུ་མེད་པ་དང་། སེམས་ལྟར་མེད་པ་དང་། སེམས་གཡོ་བ་ལ་སོགས་པ་སྐྱེ་མེད་དུ་ཤེས་པ་དང་། གཡོ་བ་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་དང་། དེ་བཞིན་གཤེགས་པས་དེ་བཞིན་ཉིད་རྟོགས་པ་གཞན་ལ་བསྟན་ཅིང་རྟགས་པ་ཤེས་པ་རྣམས་ཆོས་ཅན། གཞི་ཤེས་ཀྱི་སྦྱོར་བའི་ཤེས་མཚན་ཡིན་ཏེ། གཞི་ཤེས་སྦྱོར་བས་གཞིའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་རྟོགས་པའི་ཆ་ཡིན་པའི་ཕྱིར། སྟོང་པ་ཉིད་སོགས་ལ། ལམ་ཤེས་སྦྱོར་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་སྟོང་པར་ཤེས་པ་སོགས་ཆོས་ཅན། ལམ་ཤེས་སྦྱོར་བའི་ཤེས་མཚན་ཡིན་ཏེ། ལམ་ཤེས་སྦྱོར་བས་ལམ་གྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་རྟོགས་པའི་ཆ་ཡིན་པའི་ཕྱིར། དེ་ནི་ཉིད་ཀྱི་ཆོས་རྟེན་སོགས་ལ། རྣམ་མཁྱེན་སྦྱོར་བས་དེ་བཞིན་གཤེགས་པ་ཉིད་ཀྱིས་མཉེས་པའི་ཆོས་ལ་བརྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པ་ཤེས་པ་སོགས་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་ཡིན་ཏེ། རྣམ་མཁྱེན་སྦྱོར་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་དེ་རྟོགས་པའི་ཆ་ཡིན་པའི་ཕྱིར། བརྗོད་ཤེས་མཛད་མངོན་སུམ་མཛད་ལ། རྣམ་མཁྱེན་སྦྱོར་བས་ཡུམ་གྱི་གདུལ་བྱ་ལ་ཐོས་བསམ་གྱི་ཤེས་པ་བསྐྱེད་པའི་དོན་དུ་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པར་མཛད་པ་ཤེས་པ་དང་། འཇིག་རྟེན་གྱི་སྒོམ་བྱུང་བསྐྱེད་པའི་དོན་དུ། འཇིག་རྟེན་སྟོང་པ་ཉིད་དུ་ཤེས་པར་མཛད་པ་ཤེས་པ་དང་། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་བསྐྱེད་པའི་དོན་དུ། འཇིག་རྟེན་སྟོང་པ་ཉིད་དུ་མཐོང་བར་མཛད་པ་རྣམས་ཆོས་ཅན་དུ་བྱས་ནས་རྟགས་ཆོས་སྔ་མ་ལྟར་རོ། །བསམ་མི་ཁྱབ་སོགས་ལ། སྐབས་འདིར་བསྟན་ཁྱད་པར་བཅུ་དྲུག་ཆོས་ཅན། ལམ་ཤེས་དང་རྣམ་མཁྱེན་སྦྱོར་བའི་ཁྱད་མཚན་ཡིན་ཏེ། དེ་དག་ཉན་རང་གི་སྦྱོར་བ་ལས་ཁྱད་པར་ཕགས་པར་མཚོན་བྱེད་ཡིན་པའི་ཕྱིར། བསམ་མི་ཁྱབ་སོགས་ལ། སྐབས་འདིར་བསྟན་ཁྱད་པར་བཅུ་དྲུག་ཆོས་ཅན། ལམ་ཤེས་དང་རྣམ་མཁྱེན་སྦྱོར་བའི་ཁྱད་མཚན་ཡིན་ཏེ། དེ་དག་ཉན་རང་གི་སྦྱོར་བ་ལས་ཁྱད་པར་འཕགས་པར་མཚོན་བྱེད་ཡིན་པའི་ཕྱིར། བསམ་མི་ཁྱབ་ནས་འདས་ཀྱི་བར་ལ། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཅན། ཉན་རང་གི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལས་ཁྱད་པར་འཕགས་ཏེ། སྡུག་བདེན་གྱི་ཆོས་ཉིད་བསམ་མི་ཁྱབ་སྔར་མེད་གསར་དུ་རྟོགས་པའི་ཤེས་རྣམ་ཡིན་པའི་ཕྱིར། སྐད་ཅིག་མ་ཕྱི་ལ་གསུམ་ཆོས་ཅན། ཉན་རང་གི་སྐད་ཅིག་མ་གསུམ་ལས་ཁྱད་པར་འཕགས་ཏེ། སྡུག་བདེན་གྱི་ཆོས་ཉིད་མི་མཉམ་པ་དང་། ཚད་མས་གཞལ་བ་དང་བགྲང་པ་ལས་འདས་པ་སྔར་མེད་གསར་དུ་རྟོགས་པའི་ཤེས་རྣམ་ཡིན་པའི་ཕྱིར། ཞེས་སོགས་སྦྱར་རོ། །

འཕགས་པ་ཀུན་སྡུད་སོགས་ལ། བྱང་སེམས་ཀྱི་མཐོང་ལམ་ཀུན་འབྱུང་ཆོས་བཟོད་བཞི་ཆོས་ཅན། ཉན་རང་གི་དེ་དག་བཞི་ལས་ཁྱད་པར་འཕགས་ཏེ། རིམ་བཞིན་འཕགས་པ་གསུམ་གྱི་ཡོན་ཏན་ཀུན་བསྡུད་པར་བྱེད་པའི་ཕྱིར་དང་། ཐེག་ཆེན་གྱི་སྐྱེས་བུ་མཁས་པས་རྟོགས་བྱ་ཡིན་པའི་ཕྱིར་དང་། ཉན་རང་གི་སྤྱོད་ཡུལ་མ་ཡིན་པའི་ཆོས་ཅན་དང་ཆོས་ཀྱི་དོན་ཤེས་པའི་ཕྱིར་དང་། རྣམ་མཁྱེན་གྱིས་བསྡུས་པའི་མངོན་ཤེས་མྱུར་དུ་སྐྱེས་པའི་ཕྱིར་རོ། །བྲི་མེད་གང་མེད་སོགས་ལ། བྱང་སེམས་ཀྱི་མཐོང་ལམ་འགོག་པ་ལ་ཆོས་བཟོད་སོགས་བཞི་ཆོས་ཅན། ཉན་རང་གི་དེ་དག་བཞི་ལས་ཁྱད་པར་དུ་འཕགས་ཏེ། རིམ་བཞིན་བདེན་གཉིས་ཀྱི་ཆོས་རྣམས་དོན་དམ་པར་བྲི་གང་མེད་པར་རྟོགས་པའི་ཕྱིར་དང་། འཁོར་གསུམ་རྣམ་པར་དག་པའི་ཕར་ཕྱིན་དྲུག་སྒྲུབ་པའི་ཕྱིར། བསྐལ་པ་དུ་མར་སྒྲུབ་པའི་ཚོགས་གཉིས་ཡང་དག་པར་འགྲུབ་པའི་ཕྱིར། མཐའ་གང་དུ་ཡང་མི་རྟོག་པར་ཆོས་ཐམས་ཅད་ལ་མི་རྟོག་པའི་ཕྱིར། རྟེན་དང་བཅས་པ་སོགས་ལ། བྱང་སེམས་ཀྱི་མཐོང་ལམ་ལམ་ལ་ཆོས་བཟོད་སོགས་བཞི་ཆོས་ཅན། ཉན་རང་གི་དེ་དག་བཞི་ལས་ཁྱད་པར་འཕགས་ཏེ། རིམ་བཞིན་ཐེག་ཆེན་གྱི་སྐྱེ་མཆེད་དྲུག་གི་ཆོས་ཉིད་ལ་བརྟེན་པའི་ཕྱིར་དང་། ཕར་ཕྱིན་བཅུ་ཡོངས་སུ་རྫོགས་པའི་རྒྱུ་ཚོགས་ཡིན་པའི་ཕྱིར་དང་། དགེ་བའི་བཤེས་གཉེན་ཐབས་མཁས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་དང་། བྱང་ཆུབ་ལ་ཆགས་པ་སོགས་དངོས་པོར་མངོན་ཞེན་གྱི་རོ་མྱང་མེད་པའི་ཕྱིར། དེའི་ཕྱིར་དེ་དག་གི་སོགས་ལ། ཉན་རང་གི་མཐོང་ལམ་ཆོས་ཅན། སྐབས་འདིར་བསྟན་གྱི་ཁྱད་པར་བཅུ་དྲུག་དང་མི་ལྡན་ཏེ། སྐབས་འདིའི་ཤེས་བཟོད་བཅུ་དྲུག་གི་འགལ་ཟླར་གྱུར་པའི་ལམ་ཡིན་པའི་ཕྱིར། ཕན་བདེ་སོགས་ལ། ཕན་བདེ་སྐྱོབ་པ་གསུམ་ཆོས་ཅན། གཞི་ཤེས་སྦྱོར་བའི་བྱེད་མཚན་ཡིན་ཏེ། གཞི་ཤེས་སྦྱོར་བས་ཉན་རང་གི་གདུལ་བྱ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་ཕྲིན་ལས་མཚོན་བྱེད་ཡིན་པའི་ཕྱིར། སྐབས་སོགས་ཀྱི་བྱེད་པ་བདུན་ཆོས་ཅན། ལམ་ཤེས་སྦྱོར་བའི་བྱེད་མཚན་ཡིན་ཏེ། ལམ་ཤེས་སྦྱོར་བས་ཐེག་པ་གསུམ་གྱི་གདུལ་བྱ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་ཕྲིན་ལས་མཚོན་བྱེད་ཡིན་པའི་ཕྱིར། རྟེན་གྱི་མཛད་པ་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་བྱེད་མཚན་ཡིན་ཏེ། རྣམ་མཁྱེན་སྦྱོར་བས་སངས་རྒྱས་ཀྱི་གདུལ་བྱའི་སྐལ་བ་དང་མཚམས་པར་ཆོས་འཁོར་བསྐོར་བར་སྒྲུབ་པའི་ཕྲིན་ལས་མཚོན་བྱེད་ཡིན་པའི་ཕྱིར། ཉོན་མོངས་རྟགས་སོགས་ལ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་ངོ་བོ་ཉིད་བཞི་ཆོས་ཅན། གཞི་ཤེས་སྦྱོར་བའི་ངོ་བོ་ཡིན་ཏེ། གཞི་ཤེས་ཀྱི་ཤེས་མཚན་བྱེད་མཚན་གཉིས་ཀྱིས་མཚོན་པར་བྱེད་པའི་ཡུལ་ཡིན་པའི་ཕྱིར། དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་འདའ་བ་དཀའ་བ་སོགས་ངོ་བོ་ཉིད་ལྔ་ཆོས་ཅན། ལམ་ཤེས་སྦྱོར་བའི་ངོ་བོ་ཡིན་ཏེ། ལམ་ཤེས་ཀྱི་ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་ཡུལ་ཡིན་པའི་ཕྱིར། གཞི་ཤེས་ལམ་ཤེས་ཀྱིས་བསྡུས་པའི་དངོས་པོའི་ཁྱད་པར་ལ་དམིགས་པ་སོགས་ངོ་བོ་ཉིད་བདུན་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་ཡིན་ཏེ། རྣམ་མཁྱེན་སྦྱོར་བའི་ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་ཡུལ་ཡིན་པའི་ཕྱིར། མཚན་མེད་རབ་ཏུ་སྦྱིན་སོགས་ལ་ཐེག་ཆེན་ཚོགས་ལམ་གྱིས་བསྡུས་པའི་དད་སོགས་དབང་པོ་ལྔ་ཆོས་ཅན། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཡིན་ཏེ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་ཐེག་ཆེན་གྱི་ཆོས་རྣམས་བསྐྱེད་པའི་ནུས་པ་དང་ལྡན་པའི་གཙོ་བོར་གྱུར་པའི་དད་སོགས་ཡིན་པའི་ཕྱིར། དད་པ་དང་སོགས་ལ། སངས་རྒྱས་ལ་དམིགས་པའི་རབ་ཏུ་དང་བའི་དད་པ་ཚོགས་ལམ་གྱིས་བསྡུས་པ་ཆོས་ཅན་དུ་བྱས་ནས་རྟགས་སྒྲུབ་བྱ་སྔ་མ་ལྟར་རོ། །བརྩོན་འགྲུས་སོགས་ལའང་དེ་བཞིན་ནོ། །

དེ་ལྟ་མདོ་སོགས་ལ་སྐབས་འདིའི་ཐར་པ་ཆ་མཐུན་ཆེ་འབྲིང་གསུམ་ཆོས་ཅན། ཀུན་གྱིས་བླ་མེད་ཐོབ་པ་མ་ཡིན་ཏེ། ཁྱོད་ཀྱི་ནང་ནས་ཐར་ཆ་ཆེན་པོས་བླ་མེད་བྱང་ཆུབ་ཐོབ་ལ་ཆུང་འབྲིང་གིས་མི་འཐོབ་བའི་ཕྱིར། སྐབས་འདིའི་ཐར་ཆ་ཆེན་པོ་ཆོས་ཅན། ཁྱོད་ཀྱིས་བསྡུས་པའི་དད་སོགས་ཀུན་གྱིས་བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པ་མ་ཡིན་ཏེ། ཁྱོད་ཀྱིས་བསྡུས་པའི་དད་སོགས་རྣོན་པོས་བླ་མེད་བྱང་ཆུབ་རྟོགས་སླ་ལ་རྟུལ་པོས་རྟོགས་དཀའ་བའི་ཕྱིར། ཤུགས་ཀྱི་སོགས་ལ། རྫོགས་བྱང་རྣོན་པོས་རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད་པའི་གཞུང་ཆོས་ཅན། རང་རྒྱལ་གྱི་རིགས་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐར་ཆ་འབྲིང་པོས་རང་བྱང་ཆུབ་རྟོགས་ལ་ཉན་ཐོས་ཀྱི་རིགས་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐར་ཆ་ཆུང་ངུས་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་ཤུགས་ལ་འཕངས་ཏེ། ཐེག་ཆེན་གྱི་རིགས་ཅན་གྱི་ཐར་པ་ཆ་མཐུན་ཆེན་པོས་བླ་མེད་བྱང་ཆུབ་ཐོབ་པར་དངོས་སུ་བསྟན་པའི་ཕྱིར། དྲོ་བ་རྣམས་ཀྱི་དམིགས་པ་འདིར་སོགས་ལ། ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་ཆོས་ཅན། སྐབས་འདིའི་ངེས་ཆ་དྲོ་བའི་མིང་ཅན་ཡིན་ཏེ། ཀུན་རྫོབ་ཏུ་སེམས་མཉམ་པ་སོགས་རྣམ་པ་བཅུའི་སྒོ་ནས་སེམས་ཅན་ལ་དམིགས་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། སྐབས་འདིའི་ངེས་ཆ་རྩེ་མོའི་མིང་ཅན་ཡིན་ཏེ། རང་དགེ་སྡིག་ལ་བླང་དོར་ཚུལ་བཞིན་བྱེད་པ་ལ་གནས་ནས་གཞན་དེ་ལ་འགོད་པ་དང་། གཞན་དག་བདག་ཉིད་དེ་བཞིན་དུ་ཞུགས་པ་ལ་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པའི་རྣམ་པས་སེམས་ཅན་ཐམས་ཅད་ལ་དམིགས་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། སྐབས་འདིའི་ངེས་ཆ་བཟོད་པའི་མིང་ཅན་ཡིན་ཏེ། རང་སྡུག་བསྔལ་ཤེས་པ་སོགས་ལ་གནས་ནས་གཞན་དེ་དག་ལ་འགོད་པ་དང་། གཞན་དེ་བཞིན་དུ་བཞུགས་པ་ལ་ཡང་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པའི་རྣམ་པས་སེམས་ཅན་ལ་དམིགས་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། སྐབས་འདིའི་ངེས་ཆ་ཆོས་མཆོག་གི་མིང་ཅན་ཡིན་ཏེ། རང་ཉིད་སེམས་ཅན་སྨིན་གྲོལ་བྱེད་པ་སོགས་ལ་གནས་ནས་གཞན་དེ་བཞིན་དུ་ཞུགས་པ་ལ་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པས་སེམས་ཅན་ལ་དམིགས་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་པ་དང་སོགས་ལ། སྐབས་དང་པོ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་ཆོས་ཅན། སྦྱོར་བ་དང་པོ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་དང་ཟློས་པའི་སྐྱོན་མེད་དེ། ཁྱོད་སྦྱོར་མཐོང་སྒོམ་གསུམ་མཚན་ཉིད་པ་ཡིན་ལ་སྦྱོར་བ་དང་པོ་གསུམ་གྱི་དེ་མཚན་ཉིད་པ་མིན་པའི་ཕྱིར། ནང་ཕན་ཚུན་བཟློས་པའི་སྐྱོན་མེད་དེ། རྣམ་པ་དང་ལམ་དང་གཞི་རྣམས་སྐྱེ་མེད་དུ་སྒོམ་པའི་ལྡོག་པས་ཕྱེ་ནས་སྐབས་དང་པོ་གསུམ་དུ་གོ་རིམ་བཞིན་བསྟན་པའི་ཕྱིར། རྣམ་པ་ཀུན་མངོན་པར་སོགས་ལ། ཤེས་བྱ་ཆོས་ཅན། སྦྱོར་བ་དང་པོ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་ལ། བཟློས་པའི་སྐྱོན་མེད་དེ། རྣམ་ཀུན་གྱི་སྦྱོར་མཐོང་སོགས་ས་བརྒྱད་པའི་ཡེ་ཤེས་ཡིན་ཅིང་། རྩེ་མོའི་དེ་དག་ས་དགུ་པ་དང་། བཅུ་པ་ཐོབ་མ་ཐག་དང་། བཅུ་པའི་དཀྱིལ་སྟེང་དང་། མཐར་གྱིས་པའི་དེ་དག་ས་བཅུ་པའི་དཀྱིལ་སྨད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ས་བརྒྱད་པའི་ཡེ་ཤེས་ཆུང་འབྲིང་ཆེན་པོ་ཆོས་ཅན། སྦྱོར་མཐོང་སྒོ་གསུམ་གྱི་ཐ་སྙད་འདོགས་པའི་རྒྱུ་མཚན་ཡོད་དེ། དེ་དག་ཀྱང་སྔ་ཕྱི་རིམ་ཅན་དུ་སྐྱེ་བར་མཐུན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེའི་དགོས་པ་ཡོད་དེ། ཅིག་ཅར་སྐྱེའམ་སྙམ་པ་དགག་པའི་ཆེད་ཡིན་པའི་ཕྱིར། ངེས་འབྱེད་ཡང་དག་སོགས་ལ། སྦྱོར་མཐོང་སྒོ་གསུམ་གྱི་མིང་ཅན་གྱིས་ས་བརྒྱད་པ་ལ་གནས་པའི་བྱང་སེམས་ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། དེའི་རྟགས་ཁྱད་པར་ཅན་ཐོབ་པའི་ཕྱིར། གཟུགས་ལ་སོགས་ལ་ལྡོག་སོགས་ལ། གཟུགས་སོགས་ཀྱི་ཆོས་ལ་མངོན་ཞེན་བཟློག་པ་ནས། གོས་ལ་སོགས་པའི་ཡོ་བྱད་གཙང་བའི་བར་གྱི་ལུས་ངག་གི་ཐ་སྙད་བཅུ་གཅིག་པོ་འདི་ཆོས་ཅན། སྐབས་འདིའི་ངེས་ཆ་དྲོད་ཀྱི་མིང་ཅན་ལ་གནས་པའི་བྱང་སེམས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་རྒྱུད་ཀྱི་རྫོགས་བྱང་ཐོབ་ངེས་ཀྱི་ཐབས་ཤེས་ལ་མི་འཁྲུལ་བའི་ལུས་ངག་གི་ཐ་སྙད་ཡིན་པའི་ཕྱིར། ལུས་ལ་སྲིན་པོ་མི་འབྱུང་བ་ནས་གཞན་དོན་དུ་དམྱལ་བ་ཚོལ་བའི་བར་གྱི་ལུས་ངག་གི་ཐ་སྙད་དྲུག་པོ་འདི་ཆོས་ཅན། སྐབས་འདིའི་ངེས་ཆ་རྩེ་མོའི་མིང་ཅན་ལ་གནས་པའི་བྱང་སེམས་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །གཞན་གྱི་ལམ་དང་སྐྱབས་གནས་ལ་བཀྲི་བར་མི་བཏུབ་པ་དང་། སངས་རྒྱས་ཀྱི་ལམ་ལྟར་སྣང་སྟོན་པ་ལ་དེ་ལྟར་ཤེས་པའི་ལུས་ངག་གི་ཐ་སྙད་ཆོས་ཅན། སྐབས་འདིའི་ངེས་ཆ་བཟོད་པའི་མིང་ཅན་ལ་གནས་པའི་བྱང་སེམས་གནས་སྐབས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །གནས་སྐབས་ཐམས་ཅད་དུ་སངས་རྒྱས་དགེས་པའི་སྒོ་གསུམ་གྱི་སྤྱོད་པ་ཆོས་ཅན། སྐབས་འདིའི་ངེས་ཆ་ཆོས་མཆོག་གི་མིང་ཅན་ལ་གནས་པའི་བྱང་སེམས་གནས་སྐབས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །མཐོང་བའི་ལམ་ལ་སོགས་ལ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་ཅན་གྱི་སྐབས་འདིའི་ལུས་ངག་གི་ཐ་སྙད་བཅུ་དྲུག་ཆོས་ཅན། སྐབས་འདིའི་མཐོང་ལམ་གྱི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་བྱང་སེམས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །

གཟུགས་སོགས་འདུ་ཤེས་སོགས་ལ། གཟུགས་སོགས་འདུ་ཤེས་ཟློག་པ་ནས་སྐྱེ་བའི་ཡང་དག་ཟད་པའི་བར་གྱི་ལུས་ངག་གི་ཐ་སྙད་བཞི་ཆོས་ཅན། སྐབས་འདིའི་སྡུག་བདེན་གྱི་ཡུལ་ཅན་གྱི་ཤེས་བཟོད་སྐད་ཅིག་མ་བཞིིའི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། དེའི་སོགས་སོ། །ལུས་སེམས་ཡང་པ་ནས་ཚོ་བ་རྣམ་པར་དག་པའི་བར་གྱི་ལུས་ངག་གི་ཐ་སྙད་བཞི་ཆོས་ཅན། སྐབས་འདིའི་ཀུན་བདེན་གྱི་མིང་ཅན་ཤེས་བཟོད་སྐད་ཅིག་མའི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །ཕུང་པོ་ནས་གཡུལ་འགྱེད་པའི་བར་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་བཀག་པའི་ལུས་ངག་གི་ཐ་སྙད་བཞི་ཆོས་ཅན། སྐབས་འདིའི་འགོག་པའི་ཡུལ་ཅན་གྱི་ཤེས་བཟོད་སྐད་ཅིག་མ་བཞིའི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་བྱང་སེམས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། དེའི་སོགས་སོ། །སེར་སྣ་སོགས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་བཀག་པ་ནས་ཆོས་ཀྱི་དོན་དུ་སྲོག་གཏོང་བའི་བར་གྱི་ལུས་ངག་གི་ཐ་སྙད་བཞི་ཆོས་ཅན། སྐབས་འདིའི་ལམ་གྱི་ཡུལ་ཅན་གྱི་ཤེས་བཟོད་སྐད་ཅིག་མ་བཞིའི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། དེའི་སོགས་སོ། །དེ་ལྟར་སོགས་ལ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་ཅན་གྱི་སྐབས་འདིའི་ལུས་ངག་གི་ཐ་སྙད་བཅུ་དྲུག་ཆོས་ཅན། མཉམ་གཞག་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་ཏེ། དེས་དྲངས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར། རྣལ་འབྱོར་པ་སོགས་ལ། དེ་ལྟར་བཏགས་པ་ལ་དགོས་པ་ཡོད་དེ། བྱང་འཕགས་ཀྱི་ལུས་ངག་གི་ཐ་སྙད་སེམས་ཅན་འདུལ་བའི་དགོས་པ་མ་གཏོགས་པའི་མཉམ་གཞག་གི་རྟོགས་པ་དང་མཐུན་པ་ཁོ་ནའོ། །ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་སོགས་ལ། སྐབས་འདིའི་གཟུགས་སོགས་འདུ་ཤེས་ལྡོག་པ་སོགས་རྟགས་བཅུ་དྲུག་ཆོས་ཅན། གང་ཟག་གཞན་རང་རྒྱུད་ལྡན་གྱི་རྣལ་འབྱོར་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ཡིད་ཆེས་པར་བྱེད་པའི་རྟགས་ཡིན་པར་ཐལ། རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གིས་རིག་པར་བྱ་བའི་མཉམ་གཞག་གི་ཤེས་པའི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་སོགས་ལ་སྒོམ་ལམ་གྱི་ཁྱད་ཆོས་ཆོས་ཅན། སྒོམ་ལམ་གྱི་སྔ་རོལ་དུ་འཆད་པའི་རྒྱུ་མཚན་ཡོད་དེ། སྒོམ་ལམ་ཟབ་པར་རྟོགས་པ་ཁྱོད་ལ་རག་ལས་པའི་ཕྱིར་རོ། །ཟབ་མོ་སྟོང་པ་ཉིད་སོགས་ལ། སྒོམ་ལམ་ཆོས་ཅན། ཟབ་པ་ཡིན་ཏེ། སྟོང་ཉིད་སོགས་ཀྱི་ཟབ་མོ་རང་གི་ངོ་བོར་ཁྱད་ཆོས་སུ་ལྡན་པ་ཡིན་པའི་ཕྱིར། སྟོང་ཉིད་མཚན་མེད་སོགས་ཆོས་ཅན། ཟབ་པ་ཡིན་ཏེ། རང་གི་ངོ་བོ་སྒྲོ་བཀུར་དང་བྲལ་བའི་ཕྱིར། ངེས་འབྱེད་ཡང་དག་སོགས་ལ། ས་གཉིས་པའི་རྒྱུད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཆོས་ཅན། སྐབས་འདིའི་སྒོམ་ལམ་ཡིན་ཏེ། སྦྱོར་མཐོང་སྒོམ་གསུམ་གྱིས་མཐོང་ཟིན་པའི་དོན་ཐོས་བྱུང་གི་སེམས་བསམ་བྱུང་གིས་ངེས་པར་རྟོགས་པའི་ལམ་ཡིན་པའི་ཕྱིར། ཡང་ན་དེའི་རྒྱུད་གྱི་ཏིང་ངེ་འཛིན་གྱི་སྦྱོར་དངོས་རྗེས་གསུམ་ལས་བྱུང་བའི་ཤེས་རབ་ཆོས་ཅན་དུ་བྱས་ནས་སྔ་མ་ལྟར་བགོད་དོ། །དེའི་རྒྱུན་ཆགས་སོགས་ལ། ཐེག་ཆེན་སྒོམ་ལམ་ཆོས་ཅན། དབྱེ་ན་རྣམ་པ་དགུ་ཡོད་དེ། རྩ་བའི་ཆེ་འབྲིང་ཆུང་གསུམ་ལ། རེ་རེ་ཞིང་གསུམ་གསུམ་དུ་དབྱེར་ཡོད་པའི་ཕྱིར། ཆུང་འབྲིང་དགུར་དབྱེར་རུང་སྟེ། གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་སྒོ་ནས་ས་བཅུ་དག་དུ་རྒྱུན་ཆགས་སུ་འབྱུང་བའི་ལམ་ཡིན་པའི་ཕྱིར། ཆུང་འབྲིང་དགུར་འབྱེད་པའི་རྒྱུ་མཚན་ཡོད་དེ། མི་མཐུན་ཕྱོགས་རྣམ་རྟོག་ཆེ་འབྲིང་དགུར་དབྱེར་ཡོད་པའི་ཕྱིར། སྐབས་འདིར་ཆོས་ཅན་སྤང་བྱ་རྣམ་རྟོག་ཆེ་འབྲིང་དགུའི་གཉེན་པོར་བྱང་སེམས་ཀྱི་སྒོམ་ལམ་ཆུང་འབྲིང་དགུར་འབྱེད་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱི་སྤང་བྱའི་ཉོན་མོངས་པ་ནི་རྣམ་རྟོག་ཡིན་པའི་ཕྱིར། སྤང་བྱ་ཆེ་རིམ་ནས་འགག་ཅིང་གཉེན་པོ་ཆུང་རིམ་ནས་སྐྱེ་བའི་རྒྱུ་མཚན་ཡོད་དེ། མུན་པ་ཆུང་ངུ་སྣང་བ་ཆེན་པོས་སེལ་བའི་ཕྱིར། གྲངས་མེད་སོགས་ལ་ཐེག་ཆེན་སྒོམ་ལམ་ཆོས་ཅན། ཆུང་འབྲིང་དགུར་གྲངས་མ་ངེས་པར་ཐལ། རྣམ་པ་རེ་རེ་ཡང་བསོད་ནམས་ཚད་མེད་གྲངས་མེད་གཞལ་མེད་སྐྱེད་པ་གསུམ་གསུམ་དུ་གསུངས་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། སྐབས་འདིར་སྒོམ་ལམ་ཆུང་འབྲིང་དགུར་བཞག་པ་ལ། གནོད་བྱེད་མ་ཡིན་ཏེ། དོན་དམ་ལ་བརྟེན་ན་རྟགས་མ་གྲུབ་ཀྱི་ལན་ཐེབས་ཅིང་། ཀུན་རྫོབ་ལ་བརྟེན་ནས་མ་ངེས་པའི་ལན་ཐེབས་པའི་ཕྱིར། རྟགས་ཟུར་སྔ་མར་ཐལ། དོན་དམ་པར་སྒོམ་ལམ་གྱི་རྣམ་པ་ལ་གྲངས་མེད་སོགས་གསུམ་གསུམ་གྱི་དབྱེ་བ་མི་རུང་པའི་ཕྱིར། ཀུན་རྫོབ་དུ་གྲངས་མེད་སོགས་གསུམ་གསུམ་དུ་བཤད་པས་སྒོམ་ལམ་དགུར་གྲངས་ངེས་པ་ལ་མི་གནོད་དེ། དགུར་ཕྱེ་བ་རྫས་ཀྱི་དབྱེ་བ་ཡིན། རེ་རེ་ཡང་གྲངས་མེད་སོགས་གསུམ་གསུམ་དུ་ཕྱེ་བ་ལྡོག་པའི་དབྱེ་བ་ཡིན་པའི་ཕྱིར། སྐབས་འདིར་ཆོས་ཅན། སྒོམ་ལམ་གྱི་རྣམ་པ་རེ་རེའང་བསོད་ནམས་གྲངས་མེད་བསྐྱེད་པ་སོགས་གསུམ་གསུམ་དུ་ཕྱེ་བ་ལ་དགོས་པ་ཡོད་དེ། གདུལ་བྱ་སྒོམ་ལམ་ལ་ཞུགས་པའི་དོན་དུ་སྒོམ་ལམ་འབྲས་བུ་ཆེན་པོ་ཅན་དུ་བསྟན་པའི་ཆེད་ཡིན་པའི་ཕྱིར། བྱང་ཆུབ་ཇི་ལྟ་སོགས་ལ། ཐེག་ཆེན་སྒོམ་ལམ་ཆོས་ཅན། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་སྤང་གཉེན་ལ་རིམ་བཞིན་ཉམས་འཕེལ་མི་བྱེད་པའི་སྐྱོན་མེད་དེ། དོན་དམ་པར་སྟོང་པ་ཉིད་ཡིན་ཡང་ཀུན་རྫོབ་དུ་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་བའི་བྱ་བ་བྱེད་པའི་ཕྱིར། དོན་ཆེན་དམ་པར་ནི་སོགས་ལ། སྒོམ་ལམ་དོན་དམ་པར་ཉམས་འཕེལ་མི་བྱེད་པར་ཐལ། སྟོང་ཉིད་ཡིན་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། སྒོམ་ལམ་སྟོང་ཉིད་དུ་འདོད་པ་ལ། གནོད་པ་མ་ཡིན་ཏེ། འདོད་པའི་ལན་ཐེབས་པའི་ཕྱིར། སྐད་ཅིག་མ་སྔ་མ་བཞིན་དུ་སོགས་ལ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། སྐད་ཅིག་སྔ་ཕྱི་རེ་རེས་ལྟོས་མེད་དུ་བྱང་ཆུབ་མི་སྐྱེད་པས། འབྲས་བུ་བྱང་ཆུབ་མི་འཐོབ་པའི་སྐྱོན་མེད་དེ། སྔ་ཕྱི་རེ་རེ་བ་ལྟོས་མེད་དུ་བྱང་ཆུབ་མི་སྐྱེད་ཀྱང་ཁྱོད་ཀྱི་སྐད་ཅིག་སྔ་མ་སྔ་མ་ལ་ལྟོས་ནས་ཕྱི་མ་ཕྱི་མ་ནུས་ལྡན་དུ་སྐྱེ་བའི་སྒོ་ནས་བྱང་ཆུབ་ཐོབ་པའི་ཕྱིར། དཔེར་ན་མར་མེའི་སྐད་ཅིག་སྔ་ཕྱི་ལྟོས་མེད་དུ་སྙིང་པོ་མི་སྲེག་ཀྱང་ཕན་ཚུན་ལྟོས་ནས་སྙིང་པོ་སྲེག་པ་བཞིན་ནོ། །ཇི་སྐད་བཤད་པའི་དཔེ་སོགས་ལ། མར་མེའི་སྐད་ཅིག་སྔ་ཕྱི་ལྟོས་མེད་དུ་སྙིང་པོ་མི་སྲེག་ལ། ཕན་ཚུན་ལྟོས་ནས་སྙིང་པོ་སྲེག་པའི་དཔེ་འདི་ཆོས་ཅན། སེམས་བསྐྱེད་སྔ་ཕྱི་ལྟོས་ནས་བྱང་ཆུབ་སྐྱེད་པ་ཁོ་ནའི་དཔེར་བཀོད་པ་མིན་ཏེ། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་རྟོགས་པའི་ཕྱིར་དུ་ཡང་དཔེར་བཀོད་པའི་ཕྱིར། སྐྱེ་བ་དང་ནི་འགག་པ་དང་སོགས་ལ། ཟབ་མོ་བརྒྱད་རྟོགས་པ་ལ་མི་འཁྲུལ་པའི་ལུས་ངག་གི་ཐ་སྙད་ཡིན་པའི་ཕྱིར། སྐད་ཅིག་སྔ་མ་དང་སོགས་ལ། དངོས་པོ་རྣམས་དོན་དམ་པར་སྐྱེ་བ་མེད་ཅིང་ཀུན་རྫོབ་ཏུ་སྐྱེ་བའི་རྟེན་འབྲེལ་ཆོས་ཅན། ཟབ་སྟེ། རྟོག་གེའི་བློའི་སྤྱོད་ཡུལ་མ་ཡིན་ཞིང་བསམ་མི་ཁྱབ་ཐོབ་པའི་རྟོགས་བྱ་ཡིན་པའི་ཕྱིར། དངོས་པོ་རྣམས་དོན་དམ་པར་དགག་པ་མེད་ཅིང་ཀུན་རྫོབ་དུ་དགག་པ་དང་། གནས་སྐབས་ཐམས་ཅད་དུ་གོམས་པར་བྱས་ཀྱང་མངོན་དུ་མི་བྱེད་པའི་ཏིང་ངེ་འཛིན་དང་དེ་བཞིན་ཉིད། དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཆོས་ལ་ཀུན་རྫོབ་ཏུ་སྦྱིན་སོགས་སྒྲུབ་པ་ཤེས་བྱ་དང ། ཅི་ཡང་མཐོང་བ་མེད་པ་ཉིད་མཐོང་བ་ཡིན་པའི་ཤེས་པ་དང་། དོན་དམ་པར་དཔྱོད་པ་མེད་པ་ཉིད་དཔྱོད་པ་དང་གཟུང་འཛིན་གཉིས་མེད་ཀྱི་ངོ་བོར་སྒྲུབ་པའི་གཉིས་སུ་མེད་པ་དང་། བྱང་ཆུབ་ཏུ་ཚོགས་རྫོགས་ཀྱང་། འབྲས་བུ་སངས་རྒྱས་མི་ཐོབ་པའི་ཐབས་མཁས་རྣམས་ཆོས་ཅན་དུ་བྱས་ནས། རྟགས་དང་སྒྲུབ་བྱ་སྔ་མ་ལྟར་རོ། །ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར་སོགས་ལ། ས་བརྒྱད་པའི་ཡུམ་སྦྱོར་ཆོས་ཅན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་འཁོར་འདས་ལ་བླང་དོར་ཐ་དད་དུ་མི་རྟོག་པའི་སྦྱོར་བ་ཡིན་པའི་ཕྱིར། ལས་མེད་སོགས་ལ། སད་པའི་གནས་སྐབས་ན་ཡང་དགེ་སྡིག་མེད་པར་ཐལ། རྨི་ལམ་དང་འདྲ་བའི་ཕྱིར། གཉིད་ལོག་པའི་གནས་སྐབས་བཞིན་ཞེས་པའི་ཐལ་འགྱུར་ཆོས་ཅན། དབུ་མ་པ་ལ་གནོད་བྱེད་མིན་ཏེ། དེའི་ངོ་བོར་རྟགས་མ་ངེས་ཤིང་དཔེ་མ་གྲུབ་པའི་ཕྱིར། རྟགས་ཟུར་དང་པོ་སྒྲུབ་པ། དངོས་པོ་རྨི་ལམ་དང་འདྲ་ཡང་སོགས་ལ་ཤེས་བྱ་ཆོས་ཅན། དབུ་མ་པའི་བློ་ངོར་ཐལ་འགྱུར་དེ་རྟགས་མ་ངེས་པ་ཡིན་ཏེ། དངོས་ན་རྨི་ལམ་དང་འདྲ་བའི་རང་བཞིན་མེད་པ་ཡིན་ཡང་། ཕྱིན་ཅི་ལོག་གི་འཆིང་བ་མ་ཉམས་པའི་བྱིས་པ་རྣམས་ཀྱི་སྲོག་གཅོད་སོགས་མི་དགེ་བ་དང་སྦྱིན་སོགས་དགེ་བར་སྣང་བ་ལ་དེ་དང་དེར་མངོན་པར་ཞེན་པའི་སྒོ་ནས་དགེ་སྡིག་དུ་འཇོག་པའི་ཕྱིར། དཔེར་ན་ཕྱི་རོལ་དོན་སྨྲ་བའི་ལུགས་ལ་སྐད་ཅིག་དང་རྡུལ་ཕྲན་ལ་སྲོག་གཅོད་སོགས་མེད་ཀྱང་རགས་པ་དང་རྒྱུན་ལ་སྒྲོ་བཏགས་ནས་སྲོག་གཅོད་མི་དགེ་བ་དང་དེ་སྤོང་བ་སོགས་དགེ་བར་འཇོག་པ་བཞིན། རྨི་ལམ་ན་ཡང་ལས་འབྲས་མེད་པའི་དཔེ་མ་གྲུབ་པར་ཐལ། རྨི་ལམ་གྱི་སེམས་ནི་གཉིད་ཀྱིས་ཉམས་པས་སད་པ་ལས་དམན་པའི་འབྲས་བུ་འབྱིན་པའི་ཕྱིར་དང་། རྨི་ལམ་གྱི་དགེ་སྡིག་སད་པའི་གནས་སྐབས་ཀྱི་སེམས་ཀྱིས་བསོས་བཏབ་ནས་སད་པའི་གནས་སྐབས་དང་འདྲ་བའི་འབྲས་བུ་འབྱིན་པའི་ཕྱིར། སེམས་ཅན་འཇིག་རྟེན་སོགས་ལ། ས་བརྒྱད་པའི་ཡུམ་སྦྱོར་ཆོས་ཅན། ཞིང་དག་པའི་སྦྱོར་བ་ཡིན་ཏེ། རང་སངས་རྒྱ་བར་འགྱུར་བའི་ཞིང་ཇི་ལྟར་འདོད་པ་ལྟར་དུ་སྒྲུབ་པའི་ཕྱིར་ཚོགས་སོག་ཅིང་སྨོན་ལམ་འདེབས་པའི་དག་པའི་སྦྱོར་བ་ཡིན་པའི་ཕྱིར། ཡུལ་དང་སྦྱོར་བ་ཅན་སོགས་ལ། ས་བཅུ་པའི་ཡུམ་སྦྱོར་ཆོས་ཅན། ཐབས་མཁས་པའི་སྦྱོར་བ་ཡིན་ཏེ། དགྲ་ལས་འདས་པ་སོགས་ཡུལ་བཅུ་མངོན་དུ་བྱ་བ་ལ་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ཡིན་པའི་ཕྱིར། བར་ཆད་ཀྱི་ཆོས་སོགས་ལ། དགྲ་ལས་འདས་པའི་ཐབས་མཁས་པ་ཡིན་ཏེ། ས་གཉིས་དང་གསུམ་པའི་བར་ཆད་ཀྱི་ཆོས་ལ་བརྒལ་བའི་སྦྱོར་བ་ཡིན་པའི་ཕྱིར། མི་གནས་པར་གནས་པའི་ཐབས་མཁས་ཡིན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་སྒོམ་པའི་སྦྱོར་བ་ཡིན་པའི་ཕྱིར། གཞན་དོན་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་བྱེད་པའི་ཐབས་མཁས་ཡིན་ཏེ། སྐལ་བ་ཇི་ལྟ་བ་བཞིན་གཞན་དོན་བྱེད་པའི་སྨོན་ལམ་གྲུབ་པའི་སྦྱོར་བ་ཡིན་པའི་ཕྱིར། ཐུན་མོང་མ་ཡིན་པའི་ཐབས་མཁས་ཡིན་ཏེ། གཞན་དོན་གྱི་བཀའ་སྤྱད་ལ་ཤིན་ཏུ་གོམས་པའི་སྦྱོར་བ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ལ་འཛིན་པ་མེད་པའི་ཐབས་མཁས་ཡིན་ཏེ། བྱང་ཕྱོགས་དཀར་པོའི་ཆོས་རྣམས་མི་དམིགས་པའི་ཤེས་རབ་ཀྱི་རྣམ་པར་དག་པའི་སྦྱོར་བ་ཡིན་པའི་ཕྱིར། གང་ཟག་དང་ཆོས་སུ་མི་དམིགས་པའི་ཐབས་མཁས་ཡིན་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་གནས་པའི་སྦྱོར་བ་ཡིན་པའི་ཕྱིར། སྤྲོས་པའི་མཚན་མ་མེད་པའི་ཐབས་མཁས་ཡིན་ཏེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ལ་གནས་པའི་སྦྱོར་བ་ཡིན་པའི་ཕྱིར། ཟག་བཅས་ཀྱི་ཆོས་ལ་སྨོན་པ་མེད་པའི་ཐབས་མཁས་ཡིན་ཏེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ་གནས་པ་མི་སྦྱོར་བ་ཡིན་པའི་ཕྱིར། ཕྱིར་མི་ལྡོག་གི་རྟགས་ཀྱི་ཐབས་མཁས་ཡིན་ཏེ། རང་གི་རྟོགས་པ་དང་མཐུན་པར་ཕྱིར་མི་ལྡོག་གི་ཆོས་བརྗོད་པས་གཞན་གྱིས་རང་ཕྱིར་མི་ལྡོག་ཏུ་ཡིད་ཆེས་པར་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར། ཚད་མེད་པའི་ཐབས་མཁས་ཡིན་ཏེ། ཐབས་མཁས་ཀྱི་ཡུལ་ཐམས་ཅད་ཤེས་པའི་སྦྱོར་བ་ཡིན་པའི་ཕྱིར། སྐབས་བཞི་པའི་ངག་དོན་ནོ།། །།


previousསྐབས་བཞི་པའི་ངག་དོན་བཤད་པ།next