Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
བླ་མ་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་སྒྲུབ་ཐབས།next

བླ་མ་སྒྲུབ་ཐབས།


TNT21_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །སྒྲུབ་ཐབས་གྲུབ་པའི་ཞལ་ལུང་མཆོག །འཕགས་ཡུལ་མཁས་པའི་གསུང་དྲི་མེད། །ཡི་གེའི་ལམ་དུ་མཚོན་པའོ། །


TNT21_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མེད་བླ་མའི་བླ་མ་ལ། །གུས་པར་གུས་པས་གུས་ཕྱག་འཚལ། །དཔལ་ལྡན་དཔལ་སྟེར་དཔལ་སྒྲུབ་ཐབས། །ལེགས་པར་ལེགས་འདྲི་ལེགས་པར་ཉོན། །སྒྲུབ་པའི་སློབ་དཔོན་རྟ་མཆོག་ཞབས། །དེ་ཡི་བསྟན་པའི་མན་ངག་མཆོག །རྡོ་རྗེ་སློབ་དཔོན་བསྒྲུབ་པ་ནི། །ད་ནི་རབ་ཏུ་བཤད་པར་བྱ། །དེ་ལ་གཞུང་དགོད་པར་བྱ་སྟེ། ཨོཾ་ན་མོ་བུདྡྷ་ཡ། དངོས་གྲུབ་སློབ་དཔོན་རྗེས་འབྲང་བར། །རྡོ་རྗེ་འཛིན་པ་ཉིད་གསུངས་ཏེ། །དང་པོ་དཀྱིལ་འཁོར་བྱས་ནས་ནི། ཁ་དོག་སྣ་ཚོགས་མེ་ཏོག་དགོད། །དེར་ནི་བླ་མ་རྡོ་རྗེ་སེམས། །སྤྱན་དྲངས་ནས་ནི་ཕྱག་བྱས་ནས། །རང་མིང་སྔགས་བཟླས་གསོལ་གསུམ་གདབ། །རང་ཉིད་བླ་མ་བརྟན་གནས་ལ། །སྐྱབས་སུ་འགྲོ་བ་རྟག་ཏུ་དྲན། །དེ་ནས་གསང་སྔགས་བཟླས་ནས་ནི། །དེ་ལ་ཨུཏྨ་དྷུམྨ་རྟག །རྣམ་པར་རྟོག་པ་གཅོད་པར་བྱ། །ཁྲུས་བྱས་པདྨའི་ལྟེ་བ་རྣམས། །སྦྱངས་ནས་མཐའ་དག་སྡིག་པ་བཤགས། །དཀྱིལ་འཁོར་


TNT21_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་ཡོན་འབུལ་དང༌། །བླ་མས་གསུང་ཀུན་འབད་དེ་བྱ། །གསང་སྔགས་ཏིང་འཛིན་ལྷའི་སྦྱོར་བས། །ལས་རྣམས་ཐམས་ཅད་རབ་ཏུ་སྒྲུབ། །དགེ་དང་སྡིག་དང་དངོས་པོ་ཀུན། །དེ་དེའི་མཐུ་ལས་རབ་རྙེད་དེ། །གུས་པས་ཟླ་བ་དྲུག་ན་ནི། །དངོས་གྲུབ་ཐམས་ཅད་རབ་གྲུབ་པའོ། །བླ་མ་དགྱེས་དང་མ་དགྱེས་རབ་འདོད་པའི། །དངོས་གྲུབ་དང་ནི་དམྱལ་བར་རྟོགས་བྱས་ལ། །བློ་བཟང་བདག་ཉིད་དོན་ཀུན་ལེགས་པར་བྱ། །སློབ་དཔོན་དཔའ་བོ་རྡོ་རྗེའི་ཞལ་ལྔའི་རིམ་པ་བླ་མ་སྒྲུབ་ཐབས་རྫོགས་སོ།། །།ཙི་ཏི་བྷུནྟི་རི་ཞལ་ལས་ཆོས་ཀྱི་ཞབས་ཀྱིའོ། །དེ་ལ་རིམ་པ་འདི་ཡིན་ཏེ། ཐོག་མ་མཎྜལ་གྱི་ཆོ་ག་རྒྱས་བསྡུས་གང་ཡང་རུང་བ་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་མདུན་གྱི་མཎྜལ་གྱི་སྟེང་དུ། སྐད་ཅིག་གི་བླ་མ་དུར་ཁྲོད་ལ་དགྱེས་པའི་བདེ་མཆོག །འཁོར་ལོ་ཧེ་རུ་ཀ་ཕྱག་གཉིས་རྡོ་རྗེ་དང་ཐོད་པ་འཛིན་པས། ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པ་གཡས་བརྐྱངས་ཀྱི་སྟབས་ཀྱིས་པད་ཉིར་དྲག་པོ་དང་ཨུ་མ་མནན་པ། གྲུ་མོར་ཟུང་


TNT21_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་རང་བཞིན་ཁ་ཊྭཱཾ་ག་དཀར་པོ་འཆང་བ། རྒྱན་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལ་འཁྱུད་པའི་ཕག་མོ་ནི། དམར་མོ་རྡོ་རྗེ་དང་ཐོད་པ་འཛིན་པ་བྱིན་པ་གཉིས་ཀྱིས་འཁྱུད་པ། གཉིས་ཀའང་མེ་དཔུང་འབར་བའི་དབུས་ན་རོལ་པ་དེ་ཉིད་ས་གསུམ་གྱི་རྡོ་རྗེ་ཕོ་ཉ་མོ་རྣམས་དང༌། དཔའ་བོ་ཐམས་ཅད་མཉམ་པར་འདུས་པར་མོས་ལ། གང་གི་དྲིན་ཆེན་ཉིད། །སོགས་ཀྱི་བར།ཨོཾ་བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ཕྱག་འཚལ་ལོ། །ཧཱུྃ། ཨདྡྷྱ་སིདྡྷྱ་མི། ལན་མང་དུ། ཕྱག་བྱ། གུ་རུ་ཤ་ར་གཙྪ་མི། ལན་མང་དུ་བརྗོད། མཆོད་པ་རྒྱས་བསྡུས་ཇི་ལྟར་རིགས་པའི་མཆོད་ནས། ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཀྱི་བླ་མའི་མཚན། ཨ་ཧཱུཾ་སྭཱཧཱ། མང་དུ་བཟླ་ཞིང༌། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དཔལ་ལྡན་བླ་མ་དམ་པས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས། བླ་མ་རང་གི་སྤྱི་བོ་ནས་ཐིམ། རང་དང་དབྱེར་མེད་དུ་གྱུར། རང་ཕྱི་ཧེ་རུ་ཀའི་སྙིང་ག་ཆོས་འཁོར་གྱི་ལྟེ་བར་བླ་མ་ཧེ་རུ་ཀ་དེའི་ཐུགས་ཀར་ཉི་མ་ལ་ཧཱུཾ། སྔགས་འཕྲེང་གསལ་བཏབ་ལ། སྔར་བཞིན་སྐྱབས་འགྲོ་དང་བཟླས་པ་བྱ། དེ་ནས་བླ་མའི་ཐུགས་ཀའི་འོད་ཀྱིས་ས་གསུམ་གྱི་མཁའ་འགྲོ་མ་རྣམས་རང་ལ་བསྟིམ། ཁམས་དཔའ་བོ་རྩ་དཔའ་མོའི་རྡུལ་ཕྲ་རབ་ཏུ་གྱུར། བླ་མ་འོད་དུ་ཞུ། སྐུ་གསུང་ཐུགས་ཀྱི་གསང་བ་


TNT21_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་གི་སྒོ་གསུམ་རོ་མཉམ་དུ་གྱུར། དེ་ནས་སྤྲོས་པ་གང་ཡང་མི་བྱ་བར་ལྷོད་དེ་བཞག །དྲན་པའི་ཐག་པས་རྟོག་པའི་གླིང་པོ་བག་མེད་དུ་མི་བཏང༌། སྒོ་ལྔའི་རྣམ་ཤེས་རྟོག་མེད་འོད་གསལ་བའི་ཆར་སྒོ་སྦྱོར་བ་རྣམས་ནི་དངོས་གཞིའི་རྣལ་འབྱོར་རོ། །དེ་ནས་བསྔོ་བ་བྱས་ལ་ཅི་རིགས་པར་སྤྱོད། སྤྱིར་སྒྲུབ་ཐབས་འདིར་རང་གང་ལ་མོས་པའི་ཡི་དམ་ལ་སྦྱར་བས་རུང་མོད་ཀྱི། ཁོ་བོ་ལ་བླ་མས་གནང་བ་ནི་འཁོར་ལོ་སྡོམ་པའི་ངེས་གསང་མཆོག་དང་སྦྱར་བ་འདི་དག་གོ །འདིའི་གདམས་ངག་གི་ཡན་ལག་ནི། ཨུ་ཏ་མ་ཞེས་པ་རླབས་དང༌། རྔུར་མ་ཞེས་པ་ངུ་བ་སྟེ། དང་པོ་ནི། བླ་མ་སྒྲུབ་པའི་གནས་སྐབས་སུ། རྣམ་པར་གཡེངས་བས་བསམ་གཏན་མི་འཕེལ་བ་དང༌། རྒོད་པ་ཤས་ཆེ་ན་འདི་བསྒོམས་སྟེ། རང་ཡི་དམ་དུ་གསལ་བའི་དྷུ་ཏིའི་འཁོར་ལོ་ལྔར་ཁྱབ་པ། སྤྱི་བོའི་བླ་མ་འོད་དུ་ཞུ། དབུ་མའི་ལམ་བརྒྱུད་རྩའི་འཁོར་ལོ་ཐམས་ཅད་དག་པར་བྱས། སྤྱི་མགྲིན་སྙིང་ལྟེ་རྣམས་སུ་དབང་བཞི་ཐོབ་པར་མོས། ལྟེ་འོག་ཏུ་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་བདུད་རྩིའི་རྒྱུན་བབས་པས་གང་བའི་ནང་དུ་ཧཱུཾ་ཡིག་སྐར་མའི་གཟུགས་ཅན་བླ་མར་མོས་ལ་གསོལ་བ་ཅི་རིགས་སུ་བཏབ། དེ་འོད་དུ་ཞུ་ནས་ཡལ་བའི་ངང་དུ་རྣམ་པར་རྟོག་པ་མེད་པས་རྩེ་གཅིག་ཏུ་བསྒྲིམས་ཏེ་བཞག་པ་ན་དུ་བ་ལ་སོགས་པའི་མཚན་མ་མཐོང་གསུངས།གཉིས་པ་ཤེས་པ་མི་གསལ་བ་དང༌། འགལ་རྐྱེན་མང་བ་ལ། ལྟེ་བའི་འཁོར་ལོའི་དབུས་སུ་བླ་མ་དེ་ལ་གསོལ་བ་དྲག་ཏུ་བཏབ་པས་འོད་དུ་ཞུ་སྟེང་དུ་བྱོན་


TNT21_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྙིང་སྤྱི་མགྲིན་སྤྱི་རྣམས་སུ་དབང་བཞི་ཐོབ། སྨིན་མཚམས་ནས་འཐོན། མདུན་གྱི་ནམ་མཁར་སྐུ་སྔ་མ་བཞིན་དུ་གྱུར་པ་ལ་གསོལ་བཏབ་ཅིང་མཉམ་པར་བཞག་ལ། ཡང་དང་ཡང་དུ་མོས་གུས་དྲག་པོ་བྱའོ། །ཁྲུས་བྱ་བ་ནི་བླ་མ་མདུན་དུ་བསྒོམ་ལ། ཉེས་ལྟུང་མཐའ་དག་བཤགས། སྤྱི་བོའི་བླ་མ་འོད་དུ་ཞུ་སྟེ་ཐིམ་པས། སྡིག་སྒྲིབ་ཐམས་ཅད་བུ་ག་ཀུན་ནས་ཐོན་པས་སངས་ཀྱིས་དག་པར་བསམ། ཡང་ལྟེ་བ་བླ་མ་ཧེ་རུ་ཀ་སེར་པོ་རྒྱ་སྲན་གྱི་ཚད་ཙམ། དེ་ལ་མོས་གུས་དྲག་པོས་གསོལ་བ་བཏབ་པས། ཧེ་རུ་ཀ་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་ཆུ་རྒྱུན་གྱིས་སྤྲུལ་པའི་འཁོར་ལོའི་རྩའི་གནས་ཐམས་ཅད་བཀྲུས། བདུད་རྩི་ཐམས་ཅད་གཅིག་ཏུ་འདུས་པ་འཁོར་ལོའི་ལྟེ་བར་ཟིལ་བ་ཆགས་པ་ལྟར་འོད་འཕྲོ་བ་ལ་རྩེ་གཅིག་ཏུ་དམིགས། དེ་བཞིན་དུ་སྙིང་ཁར་སྔོན་པོ་མགྲིན་པར་དམར་པོ། དཔྲལ་བར་དཀར་པོ། སྤྱི་བོར་སྣ་ཚོགས། གསང་བར་ལྗང་ཁུའི་ཁ་དོག་ཅན་གྱི་བླ་མ་སྒོམ་པ་སོགས་སྔར་བཞིན་བསྒོམས་པས་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ། ཡུལ་ལྔ་རྣམས་ཀྱི་དྲི་མ་སྦྱོང་ཞིང༌། གནས་སྐབས་སུ་འབྱུང་བ་ལྔའི་ནད་གདོན་སེལ་བ་དང༌། རླུང་དབུ་མར་འཇུག་པའི་གནད་དམ་པའོ། །འདིའི་བྱིན་རླབས་ཀྱི་ཆོ་ག་ནི། གནས་བཟང་པོར་བླ་མ་ཉིད་ཀྱི་ཁྲུས་བྱས་སྡིག་པ་བཤགས། རྩ་ཁྲུས་སྔོན་དུ་འགྲོ་བས་སྔོན་དུ་བརྗེད་པའི་བླ་མའི་སྒྲུབ་ཐབས་རྫོགས་པར་བྱ་ཞིང༌། གཙོ་བོ་


TNT21_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཁའ་འགྲོ་མ་རྣམས་ལ་གཏོར་མའང་ངེས་པར་དབུལ་ལོ། །དེ་ནས་སློབ་མས་མཎྜལ་དབུལ། སློབ་དཔོན་དགོངས་སུ་གསོལ། བདག་ལ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་བླ་མའི་དབང་བསྐུར་བ་སྩལ་དུ་གསོལ། གསུམ། མཎྜལ་གྱི་དབུས་སུ་སྒྲུབ་ཐབས་ལྟར་བླ་མ་བསྐྱེད། ཕྱག་འཚལ་སྐྱབས་འགྲོ་བཟླས་པ་རྣམས་བྱ། དེ་ནས་ཨོཾ་སརྦ་ཏ་ཐ་ག་ཏ་ཀ་ཡ་ཝཀ་ཙིཏྟ་སྭ་བྷཱ་བཱ་ཙཱརྡྷ་ཡ་ཙ་རཱ་ཎ་ན་མ་སྟེ་ན་མོ། ཨདྡྷྱ་སིདྡྷྱ་མཾ། གསུམ། བུམ་པའི་ཆུའི་དབང་བསྐུར་བར་མོས། ཨོཾ་བཛྲ་ཨབྷི་ཥིཉྩ་ཧཱུཾ་༡ སྦྱོར་མཚམས་ནས་འོད་དཀར་དམར་བྱུང་མགྲིན་པར་ཕོག །ཨོཾ་ཨཱཿཧཱུཾ། ༢ རང་ལྷ་སྐུ་ཁ་སྦྱོར་ལ་མཉམ་པར་བཞག །༣ དེ་ཡང་ཡལ་ནས་སྟོང་ཉིད་དུ་བསྒོམ། ༤ བླ་མའི་དཔྲལ་མགྲིན་སྙིང་ཁ་ནས་ཧེ་རུ་ཀ་དཀར་དམར་མཐིང་གསུམ་གནས་གསུམ་དུ་རིམ་བཞིན་བསྟིམ་པས་དབང་གསུམ། གསུམ་ག་བསྟིམས་ནས་ལུས་གང་སྟོང་པ་ཉིད་དུ་བཞག་པའི་བཞི་པའོ། །དེ་ནས་ཡང་སྐྱབས་འགྲོ་ཕྱག་འཚལ་སྔར་བླ་མ་སྤྱི་བོར་བྱོན་འོད་དུ་ཞུ། འཁོར་ལོ་བཞི་དབང་བཞི་ཐོབ། བདེ་གསལ་མི་རྟོག་པ་ལ་མཉམ་པར་བཞག །དབང་བཞི་ཚན་གསུམ་མོ། །སློབ་མའི་སྤྱི་བོར་མེ་ཏོག་བཞག་ལ། ཨོཾ་བཛྲ་སིདྡྷི་བྷ་བནྟུ། བརྗོད། དེ་ནས་སློབ་མས་མཎྜལ་དབུལ། བླ་མའི་དཀྱིལ་འཁོར་རྗེས་བསྡུས་པ་སྤྱི་དང་མཐུན་ལ།


TNT21_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ན་མཎྜལ་རྒྱས་པ་རྒྱ་གར་བའི་ཕྱག་ལེན་བཞིན་བྱ། དབང་བསྐུར་ཐོབ་མ་ཐག་རིམ་གཉིས་བསྒོམ་ཟེར་ན་སློབ་མ་མཆོག་དམན་བླ་མ་རབ་ཏུ་གུས་སམ་མི་གུས་བརྟག །གུས་ན་ཐོག་མར་བྱིན་རླབས་བྱས། བླ་མ་བསྒྲུབས་ན་ཕྱིས་ཏིང་ངེ་འཛིན་ཤུགས་ལ་མྱུར་དུ་སྐྱེས་ལ། དེ་མིན་གསང་བ་དམ་པོར་བྱའོ། །ལེགས་ཚོགས་གཞན་ཡང་བརྗོད་དང་རྩ་འཁོར་གྱི་ལྟེ་བ་སོ་སོར་སྦྱོར་ཏེ་ཞི་བ་ལ་བླ་མ་བུདྡྷ་ཧེ་རུ་ཀ་དཀར་པོ་དང༌། ཨོཾ༴ སོགས་སྔགས་ཀྱི་མཐར། པཱ་པཾ་རོ་ག་ཤཱིནྟཾ་ཀུ་རུ་སྭཱཧཱ། ཚེ་རྒྱས་པ་ལ་སེར་པོ་བདུད་རྩིའི་བུམ་པ་འཛིན་པ་དང་ཨཱ་ཡུ་པུཥྟི་ཀུ་རུ་ཨོཾ། ནོར་རྒྱས་པ་ལ་བརྗིད་བག་ཅན། རིན་ཆེན་སྙེ་མ་བསྙེམས་པ་དང༌། དྷ་ན་པུཥྟིཾ་སོགས་དང༌། དབང་དགུག་ལ་དམར་པོ་སྒེག་ཉམས་ཅན་ལྕགས་ཀྱུ་ཞགས་པ་འཛིན་པ་བ་ཤཾ་ཀུ་རུ་ཧོ། ༡ བ་ཥཌ ༢ ཨ་རཀྵ་ཡ་ཧྲི་ཛ་དང༌། དྲག་པོ་ལ་ནག་པོ་ཁྲོ་བོ་རྡོ་རྗེ་ཅན་བསད་བསྐྲད་དབྱེ་རྨོངས། རེངས་མནན། སོགས་ལའང༌། རྣམ་པ་དང་སྔགས་རྣམས་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ་དེ་ལྟར་སོ་སོའི་འབྱུང་བའི་གནས་ལ་གནས་པ་ལ། སྔགས་བཟླས་པ་དང༌། གསོལ་བ་དྲག་ཏུ་གདབ་ཅིང་ལས་ལ་སྦྱར་བས་ཐོགས་པ་མེད་གསུངས། གཞན་ཡང་བྱ་བ་ཐམས་ཅད་ལ་འདི་ལྟར་རྟེན་འབྲེལ་འགྲིགས་དགོས་ཏེ། ཞིབ་མོར་བླ་མའི་ཞལ་སྔ་ནས་རྟོགས་པར་བྱའོ། །ཐམས་ཅད་དྲི་མོའི་དུས་སུ་ཡིས་བྱ་ནུས། འདིར་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱིས་ཕྱག་ལེན་མཛད་ཚུལ་


TNT21_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སློབ་མ་མཆོག་གི་བླ་མ་སྒྲུབ་ཐབས་འདི་དུས་ཟླ་བ་དྲུག་གི་བར་དུ་བྱེད་ཅིང༌། དེའི་བར་དུ་ཉིན་རེ་བཞིན་ཐུན་གསུམ་དུ་མཎྜལ་འབུལ་ཕྱག་འཚལ་ལན་སྟོང་སྟོང༌། བཟླས་པ་དྲུག་སྟོང་རེ་དང༌། ཟས་དང་ཡོ་བྱད་གསར་དུ་བྱུང་བ་ཐམས་ཅད་ཀྱི་ཕྱེད་བླ་མའམ། དེ་མི་ཞུགས་ན་དམ་ཚིག་གཅིག་པའི་རྣམ་འབྱོར་པ་རྣམས་ལ་འབུལ་བ་སྟེ། འདི་ནི་མ་མཐའ་བཀག་པའི་ཕྱག་ལེན་དུ་མཛད་དོ། །གྲུབ་པའི་སློབ་དཔོན་རྟ་མཆོག་དང༌། །པཾ་ཝཾ་ཞབས་དང་འཇོ་སྒེག་ཞབས། །གྷུ་ན་ཏི་པ་དྷརྨ་པ། །བྱཱ་ང་ལ་དང་ཆར་སྤྲིན་ཞབས། །དགའ་བ་སྦས་པ་དེ་བཞིན་དུ། །གྲུབ་ཆེན་ཤིནྟི་གུཔྟ་དང༌། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སྦས་པའི་མགོན་པོའི་ཞལ་ལས་འོངས། །ཚུལ་འདི་རྣལ་འབྱོར་སྤྱོད་པའི་ཚུལ་འཆང་བ། །ཀུན་དགའ་སྙིང་པོས་སེམས་ཅན་ཀུན་ལ་སྦྱིན། །མ་གྱུར་འགྲོ་ཀུན་སྒྲོལ་ལ་མ་བཞིན་དུ། །བརྩོན་པས་བྱང་ཆུབ་མཆོག་ལ་བརྩོན་པར་ཤོག །ཅེས་བླ་མ་སྒྲུབ་ཐབས་རྒྱ་གར་བའི་པཎ་གྲུབ་ཀྱི་ཞལ་ལུང་དྲི་མ་མེད་པ་སྙིང་པོར་ཕྱུང་བ་འདི་ནི། ཏཱ་ར་ནཱ་ཐས་བླ་མའི་གསུང་བཞིན་བཅོས་བསླད་མེད་པར་སྦྱར་བའི་ཡི་གེ་པ་ནི་ཀུན་དགའ་ལེགས་རྒྱལ་ལོ། །རང་ལོ་ཉེར་གཅིག་གི་རྩེར་སོན་པའམ་ཚེ་ལི་ཁེ་ཏམ། མངྒ་ལཾ། བརྟཱི་ཀུ་རུ། དགེའོ།། །།བཀྲ་ཤིས།།


TNT21_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཤོགསྟོང་།


previousབླ་མ་སྒྲུབ་ཐབས།next