གནས་ལུང་དཔལ་རིའི་གནས་ཡིག་གསལ་བའི་མེ་ལོང་མཐོང་བ་དོན་ལྡན། ལུང་རྟོགས་ཆོས་ཀྱི་ཉི་མ།
གནས་ལུང་དཔལ་རིའི་གནས་ཡིག་གསལ་བའི་མེ་ལོང་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས༔
རྩ་གསུམ་ཀུན་འདུས་མཚོ་སྐྱེས་སྤྲུལ་པའི་སྐུ༔
བོད་འབངས་སྙིང་རྗེས་རྗེས་བཟུང་འགྲོ་བའི་མགོན༔
ལྔ་བདོའི་རྒུད་སེལ་མཐུ་སྟོབས་ནུས་པའི་བདག༔
རིགས་གསུམ་གཅིག་བསྡུས་ལྷ་ལ་གུས་ཕྱག་འཚལ༔
དཔལ་རི་པདྨ་བཀོད་པའི་གནས་མཆོག་འདིར༔
རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ༔
ངོ་མཚར་སྙན་པའི་ཆོས་སྒྲ་རྟག་ཏུ་གསན༔
གནས་དེར་མཇལ་བའི་སྨོན་ལམ་ལན་བརྒྱར་ཐེབས༔
བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ༔
གནས་འདིར་འབྲེལ་བའི་སྨོན་ལམ་མཐུ་བཙན་པས༔
མཁྱེན་དང་བརྩེ་བའི་གཞན་ཕན་མ་མཆིས་ཀྱང༔
ལས་སྨོན་དབང་གིས་གནས་ཀྱི་ཕན་ཡོན་བརྗོད༔
སྤྱིར་ན་གངས་ལྗོངས་བོད་ཀྱི་ཡུལ་ཁམས་འདིར༔
འཕགས་པ་རིགས་གསུམ་མགོན་པོའི་གདུལ་ཞིང་དང༔
དེ་ན་བཞུགས་པའི་གང་ཟག་ཕོ་མོ་རྣམས༔
ཐེག་ཆེན་རིགས་ཡིན་གཏེར་ལུང་དུ་མས་བསྔགས༔
ཁྱད་པར་ཨོ་རྒྱན་རྗེས་བཟུང་ཞབས་ཀྱིས་བཅགས༔
རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་སོགས༔
རྗེས་སུ་གནང་དང་བྱིན་གྱིས་བརླབས་པའི་གནས༔
སྤྲུལ་པ་ཡང་སྤྲུལ་གང་ལ་གང་འདུལ་གྱིས༔
མཐའ་ཡས་འགྲོ་བའི་སྡུག་བསྔལ་མ་གྲོལ་བར༔
དེ་སྲིད་འགྲོ་ལ་ཐུགས་རྗེ་རྒྱུན་ཆད་མེད༔
ཁྱད་པར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང༔
ཡར་ཚེས་བཅུ་སོགས་དུས་བཟང་ཚེས་བཟང་ལ༔
ཨོ་རྒྱན་ཐུགས་རྗེ་རྒྱུན་ཆད་མེད་པར་འབྱུང༔
གང་ཟག་ལས་ཅན་སྒྲིབ་པ་དག་སྟོབས་ཀྱིས༔
མཐོང་སྣང་སྣ་ཚོགས་རྔ་དང་རོལ་མོ་སོགས༔
ངོ་མཚར་སྣང་བའི་རྟགས་མཚན་མ་ལུས་མཐོང༔
གནས་འདིར་འབྲེལ་བ་ཐོབ་པའི་སྐྱེ་འགྲོ་ཀུན༔
མ་འོངས་སངས་རྒྱས་སོ་བདུན་གྲགས་པ་ཆེ༔
མངོན་སངས་རྒྱས་པའི་ཚུལ་སྟོན་དུས་ཀྱི་ཚེ༔
འཁོར་དུ་སྐྱེ་བའི་ལུང་བསྟན་དབུགས་དབྱུང་ཐོབ༔
གནས་འདི་མཐོང་ཐོས་དྲན་པས་ཀྱང༔
སངས་རྒྱས་སྟོང་གི་ཞལ་མཇལ་བའི༔
ཕན་ཡོན་མཚུངས་པར་གདོན་མི་ཟ༔
མཐོང་ལམ་སྤང་བྱའི་སྒྲིབ་པ་འདགས༔
མཐའ་སྐོར་ལན་གཅིག་སུས་བྱས་པས༔
སིདྡྷི་དུང་ཕྱུར་བཅོ་བརྒྱད་དང༔
ཚེ་གེགས་ལན་གཅིག་སེལ་བ་ཡིན༔
བསྐལ་བ་གསུམ་གྱི་ལས་ཉོན་བྱང༔
བར་སྐོར་ལན་གཅིག་བྱེད་པ་ལ༔
སིདྡྷི་དུང་ཕྱུར་བཅུ་གསུམ་ཐོབ༔
ཚེ་འདིའི་ནད་གདོན་རྐྱེན་ངན་ཞི༔
ལུས་ངག་ཡིད་ཀྱི་སྡིག་ལྟུང་འདག༔
ནང་སྐོར་ལན་གཅིག་སུས་བསྐོར་བ༔
སིདྡྷི་དུང་བརྒྱད་ཕན་ཡོན་ཡོད༔
སྡེ་བརྒྱད་འཁྲུགས་པའི་བཀའ་ཆད་ཞི༔
ཞི་རྒྱས་དབང་གི་ལས་རྣམས་འགྲུབ༔
གནས་འདིར་སྡོད་པའི་སྐྱེས་འཕགས་སུ༔
ལུས་ངག་ཡིད་ཀྱི་སྤྱོད་པ་གང༔
བྱས་དང་མ་བྱས་བཟང་ངན་ཀུན༔
དགེ་བར་འགྱུར་བས་བཅོས་མེད་ཞོག༔
གནས་འདིར་བསང་མཆོད་སུས་བྱས་པ༔
ཁ་ལས་དར་ཞིང་རླུང་རྟ་རྒྱས༔
ནོར་འཕེལ་ཕྱུགས་ཀྱི་གོད་ཁ་ཞི༔
དགེ་བཅུའི་ཁྲིམས་ལྡན་མི་ལུས་ཐོབ༔
གནས་འདིར་དར་ལྕོགས་སུས་བཙུགས་པ༔
སྡིག་སྒྲིབ་རྐྱེན་ངན་གདོན་བགེགས་ཞི༔
ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད༔
གནས་འདིར་ཡིག་དྲུག་སུས་བརྐོས་ན༔
ཞེ་སྡང་ཞི་ནས་སྙིང་རྗེ་འཁྲུངས༔
བྱང་ཆུབ་རིགས་ཀྱི་གདུང་འཚོབ་འགྱུར༔
གནས་འདིར་མར་མེ་སུས་ཕུལ་བ༔
མ་རིག་མུན་སེལ་ཡེ་ཤེས་གསལ༔
འཆི་ཚེ་འོད་གསལ་སྣང་བ་མཆེད༔
འདོད་ཡོན་ལྔ་ཡིས་སུས་མཆོད་པ༔
ཚེ་འདིར་བསོད་ནམས་དཔལ་གྱིས་ཕྱུག༔
ཕྱི་མར་ཁྲིམས་ལྡན་ཆོས་ཀྱིས་འཚོ༔
གནས་འདིར་དར་ཐག་སུས་དཔྱང་ན༔
ཚེ་གེགས་ཞི་ནས་ཚེ་སྟོབས་འཕེལ༔
ཚེ་ལ་དབང་བའི་རིག་འཛིན་ཐོབ༔
གནས་འདིར་ལྷ་སྐུ་སུས་བྱས་ན༔
སངས་རྒྱས་མཇལ་ཞིང་བྱིན་རླབས་འཇུག༔
ཡན་ལག་སྐྱོན་སྤང་མཚན་བཟང་ཐོབ༔
ཚོགས་འཁོར་ལན་གཅིག་བྱེད་པ་དེས༔
ཚོགས་གཉིས་རྫོགས་པའི་དཔལ་ལ་རོལ༔
རིག་འཛིན་ཕོ་མོའི་གྲལ་དུ་སྐྱེས༔
གནས་འདི་དཔང་དུ་བཞག་ནས་སུ༔
དུད་ཆང་ཤྭོ་རྒྱན་སུས་སྤང་ན༔
ཚེ་འདིར་བདེ་ཞིང་མི་ཡིས་བཀུར༔
དཀར་ཕྱོགས་ལྷ་ཡིས་སྲུང་ཞིང་སྐྱོབས༔
ཕྱག་སྐོར་ལན་གཅིག་བྱེད་པ་དེས༔
ནད་རིགས་ཞི་ནས་ཚེ་ཀེགས་སེལ༔
ཆོས་འཆད་འཁོར་སྒྱུར་ལུས་རྟེན་ཐོབ༔
གནས་འདིར་གང་ཟག་སུས་བསྐྱབས་ན༔
སྲུང་བ་རྡོ་རྗེའི་གུར་དུ་ཚུད༔
འཇིགས་མེད་སྤོབས་པའི་སྣང་བ་བརྙེས༔
བསམ་གཏན་ཞག་བདུན་སྒོམ་བྱེད་ན༔
ཟླ་བདུན་སྒྲུབ་པའི་ཡོན་ཏན་མཚུངས༔
དེ་ལྟར་གནས་ཀྱི་ཡོན་ཏན་མཐའ་ཡས་ཀྱང༔
ཉུང་ངུའི་ཚིག་གིས་ཅུང་ཟད་བརྗོད་པ་པོ༔
རྒྱ་སྤྲུལ་རིག་འཛིན་ལུང་རིག་གླིང་པ་ཡི༔
སྐྱེ་ཕྲེང་གསུམ་པ་ལུང་རྟོགས་མིང་གིས་ཕབས༔
དགེ་དེས་རྒྱལ་བསྟན་རིན་ཆེན་དར་ཞིང་རྒྱས༔
འགྲོ་རྣམས་གནས་སྐབས་མཐར་ཐུག་ཕན་བདེས་འཚོ༔
གནས་འདིར་འབྲེལ་བ་ཐོབ་པའི་སྐྱེ་འགྲོ་ཀུན༔
བདེ་ནས་བདེ་བར་བགྲོད་པའི་བཀྲ་ཤིས་ཤོག༔
ཅེས་རང་ལོ་སོ་བདུན་པ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོར་ཕྲིན་ལས་དུས་སུ་བབ་པས་གནས་འདི་ཉམས་གསོ་དང་གནས་རྒྱ་བསྐྱེད། དེ་རྗེས་ཤིང་སྤྲེལ་ལོ་གནས་འདུས་སྐབས་རང་ཅག་གཡུ་དགོན་མཁན་སྤྲུལ་རྣམ་པས་ཚོགས་འཁོར་དང་སྦྲགས་དར་ལྕོགས་སྟོང་དར་མང་པོ་བསྒྲེངས། སླར་ས་བྱི་ལོར་ཇོ་དར་ཁྲི་ཕྲག་མང་པོ་དང་རྩ་གསུམ་ཆོས་སྐྱོང་བཅས་པའི་རྡོ་སྐུ། ཡིག་དྲུག་དང་བཛྲ་གུ་རུ་སོགས་གཟུངས་སྔགས་མང་པོ་རྡོ་ལ་བརྐོས་པ་སོགས་རྣམ་དཀར་བྱ་བ་རྒྱ་ཆེར་སྤེལ་སྐབས་སྤྲུལ་ཆེ་མཆོག་རྡོ་རྗེ་དང་། མཁན་ཤེས་བྱ་ཀུན་གཟིགས་རྣམ་གཉིས་ཀྱིས་བཀས་བསྐུལ་ངོར་རྒྱ་སྤྲུལ་གསུམ་པ་རིག་འཛིན་ལུང་རྟོགས་ཆོས་ཀྱི་ཉི་མས་ཕབས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།