Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ཚེ་དཔག་དཀར་པོའི་དབང་ནམ་མཁའི་ཐིག་ལེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ཚེ་དཔག་དཀར་པོའི་དབང་ནམ་མཁའི་ཐིག་ལེ།next

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ཚེ་དཔག་དཀར་པོའི་དབང་ནམ་མཁའི་ཐིག་ལེ།


CMR014_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས༔ ཚེ་དཔག་དཀར་པོའི་དབང་ནམ་མཁའི་ཐིག་ལེ་བཞུགས་སོ༔


CMR014_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱ་ཡུཛྙཱ་ན་ཡེ་ཚེ་དཔག་དཀར་པོའི་དབང་སྒྲུབ་བྲི༔ མཎྜལ་པདྨ་འདབ་བརྒྱད་དམ༔ ཡང་ན་འབྲུ་ཡི་ཚོམ་བུ་བཀོད༔ དེ་སྟེང་བུམ་པ་རྫས་ལྡན་བཞག༔ ཚེ་གཏོར་མཆོད་པ་མདའ་དར་བཤམ༔ རྒྱས་པར་གནམ་ཆོས་གཞུང་ལྟར་དུ༔ སྐྱབས་སེམས་སྔོན་འགྲོ་མཆོད་བྱིན་རླབས༔ རྩ་གསུམ་སྤྱི་ཡི་ལས་བྱང་ནང་༔ འདི་ཡི་མངོན་རྟོགས་བཙུད་ལ་འདོན༔ བསྡུ་ན་འདི་ཉིད་གཞུང་ལྟར་དུ༔ དྲན་རྫོགས་བསྒོམས་ལ་བསྙེན་པས་འཐུསཿ བསང་སྦྱང་སོགས་ཀྱང་མི་དགོས་ཏེ༔ མཁའ་ལ་འཇའ་ཤར་བཞིན་དུ་བསྒོམ༔ རང་དང་མདུན་གྱི་བུམ་པ་གཞལ་ཡས་ཁང་མཚན་ཉིད་རྫོགས་ཤིང་བསམ་གྱིས་མི་ཁྱབ་པའི་དབུས་སུ༔ བཅོམ་ལྡན་འདས་ཚེའི་བདག་པོ་སྐུ་མདོག་ཉ་རྒྱས་


CMR014_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཟླ་བ་ལྟ་བུ་ལོངས་སྐུའི་རྒྱན་རྫོགས་པ་ཕྱག་མཉམ་བཞག་ན་ཚེའི་བུམ་པ་འཛིན་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ་ཡུམ་མཆོག་དམར་མོ་མདའ་དར་དང་ཚེ་བུམ་འཛིན་པས་འཁྱུད་པར་བསྐྱེད་ལ༔ དེའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་དང་ཐུགས་དབུས་ཟླ་སྟེང་ཧཱུྃཡི་མཐར་སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས༔ འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུསཿ བོདག་དང་བུམ་བསྐྱེད་ལ་ཐིམ༔ བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་


CMR014_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཞེས་ཅི་ནུས་བཟླ་བར་བྱའོ༔ ཨནྡྷཾ་སོགས། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད༔ དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ༔ མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས༔ སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་རྣམས་འདུས༔ སྔོན་འགྲོ་བགེགས་བསྐྲད་གྲུབ་ན་ལེགས་ཁྲུས་བྱས་མཎྜལ་ཕུལ་ལ་འོ་ན་ད་ལམ་ཁྱེད་རྣམས་ལ་མགོན་པོ་ཚེ་དཔག་མེད་ཀྱི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཟུར་ཙམ་ཞིག་ཞུ་ན༔ མཆོག་ཐུན་མོང་གི་དངོས་གྲུབ་གང་བསྒྲུབས་ཀྱང་༔ དེ་སྒྲུབ་ལོང་ཡོད་པའི་ཕྱིར་ཚེ་བསྲིང་བའི་ཐབས་ཤིག་ལ་འབད་དགོས་ཏེ༔ གསང་བ་འདུས་པའི་རྒྱུད་ལས༔ ལས་ཚོགས་རིམ་པ་བསྟན་པ་ནི༔ ཐོག་མར་རིག་འཛིན་ཚེ་ཉིད་བསྒྲུབ༔ ཅེས་དང་༔ གསང་འདུས་ནང་སྒྲུབ་ལསཿ མདོར་ན་རང་དོན་གཞན་དོན་གདུལ་བྱ་ཕྲིན་ལས༔ འདོད་པའི་དོན་གང་བསྒྲུབས་ཀྱང་རྣལ་འབྱོར་པ་ཚེ་རིང་ན་ཅི་བསམ་འགྲུབ་པས༔ ཚེ་སྒྲུབ་ལ་ནན་ཏན་དུ་བྱའོ༔ ཞེས་པདྨ་རྒྱལ་པོ་ངའི་ཐ་ཚིག་གོ༔ ཞེས་དང་༔ རྒྱ་གར་གྱི་པཎྜི་ཏ་ངག་གི་དབང་ཕྱུག་གི་ཞལ་ནས༔ འཁོར་བར་སྲོག་


CMR014_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཅེས་པ་ནི༔ འགའ་ཡང་ཡོད་པར་མ་མཐོང་བས༔ དེས་ན་མྱུར་དུ་ཐབས་མང་པོས༔ འཆི་བ་བསླུ་བར་ཡང་དག་སྦྱོརཿ ཞེས་གསུངས་སོ༔ འོ་ན་ཆེ་བསྲིང་བའི་ཐབས་ཡོད་པ་ཡིན་ནམ་ཞེ་ན༔ གང་ཕྱིར་རིག་པར་ཐབས་སྦྱར་བས༔ དཀའ་བ་ཅུང་ཟད་ཡོད་མ་ཡིན༔ ཞེས་གསུངས་སོ༔ ཐབས་ལ་ཡང་ཕྱི་རོལ་པའི་ལུགས༔ ལྷ་དབང་ཕྱུག་ཆེན་པོར་གསོལ་བ་བཏབ་ནས་ཚེ་བསྲིང་ཐབས༔ གསེར་སླད་མེད་ཟོས་ནས་ཚེ་བསྲིང་ཐབས༔ དངུལ་ཆུའི་བཅུད་ལེན་ལ་བརྟེན་ནས་ཚེ་བསྲིང་ཐབས༔ སྨན་དང་རྫས་ཀྱི་བཅུད་ལེན་ལ་བརྟེན་ནས་ཚེ་བསྲིང་ཐབསཿ དེ་འདྲ་རེ་རེ་ཐུབ་ན་ཡང་ལོ་ལྔ་བརྒྱ་ཐུབ་པ་ཡོད་སྐད་དེ༔ ཐུན་མོང་གི་དངོས་གྲུབ་ཚེ་རིང་བ་ཙམ་ལས༔ མཆོག་གི་དངོས་གྲུབ་མི་འགྲུབ༔ ནང་པ་སངས་རྒྱས་པའི་ལུགས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྒོ་ནས་ཚེ་བསྲིང་ན༔ མཆོག་གི་དངོས་གྲུབ་རིགས་དྲུག་གི་སྐྱེ་སྒོ་ཆོད་ནས་བདེ་བ་ཅན་དུ་སྐྱེ་སྟེ༔ མྱུར་དུ་འཚང་རྒྱ་བ་དང་༔ གནས་སྐབས་སུ་ཐུན་མོང་གི་དངོས་གྲུབ་ཚེ་རིང་བ་ཞོར་ལ་འགྲུབ་པ་ཡིན༔ དེ་ཡང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན༔ ཆོས་སྐུ་སྣང་བ་མཐའ་


CMR014_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་བཞུགས་ཏེ༔ དེའི་སྐུ་ལས་བདེ་གཤེགས་རིགས་ཀྱི་ཚེ་དཔག་མེད་དཀར་པོར་སྤྲུལ༔ གསུང་ལས་པདྨ་རིགས་ཀྱི་ཚེ་དཔག་མེད་དམར་པོར་སྤྲུལ༔ ཐུགས་ལས་རྡོ་རྗེ་རིགས་ཀྱི་ཚེ་དཔག་མེད་མཐིང་གར་སྤྲུལ༔ ལྟེ་བ་ནས་རིན་ཆེན་རིགས་ཀྱི་ཚེ་དཔག་མེད་སེར་པོར་སྤྲུལ་གསང་བ་ནས་ལས་ཀྱི་རིགས་ཀྱི་ཚེ་དཔག་མེད་ལྗང་གུར་སྤྲུལ་ཏེ༔ ཚེ་དཔག་མེད་རིགས་ལྔ་ཞེས་ཡོངས་སུ་གྲགས་སོ༔ གཞན་ཡང་ཡེ་ཤེས་ཀྱི་ཆ་ལས་ཡེ་ཤེས་ཚེ་དཔག་མེད་སྤྲུལཿ ཡོན་ཏན་གྱི་ཆ་ལས་ཡོན་ཏན་ཚེ་དཔག་མེད་སྤྲུལ་ལྷུན་གྱིས་གྲུབ་ཅིང་གཡོ་བ་མེད་པའི་ཆ་ལས་མི་གཡོ་ཚེ་དཔག་མེད་སྤྲུལ༔ མཁྱེན་པའི་ཆ་ལས་ཀུན་གཟིགས་ཚེ་དཔག་མེད་སྤྲུལ༔ དེ་རྣམས་ལ་ཚེ་དཔག་མེད་ལྷ་དགུ་ཞེས་གྲགས་སོ༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་རྣམས་ལ་ལྷ་དང་ལྷ་མོ་དཔག་ཏུ་མེད་པར་སྤྲུལ་ནས་འཆི་མེད་ཚེའི་ལྷ་ཚོགས་ཞེས་གྲགས་སོ༔ རིགས་ལས་གུ་རུ་མཚོ་སྐྱེས་རྡོ་རྗེ་སྤྲུལ་པས༔ འཆི་མེད་ཚེའི་རིག་འཛིན་པདྨ་འབྱུང་གནས་ཞེས་གྲགས་སོ༔ དེ་ལྟར་ཚེ་དཔག་མེད་རིགས་མང་བའི་ནང་ནས༔ ད་རེས་སྐུའི་ཚེ་དཔག་མེད་དཀར་པོ་དེའི་དབང་བསྐུར་བ་ཡིན༔ འོ་ན་ཚེ་དཔག་


CMR014_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་འདི་རྒྱུད་གང་ནས་བཤད་ཅེ་ན༔ ཚེ་རྒྱུད་བདུད་རྩི་འཁྱིལ་བ༔ རྡོ་རྗེ་ཕྲེང་བའི་རྒྱུད༔ གནམ་ལྕགས་རྡོ་རྗེའི་རྒྱུད་སོགས་ལས་དངོས་སུ་གསུངས་ཤིང་༔ རྟ་མཆོག་རོལ་པའི་རྒྱུད་སོགས་ལས་ཞོར་ལ་གསུངས་པ་ཡང་མང་དུ་ཡོད༔ རྒྱུད་དེ་དག་གསུངས་པའི་མན་ངག་གང་ལས་བརྒྱུད་ཅེ་ན༔ གྲུབ་པའི་རྒྱལ་མོས་མཛད་པའི་ཚེ་དཔག་དཀར་པོ༔ རས་ཆུང་བ་ནས་བརྒྱུད་པ་དང་༔ ཨུ་རྒྱན་གྱིས་མཛད་པའི་ཚེ་དཔག་དཀར་པོ༔ རཏྣ་གླིང་པ་དང་༔ པདྨ་གླིང་པ་དང་༔ ལས་འཕྲོ་གླིང་པ་དང་༔ གཏེར་བཞེད་སྙིང་པོ་རྣམས་ཀྱི་གཏེར་ནས་བྱོན་པ་ཡང་ཅི་རིགས་པ་ཐོབ་པས༔ བྱིན་རླབས་ཀྱི་བརྒྱུད་པ་གཅིག་ཏུ་འདུས་པ་ཡང་ཡིན་ལ༔ ཁྱད་པར་དུ་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དགོངས་གཏེར་ལས་བྱུང་བ་ཡིན་ཏེ༔ ཆོས་ཡང་དག་པར་སྡུད་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་ལ་ནི༔ རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལ་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་༔ ཞེས་པ་དང་༔ ལུང་སྐོར་དགུ་པའི་ལེའུ་བརྒྱད་པ་ནས༔ ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་ཕྱུང་༔ སྐུ་གསུམ་བསྟན་པ་དར་ཞིང་


CMR014_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱསཿ བདེ་གཤེགས་རྒྱལ་བའི་དགོངས་གཏེར་ཕྱུང་༔ ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས༔ རིག་འཛིན་བླ་མའི་ཐུགས་གཏེར་ཕྱུང་༔ མན་ངག་རྒྱ་མཚོའི་བསྟན་པ་རྒྱས༔ ཡིད་བཞིན་ནོར་བུའི་གཙུག་གཏེར་ཕྱུང་༔ དགོས་འདོད་ཡིད་བཞིན་བསྟན་པ་རྒྱས༔ ཞེས་གསུངས་པས༔ བརྒྱུད་པ་ཐག་རུལ་བྲིང་རུལ་དུ་མ་སོང་༔ བརྒྱུད་པ་ཉེ་བས་མཁའ་འགྲོའི་ཁ་རླངས་ཐུ་ལེ་བ༔ མན་ངག་སྣོད་དྲིས་མ་ཁྱེར༔ གདམས་ངག་ཚོང་འདུས་ཀྱི་འོ་མ་ལྟར་བསྲེ་བསླད་དུ་མ་སོང་བ༔ རྡོ་རྗེའི་གསུང་བསླད་མེད་བྱིན་རླབས་ཀྱི་སོ་མ་ཉམས་པ་ཡིན༔ འདིའི་ཕན་ཡོན་རྒྱུད་ལས༔ ཚེ་འདི་ཉིད་ལ་འོད་གོང་འཇའ་ལུས་རྡོ་རྗེའི་སྐུར་འགྱུར་རོ༔ སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་འགྱུརཿ གལ་ཏེ་དུས་ལ་བབས་ཏེ་འཆི་བར་གྱུར་ན་ཡང་སངས་རྒྱས་སྟོང་ཕྲག་མང་པོས་ལུང་བསྟན་པ་དང་༔ བདེ་ཆེན་དག་པའི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ༔ ཞེས་གསུངས་པ་དང་༔ སྤྱིར་ཐེག་དམན་གྱི་ཆོས་ཐམས་ཅད་སྐྱབས་འགྲོ་ལ་འདུས༔ ཐེག་ཆེན་མདོའི་ཆོས་ཐམས་ཅད་སེམས་བསྐྱེད་ལ་འདུས༔ སྔགས་ཀྱི་ཆོས་ཐམས་ཅད་དབང་ལ་འདུས་པར་ས་པཎ་ལ་སོགས་མཁས་པ་ཀུན་


CMR014_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཞེད་དེ༔ དེའི་ཕྱིར་ཆོས་ཐམས་ཅད་དབང་འདི་ལ་མ་འདུས་པ་མེད་པ་ཡིན༔ དབང་ཐོབ་ནས་ཉམས་སུ་བླངས་ན༔ རབ་ཚེ་འདིར་འཚང་རྒྱ༔ འབྲིང་བར་དོར་འཚང་རྒྱ༔ ཐ་མ་ཚེ་འཕོས་ནས་དག་པའི་ཞིང་ཁམས་སུ་སྐྱེ་ནས་ལུས་རྟེན་དེ་ལ་འཚང་རྒྱ་བར་གསར་རྙིང་རྒྱུད་སྡེ་ཐམས་ཅད་ཞལ་མཐུན༔ དབང་ཐོབ་ནས་ཉམས་སུ་མ་བླངས་ན་ཡང་༔ དམ་ཚིག་མ་ཉམས་པ་ཁོ་ནས་སྐྱེ་བ་བདུན་ནས་འཚང་རྒྱ་བར་བཤད༔ དེ་ལྟར་གནས་སྐབས་ཚེའི་བར་ཆད་སེལ་ཞིང་༔ འབྲས་བུ་རྫོགས་པའི་སངས་རྒྱས་ཡུན་མི་འགོར་བར་ཐོབ་པའི་ཐབས༔ དབང་ཟབ་མོ་འདི་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ བླ་མ་དུས་གསུམ་སངས་རྒྱས་དང་༔ ཚེ་དཔག་མེད་པ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཚེ་དབང་ཞུ༔ བདག་ལ་ཚེ་དབང་བསྐུར་དུ་གསོལ༔ ལན་གསུམ་བླ་མ་དང་མདུན་བསྐྱེད་ཚེ་དཔག་མེད་པ་དབྱེར་མེད་པའི་དྲུང་དུ་སྐྱབས་འགྲོ་སེམས་བསྐྱེད་ཞུ་བའི་ཕྱིར༔ བདུན་རྣམ་དག་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་


CMR014_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་སྤྱོད་མཆོད་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཅེས་ལན་གསུམ་མམ་རྗེས་མ་གསུམ༔ ཀུ་ཤས་སློབ་མ་བྲན་ཚུལ་བྱས་ལ༔ ཨོཾ་བྱ་གྲི་ཝ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱིཿདཀར་པོ་ཡོངས་སུ་གྱུར་པ་ལས༔ བཅོམ་ལྡན་འདས་ཚེའི་བདག་པོ་སྐུ་མདོག་ཉ་རྒྱས་ཀྱི་ཟླ་བ་ལྟ་བུ༔ ལོངས་སྐུའི་རྒྱན་རྫོགས་པ་ཕྱག་མཉམ་བཞག་ན་ཚེའི་བུམ་པ་འཛིན་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ་ཡུམ་མཆོག་དམར་མོ་མདའ་དར་དང་ཚེ་བུམ་འཛིན་པས་འཁྱུད་པར་བསྐྱེད༔ དེའི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པ་ཨཱདམར་པོ༔ ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོ༔ ཐུགས་ཀའི་དབུས་སུ་ཧཱུྃ༔ཡིག་དཀར་པོས་


CMR014_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པར་སྒོམས་ཤིག༔ དེ་ནས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཆེའི་ལྷ་མོ་མདའ་དར་དང་བུམ་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་ཚེ་ཡར་བ་དང་ཉམས་པ་ཕྱི་སྣོད་འབྱུང་བ་ལྔའི་བཅུད༔ ནང་བཅུད་ལྷ་ཀླུ་མི་གསུམ་གྱི་ཚེ་དང་བཅུད༔ རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ངོ་བོར་བསྡུས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས༔ ཤ་ཁྲག་དྲོད་དབུགས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་པར་སྒོམས་ཤིག༔ སྤོས་རོལ་མོ་དབྱངས་དང་བཅས༔ མདའ་དར་གཡབ་ཅིང་༔ ཧཱི་དྲི་ཟའི་ལག་ནས་ལྕགས་ཀྱུ་ཡིས༔ དཀར་འཕྲོ་མ་ཡིས་ཚེ་ཁུག་ཅིག༔ གཤིན་རྗེའི་ལག་ནས་ཞགས་པ་ཡིས༔ གསེར་མདོག་མ་ཡིས་ཚེ་ཁུག་ཅིག༔ ཀླུ་བདུད་ལག་ནས་ལྕགས་སྒྲོག་གིས༔ དམར་འོད་མ་ཡིས་ཚེ་ཁུག་ཅིག༔ གནོད་སྦྱིན་ལག་ནས་དྲིལ་བུ་ཡིས༔ སྙི་ལེ་མ་ཡིས་ཚེ་ཁུགཅིག༔ ཚངས་པའི་ལག་ནས་སེར་མོས་ཁུག༔ བརྒྱ་བྱིན་ལག་ནས་དཀར་མོས་ཁུག༔ དགའ་བོའི་ལག་ནས་དམར་མོས་ཁུག༔ འཇོག་པོའི་ལག་ནས་ལྗང་མོས་ཁུག༔ སེར་མོས་ས་ཡི་ཚེ་ཁུག་ཅིག༔ བཅུད་བསྡུས་ཤ་ཉམས་སོར་ཆུད་མཛོད།


CMR014_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོས་ཆུ་ཡི་ཚེ་ཁུག་ཅིག༔ བཅུད་བསྡུས་ཁྲག་ཉམས་སོར་ཆུད་མཛོད༔ དམར་མོས་མེ་ཡི་ཚེ་ཁུག་ཅིག༔ བཅུད་བསྡུས་དྲོད་ཉམས་སོར་ཆུད་མཛོད༔ ལྗང་མོས་རླུང་གི་ཚེ་ཁུག་ཅིག༔ བཅུད་བསྡུས་དབུགས་ཉམས་སོར་ཆུད་མཛོད༔ སྔོན་མོས་ནམ་མཁའི་ཚེ་ཁུག་ཅིག༔ བཅུད་བསྡུས་ཚེ་ཉམས་སོར་ཆུད་མཛོད༔ ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཨཱ་ཡུ་ཤེ་ཛ་ཛཿ རྡོ་རྗེ་མགོར་བཞག་པཿ ཏིཥྛ་བཛྲ༔ དེ་ནས་བུམ་པ་ལག་ཏུ་ཐོགས་ལ༔ བུམ་པ་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་བསམ་གྱིས་མི་ཁྱབ་པའི་དབུས་སུ༔ བཅོམ་ལྡན་འདས་ཚེའི་བདག་པོ་སྐུ་མདོག་ཉ་རྒྱས་ཀྱི་ཟླ་བ་ལྟ་བུ༔ ལོངས་སྐུའི་རྒྱན་རྫོགས་པ་ཕྱག་མཉམ་བཞག་ན་ཚེའི་བུམ་པ་འཛིན་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ་ཡུམ་མཆོག་དམར་མོས་མདའ་དར་དང་ཚེ་བུམ་འཛིན་པས་འཁྱུད་པ༔ དེའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་༔ ཕྱུར་ཞིང་ལུད་པས་ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་༔ ལུས་ཀྱི་སྒྲིབ་པ་དག༔ སྐུ་བུམ་པའི་དབང་ཐོབ༔ ལམ་བསྐྱེད་རིམ་བསྒོམ་པར་དབང་༔ འབྲས་


CMR014_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ ཚེ་བདག་ཟླ་དཀར་ཡོངས་སུ་རྒྱས༔ འདི་ནི་ལྷག་པའི་ལྷ་མཆོག་སྟེ༔ སློབ་མ་ཁྱོད་ཀྱིས་བསྟེན་ནུས་ན༔ ལྷ་ཡི་རྔ་ཆེན་ཇི་བཞིན་ནོ༔ ཨོཾ་ཨཱ༔ཧཱུྃ་ཧཱིཿ ཚེ་དཔག་འདི་ལ་བསྩལ་ལགས་ཀྱིསཿ འདི་ལ་འགོ་བར་མཛད་དུ་གསོལ༔ དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག༔ སྐུ་ཡི་སྒོ་ནས་བྱིན་གྱིས་རློབས༔ ལུས་ཀྱི་མི་མཐུན་བཟློག་ཏུ་གསོལ༔ ཨོཾ་ཨཱ༔ཧཱུྃ་ཧཱུྃ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱཧཱཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པ་མགོར་བཞག༔ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད༔ དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ༔ མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས༔ ཚེ་དཔག་མེད་པའི་སྐུ་ཡི་བཀྲ་ཤིས་ཤོག༔ ཅེས་ནས་གཏོར༔ བུམ་པ་ནས་བདུད་རྩིའི་རྒྱུན་བབས༔ ཚངས་བུག་ནས་ཞུགས༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གང་༔ ངག་གི་སྒྲིབ་པ་དག་གསང་བའི་དབང་ཐོབ༔ ལམ་རྩ་རླུང་བསྒོམ་པར་དབང་༔ འབྲས་བུ་ལོངས་སྐུ་འགྲུབ་པར་སྒོམས་ཤིག༔ ཧཱུྃ༔ ཚེ་བདག་ཟླ་དཀར་ཡོངས་སུ་རྒྱས༔ འདི་ནི་ལྷག་པའི་


CMR014_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཆོག་སཿ སློབ་མ་ཁྱོད་ཀྱིས་བསྟེན་ནུས་ན༔ ལྷ་ཡི་རྔ་ཆེན་ཇི་བཞིན་ནོ༔ ཨོྃ་ཨཱ༔ཧཱུྃ་ཧི༔ ཚེ་དཔག་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག༔ གསུང་གི་སྒོ་ནས་བྱིན་གྱིས་རློབས༔ ངག་གི་མི་མཐུན་བཟློག་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧིཿ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཝཀ་ཨ་བྷི་ཥིཉྩ་ཨཱ༔ བུམ་པ་མགྲིན་པར་བཞག༔ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད༔ དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ༔ མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས༔ ཚེ་དཔག་མེད་པའི་གསུང་གི་བཀྲ་ཤིས་ཤོག༔ ཅེས་ནས་གཏོར༔ ཡང་བུམ་པའི་བདུད་རྩི་ཆེར་ལུད་ཚངས་བུག་ནས་ཞུས་གས༔ སྙིང་ག་ཆོས་ཀྱི་འཁོར་ལོ་གང་༔ ཡིད་ཀྱི་སྒྲིབ་པ་དག༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུ་འགྲུབ་པར་སྒོམས་ཤིག༔ ཧཱུྃ༔ ཚེ་བདག་ཟླ་དཀར་ཡོངས་སུ་རྒྱས༔ འདི་ནི་ལྷག་པའི་ལྷ་མཆོག་སྟེ༔ སློབ་མ་ཁྱོད་ཀྱིས་བསྟེན་ནུས་ན༔ ལྷ་ཡི་རྔ་ཆེན་ཇི་བཞིན་ནོ༔ ཨོཾ་ཨཱཿཧཱུྃ་ཧཱིཿ ཚེ་དཔག་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་


CMR014_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་བར་མཛད་དུ་གསོལ༔ དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག༔ ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས༔ ཡིད་ཀྱི་མི་མཐུན་བཟློག་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག༔ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད༔ དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ༔ མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས༔ ཚེ་དཔག་མེད་པའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ ཅེས་ནས་གཏོརཿ ཡང་བུམ་པ་ནས་བདུད་རྩི་ལུད་པས༔ ཚངས་བུག་ནས་ཞུགས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་སྤྱི་གཙུག་མན་ཆད་རྐང་མཐིལ་ཡན་ཆད་གང་༔ སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ༔ ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པར་དབང་༔ འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པར་སྒོམས་ཤིག༔ ཧཱུྃ༔ ཚེ་བདག་ཟླ་དཀར་ཡོངས་སུ་རྒྱས༔ འདི་ནི་ལྷག་པའི་ལྷ་མཆོག་སྟེ༔ སློབ་མ་ཁྱོད་ཀྱིས་བསྟེན་ནུས་ན༔ ལྷ་ཡི་རྔ་ཆེན་ཇི་བཞིན་ནོ༔ ཨོཾ་ཨཱཿཧཱུྃ་ཧྲི་ཚེ་དཔག་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག༔ ཡེ་


CMR014_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔ་ཡི་དབང་བསྐུར་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱཧཱ༔ སརྦ་ཨ་བྷི་ཥིཉྩ་ཧི༔ ཞེས་ལྟེ་བར་བཞག་གོ༔ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད༔ དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ༔ མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས་ཚེ་དཔག་མེད་ཀྱི་སྐུ་བཞི་ཡོངས་རྫོགས་བཀྲ་ཤིས་ཤོག༔ ཅེས་ནས་གཏོར༔ དེ་ལྟར་བུམ་ཆུ་ལན་བཞི་བླུད་པའམ༔ མཇུག་འདིར་ལན་གཅིག་བླུད་ཀྱང་ཆོག༔ དེ་ལྟར་བུམ་པ་ལ་བརྟེན་ནས་དབང་བཞི་རྫོགས་པར་ཐོབ་ནས༔ རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ༔ གཏོར་མ་འདི་ཉིད་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན༔ རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་མངོན་སུམ་དུ་བྱོན་ནས༔ བྱིན་གྱིས་བརླབས་དབང་བསྐུར་ཏེ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས༔ གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟར༔ ཁྱེད་རང་ཚེ་དཔག་མེད་དངོས་སུ་གྱུར་པར་སྒོམས་ཤིག༔ གཏོར་མ་ལག་ཏུ་བཟུང་ལཿ བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ༔ ཚེ་བདག་རྒྱལ་བ་


CMR014_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ༔ ཡུམ་ལྔ༔ ལྷ་མོ་བཞི༔ མགྱོགས་མ་བཞི༔ སྒོ་མ་བཞི་ལ་སོགས་པ་འཆི་མེད་ཚེའི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔ གུ་རུ་དགའ་རབ་རྡོ་རྗེ༔ ཤྲཱི་སེངྷ༔ ཧཱུཾ་ཆེན་ཀ་ར༔ བི་མ་ལ་མི་ཏྲ༔ པདྨ་འབྱུང་གནས༔ ནམ་མཁའི་སྙིང་པོ༔ བེ་རོ་ཙ་ན་ལ་སོགས་པ་འཆི་མེད་ཚེའི་རིག་འཛིན་ཆེན་པོ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ མཁའ་འགྲོ་བདེ་ཆེན་རྒྱལ་མོ༔ རིན་ཆེན་ཞིབ་འཚོ༔ བྲམ་ཟེའི་བུ་མོ་བདེ་ལྡན་མ༔ དབྱིངས་ཕྱུག་རྒྱལ་མོ༔ མནྡ་ར་བ༔ མཁར་ཆེན་བཟ༢༔ ཤེལ་དཀར་རྡོ་རྗེ་མཚོ་ལ་སོགས་པ་ཚེ་ལ་དབང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ སྐྱེ་ཤི་མེད་པའི་ཚེ་ཐོབ་པར་མཛོད་ཅིག༔ བསྒྲེས་རྒུད་མེད་པའི་ལུས་ཐོབ་པར་མཛོད་ཅིག༔ རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་མཛོད་ཅིག༔ ཨོྃ་ཨཱ༔ཧཱུྃ་ཧཱུྃ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཨཱཡུརྫུ་ན་ཨ་བྷི་ཥིཉྩ་མཱ་སྭཱ་ཧཱཿ སྤྲོ་ན་ཚེ་གཟུངས་ཀྱང་བརྗོད༔ བསོད་ནམས་རི་བོ་བཞིན་ཏུ་བརྟན་པ་དང་༔ བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་༔ སྙན་པ་ནམ་མཁའ་བཞིན་དུ་ཁྱབ་གྱུར་པ༔ བཀྲ་ཤིས་དེས་


CMR014_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་མེ་ཏོག་གཏོར༔ ཚེ་ཆང་དང་ཚེ་རིལ་སྦྱིན་ཅིང་༔ ཧཱུྃ༔ སྐྱེས་བུ་རིགས་ཀྱི་བུ་ཁྱོད་ལ༔ ཚེ་ཆང་བདུད་རྩི་འདི་བྱིན་པས༔ རྟག་ཏུ་ཚེ་རིང་ནུས་པ་ཡི༔ དབང་དང་ལྡན་ནས་ཚེ་འཕེལ་ཤོག༔ ཨོྃཨཱཧཱུྃ་ཧི༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐྱེས་བུ་རིགས་ཀྱི་བུ་ཁྱོད་ལ༔ ཚེ་རིལ་འདི་ཉིད་བྱིན་པ་ཡིས་ཁྱོད་ཉིད་རྡོ་རྗེའི་སྐུ་འགྲུབ་པའི༔ དབང་དང་ལྡན་ནས་ཚེ་འཕེལ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཨ་བྷི་ཥིཉྩ་ཧཱུྃ༔ ད་སྔགས་ཀྱི་བཟླས་ལུང་གི་དོན་དུ་མེ་ཏོག་དཀར་པོའི་ཕྲེང་བ་ཞིག་ཕུལ་པའི་མོས་པས་རྗེས་ཟློས་མཛོད༔ ཚེ་དཔག་བདག་ལ་བསྩལ་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག༔ གཅིག་གམ་གསུམ༔ འོ་དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟ་བུ་འཕྲོས༔ ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས༔ ཐུགས་ཀར་ཧཱུྃཡི་མཐར་འཁོད་པར་བསྒོམས་ལཿ ཕྲེང་བ་འདི་བགྲངས་ཤིང་སྔ་གས་འདིའི་རྗེས་ཟློས་ལན་གསུམ་མཛོད༔ ཅེས་གོང་གི་རྩ་སྔགས་ཡིག་འབྲུ་བཅོ་ལྔ་པའི་རྗེས་ཟློས་


CMR014_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག༔ སྔགས་ཀྱི་ཕྲེང་བ་འདི་ཉིད་མེ་ཏོག་པུཎྜ་རི་ཀའི་ཕྲེང་བར་གྱུར་ནས་སྤྱི་བོར་བཅིངས་པའི་མོས་པ་མཛོད༔ ་རྡོ་རྗེ་མེ་ཏོག་མགོར་བཞག་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཚེ་དཔག་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ དངོས་གྲུབ་མ་ལུས་ཀུན་སྩོལ་ཞིག༔ སྔགས་ཀྱི་སྒོ་ནས་བྱིན་གྱིས་རློབས༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ དེ་ནས་རྒྱས་པར་བྱེད་ན་ཡིག་འབྲུ་བཅོ་ལྔ་སོ་སོའི་ཙཀ་ལི༔ ཐིག་ལེ་ཐིག་ཕྲན་གྱི་དབུས་སུ་བྲིས་པ་གནས་སོ་སོར་བཞག༔ དབང་ཚིག་ཤཱ་ལོ་ཀ་ཀུན་ལ་སྦྱརཿ བསྡུ་ན་ཀུ་ཤ་སྒྲོ་མདངས་ཀྱི་རྩ་བས་གནས་སོ་སོར་བུམ་ཆུས་ཐིག་ལེ་བྱ་བའམ༔ མི་མང་ན་ཐིག་ལེ་བྱ་བའི་ཚུལ་ཙམ་གྱིས་ཆོག་སྟེ༔ དབང་ཚིག་འགྲེས་མི་བཤང་སྟེ༔ ཧཱུྃ༔ ཚེ་བདག་ཟླ་དཀར་ཡོངས་སུ་རྒྱས༔ འདི་ནི་ལྷག་པའི་ལྷ་མཆོག་སྟེ༔ སློབ་མ་ཁྱོད་ཀྱིས་བསྟེན་ནུས་ན༔ ལྷ་ཡི་རྔ་ཆེན་ཇི་བཞིན་ནོ༔ ཨོཾ་ཨཱཿཧཱུྃ་ཧཱུྃ༔ སྤྱི་བོར་ཨོཾ་གྱིས་རྒྱས་གདབ་བོ༔ ཨོཾ་ཨཱ་ཨོཾ༔ མགྲིན་པར་ཨཱཡིས་རྒྱས་གཏབ་བོ༔ ཨཱཨཱ༔ སྙིང་གར་ཧཱུྃ་གིས་རྒྱས་གདབ་བོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྟེ་བར་ཧཱིཿཡིས་རྒྱས་གདབ་བོ༔ ཧཱིཿཧཱིཧྲཱིཿ དཔྲལ་བར་ཨོཾ་གྱིས་རྒྱས་གདབ་པོ༔ རྣ་ལྟག་གཡས་ལ་ཨས་རྒྱས་གདབ༔ རྣ་ལྟག་གཡོན་ལ་ཡི་གེ་


CMR014_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མཱ༔ ཕྲག་གོང་གཡས་ལ་ཡི་གེ་རཿ ཕྲག་གོང་གཡོན་ལ་ཡི་གེ་ཎི༔ ལག་པ་གཡས་ལ་ཡི་གེ་ཛཱི༔ ལག་པ་གཡོན་ལ་ཡི་གེ་ཝན༔ འགྲམ་པ་གཡས་ལ་ཡི་གེ་ཏི༔ འགྲིམ་པ་གཡོན་ལ་ཡི་གེ་ཡེ༔ སྲིན་ལག་གཡོན་ལ་ཡི་གེ་སྭ༔ ལྟག་པའི་བདུད་སྒོར་ཡི་གེ་ཧཱུཾ༔ སྔགས་ཀྱི་གོ་ཆས་བྱིན་གྱིས་བརླབས༔ ལུས་ཀྱི་མི་མཐུན་བཟློག་ཏུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཞེས་མེ་ཏོག་གཏོར༔ དེས་ཚེ་དཔག་དཀར་པོའི་དབང་ལེགས་པར་ཐོབ་པ་ཡིན་པས༔ འདི་ཡི་དམ་གྱི་ལྷར་བཟུང་བའི་མོས་པས་རྗེས་ཟློས་མཛོད༔ གཙོ་བོའི་ཇི་ལྟར་སོགས༔ ས་གཞི་སྤོས་སོགས་བྱའོ་ཞེས་དགོངས་གཏེར་གྱི་ཚེ་དབང་ཕྱག་ལེན་གྱིས་བརྒྱན་ནས༔ རཱ་ག་ཨ་སྱས་བཀོད་པ་ལཿ ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འགྲོ་དོན་རྒྱ་ཆེན་འབྱུང་བར་གྱུར་ཅིག༔ ཡི་གེ་པ་ནི་དབོན་པོ་མཐུ་སྟོབས་ཀྱིས་བགྱིས་པའོ༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒོང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ཚེ་དཔག་དཀར་པོའི་དབང་ནམ་མཁའི་ཐིག་ལེ།next