རིགས་ལྔའི་ཁྱིམ་ལྷ་བསྟོད་པའི་གཏོ་ཆོག
རིགས་ལྔའི་ཁྱིམ་ལྷ་བསྟོད་པའི་གཏོ་ཆོག་བཞུགས།
བླ་མ་ཡི་དམ་འཁའ་མགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འདི་ཡི་བཅའ་ཐབས་ལ། དཀར་གཏོར་ལྔ་གཟུགས་འགྲོས་སྣ་ཚོགས། གཡག་ལུག་ར་གསུམ། མཆོད་པ་རྣམ་ལྔ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། ཤིང་རྩི་སྣ་ཚོགས། ཤིང་རིས་དགུ་ཡང་ན་ལྔ། དར་དཀར་དམར་སྣ་ཚོགས། རིན་ཆེན་སྣ་ཚོགས། འབྲུ་སྣ་ཚོགས། བལ་ཚོན་སྣ་ཚོགས། སྦྲང་དང་བུ་རམ་ལ་སོགས་མངར་རིགས་སྣ་ཚོགས། ཇ་ཕུད་ཆང་ཕུད་འོ་ཕུད་གསུམ། ཕྱོགས་མདོག་གི་ནམ་མཁའ་ལྔ། དེ་མ་འཛོམས་ན་སྣ་ཚོགས་ནམ་མཁའ་གཅིག་བྱ། དེ་རྣམས་ལ་བསང་སྦྱངས་བྱིན་བརླབས་བྱས་ནས། དཀྱིལ་ཀར་ལེགས་པོ་གཅིག་ལ་བསྟོད། ཁྱིམ་ལྷ་དཀྱིལ་ཀར་ལ་གནས་དུས་བསྟོད་ན་ལེགས། བསང་ཆེན་ཕུད་ནས་
འདི་སྐད་དོ། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་སོགས། བདག་དང་དངོས་འཛིན་གྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡི་གེ་ཧཱུྃ་སེར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། མཆོད་རྫས་དང་གཏོར་མ་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སྭ་བྷ་ཝ་ཤུདྡྷ་སོགས། ཨོཾ་ན་མསརྦ་ཏ་ཐཱ་ག་སོགས། ཨོཾ་བཛྲ་ཨ་མྲྀ་སོགས། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་སོགས། ཨོཾ་ཛྙཱ་ན་ཨ་བ་ལོ་སོགས། ན་མཿས་མནྟ་བུདྡྷཱ་སོགས། ཞེས་སྔགས་དྲུག་ཕྱག་དྲུག་གིས་བྱིན་
བརླབས་ལ། དེ་ནས་ཤིང་རྩི་དང་མཆོད་རྫས་རྣམས་དཀྱིལ་ཀ་ལ་ལེགས་པར་བསྡམས་ནས། གསེར་སྐྱེམས་དང་ཇ་ཕུད་ཕྱེ་མར་རྣམས་མཆོད་ནས་འདི་སྐད་དོ།། ཨོཾ་སྭ་བྷ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བང་རིམ་བཞི་དང་ལྡན་པ། ཤར་ཤེལ་ལས་གྲུབ་པ། ལྷོ་བཻཌཱུརྱ་ལས་གྲུབ་པ། ནུབ་པདྨ་རཱ་ག་ལས་གྲུབ་པ། བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ། ཟུར་བཞི་རིན་ཆེན་ཟངས་ལས་གྲུབ་པ། དེའི་དབུས་སུ་གདན་པདྨ་སུམ་བརྩེགས་ཀྱི་སྟེང་དུ། ཁྱིམ་ལྷ་གེ་ཐུང་སྐུ་མདོག་སྔོན་པོ་སྐུ་ལ་བེར་སུམ་བརྩེགས་མནབས་པ། རིན་པོ་ཆེ་དང་གཡུ་ཡིས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་ཅན། ཕྱག་གཡས་གཡོན་གཉིས་ཀྱིས་དུང་གི་ཀ་བ་བསྣམས་པ། ཞབས་གཉིས་པདྨའི་གདན་ལ་བཞུགས་པའོ། །དེའི་གཡས་སུ་མ་ལྷ་བུ་རྫི་ནི་ཞལ་གཅིག་ཕྱག་གཉིས་གསེར་མདོག་དར་དཀར་གྱི་ན་བཟའ་སྐུ་ལ་གསོལ་བ། ཕྱག་གཡས་གཡོན་ན་གྲུ་གུ་དང་འཕང་ལོ་བསྣམས་ཤིང་ཞབས་གཉིས་ཕྱེད་སྐྱིལ་བཞུགས་པའོ། །གཡོན་དུ་ཐབ་ལྷ་གཡུ་མོ་ནི་སྐུ་མདོག་དམར་པོ་གཡུ་ཡིས་བརྒྱན་པ། དར་ཟབ་ན་བཟའ་སྣ་ཚོགས་སྐུ་ལ་གསོལ་བ་
ཕྱག་གཡས་གཡོན་གཉིས་གསེར་གྱི་སྐྱེམས་བུ་འཛིན་པ་ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས་པའོ། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཁྱིམ་ལྷ་གེ་ཐུང་མཆེད་གསུམ་སྤྱན་དྲངས་པར་བསམ། བཛྲ་ས་མཱ་ཡ་ཛ་ཛཿ བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་མཆོད་པ་སྣ་ཚོགས་འབུལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཁྱིམ་ལྷ་གེ་ཐུང་སྤྱན་འདྲེན་ནོ། །མདོག་སྔོན་གཡུ་ཡི་རྒྱན་ཆ་ཅན། །ཕྱག་ན་དུང་གི་ཀ་བ་བསྣམས། །མཆོད་པའི་གནས་འདིར་བཞུགས་སུ་གསོལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བདུད་རྩིའི་སྨན་གྱི་མཆོད་པ་དང་། །རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ། །བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ། །རིན་ཆེན་སྣ་དགུའི་མཆོད་པ་འབུལ། །དར་ཟབ་སྣ་ཚོགས་མཆོད་པ་འབུལ། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ནམ་མཁའ་ཤིང་རིས་མཆོད་པ་འབུལ། །གཡག་ལུག་ར་གསུམ་མཆོད་པ་
འབུལ། །གཟུགས་འགྲོས་སྣ་ཚོགས་མཆོད་པ་འབུལ། །མཆོད་པ་རྣམ་ལྔའི་མཆོད་པ་འབུལ། །གེ་ཐུང་མཆོད་པའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ཁ་འཛིན་སྡོང་གྲོགས་ཁྱེད་ཀྱིས་མཛོད། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །མ་ལྷ་བུ་རྫི་སྤྱན་འདྲེན་ནོ། །བུད་མེད་ལུས་ལ་གསེར་མདོག་ཅན། །དར་དཀར་སྣ་ཚོགས་སྐུ་ལ་གསོལ། །ཕྱག་ན་གྲུ་གུ་འཕང་ལོ་བསྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་མཆོད་པ་དང་། །རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ། །བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ། །རིན་ཆེན་སྣ་བདུན་མཆོད་པ་འབུལ། །དར་ཟབ་སྣ་ཚོགས་མཆོད་པ་འབུལ། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ནམ་མཁའ་ཤིང་རིས་མཆོད་པ་འབུལ། །གཡག་ལུག་ར་གསུམ་མཆོད་པ་འབུལ། །གཟུགས་འགྲོས་སྣ་ཚོགས་མཆོད་པ་
འབུལ། །མཆོད་པ་རྣམ་ལྔའི་མཆོད་པ་འབུལ། །མ་ལྷ་བུ་རྫི་མཆོད་པའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སར་སེད་གསུམ་མ་གཏོང་ཞིག །ཁ་འཛིན་སྡོང་གྲོགས་ཁྱེད་ཀྱིས་མཛོད། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཐབ་ལྷ་གཡུ་མོ་སྤྱན་འདྲེན་ནོ། །བུད་མེད་ལུས་ལ་གཡུ་ཆས་ཅན། །དར་ཟབ་ན་བཟའ་སྐུ་ལ་གསོལ། །ཕྱག་ན་གསེར་གྱི་སྐྱེམས་བུམ་བསྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་མཆོད་པ་དང་། །རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ། །བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ། །རིན་ཆེན་སྣ་བདུན་མཆོད་པ་འབུལ། །དར་ཟབ་སྣ་ཚོགས་མཆོད་པ་འབུལ། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ནམ་མཁའ་ཤིང་རིས་མཆོད་པ་འབུལ། །གཡག་ལུག་ར་གསུམ་མཆོད་པ་འབུལ། །གཟུགས་འགྲོས་སྣ་ཚོགས་མཆོད་པ་འབུལ། །མཆོད་པ་རྣམ་ལྔའི་
མཆོད་པ་འབུལ། །ཐབ་ལྷ་གཡུ་མོ་མཆོད་པའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ཁ་འཛིན་སྡོང་གྲོགས་ཁྱེད་ཀྱིས་མཛོད། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མ་ཚོགས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །ཕྱོགས་བཞི་མཚམས་བརྒྱུད་གར་འགྲོ་ཡང་། །འཇིག་རྟེན་ལྷ་ཀླུ་བཞི་བདག་རྣམས། །རྟག་པར་བདག་གི་ཁྱིམ་ལྷ་མཛོད། །སྟེང་གི་ལྷ་ཡང་ཁྱིམ་ལྷ་མཛོད། །འོག་གི་ཀླུ་ཡང་ཁྱིམ་ལྷ་མཛོད། །བར་གྱི་གཉན་ཡང་ཁྱིམ་ལྷ་མཛོད། །དཀྱིལ་ཀར་འདི་ལ་བརྟན་པར་བཞུགས། །ཡོན་བདག་འདི་ཡི་ཁ་འཛིན་མཛོད། །ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ། །བདེ་སྤྱོད་ཕུན་སུམ་ཚོགས་པར་ཤོག །བུ་ནོར་རིགས་རྒྱུད་འཕེལ་བར་མཛོད། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད། །ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཤར་གྱི་ཕྱོགས་ནས་རྡོ་རྗེ་སེམས་དཔས་སྲུངས། །ཉི་མ་ཤར་ཕྱོགས་བྱ་ར་མཛོད། །
ཅི་འདོད་ཕུན་སུམ་ཚོགས་པར་མཛོད། །ལྷོ་ཡི་ཕྱོགས་ནས་རིན་ཆེན་འབྱུང་ལྡན་སྲུངས། །ཉི་མ་ལྷོ་ཕྱོགས་བྱ་ར་མཛོད། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ་། །ནུབ་ཀྱི་ཕྱོགས་ནས་སྣང་བ་མཐའ་ཡས་སྲུངས། །ཉི་མ་ནུབ་ཕྱོགས་བྱ་ར་མཛོད། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །བྱང་གི་ཕྱོགས་ནས་དོན་ཡོད་གྲུབ་པས་སྲུངས། །ཉི་མ་བྱང་ཕྱོགས་བྱ་ར་མཛོད། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །དབུས་ཀྱི་ཕྱོགས་ནས་རྣམ་པར་སྣང་མཛད་སྲུངས། །ཉི་མ་དབུས་ཕྱོགས་བྱ་ར་མཛོད། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཕོ་བྲང་འདི་ལ་བཞུགས་སུ་གསོལ། །དཀྱིལ་ཀར་འདི་ལ་བརྟན་ཆོས་ལ། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །རྣམ་པར་སྣང་མཛད་ལ་སོགས་པའི། །རྒྱལ་བ་རིགས་ལྔའི་འཁོར་བཅས་ལ། །མཆོད་པ་སྣ་ཚོགས་འབུལ་བ་ནི། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ། །བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ། །རིན་ཆེན་སྣ་བདུན་མཆོད་པ་འབུལ། །དར་ཟབ་སྣ་ཚོགས་མཆོད་པ་འབུལ། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །
དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ནམ་མཁའ་ཤིང་རིས་མཆོད་པ་འབུལ། །གཡག་ལུག་ར་གསུམ་མཆོད་པ་འབུལ། །གཟུགས་འགྲོས་སྣ་ཚོགས་མཆོད་པ་འབུལ། །མཆོད་པ་རྣམ་ལྔའི་མཆོད་པ་འབུལ། །མ་ལྷ་བུ་རྫི་མཆོད་པའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །དེ་ནས་སྨྱུག་རྒོད་ཚིགས་གསུམ་པའམ་ཡང་ཚུན་དགུ་ཅན་ལ་དར་ཚོན་སྣ་ཚོགས་རིན་ཆེན་སྣ་ཚོགས་བཏགས་ལ་འདི་སྐད་དོ། །ཀྱཻ། སྲིད་པ་འདི་ནི་ཡུལ་གྱི་དབུས། །འཛམ་གླིང་ལྷོ་ཡི་རྒྱལ་ཁམས་ན། །སྲ་ཤིང་དེ་ནི་སྨྱུག་མ་ཡིན། །སྨྱུག་རྒོད་གཙང་མ་ཤ་ར་ར། །སྨྱུག་གི་མྱེས་པོ་གནམ་ཞེས་བྱ། །སྨྱུག་གི་ཕྱི་མོ་ས་ཞེས་བྱ། །ཕ་མ་གཉིས་ཀྱང་གནམ་ས་ཡིན། །དེ་གཉིས་སྲས་ནི་སྦ་དང་སྨྱུག །སྐྱེས་ལེགས་དེ་ནི་པུ་རུ་རུ། །ཡོན་ཏན་དེ་ནི་བརྒྱད་དང་ལྡན། །དྲང་དྲང་དེ་ནི་ཀ་ར་ར། །ཁོག་སྟོང་བྱང་ཆུབ་སེམས་ཀྱི་ངང་། །སྨྱུག་སྐད་གསུང་སྐད་ཀྱུ་རུ་རུ། །སྦ་སྐད་དེ་ནི་ལྷངས་སེ་
ལྷང་། །ཕྱི་ཤུན་དུང་ལྟར་སི་ལི་ལི། །རྩེ་ལ་གཡུ་འོད་སྔོན་པོ་འབར། །ལོ་ལྗང་དེ་ནི་ཐིབས་སེ་ཐིབ། །མེ་ཏོག་དེ་ནི་གཡུ་ལོ་སྔོ། །འབྲས་བུ་དེ་ནི་དུང་ལོ་དཀར་། །དེ་འདྲའི་རིན་ཆེན་སྨྱུག་རྒོད་འདི། །སྐུ་མཉེས་རིན་ཆེན་ཐབས་ཀྱིས་བླང་། །སྒྲུབ་པ་པོ་ཡིས་ཕྱག་ཏུ་ཕུལ། །སྐུ་སྐྱེས་མངའ་བདག་སྔགས་འཆང་གིས། །སྟེང་དུ་མི་འགོ་ཞིང་དུ་སྤེལ། །སྨྱུག་གིས་བརྒྱན་དུ་སྣ་ཚོགས་བཏགས། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །སྐུ་གསུང་ཐུགས་ཀྱི་རྒྱན་མཛོད་ཅིག །སྐུ་གསུང་ཐུགས་ཀྱི་རྟེན་མཛོད་ཅིག །དེ་ནས་བལ་ཚོན་སྣ་ཚོགས་འབུལ་བ་ནི། །ཀྱཻ། མཛེས་པའི་བལ་ཚོན་སྣ་ལྔ་འདི། །རྒྱུ་ནི་བཀྲ་ཤིས་ལུག་ལས་བྱུང་། །ཁ་དོག་སྣ་ཚོགས་ཚོན་གྱིས་བསྒྱུར། །འཇའ་ཚོན་སྣ་ལྔ་འོད་འབར་ཁྱུགས་སེ་ཁྱུག །སྔགས་འཆང་བདག་གི་ཕྱག་ཏུ་ཕུལ། །སྣ་ཚོགས་ལྡེམ་པའི་བལ་ཚོན་འདི། །བཀྲ་ཤིས་སྨྱུག་མའི་རྩེ་ལ་ཕྱར། །འབྱུང་བ་རླུང་གིས་བསྐྱོད་དེ་་གཤེགས་།ལྷ་ཡི་གནས་སུ་ཕྱ་ར་ར། །འདོད་པའི་ཡོན་ཏན་བསམ་མི་ཁྱབ། །མེ་ཏོག་ཧ་ལོ་རྣམ་ལྔ་འབྱུང་། །མཛེས་པའི་བལ་ཚོན་སྣ་ལྔ་འདི། །ཁྱིམ་ལྷ་འཁོར་དང་
བཅས་ལ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དུག་ལྔའི་སྡུག་བསྔལ་ཞི་བར་མཛོད། །དེ་ནས་དར་ཟབ་འབུལ་བ་ནི། །ཀྱཻ། ལྷ་ཡི་དར་ཟབ་པཉྩ་ལི། །རྒྱུ་ནི་རྒྱ་མཚོའི་ཆུ་ལས་གྲུབ། །ཐབས་ཤེས་རྫུ་འཕྲུལ་ཡ་མ་ཟུང་། །དཀར་སེར་དམར་ལྗང་མཐིང་ག་འདི། །འགྲོ་བ་ལྷ་དང་མི་ཡི་བརྒྱན། །ཁ་དོག་སྣ་ཚོགས་འོད་དང་ལྡན། །ཡ་མཚན་རྨད་དུ་ཆེ་བའི་རྫས། །རྒྱལ་པོ་བཙུན་མོ་རྣམས་ཀྱིས་བསྐོར། །སྲོག་མེད་དོན་སྣོད་མདངས་དང་ལྡན། །དཀར་སེར་དམར་ལྗང་དར་ཟབ་འདི། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རྒྱལ་བསེན་གདུག་རྩུབ་ཞི་བར་མཛོད། །དེ་ནས་བྱ་སྤུ་སྣ་ཚོགས་འབུལ་བ་ནི། །ཀྱཻ། རྒྱལ་བ་རིགས་ལྔ་ཁྱིམ་ལྷ་གེ་ཐུང་བ་འཁོར་བཅས་ལ། །ཡོན་བདག་ཚེ་སྲོག་བསླུ་བའི་ཕྱིར། །ཁྱིམ་ལྷ་འཁོར་བཅས་རྒྱན་དུ་ཆེ། །རྒྱུ་ནི་རིན་ཆེན་ཁྱུང་ལས་གྲུབ། །སྣ་ཚོགས་མཛེས་པའི་བྱ་སྤུ་འདི། །ཁྱུང་བཙུན་ཚངས་པའི་སྒོ་ནས་བྱུང་། །བྱ་ཡི་སྤུ་བཟང་འདི་འབུལ་ལོ། །དང་པོ་ཚངས་པ་ལྷ་ཡི་དཀོར། །བར་དུ་བཀྲ་ཤིས་མཛེས་པའི་བྱ། །ཐ་མ་མི་ཡི་ཡུལ་དུ་བབས། །རྨ་བྱ་
རྒྱ་བྱ་ནེ་ཚོ་ཁྲུང་ཁྲུང་དང་། །རྒོད་གླག་དེ་ཕོ་ཁྲ་དང་འུག་པ་དང་། །འདབ་ཆགས་རིགས་རྣམས་བསམ་མི་ཁྱབ། །སྐྲ་དང་བ་སྤུ་མཛེས་པའི་རྒྱུ། །ངོ་མཚར་ཆེ་བའི་བྱ་སྤུ་འདི། །སྔགས་འཆང་རྒྱལ་པོས་ཕྱག་ཏུ་འབུལ། །རྣལ་འབྱོར་སྔགས་འཆང་ཐབས་ལ་མཁས། །ཕོ་བྲང་ཁང་ཁྱིམ་བྱ་སྤུས་བརྒྱན། །བྱ་རིགས་སྤུ་འདི་རྒྱན་དུ་འབུལ། །སྔགས་འཆང་སྐྱེས་བུ་དབང་ཕྱུག་གིས། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །སོ་སོའི་དཀོར་དུ་བཞེས་སུ་གསོལ། །སྦྱོར་བ་ངན་ན་སླད་ལ་སྒྱུར། །དེ་ནས་འབྲུ་སྣ་ཚོགས་དང་ཤེལ་ཚིགས་འབུལ་ལ། །ཀྱཻ། ཁྱིམ་ལྷ་འཁོར་དང་བཅས་པ་ལ། །ནས་འབྲས་གྲོ་ལ་སོགས་པ་ཡི། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །ཁྲ་བོ་ཀུ་རུ་རྟ་རྒྱ་འབུལ། །ནག་པོ་ཟ་ལེ་འབྲི་རྒྱ་འབུལ། །ཁམ་པ་འགྱིང་བའི་གཡག་བརྒྱ་འབུལ། །དཀར་མོ་གཡང་མོ་ལུག་བརྒྱ་འབུལ། །བ་ལ་བེའུ་ཁྲིད་བ་བརྒྱ་འབུལ། །ར་ལ་རིས་ཁྲིད་ར་བརྒྱ་འབུལ། །ཉི་མ་དེ་རིང་ཕྱིན་ཆད་ནས། །མི་ལ་
ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་དང་བསོད་ནམས་སྟོབས་འབྱོར་ལ། །ཡོ་བ་ཡོད་ན་བསྲང་བར་མཛོད། །བུག་པ་ཡོད་ན་གཙང་དུ་གསོལ། །རལ་བ་ཡོད་ན་དྲུབ་ཏུ་གསོལ། །ཆད་པ་ཡོད་ན་མཐུད་དུ་གསོལ། །སྔོན་ནས་བསུས་ལ་རྒྱབ་ནས་སྐྱོལ། །ཆུ་ལ་འགྲོ་ན་ཟམ་པ་ཚུགས། །འཕྲང་ལ་འགྲོ་ན་སྐྱེལ་མ་མཛོད། །བྲག་ལ་འགྲོ་ན་ཐེམ་པར་མཛོད། །ཁ་འཛིན་རྒྱབ་རྟེན་མགོན་སྐྱབས་མཛོད། །བཅོལ་བའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །དེ་ནས་གཡག་ལུག་ར་གསུམ་འབུལ་བ་ནི། ཀྱཻ། དེ་རིང་ལྷ་ཡི་གཡག་ལུག་ར་གསུམ་འབའ་ཤེས་ངུར་ཤེས་འདི། །རིན་ཆེན་དུང་གི་བ་སྤུ་ཅན། །མགོ་ལ་རྭ་སྐྱེས་གཡུ་རུ་འཁྲུངས། །འབའ་སྐད་བདེ་ལ་ངུར་སྒྲ་སྙན། །རྔ་མ་སྤྲིན་ཕུང་གཏིབས་པ་འདྲ། །རྭ་གཉིས་ཐབས་དང་ཤེས་རབ་ཚུལ། །རྣ་བ་གཡས་དང་གཡོན་པ་ལ། །རིན་ཆེན་དར་ཚོན་སྣ་ལྔས་བརྒྱན། །ཕྲག་ཟེ་ཐུབ་ཆོད་གྲུམ་པས་བརྒྱན། །ཞལ་ནས་གཡུ་ཡི་ན་བུན་
འཐུལ། །ལྗགས་ལ་ལི་ཁྲི་མཚལ་གྱིས་བྱུག །ལུས་རིན་ཆེན་དར་ཚོན་སྣ་ལྔས་བརྒྱན། །དེ་འདྲ་མཛེས་པའི་གཡག་ལུག་ར་གསུམ་འདི། །ལྷ་དང་སྲུང་མའི་རྟེན་དུ་བཙུགས། །ཁྱིམ་ལྷ་འཁོར་བཅས་རྟེན་དུ་བཙུགས། །ནོར་ལྷ་གཡང་ལྷའི་རྟེན་དུ་བཙུགས། །ཕོ་ལྷ་དགྲ་ལྷའི་རྟེན་དུ་བཙུགས། །ཤེལ་སྒོང་ནག་པོ་རྟེན་དུ་བཙུགས། །གཡག་ལུག་ར་གསུམ་སྤྱི་དཀར་འདི། །ཚེ་ལྷ་སྲོག་ལྷ་རྟེན་ལ་བྱོན། །ཡུལ་ལྷ་མགོན་བྱེད་རྟེན་ལ་བྱོན། །མ་ལྷ་བུ་རྫི་རྟེན་ལ་བྱོན། །ཁྱིམ་ལྷ་འཁོར་བཅས་རྟེན་ལ་བྱོན། །ཞང་ལྷ་གཉེན་པོ་རྟེན་ལ་བྱོན། །ལྷ་སྲུང་གཉེན་པོ་ཁྱེད་རྣམས་ལ། །ཕྱི་དང་ནང་གི་རྟེན་དུ་བཙུགས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཉིན་གྱི་དུས་སུ་བྱ་ར་མཛོད། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །ཡག་དང་སྤྱོད་ལ་ངན་དང་ཕྱེས། །རྒན་པ་རྣམས་ཀྱི་ཚེ་སྲིངས་ཤིག །གཞོན་པ་རྣམས་ཀྱི་དཔལ་བསྐྱེད་ཅིག །ནོར་དང་ལོངས་སྤྱོད་འཕེལ་བ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་ནམ་མཁའ་འབུལ་བ་ནི། །ཀྱཻ། ཡང་གཅིག་ནམ་མཁའི་མཚན་ཉིད་བཤད། །ནམ་མཁའི་ཕ་དེ་གང་ཡིན་གང་མ་
ཡིན། །ནམ་མཁའི་མ་དེ་གང་ཡིན་གང་མ་ཡིན། །བུ་སྤྱི་ལ་གྲུབ་པའི་ནམ་མཁའ་ཡིན། །དབུས་སུ་དཀར་པོ་བྲན་པ་ནི། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་མཐིང་ཁ་བྲན་པ་ནི། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་སེར་པོ་བྲན་པ་ནི། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་དམར་པོ་བྲན་པ་དེ། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་ལྗང་ཁུ་བྲན་པ་དེ། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་ནག་པོ་བྲན་པ་དེ། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །ཀྱཻ། སྣ་ཚོགས་ནམ་མཁའི་ཞལ་ན་རེ། །ང་ཡི་ཕ་དེ་ནམ་མཁའ་སྟོང་པ་ཡིན། །མ་ནི་བར་སྣང་སྟོང་པ་ཡིན། །བུ་ནི་འཇའ་ཚོན་རིགས་སུ་སྐྱེས། །དབུས་སུ་དཀར་པོ་དྲན་པ་དེ། །རྣམ་པར་སྣང་མཛད་རྟེན་དུ་བཙུགས། །དེ་འོག་མཐིང་ཁ་བྲན་པ་དེ། །ཤར་རྡོ་རྗེ་སེམས་དཔའི་རྟེན་དུ་བཙུགས། །དེ་འོག་སེར་པོ་བྲན་པ་དེ། །ལྷོ་རིན་ཆེན་འབྱུང་ལྡན་རྟེན་དུ་བཙུགས། །དེ་འོག་དམར་པོ་བྲན་པ་དེ། །ནུབ་སྣང་བ་མཐའ་ཡས་རྟེན་དུ་བཙུགས། །དེ་འོག་ལྗང་ཁུ་བྲན་པ་དེ། །བྱང་དོན་ཡོད་གྲུབ་པ་རྟེན་དུ་བཙུགས། །དེ་འོག་ནག་པོ་བྲན་པ་ནི། །
ཁྱིམ་ལྷ་གེ་ཐུང་རྟེན་དུ་བཙུགས། །ཕྱོགས་བཞི་བལ་ཚོན་བཏགས་པ་ནི། །རྣམ་པར་སྣང་མཛད་ལ་སོགས་པའི། །རྒྱལ་བ་རིགས་ལྔའི་རྟེན་དུ་འཛུགས། །ཁྱིམ་ལྷ་གེ་ཐུང་རྟེན་དུ་འཛུགས། །ཕ་མཚུན་མ་མཚུན་རྟེན་དུ་འཛུགས། །ཕོ་ལྷ་དགྲ་ལྷའི་རྟེན་དུ་འཛུགས། །མ་ལྷ་བུ་རྫི་རྟེན་དུ་འཛུགས། །རྟེན་དུ་བཙུགས་པའི་ཡོན་ཏན་གྱིས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་བ་མ་གཏོང་ཞིག །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །དེ་ནས་ཤིང་བཀྲརྣམས་འབུལ་བ་ནི། ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །རྒྱལ་བ་རིགས་ལྔ་འཁོར་བཅས་དང་། །ཁྱིམ་ལྷ་འཁོར་དང་བཅས་པ་ལ། །ཤིང་རིས་སྣ་ཚོགས་འདི་འབུལ་ལོ། །ཕ་མཚུན་འཁོར་དང་བཅས་ལ་འབུལ། །ཕོ་ལྷ་དགྲ་ལྷ་རྣམས་ལ་འབུལ། །མ་ལྷ་བུ་རྫི་རྣམས་ལ་འབུལ། །ནོར་ལྷ་གཡང་ལྷ་རྣམས་ལ་འབུལ། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །ཁ་འཛིན་སྡོང་གྲོགས་མཛད་དུ་གསོལ། །ངན་དང་ཕྱེས་ལ་བཟང་དང་སྤྱོད། །སྡང་བྱེད་དགྲ་བོ་རྡུལ་དུ་
རློགས། །མི་ལ་ན་ཚ་ཁྱོད་ཀྱིས་ཟློག །ཕྱུགས་ཀྱི་གོད་ཁ་ཁྱོད་ཀྱིས་ཟློག །བསམ་པའི་བར་ཆད་ཁྱོད་ཀྱིས་ཟློག །ཞིང་ལ་བཙའ་སད་སེར་གསུམ་ཁྱོད་ཀྱིས་ཟློག །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཤིང་རྩི་སྣ་ཚོགས་འབུལ་བ་ནི། །ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །ཁྱིམ་ལྷ་འཁོར་དང་བཅས་པ་ལ། །ཤིང་རྩི་བརྒྱན་ལྡན་འདི་འབུལ་བས། །དེ་རིང་ཕོ་བྲང་འདི་ལ་བརྟན་པ་བཞུགས་སུ་གསོལ། །ཤིང་རྩི་སྣ་ཚོགས་འདི་ལ་བརྟན་དར་བྱོན། །ཙནྡན་དཀར་པོ་ཕོ་ལྷའི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །སུར་དཀར་མཚུན་གྱི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །སྤེན་མ་ཀླུ་ཡི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །སྦ་སྨྱུག་ལྷ་ཡི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །དབྱར་པ་ས་བདག་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཚར་བུ་སྟོད་ཀྱི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །སྟག་པ་གཉན་གྱི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །འབོ་དཀར་མི་ཡི་བླ་ཤིང་ཡིན། །སྐུ་ཤིང་
འདི་ལ་བརྟན་པར་བཞུགས། །ཉ་སྦྲིད་ཡུལ་ལྷའི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཚེར་མ་མི་སྨན་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཤུག་པ་དགྲ་ལྷའི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །གླ་སྒང་དགེ་བསྙེན་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ལྕང་མ་འདྲེ་གདོན་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཤིང་རྩི་སྣ་ཚོགས་ཀླུ་དང་ས་བདག་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཀྱཻ། དེ་ལྟར་ཤིང་རྩི་སྣ་ཚོགས་འདི། །ཆག་གྲུགས་གཞོབ་ཏུ་མ་སོང་བ། །བལ་ཚོན་སྣ་ཚོགས་བརྒྱན་པ་འདི། །རྒྱལ་བ་རིགས་ལྔ་འཁོར་བཅས་དང་། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཡོན་བདག་འདི་ལ་ཁ་འཛིན་མཛོད། །ཁྱིམ་ལྷ་འཁོར་དང་བཅས་པ་ལ། །ཤིང་རྩི་སྣ་ཚོགས་ཕུལ་བའི་བསོད་ནམས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །
རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་རིན་པོ་ཆེ་སྣ་ཚོགས་འབུལ་བ་ནི། །ཀྱཻ། སྐུ་ནི་རྣམ་པར་སྣང་མཛད་ལྷ། །གསུང་ནི་སྣང་བ་མཐའ་ཡས་ལྷ། །ཐུགས་ནི་རྡོ་རྗེ་སེམས་དཔའ་ལྷ། །རིན་ཆེན་འབྱུང་ལྡན་ཡོན་ཏན་ལྷ། །དོན་ཡོད་གྲུབ་པ་ཕྲིན་ལས་ལྷ། །རིགས་ལྔ་ཡོངས་རྫོགས་ཁྱིམ་གྱི་ལྷ། །རིན་པོ་ཆེ་ཡི་རྟེན་གཅིག་འབུལ། །རྟེན་ལ་བཀོད་ཅིང་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། དེ་རིང་བཀྲ་ཤིས་ཁྱིམ་ལྷ་ལ། །རིན་ཆེན་སྣ་ཚོགས་རྟེན་དུ་བཙུགས། །དུང་དཀར་རྣམ་སྣང་རྟེན་དུ་བཙུགས། །ཤེལ་འདི་རྡོ་རྗེ་སེམས་དཔའི་རྟེན་དུ་བཙུགས། །གསེར་འདི་རིན་ཆེན་འབྱུང་ལྡན་རྟེན་དུ་བཙུགས། །ཟངས་འདི་སྣང་བ་མཐའ་ཡས་རྟེན་དུ་བཙུགས། །གཡུ་འདི་དོན་ཡོད་གྲུབ་པའི་རྟེན་དུ་བཙུགས། །ལྕགས་འདི་ཡི་དམ་ལྷ་ཚོགས་རྣམས་ཀྱི་རྟེན་དུ་བཙུགས། །དངུལ་འདི་མ་རྒྱུད་མཁའ་འགྲོ་རྣམས་ཀྱི་རྟེན་དུ་བཙུགས། །ཁེཌུརླ་འདི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །མུ་ཏིག་ཁྱིམ་ལྷ་རྣམས་ཀྱི་རྟེན་དུ་བཙུགས། །སྦ་སྨྱུག་དར་ཟབ་བལ་ཚོན་སྣ་ཚོགས་འདི། །གཉན་ཆེན་
སྡེ་བཞི་རྣམས་ཀྱི་རྟེན་དུ་བཙུགས། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །སྨན་སྣ་བཟང་དྲུག་མཆོད་པ་འབུལ། །ས་བདག་ཀླུ་གཉན་རྣམས་ཀྱི་རྟེན་དུ་བཙུགས། །ཀྱཻ། བཀའ་བརྒྱུད་བླ་མ་རྟེན་ལ་བཞུགས་སུ་གསོལ། །ཡི་དམ་ལྷ་ཚོགས་རྟེན་ལ་བཞུགས་སུ་གསོལ། །མ་རྒྱུད་མཁའ་འགྲོ་རྟེན་ལ་བཞུགས་སུ་གསོལ། །ཆོས་སྐྱོང་སྲུང་མ་རྟེན་ལ་བཞུགས་སུ་གསོལ། །ཁང་ཁྱིམ་འདི་ལ་བྱིན་ཕོབ་ཅིག །སྔགས་འཆང་སྤྲོ་བ་བསྐྱེད་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བཀྲ་ཤིས་དབང་ཐང་རྒྱས་པར་མཛོད། །རིགས་རྒྱུད་བུ་ནོར་འཕེལ་བར་ཤོག །ཀྱཻ། དེ་རིང་ཡོན་གྱི་བདག་པོ་ཡི། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །རིན་ཆེན་སྣ་ལྔའི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །འབྲུ་སྣ་ལྔ་ཡི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །དར་སྣ་ལྔ་ཡི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །མེ་ཏོག་སྣ་ལྔའི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །ཞལ་ཟས་ལྔ་ཡི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །སྒྲ་སྙན་སྣ་
ཚོགས་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །གཡག་ལུག་ར་གསུམ་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །ཕྱེ་མར་ཟས་ཕུད་མཆོད་པ་འབུལ། །ཕྱི་ནང་བར་ཆད་ཞི་བར་མཛོད། །ཀི་བསྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། རིན་ཆེན་སྣ་ལྔའི་གཡག་ལུག་ར་གསུམ་འདི། །ཆེ་ཚོ་མཛེས་ཤིང་རྩལ་མྱུར་ལྡན། །སྐུ་ནི་རི་བོ་བཞེངས་པ་འདྲ་། །རྒྱ་ནི་ཆེ་བ་སྟོང་གསུམ་ཁེངས། །ནམ་མཁའ་བས་ཀྱང་འཕང་རེ་མཐོ། །སྤུ་ཐོག་མར་ལས་བྱས་པ་ཡིན། །ཁྲག་ནི་ཆུ་ལ་གནས་པ་ཡིན། །དབུགས་ནི་རླུང་ལ་བྱས་པ་ཡིན། །རྨིག་བཞི་ལྕགས་ལ་བྱས་པ་ཡིན། །རྭ་ལ་ཡེ་ཤེས་མེ་འོད་འབར་བ་ཡིན། །སྐར་ཕྲན་བས་ཀྱང་གྲངས་མང་འདི། །བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་འཁོར་བཅས་དང་། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །རྒྱལ་བ་རིགས་ལྔ་ལ་སོགས་པའི། །ཁྱིམ་ལྷ་འཁོར་བཅས་ཁྱེད་
རྣམས་ཀྱི། །ཕོ་བྲང་བཞུགས་ཡུལ་ཞིང་ཁམས་སུ། །འདོད་ཡོན་ལྔ་དང་ལྡན་གྱུར་ཅིག །དགྱེས་རབ་མཆོག་ལ་མཉེས་པར་འབུལ། །དམ་པ་མཆོག་དང་ལྡན་གྱུར་ཅིག །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློག །སྡང་དགྲ་སོད་ལ་གདོན་བགེགས་ཐུལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མཆོད་པ་སྣ་ཚོགས་ཕུལ། དེ་ནས་བཀྲ་ཤིས་དང་འདོད་གསོལ་བྱ་དགོས་བརྟན་བཞུགས་ཕྲིན་བཅོལ་སྤྱི་དང་མཐུན་པར་བྱའོ། །ཞེས་པ་སྔགས་འཆང་རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་འགལ་མཆིས་ན་མཁའ་འགྲོའི་ཚོགས་ལ་བཤགས། བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག །དགེ་བས་བདག་ཅག་འཁོར་བཅས་དགེ་ལེགས་ཤོག །སརྦ་མངྒ་ལཾ།། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།